༈ བར་དོ་ཐོས་གྲོལ་ཆེན་མོ་བཞུགས་སོ།

ཀ། ཟབ་ཆོས་ཞི་ཁྲོད་དགོངས་པ་རང་གྲོལ་ལས། ཆོས་ཉིད་བར་དོའི་གསལ་འདེབས་ཐོས་གྲོལ་ཆེན་མོ་ཞེས་བྱ་བ་བཞུགས་སོ།

༈ ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད། ལོངས་སྤྱོད་རྫོགས་སྐུ་པདྨ་ཞི་ཁྲོའི་ལྷ།
པདྨ་འབྱུང་གནས་སྤྲུལ་སྐུ་འགྲོ་བའི་མགོན། སྐུ་གསུམ་བླ་མ་རྣམས་ལ་ཕྱག་འཚལ་ལོ།

རྣལ་འབྱོར་འབྲིང་རྣམས་བར་དོར་གྲོལ་བའི་ཐབས། ཐོས་གྲོལ་ཆེན་མོ་འདི་ལ་དོན་གསུམ་སྟེ། སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་ཡིན་ནོ། དང་པོ་སྔོན་འགྲོའི་དུས་ཅན་གྲོལ་བ་ནི། ཁྲིད་ཀྱི་རིམ་པ་ཐོག་མར་ཉམས་སུ་བླངས། དབང་པོ་རབ་རྣམས་ཁྲིད་ཀྱིས་ངེས་པར་གྲོལ། དེས་མ་གྲོལ་ན་འཆི་ཁའི་བར་དོ་ལ། འཕོ་བ་དྲན་པ་རང་གྲོལ་ཉམས་སུ་བླངས། དེས་ནི་རྣལ་འབྱོར་འབྲིང་རྣམས་ངེས་པར་གྲོལ། དེས་མ་གྲོལ་ན་ཆོས་ཉིད་བར་དོ་ལ། ཐོས་གྲོལ་ཆེན་མོ་འདི་ལ་ནན་ཏན་བྱའོ། དེ་ལ་དང་པོ་རྣལ་འབྱོར་པས། འཆི་བ་བརྟག་པ་རྣམས་འཆི་ལྟས་གསལ་བའི་མེ་ལོང་ལྟར་རྟག་པར་བྱའོ། དེས་ན་ངེས་པར་འཆི་བའི་རྟགས་རྣམས་ཚང་བའི་ཚེ། འཕོ་བ་དྲན་པ་རང་གྲོལ་བཏབ་པར་བྱའོ། དེས་ན་འཕོ་བ་ཐེབས་ན་ཐོས་གྲོལ་ཀློག་མི་དགོས་སོ།

གལ་ཏེ་འཕོ་བ་མ་ཐེབ་ན་ཐོས་གྲོལ་འདི་རོའི་རྩར་སྒྲ་དག་ལ་ཚིག་གསལ་བར་ཀློག་པར་བྱའོ། རོ་མེད་ན་ཚེ་འདས་ཀྱི་མལ་ས་འམ་འདུག་སར་བསྡད་ལ། བདེན་པའི་སྟོབས་བརྗོད་ལ་རྣམ་ཤེས་བཀུག་ནས། མདུན་དུ་ཉན་པར་དམིགས་ཤིང་ཀློག་པར་བྱའོ། འདེའི་དུས་ཉེ་དུ་དང་སེམས་ལ་བརྩེ་བའི་མཛའ་བོ་ཚོས་ངུ་སྐད་དང་། སྨྲེ་སྔགས་ཡེ་ནས་འདོན་དུ་མི་རུང་བས་དམ་བསྒྲགས་པའོ། རོ་ཡོད་ན་ཕྱི་དབུགས་ཆད་པའི་མཚམས་སུ་བླ་མའམ་མཆེད་གྲོགས་སམ། དད་པ་ཐོབ་པ། ཡིད་མཐུན་པའི་གྲོགས་མཆེད་ལ་སོགས་པས། རྣ་བར་མཆུ་མ་རེག་ཙམ་དུ་གཏད་ལ། ཐོས་གྲོལ་ཆེན་མོ་འདི་ཀློག་པར་བྱའོ།

དེ་ལ་ཐོས་གྲོལ་དངོས་བཤད་པ་ནི། དཀོན་མཆོག་གསུམ་ལ་མཆོད་པ་རྒྱ་ཆེན་པོ་འབུལ། མ་འབྱོར་ན་དམིགས་པའི་རྟེན་གང་འབྱོར་བཤམས་ལ། ཡིད་ཀྱིས་དཔག་ཏུ་མེད་པ་སྤྲུལ་ལ་མཆོད། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ར་མདའ་སྦྲན་པའི་སྨོན་ལམ་འདི་ལན་གསུམ་མམ་བདུན་དུ་འདོན། དེ་ནས་བར་དོ་འཇིགས་སྐྱོབ་མའི་སྨོན་ལམ་དང་། བར་དོ་འཕྲང་སྒྲོལ་གྱི་སྨོན་ལམ་དང་། བར་དོའི་རྩ་ཚིག་རྣམས་དབྱངས་དང་བཅས་ཏེ་རྣ་བར་བཏབ། དེ་ནས་ཐོས་གྲོལ་ཆེན་མོ་འདི་ལན་བདུན་ནམ་གསུམ་སྐབས་དང་སྦྱར་ལ་ཀློག་པ་ནི། འཆི་ཁའི་བར་དོ་ལ་འོད་གསལ་ངོ་སྤྲོད་པ་དང་། ཆོས་ཉིད་བར་དོ་ལ་ངོ་སྤྲོད་གསོལ་འདེབས་ཆེན་མོ་གདབ་པ་དང་། སྲིད་པ་བར་དོ་ལ་མངལ་སྒོ་དགག་ཐབས་བསྟན་པ་དང་གསུམ་མོ། དང་པོ་འཆི་ཁའི་བར་དོ་ལ་འོད་གསལ་ངོ་སྤྲད་པ་ནི། འདིར་གང་ཟག་གོ་བ་བཟང་ཡང་ངོ་མ་འཕྲོད་པ་དང་། ངོ་འཕྲོད་ཀྱང་གོམ་འདྲིས་ཆུང་བ་རྣམས་དང་། སོ་སོའི་སྐྱེ་བོ་ཉམས་ཁྲིད་མ་མྱོང་བའི་རིགས་ཐམས་ཅད་ལ་འདི་བཏབ་པས། གཞིའི་འོད་གསལ་ངོ་འཕྲོད་དེ་བར་དོ་མེད་པར་ཡར་གྱི་ཟང་ཐལ་ལ་ཆོས་སྐུ་སྐྱེ་བ་མེད་པ་ཐོབ་བོ།

གདབ་ལུགས་ནི་རང་གི་ཁྲིད་ཞུས་པའི་རྩ་བའི་བླ་མ་འཛོམ་ན་ནི་མཆོག་ཡིན་ནོ། དེ་མ་འཛོམ་ན་མཆེད་གྲོགས་དམ་ཚིག་གཅིག་པའམ། དེ་ཡང་མ་འཛོམས་ན་ཆོས་རྒྱུད་གཅིག་པའི་བཤེས་གཉེན་པའམ། དེ་རྣམས་གང་ཡང་མ་འཛོམས་ན། ཡི་གེ་སྒྲ་དག་ལ་ཚིག་གསལ་བར་འདོན་ཤེས་པ་གཅིག་གིས་ཚར་མང་དུ་ཀློག་གོ། དེས་བླ་མས་ངོ་སྤྲད་པའི་དོན་དྲན་ནས། དེ་མ་ཐག་ཏུ་གཞིའི་འོད་གསལ་ངོ་འཕྲོད་དེ་གྲོལ་བར་ཐེ་ཚོམ་མེད་དོ། གདབ་པའི་དུས་ནི། ཕྱི་དབུགས་ཆད་ནས་རླུང་ཡེ་ཤེས་ཀྱི་དྷུ་ཏཱིར་ཐིམ་པ་དང་། ཤེས་པ་འོད་གསལ་སྤྲོས་བྲལ་དུ་ལྷག་གིས་འཆར་རོ། དེ་ནས་རླུང་ལོག་སྟེ་རྩ་གཡས་གཡོན་དུ་བྲོས་པས་བར་དོའི་སྣང་བ་ལམ་གྱིས་འཆར་བས། རྩ་གཡས་གཡོན་དུ་མ་ཤོར་བའི་བར་དེར་གདབ་པོ། ཡུན་ནི་ནང་དབུགས་གནས་ཀྱི་བར་དེར་ཟན་གཅིག་ཟ་ཡུན་ཙམ་གཅིག་ཡིན་ནོ།

གདབ་ལུགས་ནི་དབུགས་ཆད་ལ་ཁད་པའི་དུས་ན་འཕོ་བ་ཐེབས་ན་རབ། མ་ཐེབས་ན་འདི་སྐད་དོ། ཀྱཻ། རིགས་ཀྱི་བུ། ཆེ་གེ་མོ་ཁྱོད་ད་ནི་ལམ་བཙལ་བའི་དུས་ལ་བབས་པར་འདུག་པས། ཁྱོད་རང་དབུགས་ཆད་མ་ཁད་དུ་ཁྱོད་ལ་བར་དོ་དང་པོའི་འོད་གསལ་ཞེས་བྱ་བ་སྔར་བླ་མས་ངོ་སྤྲད་པའི་དོན་དེ་ཕྱི་དབུགས་ཆད་པ་དང་། ཆོས་ཐམས་ཅད་ནམ་མཁའ་ལྟར་སྟོང་རྗེན་རྗེན་པ། གསལ་སྟོང་མཐའ་དབུས་མེད་པའི་རིགས་པ་ཕྱིར་མེད་པ་རྗེན་པ་གཅིག་འཆར་ནས་འོང་ངོ་། དེའི་དུས་སུ་ཁྱོད་རང་གིས་རང་ངོ་ཤེས་པར་གྱིས་ལ་དེའི་ངང་ལ་ཞོག་ཅིག། ངས་ཀྱང་དེའི་དུས་སུ་ངོ་སྤྲད་དོ། ཞེས་ཕྱི་དབུགས་མ་ཆད་པའི་གོང་ནས་རྣ་བར་ལན་མང་དུ་བཤད་ལ་ཡིད་ལ་འཇགས་སུ་བཅུག་གོ། དེ་ནས་ཕྱི་དབུགས་ཆད་པའི་གྲབས་འདུག་ན། བློ་གཡས་པ་ས་ལ་ཕབ་ནས་སེངྒེའི་འདུག་སྟངས་བྱས་ལ་རྩ་རྦ་རླ་བས་ཙིར་བ་ཡིན་ཏེ། གཉིད་ལོག་རྩ་གཉིས་འཕར་འཕྲོ་ཆད་ནས་དྲག་ཏུ་མནན་ནོ། དེ་ནས་རླུང་དྷུ་ཏི་ནས་ཕྱིར་ལོག་སྟེ་ཚངས་བུག་གི་ལམ་དུ་ཐོན་ངེས་སོ། ངོ་སྤྲོད་ཀྱང་འདིའི་དུས་སུ་གདབ་བོ། འདིའི་དུས་སུ་བར་དོ་དང་པོ་ཆོས་ཉིད་འོད་གསལ་ཞེས་ཀྱང་བྱ། ཆོས་སྐུའི་དགོངས་པ་ཕྱིན་ཅི་མ་ལོག་པ་གཅིག་འགྲོ་བ་ཀུན་གྱི་རྒྱུད་ལ་འཆར་ཏེ། དེ་ཡང་ཕྱི་དབུགས་ཆད། ནང་དབུགས་མ་ཆད་ཀྱི་བར་དེར། རླུང་ཨཱ་ཝ་དྷུ་ཏིར་ཐིམ་པའི་བར་ཡིན་ཏེ། དེ་ལ་ཕལ་པ་རྣམས་ཀྱིས་ཤེས་པ་བརྒྱལ་ཟེར་རོ། ཡུན་ནི་ངེས་པ་མེད་དོ། རྟེན་བཟང་ངན་དང་། རྩ་རླུང་གི་རིམ་པ་ཡིན་ཏེ། ཉམས་ལེན་དུམ་པ་རེ་ཡོད་པ་དང་། ཞི་གནས་བརྟན་པོ་ཡོད་པ་དང་། རྩ་བཟང་བའི་རིགས་ལ་ནི་ཡུན་རིང་གནས་པ་ཡང་ཡོད་དོ། དེ་ལ་ངོ་སྤྲོད་ནན་ཏན་བསྐྱེད་ལ་དབང་པོའི་བུ་གར་ཆུ་སེར་མ་ཐོན་གྱི་བར་དུ་སྐྱར་ལ་གསལ་གདབ་བོ། སྡིག་པོ་ཆེ་དང། རྩ་ངན་པའི་རིགས་ལ་ནི་ཡུད་པ་རེ་སེ་གོལ་རེའི་ཡུན་ལས་མི་གནས་པ་ཡང་འོང་། ལ་ལ་ཟན་ཟ་ཡུན་རེ་གནས་པ་ཡོད། མདོ་རྒྱུད་ཕལ་ཆེར་ན་ཞག་ཕྱེད་དང་བཞིར་བརྒྱལ་གསུངས་པས། ཕལ་ཆེར་ནི་ཞག་ཕྱེད་དང་བཞིར་གནས་པས་འོད་གསལ་ངོ་སྤྲོད་འདི་ལ་ནན་ཏན་བྱའོ།

གདབ་ལུགས་ནི། རང་གི་ཐུབ་ན་རང་གིས་གོང་ནས་འཕེན་པ་བཏང་། རང་གིས་མི་ནུས་ན་ནི། བླ་མའམ། སློབ་མའམ། མཆེད་གྲོགས་བློ་སེམས་འདྲེས་པ་གཅིག་རྩར་བཞག་ཏེ། དེས་ད་ནི་ས་ཆུ་ལ་ཐིམ་པའི་རྟགས་གདའོ། ཞེས་རྟགས་རྣམས་རིམ་པ་ལྟར་གསལ་བཏབ་ལ། རྟགས་རྣམས་རིམ་པ་བཞིན་རྫོགས་ལ་ཁད་པ་དེར། སེམས་བསྐྱེད་འདི་ལྟར་ཕོག་པར་བྱའོ། ཀྱེ་རིགས་ཀྱི་བུ་ཞེས་པའམ། བླ་མ་ཡིན་ན་དྲུང་པ་ལགས། ཐུགས་བསྐྱེད་མ་ཡེངས་པར་མཛད་འཚལ། ཞེས་སྙན་དུ་སྐད་ཆུང་ངུས་ཞུས། མཆེད་གྲོགས་དང་གཞན་རྣམས་ལ་མིང་ནས་བོས་ལ་འདི་སྐད་དོ། ཀྱཻ་རིགས་ཀྱི་བུ། ད་ནི་འཆི་བ་དེ་འོང་བར་འདུག་གིས། ཁྱོད་རང་སེམས་བསྐྱེད་འདི་ལྟར་དུ་མཛོད་ཅིག། ཀྱེ་མ། བདག་ནི་འཆི་བའི་དུས་ལ་བབ་ནས་འདུག་གིས་ད་རེས་འཆི་བ་ལ་བརྟེན་ནས། བྱམས་པ་དང་སྙིང་རྗེ་བྱང་ཆུབ་སེམས་བསྐྱེད་བསྒོམ་པ་འབའ་ཞིག་གིས་ཐུགས་བསྐྱེད་དེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་དུ་བློ་བསྐྱེད་པ་དང་། ཁྱད་པར་དུ་ད་རེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཆི་བ་འོད་གསལ་ཆོས་ཀྱི་སྐུར་ངོ་ཤེས་པར་བྱས་ཏེ། དེའི་ངང་ལས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ། དེ་ལྟར་མ་ཐོབ་ཀྱང་བར་དོ་ལ་བར་དོ་ངོ་ཤེས་པར་བྱས་ལ། བར་དོར་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་སྐུ་མངོན་དུ་བྱས་ནས་གང་ལ་གང་འདུལ་གྱི་སྣང་བས། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་སྙམ་པའི་སེམས་བསྐྱེད་ཀྱི་འདུན་པ་དང་མ་བྲལ་བར་ཁྱེད་རང་སྔར་གང་ལ་གོམས་པའི་གདམས་ངག་དེའི་ཉམས་ལེན་དྲན་པར་མཛོད་ཅིག། ཅེས་རྣ་བར་མཆུ་གཏད་ལ་ཚིག་གསལ་བར་བཤད། སྐད་ཅིག་ཀྱང་ཡེངས་སུ་མི་འཇུག་པར་ཉམས་ལེན་གསལ་གདབ། དེ་ནས་ཕྱི་དབུགས་ཆད་ཚར་བ་དང་། རྩ་གཉིད་ལོག་གཉིས་དྲག་ཏུ་མནན་ལ། ཚིག་གི་འདི་སྐད་གསལ་གདབ་བོ། བླ་མའམ། རང་ལས་ཆེ་བའི་བཤེས་གཉེན་པ་ཡིན་ན། དྲུང་པ་ལགས། ཁྱེད་རང་ལ་ད་ལྟ་གཞིའི་འོད་གསལ་འཆར་ནས་ཡོད་དོ། ངོ་ཤེས་པར་གྱིས་ཤིག། ཉམས་ལེན་གྱི་ཐོག་ཏུ་འཇོག་པར་ཞུ་ཞེས་ཞུའོ། གཞན་ཐམས་ཅད་ལ་འདི་ལྟར་ངོ་སྤྲད་དོ། ཀྱཻ་རིགས་ཀྱི་བུ། ཆེ་གེ་མོ་ཁྱོད་ཉོན་ཅིག་ཨང་། ཁྱོད་ལ་ད་ལྟ་ཆོས་ཉིད་དག་པའི་འོད་གསལ་འཆར་ནས་ཡོད་དོ། ངོ་ཤེས་པར་གྱིས་ཤིག། ཀྱཻ་རིགས་ཀྱི་བུ། ཁྱོད་རང་གི་ད་ལྟའི་ཤེས་རིག་གི་ངོ་བོ་སིང་ངེ་བ་འདི། དངོས་པོ་དང་མཚན་མ་ཁ་དོག་ཅིའི་ངོ་བོར་ཡང་མ་གྲུབ་པར་སྟོང་སང་ངེ་བར་འདུག་པ་འདི་ཀ། ཆོས་ཉིད་ཀུན་ཏུ་བཟང་མོ་ཡིན་ནོ། ཁྱོད་རང་གི་ཤེས་རིག་གི་ངོ་བོ་སྟོང་པའོ། སྟོང་པ་ཕྱལ་ཆད་དུ་མ་སོང་བར་རང་གི་ཤེས་རིག་མ་འགགས་པར་སལ་ལེ། སིང་ངེ། ཝལ་ལེ་བ་འདི་ཀ་སངས་རྒྱས་ཀུན་ཏུ་བཟང་པོ་ཡིན་ནོ། རང་གི་རིག་པའི་ངོ་བོ་དངོས་པོ་ཅིར་ཡང་མ་གྲུབ་པའི་ངོ་བོ་སྟོང་པ་དང། རང་གི་ཤེས་རིག་ཝལ་ལེ་གསལ་བར་འདུག་པ་འདི་གཉིས་དབྱེར་མི་ཕྱེད་པར་འདུག་པ་འདི་ཀ་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ། རང་གི་རིག་པ་གསལ་སྟོང་དབྱེར་མེད་འོད་ཀྱི་ཕུང་པོ་ཆེན་པོར་བཞུགས་པ་འདི་ལ། སྐྱེ་ཤི་མེད་པ་སངས་རྒྱས་འོད་མི་འགྱུར་བ་ཡང་འདི་ཀ་ཡིན་ནོ། དེ་ངོ་ཤེས་བྱས་ཆོག་གོ། རང་གི་ཤེས་རིགས་ཀྱི་ངོ་བོ། སང་ངེ་བ་འདི་སངས་རྒྱས་སུ་ངོ་ཤེས་ན། རང་གི་རིགས་པ་ལ་རང་ལྟ་བ་སྟེ། སངས་རྒྱས་ཀྱི་དགོངས་པ་ལ་འཇོག་པ་ཡིན་ནོ། ཞེས་ལན་གསུམ་མམ། བདུན་གྱི་བར་ལ་སྒྲ་དག་ལ་གསལ་བར་བརྗོད་དོ། དེས་སྐད་ཅིག་དང་པོ་བླ་མས་ངོ་སྤྲད་པ་ལྟར་དྲན་ལ། གཉིས་པ་རང་རིག་རྗེན་པ་འོད་གསལ་དུ་ངོ་འཕྲོད། གསུམ་པ་རང་གི་ཤེས་ནས་ཆོས་སྐུ་འདུ་འབྲལ་མེད་པར་གྱུར་ཏེ་གྲོལ་བར་ངེས་སོ། དེས་འོད་གསལ་དང་པོ་ལ་ངོ་འཕྲོད། ཡང་གལ་ཏེ་འོད་གསལ་དང་པོ་དེ་ལ་ངོས་མ་ཟིན་དོགས་ན། ཡང་འོད་གསལ་གཉིས་པ་ཞེས་བྱ་བ་འཆར་ཏེ། དེ་ཡང་དུས་ནི་ཕྱི་དབུགས་ཆད་ནས་ཟན་ཅིག་ཟ་ཡུན་ལྷག་ཙམ་སོང་ནས་འོང་ངོ་། ལས་བཟང་ངན་གྱིས་རྩ་གཡས་གཡོན་གང་རུང་གཅིག་རླུང་ཤོར་ནས། སྒོ་གང་རུང་གཅིག་ནས་ཐོན། ཤེས་པ་གསལ་ལམ་གྱིས་འོང་ངོ་། དེ་ཡང་ཟན་ཟེར་ཡང་རྩ་བཟང་ངན་དང་། ཉམས་ལེན་ཡོད་མེད་དང་བསྟུན་ནོ། དེའི་ཚེ་རྣམ་ཤེས་ཕྱིར་ཐོན་པ་དང་། ཤི་བ་ཡིན་ནམ་མ་ཤི་བ་ཡིན་སྙམ་དུ་ངོ་མི་ཤེས། ཉེ་དུ་འབྲེལ་བ་ཡང་སྔར་བཞིན་མཐོང་ནས་ཡོང་། ངུ་རྒོད་ཀྱང་ཐོས་སོ། ལས་ཀྱི་འཁྲུལ་སྣང་དྲག་པོ་ཡང་མ་ཤར། གཤིན་རྗེའི་འཇིགས་སྐྲག་ཀྱང་མ་སླེབ་པའི་བར་དེར་ཡང་གདམས་ངག་གདབ་སྟེ། དེ་ལ་ཡང་རྫོགས་རིམ་པ་དང་བསྐྱེད་རིམ་པ་གཉིས་སོ། རྫོགས་རིམ་པར་ཡིན་ན་ནི་མིང་ནས་ལན་གསུམ་འབོད་ལ། གོང་གི་འོད་གསལ་ངོ་སྤྲད་དེ་སྐྱར་ནས་གདབ་བོ། བསྐྱེད་རིམ་ཡིན་ན་ཁོང་རང་གི་ལྷ་གང་ཡིན་པ་དེའི་བསྒོམ་ཁོག་དང་བསྟུན་ནས་མངོན་རྟོགས་ཀློགས་ཏེ། ཀྱཻ་རིགས་ཀྱི་བུ། ཁྱེད་རང་གི་ཡི་དམ་འདི་བསྒོམས་ཤིག། མ་ཡེངས་ཤིག། འདུན་པ་དྲག་པོ་ཡི་དམ་ལ་གཏོད་ཅིག། སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟ་བུར་བསྒོམས་ཤིག། གདོས་པ་བཅན་དུ་མ་བསྒོམས་ཅིག། ཅེས་གསལ་གདབ་བོ། སྐྱེ་བོ་ཐ་མལ་པ་ཡིན་ན་ཇོ་བོ་ཐུགས་རྗེ་ཆེན་པོ་བསྒོམས་ཤིག། ཅེས་ངོ་སྤྲད་དོ། དེ་ལྟར་ངོ་སྤྲད་པས་བར་དོ་ངོས་མི་ཟིན་པ་རྣམས་ཀྱང་ཟིན་པར་ཐེ་ཚོམ་མེད་དོ། དེ་ཡང་གསོན་པོའི་དུས་སུ་བླ་མས་ངོ་སྤྲད་ཀྱང་གོམས་འདྲིས་ཆུང་ན་བར་དོར་རང་གིས་གསལ་མི་ཐེབས་པས། བླ་མའམ། མཆེད་གྲོགས་ཀྱིས་ངེས་པར་གསལ་འདེབས་དགོས་སོ། ཡང་གོམས་འདྲིས་ཡོད་ཀྱང་འཆི་ཁར་ནད་དྲག་པོས་འཁྲུལ་ནས། དྲན་པས་མི་ཟིན་པའི་རིགས་ལ་ཡང་གདམས་པ་འདི་ཤིན་ཏུ་དགོས་སོ། སྔར་ལམ་གྱི་གོམས་འདྲིས་ཡོད་ཀྱང་། སྡོམ་པ་ཤོར་བ་དང་། རྩ་བའི་དམ་ཚིག་ཉམས་ནས་ངན་སོང་དུ་འགྲོ་བའི་རིགས་ལ་འདི་ཅི་ནས་ཀྱང་དགོས་སོ། བར་དོ་དང་པོ་ལ་ཐེབས་ན་རབ། དེ་ལ་མ་ཐེབས་ན་བར་དོ་གཉིས་པ་ལ་གསལ་གདབ་པས། རིགས་སད་ནས་གྲོལ་བ་ཡིན་ནོ། དེ་ཡང་བར་དོ་གཉིས་པ་མ་དག་པའི་སྒྱུ་ལུས་ཞེས་བྱ་བ། ཤིའམ་མ་ཤི་ངོ་མི་ཤེས་པའི་གསལ་ལམ་པ་གཅིག་འོང་། དུས་དེར་གདམས་པ་ཐེབས་ན་ཆོས་ཉིད་མ་བུ་འཕྲད་ནས་ལས་ཀྱི་ཁ་བསྒྱུར་དུ་མེད་དོ། དཔེར་ན་ཉི་མའི་འོད་ཀྱི་མུན་པ་བཅོམ་པ་བཞིན་དུ་ལམ་གྱི་འོད་གསལ་གྱིས་ལས་ཀྱི་ནུས་པ་བཅོམ་ནས་གྲོལ་བ་ཡིན་ནོ། དེ་ཡང་བར་དོ་གཉིས་པ་ཞེས་བྱ་བ་ནི་ཡིད་ཀྱི་ལུས་སུ་ལམ་གྱིས་འཆར་བ་ཡིན་ཏེ། ཤེས་པ་སྔར་བཞིན་དུ་ཐོ་ཡུག་ཏུ་འཁོར་རོ། དེའི་དུས་སུ་གདམས་ངག་འདི་ཐེབས་ན་དོན་འགྲུབ་སྟེ། ད་དུང་ལས་ཀྱི་འཁྲུལ་སྣང་མ་ཤར་བས་གང་དུ་ཡང་བསྒྱུར་དུ་བཏུབ་བོ། དེ་ལྟར་གཞིའི་འོད་གསལ་ལ་ངོ་མ་འཕྲོད་ཀྱང་། བར་དོ་གཉིས་པའི་འོད་གསལ་ངོ་འཕྲོད་དེ་གྲོལ་ལོ། དེར་ཡང་མ་གྲོལ་ན། དེ་ནས་བར་དོ་གསུམ་པ་ཡང་ཟེར། ཆོས་ཉིད་བར་དོ་འཆར་དེ། བར་དོ་གསུམ་པ་ལས་ཀྱི་འཁྲུལ་སྣང་བྱ་བ་ཤར་དུ་འོང་བས། འདིའི་དུས་སུ་ཆོས་ཉིད་བར་དོའི་ངོ་སྤྲོད་ཆེན་མོ་ཀློག་པ་གལ་ཆེ་སྟེ། སྟོབས་དང་ཕན་ཡོན་ཤིན་ཏུ་ཆེའོ། དེ་རྩ་ན་ཉེ་དུས་ངུ་སྐད་སྨྲེ་སྔགས་འདོན་ཟས་སྐལ་བཅད། གོས་བཤུས། མལ་ས་འཆག་པ་ལ་སོགས་རང་གིས་ཁོང་རྣམས་མཐོང་ཡང་། ཁོང་རྣམས་ཀྱིས་རང་མ་མཐོང་། ཁོང་རྣམས་ཀྱིས་རང་ལ་བོས་བ་ཐོས་ཀྱང་། རང་གི་ཁོང་རྣམས་ལ་བོས་པ་མ་ཐོས་པས། སྙིང་མི་དགའ་ཕྱད་དེ་འགྲོའོ། དེའི་ཚེ་སྒྲ་འོད་ཟེར་གསུམ་གྱི་སྣང་བ་ཤར་ནས། འཇིགས་སྐྲག་དངངས་གསུམ་གྱིས་འོ་བརྒྱལ་ནས་འོངས་པས། འདིའི་དུས་སུ་ཆོས་ཉིད་བར་དོའི་ངོ་སྤྲོད་ཆེན་མོ་གདབ་པར་བྱ་སྟེ།

ཚེ་འདས་ཀྱི་མིང་ནས་བོས་ལ་སྒྲ་དག་ཅིང་ཚིག་གསལ་བར་འདི་སྐད་དུ་བཤད་དོ། ཀྱཻ་རིགས་ཀྱི་བུ། མ་ཡེངས་པར་མདུན་པ་དྲག་པོས་ཉོན་ཅིག། བར་དོ་རྣམ་པ་དྲུག་ཡིན་ཏེ། རང་བཞིན་སྐྱེས་གནས་ཀྱི་བར་དོ་དང་། རྨི་ལམ་བར་དོ་དང་། ཏིང་ངེ་འཛིན་བསམ་གཏན་གྱི་བར་དོ་དང་། འཆི་ཁའི་བར་དོ་དང་། ཆོས་ཉིད་བར་དོ་དང་། ལུགས་འབྱུང་སྲིད་པའི་བར་དོ་དེ་དྲུག་གོ། རིགས་ཀྱི་བུ། ཁྱོད་ལ་བར་དོ་གསུམ་འབྱུང་སྟེ། འཆི་ཁའི་བར་དོ་དང་། ཆོས་ཉིད་བར་དོ་དང་། སྲིད་པ་བར་དོ་དང་གསུམ་འཆར་བ་ལས། ཁ་སང་ཕན་ཆད་འཆི་ཁའི་བར་དོ་ལ་ཆོས་ཉིད་འོད་གསལ་ཤར་ཡང་ཁྱོད་ཀྱིས་ངོས་མ་ཟིན་པས། འདིར་འཁྱམས་དགོས་བྱུང་བ་ཡིན་ནོ། ད་ནི་ཁྱོད་ལ་ཆོས་ཉིད་བར་དོ་དང་། སྲིད་པ་བར་དོ་གཉིས་འབྱུང་སྟེ། བདག་གིས་ངོ་སྤྲད་པ་རྣམས་ཁྱོད་རང་མ་ཡེངས་པར་ངོས་ཟིན་པར་གྱིས་ཤིག། ཀྱཻ་རིགས་ཀྱི་བུ། ད་ནི་འཆི་བ་ཞེས་བྱ་བ་དེ་སླེབ་པ་ཡིན་ནོ། འཇིག་རྟེན་འདི་ནས་ནི་འགྲོ་སྟེ། ཁྱོད་ཅིག་པོ་ནི་མ་ཡིན། ཀུན་ལ་འབྱུང་བས་ཚེ་འདི་ལ་ཆགས་པ་དང་ཞེན་པ་ནི་མ་བྱེད་ཅིག། ཆགས་པ་དང་ཞེན་པ་བྱས་ཀྱང་སྡོད་དབང་ནི་མེད། ཁྱོད་རང་འཁོར་བར་འཁྱམས་པ་ལས་མི་འོང་། མ་ཆགས་ཤིག་མ་ཞེན་ཅིག། དཀོན་མཆོག་གསུམ་དྲན་པར་གྱིས་ཤིག། ཀྱཻ་རིགས་ཀྱི་བུ། ཆོས་ཉིད་བར་དོའི་སྣང་བ་ལ་འཇིགས་སྐྲག་ཇི་ལྟར་ཤར་ནས་བྱུང་ཡང་། ཁྱོད་རང་ཚིག་འདི་མ་བརྗེད་པར་གྱིས་ལ་ཚིག་དོན་ཡིད་ལ་དྲན་བཞིན་དུ་སོང་ཅིག། དེས་ངོ་འཕྲོད་པའི་གནད་ཡོད་དོ། ཀྱེ་མ་བདག་ལ་ཆོས་ཉིད་བར་དོ་ཤར་དུས་འདིར། ཀུན་ལ་དངངས་སྐྲག་འཇིགས་སྣང་སྤངས་བྱས་ནས། གང་སྣངརང་ཤར་རིག་པར་ངོ་ཤེས་བྱ། བར་དོའི་སྣང་ཚུལ་ཡིན་པར་ཤེས་པར་བྱ། དོན་ཆེན་འགག་ལ་ཐུགས་པའི་དུས་ཚོད་འདིར། རང་སྣང་ཞི་ཁྲོའི་ཚོགས་ལ་འཇིགས་མི་བྱ། དེ་སྐད་ངག་ནས་ལྷང་ལྷང་བརྗོད་ལ། ཚིག་དོན་ཡིད་ལ་དྲན་བཞིན་དུ་སོང་ཅིག། དེས་འཇིགས་སྐྲག་གི་སྣང་བ་ཇི་ལྟར་ཤར་ཡང་རང་སྣང་དུ་ངེས་པར་ངོ་འཕྲོད་པའི་གནད་ཡོད་པས་མ་བརྗེད་ཅིག། ཀྱཻ་རིགས་ཀྱི་བུ་ཁྱོད་ཀྱི་ལུས་དང་སེམས་བྲལ་བའི་དུས་སུ། ཆོས་ཉིད་དག་པའི་སྣང་བ་ཕྲ་ལ་དྭངས་པ། གསལ་ལ་འཚེར་བ་རང་བཞིན་བཀྲག་གསལ་ལ་ཉམས་ང་བ། སོས་ཁའི་ཐང་ལ་སྨིག་རྒྱུ་བཞིན་མེ་རེ་རེ་འཆར་དུ་འོང་ངོ་། དེ་ལ་མ་འཇིགས་ཤིག་མ་སྐྲག་ཅིག། མ་དངངས་ཅིག། དེ་ནི་ཁྱོད་རང་གི་ཆོས་ཉིད་ཀྱི་རང་མདངས་ཡིན་པས་ངོ་ཤེས་པར་གྱིས་ཤིག། འོད་ཀྱི་ནང་ནས་ཆོས་ཉིད་ཀྱི་རང་སྒྲ་སྒྲ་དག་ལ་ལྡིར་ཆེ་བ། འབྲུག་སྟོང་དུས་གཅིག་ལ་འདིར་བ་ཙམ་དུ་དི་རི་རི་འོང་ངོ་། དེ་ཡང་ཁྱོད་རང་གི་ཆོས་ཉིད་ཀྱི་རང་སྒྲ་ཡིན་པས། དེ་ལ་མ་འཇིགས་ཤིག། མ་སྐྲག་ཅིག། མ་དངངས་ཅིག། ཁྱོད་ལ་བག་ཆགས་ཡིད་ཀྱི་ལུས་བྱ་བ་གཅིག་ཡོད་ཀྱིས། རྡོས་བྱས་ཤ་ཁྲག་གི་ལུས་ནི་མེད་པས། སྒྲ་འོད་ཟེར་གསུམ་གང་བྱུང་ཡང་ཁྱོད་ལ་གནོད་པ་མི་འོང་སྟེ། ཁྱོད་ལ་འཆི་རྒྱུ་མེད་དོ། ཁྱོད་རང་གི་རང་སྣང་དུ་ངོ་ཤེས་པ་ཀྱང་གིས་ཆོག་གོ། བར་དོ་ཡིན་པར་ཤེས་པར་གྱིས་ཅིག། ཀྱཻ་རིགས་ཀྱི་བུ་ད་ལྟ་རང་སྣང་དུ་ངོ་མ་ཤེས་ན། མི་ཡུལ་དུ་བསྒོམ་སྒྲུབ་ཇི་ལྟར་བྱས་ཀྱང། ད་ལྟའི་གདམས་པ་འདི་དང་མ་འཕྲད་ན། འོད་ཀྱིས་འཇིགས་སོ། སྒྲས་དངངས་སོ། ཟེར་གྱིས་སྐྲག་གོ། གདམས་པའི་གནས་འདི་མ་ཤེས་ན་སྒྲ་འོད་ཟེར་གསུམ་ངོ་མ་ཤེས་ན་འཁོར་བར་འཁྱམས་མོ། ཀྱཻ་རིགས་ཀྱི་བུ། ཞག་ཕྱེད་དང་བཞིའི་བར་དུ་བརྒྱལ་ནས་འགྲོ་སྟེ། བརྒྱལ་བསངས་པ་དང་ང་ལ་ཅི་བྱུང་བ་མཉམ་པའི་སྣང་བ་འབྱུང་སྟེ། ཁྱོད་ཀྱི་བར་དོར་ངོ་ཤེས་པར་གྱིས་ཤིག། དེའི་ཚེ་འཁོར་བའི་རུ་ལོག་ནས། སྣང་བ་ཐམས་ཅད་འོད་དང་སྐུ་རུ་འཆར་རོ། ནམ་མཁའ་ཐམས་ཅད་ཁ་དོག་མཐིང་ཁར་འཆར་རོ། དེའི་དུས་སུ་དབུས་ཕྱོགས་ཐིག་ལེ་བརྡལ་བའི་ཞིང་ཁམས་ནས། བཅོམ་ལྡན་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་སེངྒེའི་ཁྲི་ལ་བཞུགས་པ། ཕྱག་ན་འཁོར་ལོ་རྩིབས་བརྒྱད་པ་བསྣམས་པ། ཡུམ་ནམ་མཁའི་དབྱིངས་ཕྱུག་མ་དང་ཞལ་སྦྱར་ནས་རང་ལ་འཆར་དུ་འོང་ངོ་། རྣམ་པར་ཤེས་པའི་ཕུང་པོ་གནས་སུ་དག་པ། འོད་མཐིང་ཁ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁ་དོག་མཐིང་ཁ། གསལ་ལ་དྭངས་བ། སྐྲག་ལ་མཚེར་བ་གཅིག་རྣམ་པར་སྣང་མཛད་ཡབ་ཡུམ་གྱི་ཐུགས་ཀ་ནས་ཁྱོད་རང་གི་མདུན་དུ་མིག་གིས་མི་བཟོད་པ་ཙམ་དུ་ཟུག་ནས་འོང་ངོ་། དེ་དང་མཉམ་དུ་ལྷའི་འོད་དཀར་པོ་སྐྲག་མེད་ཅིག་ཀྱང་མདུན་དུ་ཟུག་ནས་འོངོ་། དེའི་དུས་སུ་ཁྱོད་ལས་ངན་གྱིས་དབང་གིས་འོད་མཐིང་ཁ་བཀྲག་དང་ལྡན་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ལ་ཁྱོད་འཇིགས་པ་དང་སྐྲག་པ་སྐྱེས་ནས་བྲོས་ཤིང་། ལྷའི་འོད་དཀར་པོ་བཀྲག་མེད་དེ་ལ་ཁྱོད་དགའ་བའི་འདུ་ཤེས་ནས་འོང་གི། དེ་ཙ་ན་ཁྱོད་འོད་མཐིང་ཁ་གསལ་ལ་འཚེར་བ་དྭངས་ལ་བཀྲག་ཆེ་བ་མཆོག་གི་འོད་གསལ་དེ་ལ་མ་དངངས་ཤིག། མ་སྐྲག་པར་དེ་བཞིན་གཤེགས་པའི་འོད་ཟེར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་བ་ཡིན་ནོ། དེ་ལ་དད་པ་དང་མོས་པ་དུང་དུང་གྱིས་ཤིག། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་རྗེའི་འོད་ཟེར་ཡིན་ནོ་སྐྱབས་སུ་མཆིའོ་སྙམ་པའི་མོས་པ་གྱིས་ལ་གསོལ་བ་ཐོབ་ཅིག། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡབ་ཡུམ་གྱི་ཁྱོད་བར་དོའི་འཕྲང་ལ་བསུ་བ་ལ་འོངས་བ་ཡིན་ནོ། རྣམ་པར་སྣང་མཛད་ཀྱི་ཐུགས་རྗེའི་འོད་ཟེར་ཡིན་ནོ། ལྷའི་འོད་དཀར་པོ་བཀྲག་མེད་པ་དེ་ལ་དགའ་བར་མ་བྱེད་ཅིག། མ་ཆགས་ཤིག་མ་ཞེན་ཅིག། དེ་ཁྱོད་ཀྱིས་གཏི་མུག་དྲག་པོ་བསགས་པའི་བག་ཆགས་ཀྱི་བསུ་མའི་ལམ་ཡིན་ནོ། དེ་ལ་ཆགས་ན་ནི་ཁྱོད་ལྷའི་གནས་སུ་འཁྱམས་ཏེ། རིགས་དྲུག་ཏུ་འཁྱམས་ནས་ཐར་བའི་ལམ་དགག་པའི་བར་ཆད་ཡིན་པས། དེ་ལ་མིག་མ་ལྟ་བར་འོད་མཐིང་ཁ་བཀྲག་མདངས་ཅན་དེ་ལ་མོས་པ་གྱིས་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་འདུན་པ་དྲག་པོ་གཏོད་ལ། སྨོན་ལམ་འདི་སྐད་བདག་གིས་ལད་མོ་གྱིས་ལ་གསོལ་བ་ཐོབ་ཅིག།

ཀྱཻ་མ། གཏི་མུག་དྲག་པོས་འཁོར་བར་འཁྱམས་པའི་ཚེ། ཆོས་དབྱིངས་ཡེ་ཤེས་གསལ་བའི་འོད་ལམ་ལ།
བཅོམ་ལྡན་རྣམ་པར་སྣང་མཛད་ལམ་སྣ་དྲོངས། ཡུམ་མཆོག་དབྱིངས་ཕྱུག་མ་ཡིས་རྒྱབ་ནས་སྐྱོར།
བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ།

ཞེས་མོས་གུས་དྲག་པོས་སྨོན་ལམ་དེ་སྐད་དུ་བཏབ་པས། རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས། དབུས་ཕྱོགས་བསྟུག་པོ་བཀོད་པའི་ཞིང་ཁམས་སུ། ལོངས་སྤྱོད་རྫོགས་པའི་སྐུ་རུ་སངས་རྒྱས་པར་འགྱུར་རོ། ཡང་གལ་ཏེ་ངོ་སྤྲད་ཀྱང་ཞེ་སྡང་དང་སྡིག་སྒྲིབ་ཀྱི་རྐྱེན་གྱིས་འོད་དང་ཟེར་ལ་བཀྲག་ནས་སྨོན་ལམ་བཏབ་ན་ཡང་འཁྲུལ་ན། ཞག་གཉིས་པ་རྡོ་རྗེ་སེམས་དཔའི་ལྷ་ཚོགས་དང་། དམྱལ་བའི་ལས་ངན་གཉིས་བསུ་བ་ལ་འོང་སྟེ། ཡང་ངོ་སྤྲད་པ་ནི།

ཚེ་འདས་ཀྱི་མིང་ནས་འབོད་ལ་འདི་སྐད་དོ། ཀྱཻ་རིགས་ཀྱི་བུ། མ་ཡེངས་པར་ཉོན་ཅིག། ཞག་གཉིས་པ་ལ་འབྱུང་བ་ཆུ་ཐམས་ཅད་རྣམ་པར་དག་པའི་འོད་དཀར་པོ་འཆར་རོ། དེའི་དུས་སུ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མི་བསྐྱོད་པ་སྐུ་མདོག་མཐིང་ཁ་ཕྱག་ན་རྡོ་རྗེ་རྩེ་ལྔ་བ་བསྣམས་པ། གླང་པོ་ཆེའི་གདན་ལ་བཞུགས་པ། ཡུམ་སངས་རྒྱས་སྤྱན་མ་དང་ཞལ་སྦྱར་ནས་རང་ལ་འཆར་རོ་། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང། བྱམས་པ་མེ་ཏྲི་གཉིས་ལ། སེམས་མ་ལཱ་སྱ་མ་དང་པུཥྤེ་མ་གཉིས་ཀྱིས་བསྐོར་ནས་འཇའ་དང་འོེད་ཀྱི་ཀློང་ནས་སངས་རྒྱས་ཀྱི་སྐུ་དྲུག་དྲུག་ཏུ་འཆར་ནས་འོང་ངོ་། གཟུགས་ཀྱི་ཕུང་པོ་གནས་སུ་དག་པ། འོད་དཀར་པོ་མེ་ལོང་ལྟ་བུའི་ཡེ་ཤེས་དཀར་ལ་མཚེར་བ། གསལ་ལ་དྭངས་པ་གཅིག་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཀྱི་ཐུགས་ཀ་ནས་ཁྱོད་རང་གི་མདུན་དུ་མིག་གིས་མི་བཟོད་པ་ཙམ་དུ་ཟུག་ནས་འོང་ངོ་། དེ་དང་མཉམ་དུ་དམྱལ་བའི་འོད་དུད་ཁ། བཀྲག་མེད་ཅིག་ཀྱང་མདུན་དུ་ཡེ་ཤེས་ཀྱི་འོད་དང་གཤིབས་མར་ཟུག་ནས་འོང་ངོ་། དེའི་དུས་སུ་ཁྱོད་ཞེ་སྡང་གི་དབང་གིས་འོད་དཀར་པོ་བཀྲག་མདངས་དང་ལྡན་པ་དེ་ལ་ཁྱོད་འཇིགས་པ་དང་། སྐྲག་པ་སྐྱེས་ནས་བྲོས་ཤིང་། དམྱལ་བའི་འོད་དུ་ཁ། བཀྲག་མེད་དེ་ལ་ཁྱོད་དགའ་བའི་འདུ་ཤེས་སྐྱེས་ནས་འོང་གི། དེ་ཙ་ན་ཁྱོད་འོད་དཀར་པོ་དཀར་ལ་འཚེར་བ་གསལ་ལ་དྭངས་པ་དེ་ལ་མ་འཇིགས་པར་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག། དེ་ལ་དད་པ་དང་མོས་པ་དུང་དུང་གྱིས་ཤིག། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཐུགས་རྗེའི་འོད་ཟེར་ཡིན་ནོ་སྐྱབས་སུ་མཆིའོ་སྙམ་པའི་མོས་པ་གྱིས་ལ་གསོལ་བ་ཐོབ་ཅིག། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཁྱོད་བར་དོའི་འཕྲང་ལ་བསུ་བ་ལ་ཡོངས་བ་ཡིན་ནོ། རྡོ་རྗེ་སེམས་དཔའི་ཐུགས་རྗེའི་འོད་ཟེར་གྱི་ལྕགས་ཀྱུ་ཡིན་པས་མོས་པ་གྱིས་ཤིག། དམྱལ་བའི་འོད་དུ་ཁ་བཀྲག་མེད་དེ་ལ་དགའ་བར་མ་བྱེད་ཅིག། དེ་ཁྱོད་ཀྱི་ཞེ་སྡང་དྲག་པོས་བསགས་པའི་སྡིག་སྒྲིབ་ཀྱི་བསུ་བའི་ལམ་ཡིན་ནོ། དེ་ལ་ཆགས་ན་ནི་ཁྱོད་དམྱལ་བའི་གནས་སུ་ལྷུང་སྟེ། སྡུག་བསྔལ་སྲན་མི་བཟོད་པའི་འདམ་དུ་ཚུད་དེ། ཐར་བའི་དུས་མི་འབྱུང་གིས། དེ་ནི་མཐར་པའི་ལམ་དགག་པའི་བར་ཆད་ཡིན་པས། མིག་མ་བལྟ་བར་ཞེ་སྡང་སྤོངས་ཅིག། དེ་ལ་མ་ཆགས་ཤིག། མ་ཞེན་ཅིག། འོད་དཀར་པོ་གསལ་ལ་མཚེར་བ་དེ་ལ་མོས་པ་གྱིས་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་འདུན་པ་དྲག་པོ་གཏོད་ལ། སྨོན་ལམ་འདི་སྐད་དུ་ཐོབ་ཅིག།

ཀྱེ་མ། ཞེ་སྡང་དྲག་པོས་འཁོར་བར་འཁྱམས་པའི་ཚེ། མེ་ལོང་ཡེ་ཤེས་གསལ་བའི་འོད་ལམ་ལ།
བཅོམ་ལྡན་རྡོ་རྗེ་སེམས་དཔས་ལམ་སྣ་དྲོངས། ཡུམ་མཆོག་སངས་རྒྱས་སྤྱན་མས་རྒྱབ་ནས་བསྐྱོར།
བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ།

ཞེས་མོས་གུས་དྲག་པོས་སྨོན་ལམ་དེ་སྐད་དུ་བཏབ་པས། བཅོམ་ལྡན་འདས་རྡོ་རྗེའི་སེམས་དཔའི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ། ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ། ཡང་དེ་ལྟར་དུ་ངོ་སྤྲད་ཀྱང་ང་རྒྱལ་དང་སྡིག་སྒྲིབ་ཆེ་བའི་གང་ཟག་ལ་ལ་ཐུགས་རྗེའི་འོད་ཟེར་གྱི་ལྕགས་ཀྱུ་ལ་འཇིགས་ཏེ་བྲོས་པས། ཡང་ཞག་གསུམ་པ་ལ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་ལྷ་ཚོགས་དང་། མིའི་འོད་ལམ་གཉིས་ཀྱིས་བསུ་བ་ལ་འོངས་ཏེ། ཡང་ངོ་སྤྲད་པ་ནི།

ཚེ་འདས་ཀྱི་མིང་ནས་འབོད་ལ་འདི་སྐད་དོ། ཀྱཻ་རིགས་ཀྱི་བུ། མ་ཡེངས་པར་ཉོན་ཅིག། ཞག་གསུམ་པ་ལ་འབྱུང་བ་ས་ཐམས་ཅད་རྣམ་པར་དག་པའི་འོད་སེར་པོ་འཆར་རོ། དེའི་དུས་སུ་ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་སེར་པོ་ནས་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་ཕྱག་ན་ནོར་བུ་རིན་པོ་ཆེ་བསྣམས་པ། རྟ་མཆོག་གི་གདན་ལ་བཞུགས་པ། ཡུམ་མཆོག་མཱ་མ་ཀི་དང་ཞལ་སྦྱར་ནས་རང་ལ་འཆར་འོང་ངོ་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་། ཀུན་ཏུ་བཟང་པོ་གཉིས་ལ། སེམས་མ་མཱ་ལྱ་མ་དང་དྷུ་པེ་མ་གཉིས་ཀྱིས་བསྐོར་ནས། འཇའ་དང་འོད་ཀྱི་ཀློང་ནས་སངས་རྒྱས་ཀྱི་སྐུ་དྲུག་ཏུ་འཆར་ནས་འོང་ངོ་། ཚོར་བའི་ཕུང་པོ་དབྱིངས་སུ་དག་པ། འོད་སེར་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་སེར་ལ་མཚེར་བ་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པ། གསལ་ལ་དྭངས་པ་མིག་གིས་བལྟ་མི་བཟོད་པ་གཅིག། རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱི་ཐུགས་ཀ་ནས་ཁྱོད་རང་གི་མདུན་དུ་སྙིང་གི་ཐད་ཀར་མིག་གིས་བལྟ་མི་བཟོད་པ་ཙམ་དུ་ཟུག་ནས་འོང་ངོ་། དེ་དང་མཉམ་དུ་མིའི་འོད་སྔོན་པོ་བཀྲག་མེད་གཅིག་ཀྱང་ཡེ་ཤེས་ཀྱི་འོད་དང་གཤིབ་མར་ཁྱོད་རང་གི་སྙིང་ཁར་ཟུག་ནས་འོང་ངོ་། དེའི་དུས་སུ་ཁྱོད་ང་རྒྱལ་གྱི་དབང་གིས་འོད་སེར་པོ་བཀྲག་མདངས་ཅན་དེ་ལ་འཇིགས་སྐྲག་སྐྱེས་ནས་བྲོས་སུ་འོང་གིས། མིའི་འོད་སྔོན་པོ་བཀྲག་མེད་དེ་ལ་ཁྱོད་དགའ་བ་དང་། ཆགས་སེམས་སྐྱེས་ནས་འོང་གིས། དེ་ཙ་ན་ཁྱོད་འོད་སེར་པོ་སེར་ལ་མཚེར་བ་གསལ་ལ་དྭངས་པ་དེ་ལ་མ་འཇིགས་པར་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག། དེའི་ངང་ལ་རིག་པ་བྱར་མེད་ཀྱི་ངང་ལ་གློད་ལ་བཞོགས་ཤིག། ཡང་ན་དེ་ལ་དད་པ་དང་མོས་པ་དུང་དུང་གྱིས་ཤིག། ཁྱོད་རང་གི་རིག་པའི་རང་མདངས་སུ་ངོ་ཤེས་ན་ནི། མོས་གུས་མ་བྱས་སྨོན་ལམ་མ་བཏབ་ཀྱང་སྐུ་དང་འོད་ཟེར་ཐམས་ཅད་ཁྱོད་རང་དང་དབྱེར་མེད་དུ་ཐིམ་ནས་སངས་རྒྱས་པར་འགྱུར་རོ། རང་གི་རིག་པའི་རང་མདངས་སུ་མ་ཤེས་ན་ནི། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་ཐུགས་རྗེའི་འོད་ཟེར་ཡིན་ནོ་སྐྱབས་སུ་མཆིའོ་སྙམ་པའི་མོས་གུས་གྱིས་ལ་གསོལ་བ་ཐོབ་ཅིག། དེ་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཁྱོད་བར་དོའི་འཇིགས་སྐྲག་ལ་བསུ་བ་འོང་བ་ཡིན་ནོ། རིན་ཆེན་འབྱུང་ལྡན་གྱི་ཐུགས་རྗེའི་འོད་ཟེར་གྱི་ལྕགས་ཀྱུ་ཡིན་པའི་མོས་པ་གྱིས་ཤིག། མིའི་འོད་སྔོན་པོ་བཀྲག་མེད་དེ་ལ་དགའ་བར་མ་བྱེད་ཅིག། ཁྱོད་ཀྱི་ང་རྒྱལ་དྲག་པོས་བསགས་པའི་བག་ཆགས་ཀྱི་བསུ་བའི་ལམ་ཡིན་ནོ། དེ་ལ་ཆགས་ན་ནི་ཁྱེད་མིའི་གནས་སུ་ལྟུང་ནས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཉམས་སུ་མྱོང་ཞིང་འཁོར་བའི་འདམ་ནས་ཐོན་བའི་དུས་མི་འབྱུང་སྟེ། ཐར་པའི་ལམ་བཀག་པའི་བར་ཆད་ཡིན་པས་དེ་ལ་མིག་མི་བལྟ་བར་ང་རྒྱལ་སྤོངས་ཤིག། བག་ཆགས་སྤོངས་ཤིག། མ་ཆགས་ཤིག། མ་ཞེན་ཅིག། འོད་སེར་པོ་སེར་ལ་མཚེར་བ་དེ་ལ་མོས་པ་གྱིས་ཤིག། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ལ་འདུན་པ་རྩེ་གཅིག་ཏུ་གཏོད་ལ་སྨོན་ལམ་འདི་སྐད་དུ་ཐོབ་ཅིག།

ཀྱེ་མ། ང་རྒྱལ་དྲག་པོས་འཁོར་བར་འཁྱམས་པའི་ཚེ། མཉམ་ཉིད་ཡེ་ཤེས་གསལ་བའི་འོད་ལམ་ལ།
བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལམ་སྣ་དྲོངས། ཡུམ་མཆོག་མཱ་མ་ཀི་ཡི་རྒྱབ་ནས་བསྐྱོར།
བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ།

དེ་སྐད་མོས་གུས་དྲག་པོས་སྨོན་ལམ་བཏབ་པས། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས། ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་སུ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ། དེ་ལྟར་དུ་ངོ་སྤྲད་པས་དབང་པོ་ཇི་ལྟར་གཞན་ཡང་གྲོལ་བར་ཐེ་ཚོམ་མེད་དོ། ཡང་དེ་ལྟར་ལན་མང་དུ་ངོ་སྤྲད་ཀྱང་སྡིག་པོ་ཆེ་ལ་སོགས་པ་དང་། དམ་ཚིག་ཉམས་པ་ལ་སོགས་པའི་སྐལ་ཆད་ཀྱི་རིགས་ལ་ལ་ད་དུང་ཡང་ངོ་མི་འཕྲོད་པའི་རིགས་འོང་སྟེ། འདོད་ཆགས་དང་སྡིག་སྒྲིབ་ཀྱིས་བསྐྱོད་ནས་སྒྲ་འོད་ལ་འཇིགས་ཏེ་བྲོས་པས། ཞག་བཞི་པ་ལ། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ལྷ་ཚོགས་དང་། འདོད་ཆགས་དང་སེར་སྣ་ལས་གྲུབ་པའི་ཡི་དྭགས་ལ་འོད་ལམ་གཉིས་ཀྱིས་བསུ་བ་ལ་འོང་སྟེ། ཡང་ངོ་སྤྲད་པ་ནི།

ཚེ་འདས་ཀྱི་མིང་ནས་བོད་ལ་འདི་སྐད་དོ། ཀྱཻ་རིགས་ཀྱི་བུ། མ་ཡེངས་པར་ཉོན་ཅིག། ཞག་བཞི་པ་ལ་འབྱུང་བ་མེ་རྣམ་པར་དག་པའི་འོད་དམར་པོ་འཆར་རོ། དེའི་དུས་སུ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དམར་པོ་ནས། བཅོམ་ལྡན་འདས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ། ཕྱག་ན་པདྨ་བསྣམས་པ་རྨ་བྱའི་གདན་ལ་བཞུགས་པ། ཡུམ་མཆོག་གོས་དཀར་མོ་དང་ཞལ་སྦྱར་ནས་རང་ལ་འཆར་དུ་འོང་ངོ་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང། འཇམ་དཔལ་གཉིས་ལ། སེམས་མ་གྷཱིརྟི་མ་དང་། ཨཱ་ལོ་ཀེ་གཉིས་ཀྱིས་བསྐོར་ནས་འཇའ་འོད་ཀྱི་ཀློང་ནས་སངས་རྒྱས་ཀྱི་སྐུ་དྲུག་ཏུ་འཆར་ནས་འོང་ངོ་། འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་པ། འོད་དམར་པོ་སོ་སོར་རྟོགས་པའི་ཡེ་ཤེས་དམར་ལ་འཚེར་བ་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པ། གསལ་ལ་དྭངས་པ། བཀྲག་ལ་འཚེར་བ་གཅིག་སྣང་བ་མཐའ་ཡས་ཡབ་ཡུམ་གྱི་ཐུགས་ཀ་ནས། ཁྱོད་རང་གི་སྙིང་གི་ཐད་དཀར་མིག་གིས་མི་བཟོད་པ་ཙམ་དུ་ཟུག་ནས་འོང་ངོ་། དེ་ལ་མ་འཇིགས་ཤིག། དེ་དང་མཉམ་དུ་ཡི་དྭགས་ཀྱི་འོད་སེར་པོ་བཀྲག་མེད་པ་ཅིག་ཀྱང་། ཡེ་ཤེས་ཀྱི་འོད་དང་གཤིབས་མར་ཁྱོད་ལ་འཆར་དུ་འོང་བས། དེ་ལ་དགའ་བར་མ་བྱེད་ཅིག། ཆགས་ཞེན་སྤོངས་ཤིག། དེའི་དུས་སུ་ཁྱོད་འདོད་ཆགས་དྲག་པོའི་དབང་གིས། འོད་དམར་པོ་བཀྲག་མདངས་ཅན་དེ་ལ་ཁྱོད་སྐྲག་པ་སྐྱེས་ནས་བྲོས་སུ་འོངས་ཤིང་། ཡི་དྭགས་ཀྱི་འོད་སེར་པོ་བཀྲག་མེད་དེ་ལ་ཁྱོད་དགའ་བ་དང་ཆགས་སེམས་བསྐྱེད་ནས་འོང་གིས། དེ་ཙ་ན་ཁྱོད་འོད་དམར་པོ་བཀྲག་ལ་འཚེར་བ་གསལ་ལ་དྭངས་པ་དེ་ལ་མ་འཇིགས་པར་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག། དེའི་ཐོག་ཏུ་རིགས་པ་བྱར་མེད་ཀྱི་ངང་དུ་གློད་ལ་ཞོག་ཅིག། དབྱེར་མེད་དུ་ཐིམ་ནས་སངས་རྒྱས་པར་འགྱུར་རོ། དེ་ལྟར་མ་ཤེས་ན། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ཐུགས་རྗེའི་འོད་ཟེར་ཡིན་ནོ་སྐྱབས་སུ་མཆིའོ་སྙམ་པའི་མོས་གུས་གྱིས་ལ་གསོལ་བ་ཐོབ་ཅིག། དེ་ནི་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱིས་ཐུགས་རྗེའི་འོད་ཟེར་གྱི་ལྕགས་ཀྱུ་ཡིན་ནོ་མོས་པ་གྱིས་ཤིག། མ་བྲོས་ཅིག། བྲོས་ཀྱང་ཁྱོད་རང་དང་འདུ་འབྲལ་མེད་པར་འོང་ངོ་། མ་འཇིགས་ཤིག། ཡི་དྭགས་ཀྱི་འོད་སེར་པོ་བཀྲག་མེད་དེ་ལ་ཆགས་པར་མ་བྱེད་ཅིག། དེ་ནི་འདོད་ཆགས་དྲག་པོས་བསགས་པའི་ཡི་དྭགས་ཀྱི་བསུ་བའི་ལམ་ཡིན་ནོ། དེ་ལ་ཆགས་ན་ཁྱོད་ཡི་དྭགས་ཀྱིས་གནས་སུ་ལྷུང་ནས་བཀྲེས་སྐོམ་གྱི་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་སྟེ། ཐར་ལམ་བཀག་པའི་བར་ཆད་ཡིན་པས། དེ་ལ་མ་ཆགས་པར་ཆགས་སེམས་སྤོངས་ཤིག། མ་ཞེན་ཅིག། འོད་དམར་པོ་གསལ་ལ་འཚེར་བ་དེ་ལ་མོས་པ་གྱིས་ལ། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཡབ་ཡུམ་ལ་འདུན་པ་རྩེ་གཅིག་གཏོད་ལ། སྨོན་ལམ་འདི་སྐད་ཐོབ་ཅིག།

ཀྱེ་མ། འདོད་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ། སོར་རྟོགས་ཡེ་ཤེས་གསལ་བའི་འོད་ལམ་ལ།
བཅོམ་ལྡན་སྣང་བ་མཐའ་ཡས་ལམ་སྣ་དྲོངས། ཡུམ་མཆོག་གོས་དཀར་མོ་ཡིས་རྒྱབ་ནས་བསྐྱོར།
བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ།

དེ་སྐད་མོས་གུས་དྲག་པོས་སྨོན་ལམ་བཏབ་པས། བཅོམ་ལྡན་འདས་སྣང་བ་མཐའ་ཡས་འོད་དཔག་མེད་ཀྱི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་ལོངས་སྤྱོད་རྫོགས་པའི་སྐུ་རུ་སངས་རྒྱས་པར་འགྱུར་རོ། དེས་ནི་མི་གྲོལ་མི་སྲིད་དོ། ཡང་དེ་ལྟར་དུ་ངོ་སྤྲད་ཀྱང་སེམས་ཅན་བག་ཆགས་དང་འགྲོགས་ཡུན་རིངས་པའི་སྟབས་ཀྱིས་བག་ཆགས་མི་སྤོང་བར་ཕྲག་དོག་དང་ལས་ངན་གྱི་དབང་གིས་སྒྲ་འོད་ལ་དངངས་སྐྲག་སྐྱེས་ཏེ། ཐུགས་རྗེའི་འོད་ཟེར་གྱི་ལྕགས་ཀྱུས་མི་ཟིན་པར། ཞག་ལྔ་པའི་བར་དུ་མར་ལ་འཁྱམས་ཏེ། ཡང་དེའི་ཚེ་བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་ལྷ་ཚོགས་ཐུགས་རྗེའི་འོད་ཟེར་དང་བཅས་ཏེ་བསུ་མ་ལ་བྱོན་ནོ། ཉོན་མོངས་པ་ཕྲག་དོག་ལས་གྲུབ་པའི་ལྷ་མ་ཡིན་གྱི་འོད་ལམ་གྱིས་ཀྱང་བསུ་བ་ལ་འོང་ངོ་། དེའི་ཚེ་ཡང་ངོ་སྤྲད་པ་ནི།

ཚེ་འདས་ཀྱི་མིང་ནས་འབོད་ལ་འདི་སྐད་དོ། ཀྱཻ་རིགས་ཀྱི་བུ། མ་ཡེངས་པར་ཉོན་ཅིག། ཞག་ལྔ་པ་ལ་འབྱུང་བ་རླུང་ཐམས་ཅད་རྣམ་པར་དག་པའི་འོད་ལྗང་ཁུ་འཆར་རོ། དེའི་དུས་སུ་བྱང་ཕྱོགས་ལས་རབ་རྩེགས་པའི་ཞིང་ཁམས་ལྗང་ཁུ་ནས། བཅོམ་ལྡན་འདས་སངས་རྒྱས་དོན་ཡོད་གྲུབ་པ་གཙོ་འཁོར་སྐུ་མདོག་ལྗང་ཁུ་ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམས་པ། ནམ་མཁའ་ལྡིང་ཤང་ཤང་གི་ཁྲི་ལ་བཞུགས་པ། ཡུམ་དམ་ཚིག་སྒྲོལ་མ་དང་ཞལ་སྦྱར་ནས་ཁྱོད་རང་ལ་འཆར་དུ་འོང་ངོ་། སེམས་དཔའ་ཕྱག་ན་རྡོ་རྗེ་དང་། སྒྲིབ་པ་རྣམ་པར་སེལ་བ་གཉིས་ལ། སེམས་མ་གྷནྡྷེ་མ་དང་། ནཱིར་ཏི་མ་གཉིས་ཀྱིས་བསྐོར་ནས་འཇའ་དང་འོད་ཀྱི་ཀློང་ནས་སངས་རྒྱས་ཀྱི་སྐུ་དྲུག་ཏུ་འཆར་དུ་འོང་ངོ་། འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག་པ་འོད་ལྗང་ཁུ་བྱ་བ་གྲུབ་པའི་ཡེ་ཤེས་ལྗང་ལ་འཆར་བ། གསལ་ལ་དྭངས་པ་བཀྲག་ལ་ཉམས་ང་བ། ཐིག་ལེ་དང་ཐིག་ཕྲན་གྱིས་སྤྲས་ཅིག། དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་ཐུགས་ཀ་ནས་ཁྱོད་རང་གི་སྙིང་གི་ཐད་ཀར་མིག་གིས་མི་བཟོད་པ་ཙམ་དུ་ཟུག་ནས་འོང་ངོ་། དེ་ལ་མ་འཇིགས་པར་ཁྱོད་རང་གི་རིག་པའི་རང་རྩལ་ཡིན་པས་ཆགས་སྡང་ཉེ་རིང་མེད་པའི་བཏང་སྙོམས་བྱར་མེད་ཆེན་པོའི་ངང་དུ་ཞོག་ཅིག། དེ་དང་མཉམ་དུ་ལྷ་མ་ཡིན་གྱི་འོད་དམར་པོ་ཕྲག་དོག་གི་རྒྱུ་ལས་གྲུབ་པ་བཀྲག་མེད་པ་ཅིག་ཀྱང་ཡེ་ཤེས་ཀྱི་འོད་དང་ལྷན་ཅིག་ཏུ་ཁྱོད་ལ་འཆར་དུ་འོང་བས། དེ་ལ་ཆགས་སྡང་མེད་པའི་བཏང་སྙོམས་བསྒོམས་ཤིག། བློ་དམན་པ་ཡིན་ནའང་དེ་ལ་དགའ་བར་མ་བྱེད་ཅིག། དེའི་དུས་སུ་ཁྱོད་ཕྲག་དོག་དྲག་པོས་དབང་གིས་འོད་ལྗང་ཁུ་བཀྲག་ལ་མཚེར་བ་དེ་ལ་ཁྱོེད་ཞེད་ནས་བྲོས་སུ་འོང་ཞིང་། ལྷ་མ་ཡིན་གྱི་འོད་དམར་པོ་བཀྲག་མེད་དེ་ལ་ཁྱོད་དགའ་བ་དང་ཆགས་སེམས་སྐྱེས་ནས་འོང་གིས། དེ་ཙ་ན་ཁྱོད་འོད་ལྗང་ཁུ་བཀྲག་ལ་མཚེར་བ་གསལ་ལ་དྭངས་པ་དེ་ལ་མ་འཇིགས་པར་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག། དེའི་ཐོག་ཏུ་རིག་པ་བྱར་མེད་ཀྱི་ངང་དུ་གློད་ལ་བཞོག་ཅིག། བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་ཐུགས་རྗེའི་འོད་ཟེར་ཡིན་ནོ་སྐྱབས་སུ་མཆིའོ། སྙམ་པའི་མོས་གུས་གྱིས་ལ་གསོལ་བ་ཐོབ་ཅིག། དེ་ནི་བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་ཐུགས་རྗེའི་ལྕགས་ཀྱུའི་འོད་ཟེར་བྱ་བ་གྲུབ་པའི་ཡེ་ཤེས་ཞེས་བྱ་བ་ཡིན་ནོ། མོས་པ་གྱིས་ཤིག། མ་བྲོས་ཤིག། བྲོས་ཀྱང་ཁྱོད་རང་དང་འབྲལ་མེད་དུ་འོང་ངོ་། དེ་ལ་མ་འཇིགས་ཤིག། ལྷ་མ་ཡིན་གྱི་འོད་དམར་པོ་བཀྲག་མེད་དེ་ལ་ཆགས་པར་མ་བྱེད་ཅིག། དེ་ནི་ཁྱོད་ཀྱི་ཕྲག་དོག་དྲག་པོས་བསགས་པའི་ལས་ཀྱིས་བསུ་བའི་ལམ་ཡིན་ནོ། དེ་ལ་ཆགས་ན་ནི་ཁྱོད་ལྷ་མ་ཡིན་གྱི་གནས་སུ་ལྷུང་ནས། འཐབ་རྩོད་ཀྱི་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་སྟེ། ཐར་ལམ་བཀག་པའི་བར་ཆད་ཡིན་པས། དེ་ལ་མ་ཆགས་པར་ཞེན་པ་སྤོངས་ཤིག། མ་ཞེན་ཅིག། འོད་ལྗང་ཁུ་གསལ་ལ་མཚེར་བ་དེ་ལ་མོས་པ་གྱིས་ལ། བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ཡབ་ཡུམ་ལ་འདུན་པ་རྩེ་གཅིག་ཏུ་གཏོད་ལ། སྨོན་ལམ་འདི་སྐད་དུ་ཐོབ་ཅིག།

ཀྱེ་མ། ཕྲག་དོག་དྲག་པོས་འཁོར་བར་འཁྱམས་པའི་ཚེ། བྱ་གྲུབ་ཡེ་ཤེས་གསལ་བའི་འོད་ལམ་ལ།
བཅོམ་ལྡན་དོན་ཡོད་གྲུབ་པས་ལམ་སྣ་དྲོངས། ཡུམ་མཆོག་དམ་ཚིག་སྒྲོལ་མས་རྒྱབ་ནས་བསྐྱོར།
བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ།

དེ་ལྟར་མོས་གུས་དྲག་པོས་སྨོན་ལམ་བདབ་པས། བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ཡམ་ཡུམ་གྱི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས། བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་སུ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ། དེ་ལྟར་རིམ་པ་མང་དུ་ངོ་སྤྲད་པས་ལས་འཕྲོ་ཇི་ལྟར་ཞན་ཡང་གཅིག་ལ་ངོས་མ་ཟིན་ཀྱང་གཅིག་ལ་ངོས་ཟིན་ཏེ་གང་རུང་གཅིག་ལ་ངོ་འཕྲོད་དེ་མ་གྲོལ་མི་སྲིད་དོ། ཡང་དེ་ལྟར་ལན་མང་དུ་ངོ་སྤྲད་ཀྱང་བག་ཆགས་ཚན་ཆེ་ལ་འགྲོགས་ཡུན་རིང། དག་སྣང་དང་ཡེ་ཤེས་སྔར་འདྲིས་མེད་པའི་དབང་གིས་ངོ་སྤྲད་ཀྱང་བག་ཆགས་ངན་པས་ཕྱི་ལ་ཁྲིད་དེ། ཐུགས་རྗེའི་འོད་ཟེར་གྱི་ལྕགས་ཀྱུས་མ་ཟིན་པར། འོད་དང་ཟེར་ལ་དངངས་སྐྲག་སྐྱེས་ནས་མར་ལ་འཁོར་ནས། ད་ནི་ཞག་དྲུག་པ་ལ་རིགས་ལྔ་ཡབ་ཡུམ་འཁོར་དང་བཅས་པ་དུས་གཅིག་ལ་འཆར་ནས་འོང་སྟེ། དེ་ངོ་སྤྲོད་པ་ནི།

ཚེ་འདས་ཀྱི་མིང་ནས་བོད་ལ་འདི་སྐད་དོ། ཀྱཻ་རིགས་ཀྱི་བུ། ཁྱོད་ཁ་སང་ཕན་ཆད་རིགས་ལྔ་སོ་སོའི་སྣང་བ་ཤར་ནས། ངོ་སྤྲད་ཀྱང་ཁྱོད་བག་ཆགས་ཀྱི་དབང་གིས་དེ་ལ་སྐྲག་དངངས་སྐྱེས་པས་ད་ཕན་ཆད་དུ་འདིར་ལུས་པ་ཡིན་ནོ། ཁྱོད་ཀྱི་གོང་དུ་རིགས་ལྔའི་ཡེ་ཤེས་ཀྱི་རང་མདངས་དེ་རྣམས་རང་སྣང་དུ་ངོ་ཤེས་ན་རིགས་ལྔ་སོ་སོའི་སྐུ་ལ་འཇའ་འོད་དུ་ཐིམ་ནས་ལོངས་སྤྱོད་རྫོགས་པའི་སྐུ་རུ་སངས་རྒྱས་རྒྱུ་ཡིན་པ་ལ། རང་སྣང་དུ་མ་ཤེས་པས། འདིར་འཁྱམས་པ་ཡིན་ནོ། ད་ནི་མ་ཡེངས་པར་ཉོན་ཅིག། རིགས་ལྔ་ཡོངས་རྫོགས་ཀྱི་སྣང་བ་དང་། ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་བ་ཁྱོད་བསུ་བ་ལ་འོང་ངོ་། ངོ་ཤེས་པར་གྱིས་ཤིག། ཀྱཻ་རིགས་ཀྱི་བུ། འབྱུང་བ་བཞིའི་རྣམ་པར་དག་པའི་འོད་ཁ་དོག་བཞི་འཆར་དུ་འོང་ངོ་། དེའི་དུས་སུ་དབུས་ཕྱོགས་ཐིག་ལེ་བརྡལ་བའི་ཞིང་ཁམས་ནས། སངས་རྒྱས་རྣམ་པར་སྣང་མཛད་ཡབ་ཡུམ་གོང་ལྟར་འཆར་དུ་འོང་ངོ་། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། སངས་རྒྱས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འཁོར་དང་བཅས་པ་འཆར་དུ་འོང་ངོ་། ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནས། སངས་རྒྱས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་འཁོར་དང་བཅས་པ་འཆར་དུ་འོང་ངོ་། ནུབ་ཕྱོགས་པདྨ་བརྩེགས་པ་བདེ་བ་ཅན་གྱི་ཞིང་ཁམས་ནས། སངས་རྒྱས་སྣང་བ་མཐའ་ཡས་ཡབ་ཡུམ་འཁོར་དང་བཅས་པ་འཆར་དུ་འོང་ངོ་། བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ནས། སངས་རྒྱས་དོན་ཡོད་གྲུབ་པ་ཡབ་ཡུམ་འཁོར་དང་བཅས་པ་འཇའ་དང་འོད་ཀྱི་ཀློང་ནས་ཁྱོད་ལ་ད་ལྟ་འཆར་རོ། ཀྱཻ་རིགས་ཀྱི་བུ། རིགས་ལྔ་ཡབ་ཡུམ་དེ་རྣམས་ཀྱི་ཕྱི་རིམ་དུ། སྒོ་བ་ཁྲོ་བོ་རྣམ་པར་རྒྱལ་བ་དང་། གཤིན་རྗེ་གཤེད་པོ་དང་། རྟ་མགྲིན་རྒྱལ་པོ་དང་། བདུད་རྩི་འཁྱིལ་པ་དང་། སྒོམ་ལྕགས་ཀྱུ་མ་དང་། ཞགས་པ་མ་དང་། ལྕགས་སྒྲོགས་མ་དང་། དྲིལ་བུ་མ་དང་། ལྷའི་ཐུབ་པ་དབང་པོ་བརྒྱ་བྱིན་དང་། ལྷ་མ་ཡིན་གྱི་ཐུབ་པ་ཐག་བཟང་རིས་དང་། མིའི་ཐུབ་པ་ཤཱཀྱ་སེདྒེ་དང་། བྱོལ་སོང་ཐུབ་པ་སེངྒེ་རབ་བརྟན་དང་། ཡི་དྭགས་ཀྱི་ཐུབ་པ་ཁ་འབར་མ་དང་། དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་དང་། བཅོམ་ལྡན་འདས་ཐུབ་པ་དྲུག་ཡང་འཆར་རོ། ཀུན་ཏུ་བཟང་པོ་དང་། ཀུན་ཏུ་བཟང་མོ་དང་། སངས་རྒྱས་ཐམས་ཅད་ཀྱི་སྤྱི་མེས་ཀུན་བཟང་ཡབ་ཡུམ་གཉིས་ཀྱང་འཆར་དུ་འོང་ངོ་། ལོངས་སྐུའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་སྙིང་གི་ནང་ནས་ཐོན་ནས་ཁྱོད་རང་ལ་འཆར་དུ་འོང་བས། ཁྱོད་རང་གི་དག་པའི་སྣང་བ་ལས་འཆར་བ་ཡིན་པས་ངོ་ཤེས་པར་གྱིས་ཤིག། ཀྱཻ་རིགས་ཀྱི་བུ། ཞིང་ཁམས་དེ་དག་ཀྱང་གཞན་ཞིག་ན་ཡོད་པ་ནི་མ་ཡིན་ཏེ། ཁྱོད་རང་གི་སྙིང་གི་ཕྱོགས་བཞི་དབུས་དང་ལྔ་ཡིན་ནོ། སྙིང་གི་ནང་ནས་ད་ལྟ་ཕྱིར་ཐོན་ནས་ཁྱོད་རང་ལ་འཆར་བ་ཡིན་ནོ། སྐུ་དེ་དག་ཀྱང་གཞན་ཞིག་ནས་འོང་བ་མ་ཡིན་ཏེ། ཁྱོད་རང་གི་རིག་པའི་རང་རྩལ་ལས་ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན་པས། དེ་ལྟར་ཡིན་པར་ངོ་ཤེས་པར་གྱིས་ཤིག། ཀྱཻ་རིགས་ཀྱི་བུ། སྐུ་དེ་དག་ཀྱང་མི་ཆེ་བ། མི་ཆུང་བ་ཆ་མཉམ་པ། རྒྱན་ཁ་དོག་བཞུགས་ཚུལ་དང་། གདན་ཁྲི་རང་རང་གི་ཕྱག་རྒྱ་དང་བཅས་ཏེ། སྐུ་དེ་དག་ཀྱང་ལྔ་ལྔའི་ཟུང་གིས་ཁྱབ་པ། ལྔ་ཚན་རེ་རེ་ལ་འོད་ལྔའི་ཚོམ་བུས་མུ་ཁྱུད་དང་བཅས་པ། ཡབ་ཀྱི་ཆ་འཛིན་པའི་རིགས་ཀྱི་སེམས་དཔའ་དང་། ཡུམ་གྱི་ཆ་འཛིན་པའི་རིགས་ཀྱི་སེམས་མ་དང་། དཀྱིལ་འཁོར་ཐམས་ཅད་གཅིག་ལ་རྫོགས་པར་འཆར་དུ་འོང་བས། དེ་ཁྱོད་ཀྱི་ཡི་དམ་གྱི་ལྷ་ཡིན་བས་ངོ་ཤེས་པར་གྱིས་ཤིག། ཀྱཻ་རིགས་ཀྱི་བུ། རིགས་ལྔ་ཡབ་ཡུམ་དེ་དག་གི་ཐུགས་ཀ་ནས། ཡེ་ཤེས་བཞི་སྦྱོར་གྱི་འོད་ཟེར་ཕྲ་ལ་དྭངས་བ། ཉི་མའི་འོད་ཟེར་སྦ་ཐག་དྲིལ་བ་ལྟ་བུ་མེ་རེ་རེ་ཁྱོད་རང་གི་སྙིང་ཁར་འཆར་དུ་འོང་སྟེ། དེ་ཡང་དང་པོ་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དཀར་ལ་གསལ་བ། བཀྲག་ལ་ཉམ་ང་བའི་འོད་ཟེར་གྱི་སྣམ་བུ་གཅིག། ཁྱོད་རང་གི་སྙིང་ཁ་དང་འབྲེལ་མར་འཆར་དུ་འོང་ངོ་། འོད་ཟེར་གྱི་སྣམ་བུ་དེའི་སྟེང་དུ་ཐིག་ལེ་དཀར་པོ་ཟེར་དང་ལྡན་པ་མེ་ལོང་ཁ་སྦུབ་པ་ཙམ་པ། ཤིན་ཏུ་གསལ་བ་བཀྲག་ལ་འཚེར་བ། དེ་ཡང་རང་བཞིན་གྱི་ཐིག་ལེ་ལྔ་ལྔས་བརྒྱན་པ། དེའི་མཐའ་དང་དབུས་མེད་པར་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པ་ཅིག་འཆར་དུ་འོང་ངོ་། རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས། མེ་ལོང་ལྟ་བུའི་ཡེ་ཤེས་མཐིང་ལ་གསལ་བའི་སྣམ་བུའི་སྟེང་དུ། ཐིག་ལེ་སྔོན་པོ་འོད་དང་ལྡན་པ་དཔེར་ན་གཡུའི་ཕོར་བ་ཁ་སྦུབ་པ་ཙམ་པ། ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པ་འཆར་དུ་འོང་ངོ་། རིན་ཆེན་འབྱུང་ལྡན་གྱི་ཐུགས་ཀ་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་སེར་ལ་གསལ་བའི་སྣམ་བུའི་སྟེང་དུ། ཐིག་ལེ་སེར་པོ་གསེར་གྱི་ཕོར་བ་ཁ་སྦུབ་པ་ལྟ་བུ། ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པ་འཆར་དུ་འོང་ངོ་། སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས། སོ་སོར་རྟོགས་པའི་ཡེ་ཤེས་དམར་ལ་གསལ་བའི་སྣམ་བུའི་སྟེང་དུ། ཐིག་ལེ་དམར་པོ་འོད་ཟེར་དང་ལྡན་པ་དཔེར་ན་བྱུ་རུའི་ཕོར་པ་ཁ་སྦུབ་པ་ལྟ་བུ། ཡེ་ཤེས་ཀྱི་མདངས་དང་ལྡན་པ་ཤིན་ཏུ་གསལ་ལ་འཚེར་བ། དེ་ཡང་ཐིག་ལེ་ལྔ་ལྔས་བརྒྱན་པ། དེའི་མཐའ་དང་དབུས་མེད་པར་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པ་འཆར་དུ་འོང་ངོ་། དེ་རྣམས་ཀྱང་ཁྱོད་རང་གི་སྙིང་ཁ་དང་འབྲེལ་ནས་འཆར་དུ་འོང་ངོ་། ཀྱཻ་རིགས་ཀྱི་བུ། དེ་རྣམས་ཀྱང་ཁྱོད་རང་གི་རིག་པའི་རང་རྩལ་ལས་འཆར་བ་ཡིན་ཏེ། གཞན་ཞིག་ནས་འོངས་པ་མ་ཡིན་པས། དེ་རྣམས་ལ་ཆགས་པར་ཡང་མ་བྱེད་ཅིག་མི་རྟོག་པའི་ངང་དུ་ཀློད་ལ་ཞོག་ཅིག། དེའི་ངང་ལ་སྐུ་དང་འོད་ཟེར་ཐམས་ཅད་ཁྱོད་རང་ལ་ཐིམ་ནས་སངས་རྒྱས་པར་འགྱུར་རོ། ཀྱཻ་རིགས་ཀྱི་བུ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་འོད་ལྗང་ཁུ་ནི་ཁྱོད་རང་གི་རིག་པའི་ཡེ་ཤེས་ཀྱི་རང་རྩལ་མ་རྫོགས་པས་མི་སྣང་ངོ་། ཀྱེ་རིགས་ཀྱི་བུ། དེ་རྣམས་ཀྱི་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་སྟེ། རྡོ་རྗེ་སེམས་དཔའ་ཁོང་གསེང་གི་ལམ་ཞེས་བྱ་བ་ཡིན་ནོ། དེའི་ཚེ་ཁྱོད་ཀྱིས་སྔར་བླ་མས་ངོ་སྤྲད་པའི་གདམས་ངག་དྲན་པར་གྱིས་ཤིག། ཁྱོད་ཀྱི་ངོ་སྤྲོད་དེ་དྲན་ན་སྔར་ཤར་བའི་སྣང་བ་དེ་རྣམས་ལ་ཡིད་ཆེས་ནས་མ་དང་བུ་འཕྲད་པ་ལྟ་བུའམ། སྔར་འདྲིས་པའི་མི་ཕྱིས་མཐོང་བ་ཙམ་གྱིས་ངོ་ཤེས་སྒྲོ་འདོགས་ཆོད་པ་ལྟ་བུ། རང་སྣང་དུ་ངོ་ཤེས་པས་ཆོས་ཉིད་རྣམ་པར་དག་པའི་ལམ་འགྱུར་བ་མེད་པར་ཡིད་ཆེས་ནས། རྒྱུན་གྱི་ཏིང་ངེ་འཛིན་སྐྱེས་ཏེ། རིག་པ་ལྷུན་གྲུབ་ཆེན་པོའི་སྐུ་ལ་ཐིམ་ནས་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་ཏེ་ཕྱིར་མི་ལྡོག་གོ། ཀྱཻ་རིགས་ཀྱི་བུ། ཡེ་ཤེས་ཀྱི་འོད་དང་མཉམ་དུ་མ་དག་འཁྲུལ་བའི་སྣང་བ་རིགས་དྲུག་གི་འོད་དྲུག་ཀྱང་ཅིག་འཆར་དུ་འོང་ཏེ། གང་ཞེ་ན། ལྷའི་འོད་དཀར་པོ་བཀྲག་མེད་དང་། ལྷ་མ་ཡིན་གྱི་འོད་དམར་པོ་བཀྲག་མེད་དང་། མིའི་འོད་སྔོན་པོ་བཀྲག་མེད་དང་། དུད་འགྲོའི་འོད་ལྗང་ཁུ་བཀྲག་མེད་དང་། ཡི་དྭགས་ཀྱི་འོད་སེར་པོ་བཀྲག་མེད་དང་། དམྱལ་བའི་འོད་དུ་ཁ་བཀྲག་མེད་དང་། དག་པ་ཡེ་ཤེས་ཀྱི་འོད་དང་གཤིབས་མར་འཆར་དུ་འོང་། དེ་ཙ་ན་ཁྱོད་གང་ལ་ཡང་འཛིན་པ་དང་། ཆགས་པ་མ་བྱེད་པར། དམིགས་པ་མེད་པའི་ངང་ལ་ཀློད་ལ་ཞོག་ཅིག། ཁྱོད་དག་པ་ཡེ་ཤེས་ཀྱི་འོད་ལ་སྐྲག་ཅིང་། མ་དག་རིགས་དྲུག་འཁོར་བའི་འོད་ལ་ཆགས་ན་ནི། འགྲོ་བ་རིགས་དྲུག་གི་ལུས་བླངས་ཏེ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ནས་ཐར་པའི་དུས་མེད་པས་འོ་རྒྱལ་ལོ། ཀྱཻ་རིགས་ཀྱི་བུ། ཁྱོད་བླ་མའི་གདམས་ངག་ངོ་སྤྲོད་མེད་པ་ཅིག་ཡིན་ན་ནི། གོང་གི་སྐུ་དང་དག་པ་ཡེ་ཤེས་ཀྱི་འོད་ལ་འཇིགས་ཤིང་སྐྲག་ནས། མ་དག་འཁོར་བའི་འོད་ལ་ཆགས་སུ་འོང་བས། དེ་ལྟར་མ་བྱེད་པར་དག་པ་ཡེ་ཤེས་ཀྱི་འོད་བཀྲག་ལ་འཚེར་བ་དེ་རྣམས་ལ་མོས་གུས་གྱིས་ཤིག། བཅོམ་ལྡན་འད ས་རིགས་ལྔ་བདེ་བར་གཤེགས་པའི་ཐུགས་རྗེའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་བདག་ལ་ཐུགས་རྗེས་འཛིན་པ་ལ་བྱོན་པར་འདུག་གིས་སྐྱབས་སུ་མཆིའོ་སྙམ་པའི་མོས་པ་གྱིས་ལ། འཁྲུལ་པ་རིགས་དྲུག་གི་འོད་ལ་མ་ཆགས་མ་ཞེན་པར། སངས་རྒྱས་རིགས་ལྔ་ཡབ་ཡུམ་ལ་འདུན་པ་རྩེ་གཅིག་ཏུ་གཏོད་ལ། སྨོན་ལམ་འདི་སྐད་དུ་ཐོབ་ཅིག།

ཀྱེ་མ། དུག་ལྔ་དྲག་པོས་འཁོར་བར་འཁྱམས་པའི་ཚེ། ཡེ་ཤེས་བཞི་སྦྱོར་གསལ་བའི་འོད་ལམ་ལ།
བཅོམ་ལྡན་རྒྱལ་བ་རིགས་ལྔས་ལམ་སྣ་དྲོངས། དབྱིངས་ཀྱི་ཡུམ་ཆེན་ལྔ་ཡིས་རྒྱབ་ནས་སྐྱོར།
མ་དག་རིགས་དྲུག་འོད་ལམ་བསྒྲལ་དུ་གསོལ། བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་ནས་ཀྱང་།
དག་པའི་ཞིང་མཆོག་ལྔ་རུ་བསྐྱལ་དུ་གསོལ།

དེ་ལྟར་དུ་སྨོན་ལམ་བཏབ་པས། རང་སྣང་དུ་ངོ་ཤེས་ནས་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱའོ། འབྲིང་མོས་གུས་དྲག་པོས་རང་ངོ་ཤེས་ནས་གྲོལ་བ་ཐོབ་བོ། ཐམས་ཅད་ཀྱང་སྨོན་ལམ་རྣམ་པར་དག་པའི་མཐུས་རིགས་དྲུག་གི་མངལ་གྱི་སྒོ་བཀག་སྟེ། ཡེ་ཤེས་བཞི་སྦྱོར་གྱི་དོན་རྟོགས་ནས། རྡོ་རྗེ་སེམས་དཔའི་ཁོང་སེང་གི་ལམ་ལ་སངས་རྒྱས་པར་འགྱུར་རོ། ཡང་དེ་ལྟར་དུ་ཞི་བ་ལ་གསལ་བར་ངོ་སྤྲད་པས་ཤས་ཆེ་བ་གཅིག་ངོ་འཕྲོད་དེ་གྲོལ་བ་མང་དུ་འབྱུང་ངོ་། ཐ་མའི་ཡང་ཐ་མ་མི་ཡུལ་དུ་ཆོས་ཀྱི་བག་ཆགས་ཡེ་ནས་མེད་པའི་སྡིག་ཅན་དང་། དམ་ཉམས་ལ་སོགས་པ་འགའ་ཞིག་ལས་ཀྱིས་འཁྲུལ་ནས། ངོ་སྤྲད་ཀྱང་མ་འཕྲོད་པར་མར་ལ་འཁྱམས་དུ་འོང་བས། ཞག་བདུན་པ་ལ་དག་པ་མཁའ་སྤྱོད་ཀྱི་ཞིང་ནས་རིག་འཛིན་གྱི་ལྷ་ཚོགས་རྣམས་བསུ་བ་ལ་འོང་བས། དེའི་དུས་སུ་ཉོན་མོངས་པ་གཏི་མུག་ལས་གྲུབ་པའི་དུད་འགྲོའི་འོད་ལམ་ཀྱང་བསུ་བ་ལ་འོང་ངོ་། དེའི་དུས་སུ་རང་ངོ་སྤྲད་པ་ནི།

ཚེ་འདས་ཀྱི་མིང་ནས་བོས་ལ་འདི་སྐད་དོ། ཀྱཻ་རིགས་ཀྱི་བུ། མ་ཡེངས་པར་ཉོན་ཅིག། ཞག་བདུན་པ་ལ་བག་ཆགས་དབྱིངས་སུ་དག་པའི་འོད་ལྔ་ཁྲ་བོ་འཆར་དུ་འོང་ངོ་། དེའི་དུས་སུ་མཁའ་སྤྱོད་ཀྱི་ཞིང་ཁམས་སུ། རིག་འཛིན་གྱི་ལྷ་ཚོགས་བསུ་བ་ལ་འོང་སྟེ། འཇའ་དང་འོད་དུ་འཐིབ་པའི་དབུས་སུ། རྣམ་པར་སྨིན་པའི་རིག་འཛིན་བླ་ན་མེད་པ་པདྨ་གར་གྱི་དབང་ཕྱུག་ཞེས་བྱ་བ། སྐུ་མདོག་འོད་ལྔའི་མདངས་དང་ལྡན་པ། ཡུམ་མཁའ་འགྲོ་མ་དམར་མོ་སྐུ་ལ་འཁྲིལ་བ། གྲི་གུག་དང་ཐོད་ཁྲག་འཛིན་ཅིང། བལྟ་སྟངས་ཀྱི་ཕྱག་རྒྱ་ནམ་མཁའ་ལ་མཛད་པ་ཅིག་འཆར་དུ་འོང་ངོ་། དཀྱིལ་འཁོར་དེའི་ཤར་ནས་ས་ལ་གནས་པའི་རིག་འཛིན་ཞེས་བྱ་བ། སྐུ་མདོག་དཀར་ཞིང་འཛུམ་པའི་མདངས་དང་ལྡན་པ། ཡུམ་མཁའ་འགྲོ་དཀར་མོ་སྐུ་ལ་འཁྲིལ་ཞིང་གྲི་གུག་དང་ཐོད་ཁྲག་གི་གར་མཛད་ཅིང་། བལྟ་སྟངས་ཀྱི་ཕྱག་རྒྱ་ནམ་མཁའ་ལ་མཛད་པ་གཅིག་འཆར་དུ་འོང་ངོ་། དཀྱིལ་འཁོར་དེའི་ལྷོ་ནས་ཚེ་ལ་དབང་བའི་རིག་འཛིན་ཞེས་བྱ་བ། སྐུ་མདོག་སེར་ཞིང་མཛེས་པའི་དཔེ་བྱད་དང་ལྡན་པ། ཡུམ་མཁའ་འགྲོ་མ་སེར་མོ་སྐུ་ལ་འཁྲིལ་བ། གྲི་གུག་དང་ཐོད་ཁྲག་གིས་གར་མཛད་ཅིང་། བལྟ་སྟངས་ཀྱི་ཕྱག་རྒྱ་ནམ་མཁའ་ལ་མཛད་པ་གཅིག་འཆར་དུ་འོང་ངོ་། དཀྱིལ་འཁོར་དེའི་ནུབ་ན་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞེས་བྱ་བ། སྐུ་མདོག་དམར་ཞིང་འཛུམ་པའི་མདངས་དང་ལྡན་པ། ཡུམ་མཁའ་འགྲོ་མ་དམར་མོ་སྐུ་ལ་འཁྲིལ་བ། གྲི་གུག་དང་ཐོད་ཁྲག་གི་གར་མཛད་ཅིང་། བལྟ་སྟངས་ཀྱི་ཕྱག་རྒྱ་ནམ་འཁའ་ལ་མཛད་པ་ཅིག་འཆར་དུ་འོང་ངོ་། དཀྱིལ་འཁོར་དེའི་བྱང་ནས་ལྷུན་གྱིས་གྲུབ་པའི་རིག་འཛིན་ཞེས་བྱ་བ། སྐུ་མདོག་ལྗང་ཞིང་ཞལ་ཁྲོ་འཛུམ་དང་ལྡན་པ། ཡུམ་མཁའ་འགྲོ་མ་ལྗང་ཁུ་སྐུ་ལ་འཁྲིལ་བ། གྲི་གུག་དང་ཐོད་ཁྲག་འཛིན་པས་གར་མཛད་ཅིང་། བལྟ་སྟངས་ཀྱི་ཕྱག་རྒྱ་ནམ་མཁའ་ལ་མཛད་པ་ཅིག་འཆར་དུ་འོང་ངོ་། རིག་འཛིན་དེ་རྣམས་ཀྱི་རོལ་དུ་མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པ་དང་། དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ། རིགས་བཞིའི་མཁའ་འགྲོ། གནས་གསུམ་མཁའ་འགྲོ། གནས་བཅུའི་མཁའ་འགྲོ། ཡུལ་ཉི་ཤུ་རྩ་བཞིའི་མཁའ་འགྲོ་རྣམས་དང་། དཔའ་བོ་དང་། དཔའ་མོ་དང་། གིང་དང་། ཆོས་སྐྱོང་བའི་སྲུང་མ་དང་བཅས་པ་ཐམས་ཅད་རུས་པའི་རྒྱན་དྲུག་གསོལ་ནས། རྔ་དང་། རྐང་དུང་དང་། ཐོད་རྔ་དང་། ཞིང་ལྤགས་ཀྱི་རྒྱལ་མཚན་དང་། མི་ལྤགས་ཀྱི་བླ་བྲེས་དང་། མི་ལྤགས་ཀྱི་འཕན་དང་། མི་གསུར་གྱི་དུད་པ་དང་། རོལ་མོའི་བྱེ་བྲག་དཔག་ཏུ་མེད་པ་དང་བཅས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁེངས་པ་ཤིག་ཤིག། ཡོམ་ཡོམ་འགུལ་འགུལ་དུ་འོང་ངོ་། རོལ་མོའི་སྒྲ་ཐམས་ཅད་ཀྱང་མགོ་འགས་པ་ཙམ་དུ་འདིར་བ་འོང་ངོ་། གར་སྣ་ཚོགས་བྱེད་ཅིང་དམ་ཚིག་ཅན་རྣམས་ཀྱི་བསུ་བ་ལ་འོང་ངོ་། དམ་ཉམས་རྣམས་ལ་འཆད་པ་བཅད་དུ་འོང་ངོ་། ཀྱཻ་རིགས་ཀྱི་བུ། བག་ཆགས་དབྱིངས་སུ་དག་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཁ་དོག་ལྔ་དང་ལྡན་པ། མཚོན་སྐུད་སྒྲིལ་མ་ལྟ་བུ། ཁྲ་ཤིག་ཤིག་པ། མེར་མེར་བ། ཕྱམ་ཕྱམ་པ། གཅིག་གསལ་ལ་དྭངས་པ། བཀྲག་ལ་ཉམ་ང་བ་གཅིག། རིགས་འཛིན་གྱི་གཙོ་བོ་ལྔའི་ཐུགས་ཀ་ནས་ཁྱོད་རང་གི་ཐད་སྙིང་ཀར་མིག་གིས་མི་བཟོད་པ་ཙམ་དུ་ཟུག་ནས་འོང་ངོ་། དེ་དང་མཉམ་དུ་དུད་འགྲོའི་འོད་ལྗང་ཁུ་བཀྲག་མེད་ཅིག་ཀྱང་ཡེ་ཤེས་ཀྱི་འོད་དང་མཉམ་དུ་ཤར་ནས་འོང་ངོ་། དེའི་དུས་སུ་ཁྱོད་བག་ཆགས་འཁྲུལ་བའི་དབང་གིས། འོད་ཁ་དོག་ལྔ་ལྡན་དེ་ལ་སྐྲག་ཅིང་བྲོས་ནས། དུད་འགྲོའི་འོད་བཀྲག་མེད་དེ་ལ་ཆགས་སུ་འོང་བས། དེ་ཙ་ན་ཁྱོད་འོད་ཁ་དོག་ལྔ་ལྡན་བཀྲག་མདངས་ཅན་དེ་ལ་མ་འཇིགས་ཤིག། མ་སྐྲག་གཅིག་ཡེ་ཤེས་སུ་རང་ངོ་ཤེས་པར་གྱིས་ཤིག། འོད་ཀྱི་ནང་ཐམས་ཅད་ཆོས་ཀྱི་རང་སྒྲ་འབྲུག་སྟོང་དུས་གཅིག་ལ་ལྡིར་བ་ཙམ་ཡོད་དོ། སྒྲ་གྲགས་ལ་ལྡིར་ཆེ་བ། འུར་སྒྲ་བསོ་སྒྲ། སྐྲག་དངངས་དྲག་པོ་དང་བཅས་ནས་འབྱུང་ངོ་། དེ་ལ་མ་འཇིགས་ཤིག། མ་བྲོས་ཤིག། ཁྱོད་རང་གི་རང་སྣང་རིག་པའི་རང་དུ་རང་ངོ་ཤེས་པར་གྱིས་ཤིག། དུད་འགྲོའི་འོད་ལྗང་ཁུ་བཀྲག་མེད་དེ་ལ་མ་ཆགས་ཤིག། མ་ཞེན་ཅིག། དེ་ལ་ཆགས་ན་ནི་ཁྱོད་གཏི་མུག་དུད་འགྲོའི་གནས་སུ་སྐྱེས་སྟེ། གླེན་ལྐུགས་བཀོལ་གཅོད་ཀྱི་སྡུག་བསྔལ་མཐའ་ལས་འདས་པ་མྱོང་སྟེ། ཐར་པའི་དུས་མི་འབྱུང་བས་དེ་ལ་མ་ཆགས་ཤིག། འོད་ཁ་དོག་ལྔ་ལྡན་གསལ་ལ་འཚེར་བ་དེ་ལ་མོས་པ་གྱིས་ཤིག། བཅོམ་ལྡན་འདས་རིག་འཛིན་སློབ་དཔོན་གྱི་ལྷ་ཚོགས་ལ་འདུན་པ་རྩེ་གཅིག་ཏུ་གཏོད་ལ། རིག་འཛིན་གྱི་དཔའ་བོ་མཁའ་འགྲོ་དང་བཅས་པ་རྣམས་ཀྱིས། བདག་དག་པ་མཁའ་སྤྱོད་ཀྱི་གནས་སུ་བསུ་བ་ལ་བྱོན་པར་འདུག་པས། ཁྱེད་རྣམས་མཁྱེན་བདག་ལྟ་བུའི་སེམས་ཅན་ཚོགས་མ་བསགས་པ། ད་ཞག་ཕན་ཆད་དུ་དུས་གསུམ་གྱི་བདེ་གཤེགས་རིགས་ལྔའི་ལྷ་ཚོགས་དེ་ཙམ་ཅིག་གི་ཐུགས་རྗེས་བཟུང་ཡང་མ་ཟིན་པ་འདི། བདག་འདྲ་བ་ཨ་ཙ་མ་རེ། ད་ནི་རིག་འཛིན་གྱི་ལྷ་ཚོགས་ཁྱེད་རྣམས་ཀྱིས་འདི་མན་ཆད་ཅི་ནས་ཀྱང་མ་གཏང་ཅིག། ཐུགས་རྗེའི་ལྕགས་ཀྱུས་བཟུང་ཅིག། དག་པ་མཁའ་སྤྱོད་ཀྱི་ཞིང་དུ་ད་ལྟ་ཁོ་ན་ནས་དྲང་དུ་གསོལ། སྙམ་པའི་འདུན་པ་རྩེ་གཅིག་ཏུ་གཏོད་ལ་སྨོན་ལམ་འདི་སྐད་དུ་ཐོབ་ཅིག།

ཀྱཻ་མ། རིག་འཛིན་ལྷ་ཚོགས་རྣམས་ཀྱང་དགོངས་སུ་གསོལ། བརྩེ་བ་ཆེན་པོས་ལམ་སྣ་དྲང་དུ་གསོལ།
བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ། ལྷན་སྐྱེས་ཡེ་ཤེས་གསལ་བའི་འོད་ལམ་ལ།
དཔའ་བོ་རིག་འཛིན་ཚོགས་ཀྱི་ལམ་སྣ་དྲོངས། ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར།
བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་ནས་ཀྱང་། དག་པ་མཁའ་སྤྱོད་ཞིང་ཁམས་དེ་རུ་སྐྱོལ།

ཅེས་མོས་གུས་དྲག་པོས་སྨོན་ལམ་བཏབ་པས། རིག་འཛིན་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས། དག་པ་མཁའ་སྤྱོད་ཀྱི་གནས་སུ་སྐྱེ་བར་ཐེ་ཚོམ་མེད་དོ། དགེ་བའི་བཤེས་གཉེན་གྱི་རིགས་ཐམས་ཅད་འདི་ནས་ངོ་འཕྲོད་དེ་གྲོལ་བ་ཤ་སྟག་གོ། འདིར་བག་ཆགས་ངན་ཡང་གྲོལ་བར་ངེས་སོ། དེ་ཡན་ཆད་ནི་འཆི་ཁའི་བར་དོ་ལ་འོད་གསལ་ངོ་འཕྲོད་པ་དང་། ཆོས་ཉིད་ཞི་བའི་བར་དོར་ངོ་སྤྲོད་པ་ཐོས་གྲོལ་ཆེན་མོ་ཐལ་ལོ། ཨྴི། རྒྱ་རྒྱ་རྒྱ།

ཁ། ཁྲོ་བོའི་བར་དོ་ཆར་ཚུལ་བསྟན་པ་བཞུགས་སོ།

༈ ད་ནི་ཁྲོ་བོའི་བར་དོ་འཆར་ཚུལ་བསྟན་པར་བྱ་སྟེ། དེ་ཡང་གོང་དུ་ཞི་བའི་བར་དོ་ལ་འཕྲང་རིམ་པ་བདུན་ཡོད་དེ། དེ་ལ་རིམ་པ་བཞིན་དུ་ངོ་སྤྲད་པས། ཅིག་ལ་མ་འཕྲོད་ཀྱང་གཅིག་ལ་འཕྲོད་དེ་གྲོལ་བ་ཐོབ་པ་ནི་དཔག་ཏུ་མེད་པ་འབྱུང་ངོ་། དེ་ལྟར་གྲོལ་བ་མང་དུ་འབྱུང་ཡང༌། སེམས་ཅན་ནི་གྲང་མང་། ལས་ངན་ནི་ཚན་ཆེ། སྡིག་སྒྲིབ་ནི་ལྷུན་སྟུག། བག་ཆགས་ནི་ཡུན་རིངས། མ་རིགས་འཁྲུལ་འཁོར་འདི་ལ་ཟད་པ་མེད་ཅིང་འགྲིབ་པ་མེད་པས། དེ་ལྟར་ཞིབ་ཏུ་ངོ་སྤྲད་ཀྱང་མ་གྲོལ་བར་མཐུར་དུ་འཁྱམས་པ་ཡང་ཚན་ཆེ་སྟེ། དེ་ཡང་ཞི་བའི་ལྷ་ཚོགས་དང་། རིག་འཛིན་མཁའ་འགྲོའི་ལྷ་ཚོགས་ཀྱི་བསུ་བ་འོངས་བའི་འོག་ཏུ་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་འབར་བ་ལྔ་བཅུ་རྩ་བརྒྱད། གོང་གི་ཞི་བའི་ལྷ་ཚོགས་གནས་འགྱུར་དེ་འཆར་དུ་འོང་བས་གོང་དང་མི་འདྲ་སྟེ། འདི་ནི་ཁྲོ་བོའི་བར་དོ་ཡིན་པས། འཇིགས་སྐྲག་དངངས་གསུམ་གྱི་དབང་དུ་འགྲོ་སྟེ། ངོ་འཕྲོད་པ་ཡང་དཀའ་རུ་འགྲོ་འོ། རིག་པ་རང་དབང་མི་ཐོབ་པར་རྒྱལ་བ་འཁོར་ཡུག་ཏུ་འོང་སྟེ། ཅུང་ཟད་ཅིག་ངོས་ཟིན་ན་གྲོལ་བར་སླ་སྟེ། དེ་ཅིའི་ཕྱིར་ཞེ་ན། དངངས་སྐྲག་འཇིགས་གསུམ་གྱི་སྣང་བ་ཤར་ནས། རིགས་པ་ཡེངས་ལོང་མེད་དེ། རིགས་པ་རྩེ་གཅིག་ཏུ་བསྒྲིམས་ནས་ཡོད་པའི་ཕྱིར་རོ། འདིའི་སྐབས་སུ་ནི། འདི་ལྟ་བུའི་གདམས་པ་དང་མ་འཕྲད་ན། ཐོས་པ་རྒྱ་མཚོ་ལྟ་བུ་ཡོད་ཀྱང་འདིར་ཕན་པ་མེད་དེ། འདུལ་བ་འཛིན་པའི་མཁན་པོ་དང་། མཚན་ཉིད་ཀྱི་སྟོན་པ་ཆེན་པོ་རྣམས་ཀྱང། སྐབས་འདིར་འཁྲུལ་ནས་ངོ་མ་འཕྲོད་དེ། འཁོར་བར་འཁྱམས་པ་ཡོད་དོ། སྐྱེ་བོ་ཐ་མལ་པ་རྣམས་ནི་ཨ་ཅང་ཡང་ཆེ་སྟེ། དངངས་སྐྲག་འཇིགས་གསུམ་ལ་བྲོས་པས་ངན་སོང་གི་གཡང་ལ་ལྷུང་ནས་སྡུག་བསྔལ་ལོ། གསང་སྔགས་ལ་སྤྱོད་པའི་རྣལ་འབྱོར་པ་ཐ་མའི་ཡང་ཐ་མ་ཅིག་ཡིན་ནའང་། ཁྲག་འཐུང་གི་ལྷ་ཚོགས་མཐོང་མ་ཐག་ཏུ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ་ཡི་དམ་གྱི་ལྷ་ཡིན་པར་ངོ་ཤེས། ཡིད་ཆེས་ཏེ་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱས་པར་འགྱུར་རོ། དེ་ཡང་མི་ཡུལ་དུ་ཁྲག་འཐུང་གི་སྐུ་འདི་རྣམས་ལ་མངོན་རྟོགས་སྒོམ་པ་དང་། མཆོད་བསྟོད་བྱས་པ་དང་། ཐ་ན་སྐུ་གཟུགས་རིས་སུ་བྲིས་པ་དང་། འབུར་དུ་དོད་པ་ལས་སོགས་པ་མཐོང་བ་ཁོ་ནས་ཀྱང་། འདིར་སྐུ་གཟུགས་ཤར་བ་དང་ངོ་ཤེས་ནས་གྲོལ་བ་ཐོབ་པའི་གནད་ཀྱང་དེ་ལྟར་ཡིན་ནོ། ཡང་མི་ཡུལ་དུ་འདུལ་བ་འཛིན་པའི་མཁན་པོ་དང་། མཚན་ཉིད་ཀྱི་སྟོན་པའི་ཆོས་སྤྱོད་ལ་ཇི་ལྟར་བརྩོན་ཞིང་། བཤད་པའི་ཆོས་ལ་ཇི་ལྟར་མཁས་ཀྱང་། གྲོངས་པའི་ཚེ་ན། གདུང་དང་། རིང་སྲེལ་དང་། འཇའ་ལ་སོགས་པའི་རྟགས་མི་འབྱོན་ཏེ། དེ་ནི་གསོན་པོའི་དུས་སུ་གསང་སྔགས་བློར་མ་ཤོང་པ་དང་། གསང་སྔགས་ལ་བཤེས་བཀུར་བཏབ་པ་དང་། གསང་སྔགས་ཀྱི་ལྷ་ཚོགས་རྣམས་རྒྱུས་མེད་པའི་དབང་གིས་བར་དོར་ཤར་ཡང་ངོ་མ་ཤེས་ཏེ། སྔར་མཐོང་མ་མྱོང་བ་ཅིག་བློ་བུར་དུ་མཐོང་བས་དེ་དགྲར་སོང་ནས། དེ་ལ་སྡང་སེམས་སྐྱེས་པས་དེས་རྐྱེན་བྱས་ངན་སོང་དུ་འགྲོ་བས། དེའི་ཕྱོར་འདུལ་བ་འཛིན་པ་དང་། མཚན་ཉིད་པ་ཇི་ལྟར་བཟང་ཡང་། ནང་ན་གསང་སྔགས་ཀྱི་ཉམས་ལེན་མེད་ན། གདུང་དང་། ཤ་རི་རམ་དང་། རིང་སྲེལ་དང་། འཇའ་འོད་ལ་སོགས་པའི་རྟགས་མི་འབྱོན་པའི་མཚན་ཉིད་དེ་ལྟར་རོ། གསང་སྔགས་པ་ཐ་མའི་ཡང་ཐ་མ་གཅིག་ཡིན་ནའ། འཕྲལ་དུ་སྤྱོད་ལམ་བརྩིང་བ་དང་། མི་བཙུན་པ་དང་། མི་མཁས་པ་དང་། ཚུལ་དང་མི་མཐུན་པའི་སྤྱོད་ལམ་མི་མཛེས་པ་ཇི་ལྟར་འདུག་ཀྱང་། དེས་གསང་སྔགས་ཀྱི་ཆོས་ཉམས་སུ་བླང་མ་ཐུབ་ན་ཡང་། དེ་ལ་ལོག་ལྟ་མ་སྐྱེས་པ་དང་། ཐེ་ཚོམ་མེད་པ་དང་། གསང་སྔགས་ལ་མོས་པ་བྱས་པ་ཁོ་ནས་ཀྱང་སྐབས་འདིར་གྲོལ་བ་ཐོབ་པ་ཡིན་ཏེ། མི་ཡུལ་དུ་སྤྱོད་ལམ་མ་མཛེས་ཀྱང་འཆི་བའི་ཚེ་ན། གདུང་དང་རིང་སྲེལ་དང་། སྐུ་གཟུགས་དང་། འཇའ་ལ་སོགས་པའི་རྟགས་སྣ་རེ་ཅིས་ཀྱང་འབྱུང་བར་འགྱུར་ཏེ། དེས་ན་གསང་སྔགས་འདི་བྱིན་རླབས་ཤིན་ཏུ་ཆེ་བའི་ཕྱིར་རོ། གསང་སྔགས་ཀྱི་རྣལ་འབྱོར་པ་འབྲིང་ཡན་ཆད། བསྐྱེད་རྫོགས་སྒོམ་པ་དང་། སྙིང་པོ་བཟླས་པ་ལ་སོགས་པ་ཉམས་སུ་བླངས་པ་རྣམས་ནི་ཆོས་ཉིད་བར་དོ་འདི་ཙམ་དུ་མར་འཁྱམས་མི་དགོས་ཏེ། དབུགས་ཆད་མ་ཁད་དུ་རིག་འཛིན་དང་དཔའ་བོ་མཁའ་འགྲོ་ལ་སོགས་པས་དག་པ་མཁའ་སྤྱོད་དུ་ངེས་པར་གདན་དྲངས་པར་འགྱུར་ཏེ། དེའི་རྟགས་སུ་ནམ་མཁའ་གཡའ་དག་པ་དང་། འཇའ་དང་འོད་དུ་འཁྱིལ་བ་དང་། མེ་ཏོག་གི་ཆར་དང་། སྤོས་ཀྱི་དྲི་དང་། ནམ་མཁའ་ལ་རོལ་མོའི་སྒྲ་སྐད་དང་། གདུང་དང་རིང་སྲེལ་དང་། སྐུ་གཟུགས་ལ་སོགས་པ་བྱོན་པ་ནི་དེའི་རྟགས་ཡིན་ནོ། དེའི་ཕྱིར་དུ་འདུལ་བ་འཛིན་པ་དང་། སྟོན་པ་དང་། དམ་ཚིག་ཉམས་པའི་སྔགས་པ་དང་། སྐྱེ་བོ་ཐ་མལ་པ་ཐམས་ཅད་ལ་ནི། ཐོས་གྲོལ་ཆེན་མོ་འདི་མེད་པའི་ཐབས་མེད་དོ། རྫོགས་ཆེན་པ་དང་། ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པའི་སྒོམ་ཆེན་དག་ནི་འཆི་ཁའི་བར་དོར་འོད་གསལ་ཟིན་ནས་ཆོས་སྐུ་ཐོབ་པར་འགྱུར་བས། ཐོས་གྲོལ་འདི་ཀློག་མི་དགོས་པ་ཤ་སྟག་འོང་ངོ་། དེ་ཡང་འཆི་ཁའི་བར་དོར་འོད་གསལ་ངོས་ཟིན་ན་ཆོས་སྐུ་ཐོབ་བོ། ཆོས་ཉིད་བར་དོ་འདིར་ཞི་ཁྲོའི་སྣང་བ་འཆར་བའི་དུས་སུ། ངོས་ཟིན་ན་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་བོ། སྲིད་པ་བར་དོར་ངོས་ཟིན་ན་སྤྲུལ་སྐུ་ཐོབ་པ་དང་། ཐ་ནའང་གནས་མཐོ་རིས་སུ་སྐྱེ་བ་སྟེ། ཆོས་འདི་དང་འཕྲད་ནས་སྐྱེ་བ་ཕྱི་མ་ཆོས་ལ་སྤྱོད་པའི་ལས་འཕྲོ་ཡོད་པས། དེའི་ཕྱིར་ཐོས་གྲོལ་ཆེན་མོ་འདི་ནི་མ་བསྒོམ་པར་སངས་རྒྱས་པའི་ཆོས་ཐོས་པ་ཙམ་གྱིས་གྲོལ་བ་ཐོབ་པའི་ཆོས། སྡིག་པོ་ཆེ་གསང་ལམ་ལ་འཁྲིད་པའི་ཆོས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པའི་ཆོས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པའི་ཆོས་ཟབ་མོ་ཡིན་ཏེ། འདིས་སླེབ་པའི་སེམས་ཅན་ངན་སོང་དུ་སོང་བ་མི་སྲིད་དོ། འདི་དང་བཏགས་གྲོལ་གཉིས་བསྒྲགས་པས། གསེར་གྱི་མཎྜལ་ལ་གཡུའི་ཕྲ་བཀོད་པ་དང་འདྲ་བས་བསྒྲགས་པར་གྱིས་ཤིག། དེ་ལྟར་ཐོས་གྲོལ་གྱི་དགོས་པ་བསྟན་ནས། ད་ནི་ཁྲོ་བའི་བར་དོ་འཆར་ཚུལ་ངོ་སྤྲད་པར་བྱ་སྟེ།

ཡང་ཚེ་འདས་ཀྱི་མིང་ནས་ལན་གསུམ་བོས་ནས་འདི་སྐད་དོ། ཀྱཻ་རིགས་ཀྱི་བུ། མ་ཡེངས་པར་ཉོན་ཅིག། ཁྱོད་ཀྱི་གོང་དུ་ཞི་བའི་བར་དོ་ཤར་ཡང་ངོས་མ་ཟིན་པས་ད་དུང་འདིར་འཁྱམས་དགོས་བྱུང་བ་ཡིན་ནོ། ད་ནི་ཞག་བརྒྱད་པ་ལ་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་འཆར་དུ་འོང་ངོ་། མ་ཡེངས་པར་ངོས་ཟིན་པར་གྱིས་ཤིག། ཀྱཻ་རིགས་ཀྱི་བུ། དཔལ་ཆེན་བུདྡྷ་ཧེ་རུ་ཀ་ཞེས་བྱ་བ། སྐུ་མདོག་སྨུག་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ། ཞལ་གཡས་དཀར་བ། གཡོན་དམར་བ། དབུས་སྨུག་ནག་དུ་ཡོད་པ། སྐུ་འོད་ཀྱི་ཕུང་པོ་འབར་བ། སྤྱན་དགུ་འཇིགས་པའི་སྡང་མིག་ཏུ་གཟིགས་པ། སྨིན་མ་གློག་བཞིན་དུ་འཁྱུག་པ། མཆེ་བ་ཟངས་གཡག་དུ་འབར་བ། ཨ་ལ་ལ་དང་ཧ་ཧེའི་གད་རྒྱང་སྒྲོག་པ། ཤུ་འུ་ཞེས་པ་དང་བཤུགས་ཀྱི་སྒྲ་ཆེན་པོ་སྒྲོག་པ། དབུ་སྐྲ་དམར་སེར་གྱེན་དུ་འཕྲོ་ཞིང་འབར་བ། ཉི་ཟླ་དང། སྦྲུལ་ནག་དང་། ཐོད་སྐམ་གྱི་དབུ་བརྒྱན་པ། ཕྱག་དྲུག་གཡས་ཀྱི་དང་པོ་ན་འཁོར་ལོ། བར་པ་ན་དགྲ་སྟ། ཐ་མ་ན་རལ་གྲི། གཡོན་གྱི་དང་པོ་ན་དྲིལ་བུ། བར་པ་ན་མཐོང་བཤོལ། ཐ་མ་ན་བྷན་དྷ་བསྣམས་པའོ། ཡུམ་བྷུདྡྷ་ཀྲོ་ཏི་ཤྭ་རི་མ་སྐུ་ལ་འཁྲིལ་བ། གཡས་པས་མགུལ་ནས་འཁྱུད་ཅིང་། གཡོན་པས་མདུང་དམར་ཞལ་དུ་སྟོབས་པ། རྐན་སྒྲ་ཐུག་ཆོམ་དང་འུར་སྒྲ་འབྲུག་ལྡིར་བ་ཙམ་པ། རྡོ་རྗེ་འབར་བའི་སྤུ་སེབ་ནས་ཡེ་ཤེས་ཀྱི་མེ་འབར་བ། ཁྱུང་གིས་བཏེགས་པའི་གདན་ལ་བརྐྱང་བསྐུམ་དུ་བཞུགས་པ། རང་གི་ཀླད་པའི་ནང་ནས་རང་གི་མངོན་སུམ་གྱི་དེ་ཀ་ལྟར་འཆར་རོ། དེ་ལ་མ་འཇིགས་ཤིག། མ་སྐྲག་ཅིག། མ་དངངས་ཤིག། རང་གི་རིག་པའི་སྐུར་ངོ་ཤེས་པར་གྱིས་ཤིག། ཁྱོད་རང་གི་ཡི་དམ་གྱི་ལྷ་ཡིན་པས་མ་སྐྲག་ཅིག། དོན་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡབ་ཡུམ་དངོས་ཡིན་པས་མ་འཇིགས་ཤིག། ངོ་ཤེས་པ་དང་གྲོལ་བ་དུས་མཉམ་མོ། ཞེས་བསྒྲགས་པས། ཡི་དམ་དུ་ངོ་ཤེས་ཏེ་གཉིས་སུ་མེད་པར་ཐིམ་ནས་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ། ཡང་དེ་ལ་དངངས་སྐྲག་སྐྱེས་ནས་བྲོས་པས་ངོ་མ་འཕྲོད་ན། ཞག་དགུ་པ་ལ་ཁྲག་འཐུང་རྡོ་རྗེ་རིགས་ཀྱི་བསུ་བ་ལ་ཡོང་བས། ཡང་ངོ་སྤྲད་པ་ནི།

ཚེ་འདས་ཀྱི་མིང་ནས་བོས་ལ་འདི་སྐད་དོ། ཀྱཻ་རིགས་ཀྱི་བུ། ཁྲག་འཐུང་རྡོ་རྗེ་རིགས་བཅོམ་ལྡན་འདས་བཛྲ་ཧེ་རུ་ཀ་ཞེས་བྱ་བ། སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ། ཞལ་གཡས་དཀར་བ། གཡོན་དམར་བ། དབུས་མཐིང་ཁ། ཕྱག་དྲུག་གཡས་ཀྱི་དང་པོ་ན་རྡོ་རྗེ། བར་པ་ན་བྷན་དྷ། ཐ་མ་ན་དགྲ་སྟྭ། གཡོན་གྱི་དང་པོ་ན་དྲིལ་བུ། བར་མ་ན་བྷན་དྷ། ཐ་མ་ན་མཐོང་གཤོལ། ཡུམ་བཛྲ་ཀྲོ་ཏི་ཤྭོ་རི་མ་ཡབ་ཀྱི་སྐུ་ལ་འཁྲིལ་བ། གཡས་པས་འགུལ་ནས་འཁྱུད་ཅིང་། གཡོན་པས་དུང་དམར་ཞལ་དུ་སྟོབས་པ། རང་གི་ཀླད་པའི་ཤར་ནས་ཐོན་ནས་རང་ལ་འཆར་དུ་འོང་ངོ་། དེ་ལ་མ་འཇིགས་ཤིག། མ་སྐྲག་ཅིག། མ་དངངས་ཤིག། དོན་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དངོས་ཡིན་པས་མ་སྐྲག་ཅིག། མོས་པ་གྱིས་ཤིག། ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོ་། ཞེས་བསྒྲགས་པས་ཡི་དམ་དུ་ངོ་ཤེས་ནས། གཉིས་སུ་མེད་པར་ཐིམ་པས་སངས་རྒྱས་པར་འགྱུར་རོ། ཡང་ལས་སྒྲིབ་ཆེ་བ་རྣམས་དེ་ལ་དངངས་སྐྲག་སྐྱེས་ནས་བྲོས་པས་དེ་མ་འཕྲོད་ན། ཡང་ཞག་བཅུ་པ་ལ་ཁྲག་འཐུང་རིན་པོ་ཆེའི་རིགས་བསུ་བ་ལ་འོང་བས། ཡང་ངོ་སྤྲད་པ་ནི།

ཚེ་འདས་ཀྱི་མིང་ནས་བོས་ལ་འདི་སྐད་དོ། ཀྱཻ་རིགས་ཀྱི་བུ། མ་ཡེངས་པར་ཉོན་ཅིག། ཞག་བཅུ་པ་ལ་ཁྲག་འཐུང་རིན་པོ་ཆེའི་རིགས་རཏྣ་ཧེ་རུ་ཀ་ཞེ ས་བྱ་བ། སྐུ་མདོག་སེར་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ། ཞལ་གཡས་དཀར་བ། གཡོན་དམར་དབུས་སེར་ནག་རབ་འབར་བ། ཕྱག་དྲུག་གཡས་ཀྱི་དང་པོ་ན་རིན་པོ་ཆེ། བར་པ་ན་ཁཊྭཾ་ག། ཐ་མ་ན་བེ་ཅོན་བསྣམས་པ། གཡོན་གྱི་དང་པོ་ན་དྲིལ་བུ། བར་མ་ན་བྷན་དྷ། ཐ་མ་ན་ཏྲི་ཤུལ་བསྣམས་པ། ཡུམ་རཏྣ་ཀྲོ་ཏི་ཤྭ་རི་མ་ཡབ་ཀྱི་སྐུ་ལ་འཁྲིལ་བ། གཡས་པས་མགུལ་ནས་འཁྱུད་ཅིང་། གཡོན་པས་དུང་དམར་ཞལ་དུ་སྟོབས་པ། རང་གི་ཀླད་པའི་ལྷོ་ནས་ཐོན་ནས་རང་ལ་འཆར་དུ་འོང་ནས་དེ་ལ་མ་འཇིགས་ཤིག། མ་སྐྲག་ཅིག། མ་དངངས་ཤིག། རང་གི་རིགས་པའི་སྐུར་ངོ་ཤེས་པར་གྱིས་ཤིག། ཁྱོད་རང་གི་ཡི་དམ་གྱི་ལྷ་ཡིན་པས་མ་སྐྲག་ཅིག། དོན་ལ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་དངོས་ཡིན་པས་མོས་པ་གྱིས་ཤིག། ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོ་། ཞེས་བསྒྲགས་པས་ཡི་དམ་དུ་ངོ་ཤེས་ནས་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱས་པར་འགྱུར་རོ། ཡང་དེ་ལྟར་དུ་ངོ་སྤྲད་ཀྱང་བག་ཆགས་ངན་པའི་དབང་གིས་དངངས་སྐྲག་སྐྱེས་ནས་ཕྱིར་བྲོས་པས། ཡི་དམ་དུ་ངོ་མ་ཤེས་པར་གཤིན་རྗེར་མཐོང་ནས་ངོ་མ་འཕྲོད་ན། ཡང་ཞག་བཅུ་གཅིག་པར་ཁྲག་འཐུང་པདྨ་རིགས་ཀྱི་ལྷ་ཚོགས་བསུ་བ་ལ་འོང་བས། ཡང་ངོ་སྤྲད་པ་ནི།

ཚེ་འདས་ཀྱི་མིང་ནས་བོས་ལ་འདི་སྐད་དོ། ཀྱཻ་རིགས་ཀྱི་བུ། ཞག་བཅུ་གཅིག་པ་ལ་ཁྲག་འཐུང་པདྨ་རིགས་ཀྱི་བཅོམ་ལྡན་འདས་པདྨ་ཧེ་རུ་ཀ་ཞེས་བྱ་བ་སྐུ་མདོག་དམར་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ། ཞལ་གཡས་དཀར་བ། གཡོན་སྔོ་བ། དབུས་དམར་ནག་ཏུ་འབར་བ། ཕྱག་དྲུག་གཡས་ཀྱི་དང་པོ་ན་པདྨ། བར་པ་ན་ཁ་ཊྭཾ་ག། ཐ་མ་ན་དབྱུག་ཐོ། གཡོན་གྱི་དང་པོ་ན་དྲིལ་བུ། བར་པ་ན་བྷན་དྷ་དམར་གྱི་བཀང་བ། ཐ་མ་ན་རྔ་ཆུང་བསྣམས་པ། ཡུམ་པདྨ་ཀྲོ་ཏི་ཤྭ་རི་མ་སྐུ་ལ་འཁྲིལ་བ། གཡས་པས་མགུལ་ནས་འཁྱུད་ཅིང་། གཡོན་པས་དུང་དམར་ཞལ་དུ་སྟོབས་པ། ཡབ་ཡུམ་ཞལ་སྦྱོར་མངོན་སུམ་དུ་རང་གི་ཀླད་པའི་ནུབ་ནས་ཐོན་ནས་འོང་བས། དེ་ལ་མ་འཇིགས་ཤིག། མ་སྐྲག་གཅིག། དེ་ལ་མ་དངངས་ཤིག། དགའ་བ་བསྒོམ་ཤིག། རང་གི་རིག་པའི་སྐུར་ངོ་ཤེས་པར་གྱིས་ཤིག། རང་གི་ཡི་དམ་གྱི་ལྷ་ཡིན་པས་མ་སྐྲག་ཅིག། དོན་ལ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཡབ་ཡུམ་དངོས་ཡིན་པས་མོས་པ་གྱིས་ཤིག། ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོ་། ཞེས་བསྒྲགས་པས་ཡི་དམ་གྱི་ལྷ་ཡིན་པར་ཤེས་ནས་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱས་པར་འགྱུར་རོ། ཡང་དེ་ལྟར་ངོ་སྤྲད་ཀྱང་བག་ཆགས་ངན་པས་ཕྱིར་ཁྲིད་དེ་དངངས་སྐྲག་སྐྱེས་ནས་བྲོས་པས་ཡི་དམ་དུ་ངོ་མ་ཤེས་ཏེ་ངོ་མ་འཕྲོད་པ་ཡོད་པས། ཡང་ཞག་བཅུ་གཉིས་པ་ལ་ཁྲག་འཐུང་ལས་ཀྱི་རིགས་ཀྱི་ལྷ་ཚོགས་དང་། ཀེའུ་རི་མ་དང་། ཕྲ་མེན་དང་། སྒོ་མ་དང་། དབང་ཕྱུག་མ་རྣམས་བསུ་བ་ལ་འོང་སྟེ། ངོ་མི་ཤེས་པར་འཇིགས་སྐྲག་ཆེ་རུ་འོངས་བས། ངོ་སྤྲད་པ་ནི།

ཡང་ཚེ་འདས་ཀྱི་མིང་ནས་བོད་ལ་འདི་སྐད་དོ། ཀྱཻ་རིགས་ཀྱི་བུ། ཞག་བཅུ་གཉིས་སོང་བའི་དུས་སུ། ཁྲག་འཐུང་ལས་ཀྱི་རིགས་ཀྱི་བཅོམ་ལྡན་འདས་ཀརྨ་ཧེ་རུ་ཀ་ཞེས་བྱ་བ། སྐུ་མདོག་ལྗང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ། ཞལ་གཡས་དཀར་བ། གཡོན་དམར་བ། དབུས་ལྗང་ནག་རྔམས་པ། ཕྱག་དྲུག་གཡས་ཀྱི་དང་པོ་ན་རལ་གྲི། བར་པ་ན་ཁ་ཊྭཱཾ་ག། ཐ་མ་ན་དབྱུག་ཐོ། གཡོན་གྱི་དང་པོ་ན་དྲིལ་བུ། བར་པ་ན་བྷན་དྷ། ཐ་མ་ན་མཐོང་གཤོལ་བསྣམས་པ། ཡུམ་ཀརྨ་ཀྲོ་ཏི་ཤྭ་རི་མ་སྐུ་ལ་འཁྲིལ་བ། གཡས་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་པས་དུང་དམར་ཞལ་དུ་སྟོབས་པ། ཡབ་ཡུམ་ཞལ་སྦྱོར་དུ་མངོན་སུམ་དུ་རང་གི་ཀླད་པའི་བྱང་ནས་ཐོན་ནས་རང་ལ་འཆར་རོ། དེ་ལ་མ་འཇིགས་ཤིག། མ་སྐྲག་ཅིག། མ་དངངས་ཤིག། རང་གི་རིག་པའི་སྐུར་ངོ་ཤེས་པར་གྱིས་ཤིག། ཁྱོད་རང་གི་ཡི་དམ་གྱི་ལྷ་ཡིན་པས་མ་སྐྲག་ཅིག། དོན་ལ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་དངོས་ཡིན་ནོ། མོས་པ་དང་གུས་པ་གྱིས་ཤིག། ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོ་། ཞེས་བསྒྲགས་པས་ཡི་དམ་དུ་ངོ་ཤེས་ནས་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱས་པར་འགྱུར་རོ། དེ་དག་བླ་མའི་གདམས་ངག་གི་རང་སྣང་རིག་པའི་རྩལ་དུ་ངོ་ཤེས་པས། དཔེར་ན་སེངྒེའི་གསོབ་མཐོང་བར་ལྟ་བུར་གྲོལ་ལོ། དེ་ཡང་སེངྒེའི་གསོབ་འདི་ལྟར་ཡིན་གྱི། དོན་མ་རྟོགས་ན་དངངས་སྐྲག་སྐྱེས་སྟེ། མི་གཅིག་གིས་འདི་ལྟར་ཡིན་གྱི་ངོ་སྤྲད་པས་མཚང་རིགས་སྟེ་འཇིགས་པ་བྲལ་བ་འདྲ་བར། འདིར་ཡང་ཁྲག་འཐུང་གི་ལྷ་ཚོགས་སྐུ་ཆེ་ལ་ཡན་ལག་རག་པ། ནམ་མཁའི་ཁམས་དང་མཉམ་པ་འཆར་བའི་ཚེ། ངེས་པར་དངངས་སྐྲག་སྐྱེས་ཏེ། ངོ་སྤྲོད་འདི་ཐོས་མ་ཐག་ཏུ་རང་སྣང་ངམ། ཡི་དམ་དུ་ངོ་ཤེས་ནས་སྔར་གོང་དུ་བླ་མས་གདམས་པའི་འོད་གསལ་མ་དང་། ཕྱིས་ཤར་བའི་བུ་རང་བྱུང་གི་འོད་གསལ་གཉིས་མ་བུ་འཕྲད་དེ། རང་ལ་རང་ཤར་རང་གྲོལ་དུ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་དུ་རང་རིག་རང་གསལ་དུ་རང་གྲོལ་ལོ། འདིའི་ངོ་སྤྲོད་མ་ཐོབ་ན། གང་ཟག་བཟང་པོ་རྣམས་ཀྱང་འདི་ནས་ཕྱིར་ལོག་སྟེ་འཁོར་བར་འཁྱམས་མོ། དེ་ནས་ཀེའུ་རི་བརྒྱད་ཀྱི་ཁྲོ་མོ་དང་། ཕྲ་མེན་མ་མགོ་བརྙན་སྣ་ཚོགས་པ་རང་གི་ཀླད་པའི་ནང་ནས་ཐོན་ནས་རང་ལ་འཆར་དུ་འོང་ངོ་། ཡང་ངོ་སྤྲད་པ་ནི།

ཚེ་འདས་ཀྱི་མིང་ནས་བོས་ལ་འདི་སྐད་དོ། ཀྱཻ་རིགས་ཀྱི་བུ། མ་ཡེངས་པར་ཉོན་ཅིག། རང་གི་ཀླད་པའི་ནང་ནས་ཀེའུ་རི་མ་དཀར་མོ་གཡས་ན་ཞིང་གི་དབྱུག་ཐོ་ཐོགས་པ། གཡོན་ན་བྷན་དྷ་དམར་གྱི་བཀང་བ་ཐོགས་ནས་རང་ལ་འཆར་རོ། དེ་ལ་མ་འཇིགས་ཤིག། ལྷོ་ནས་ཙོདུ་རི་མ་སེར་མོ་མདའ་གཞུ་འགེངས་པ་དང་། ནུབ་ནས་པྲ་མོ་དམར་མོ་ཆུ་སྲིན་རྒྱལ་མཚན་བསྣམས་པ་དང་། བྱང་ནས་པེཏ་ལཱི་ནག་མོ་རྡོ་རྗེ་དང་བྷན་དྷ་དམར་གྱིས་བཀང་བ་བསྣམས་པ་དང་། ཤར་ལྷོ་ནས་པུ་ཀུསི་དམར་སེར་གཡས་པས་སྒྱུ་མ་བཟུང་ནས་གཡོན་པས་ཞལ་དུ་གསོལ་བ་དང་། ལྷོ་ནུབ་ནས་ཀསྨ་རི་ལྗང་ནག་གཡོན་ན་བྷན་དྷ་ཁྲག་གིས་བཀང་བ་བཟུང་ནས་གཡས་པའི་རྡོ་རྗེས་དཀྲུགས་ཅིང་རྔམས་པའི་ཚུལ་གྱིས་ཞལ་དུ་གསོལ་བ་དང་། ནུབ་བྱང་ནས་ཙན་དྷ་ལི་སེར་སྐྱ་མགོ་ལུས་ཕྲག་ལ་བཀལ་ཏེ་གཡས་པས་ཙིཏྟ་བསྣམས་ནས་གཡོན་པས་ལུས་པོ་ཟ་བ་དང་། བྱང་ཤར་ནས་སྨེ་ཤ་ནི་མཐིང་ནག་མགོ་ལུས་ཕྲལ་ནས་ཟ་བ་དང་། གནས་ཀྱི་ཀེའུ་རིམ་མོ་བརྒྱད་པོ་ཡང་ཁྲག་འཐུང་ཡབ་ལྔ་ལ་བསྐོར་ནས་རང་གི་ཀླད་པའི་ནང་ནས་ཐོན་ནས་འཆར་དུ་འོང་ངོ་། དེ་ལ་མ་འཇིགས་ཤིག། ཀྱཻ་རིགས་ཀྱི་བུ། དེའི་ཕྱི་རིམ་ན་ཡུལ་གྱི་ཕྲ་མེན་མ་བརྒྱད་ཐོན་ནས་འཆར་དུ་འོང་ངོ་། ཤར་ནས་སིང་ཧ་སྨུག་ནག་སེང་མགོ་མ། ལག་གཉིས་བྲང་མཁར་བསྣོལ་ནས་ཁའི་ནང་དུ་རོ་ཐོགས་རལ་པ་བསིགས་པ་དང་། ལྷོ་ནས་བྱ་ཀྲི་མུ་ཁ་དམར་མོ་སྟག་མགོ་མ། ལག་གཉིས་བསྣོལ་ནས་མིག་འབྲུ་ཚུགས་སུ་བལྟ་ཞིང་མཆེ་བ་ཉེར་པ་དང་། ནུབ་ནས་སྲི་ལ་མུ་ཁ་ཝ་མགོ་ཅན། གཡས་པས་རྒྱུ་མ་བཟུང་ཞིང་སྤུ་གྲི་ཐོགས་ནས་གཡོན་པས་རྒྱུ་མ་ཟ་བ་དང་། ཁྲག་ལྡག་པ་དང་། བྱང་ནས་ཤྭོ་ན་མུ་ཁ་མཐིང་ནག་སྤྱང་མགོ་ཅན། ལག་པ་གཉིས་ཀྱི་རོ་ཁ་ཕྱེ་ནས་མིག་འབྲུ་ཚུགས་སུ་བལྟ་བ་དང་། ཤར་ལྷོ་ནས་ཀྲི་ཏ་མུ་ཁ་དཀར་སེར་བྱ་རྒོད་མགོ་ཅན། ཞིང་ཆེན་ཕྲག་ལ་ཁུར་ནས་ཀེང་རུས་ལག་ཏུ་ཐོགས་པ་དང་། ལྷོ་ནུབ་ནས་ཀ་ཀ་མུ་ཁ་དམར་ནག་དུར་བྱའི་མགོ་ཅན། ཞིང་ཆེན་ཕྲག་ལ་ཁུར་བ་དང་། ནུབ་བྱང་ནས་ཁ་ཁཱ་མུ་ཁ་ནག་མོ་བྱ་རོག་གི་མགོ་ཅན། གཡོན་དུ་བྷན་དྷ་ཐོགས་ནས། གཡས་པས་རལ་གྲི་ཐོགས་ཏེ་གློ་སྙིང་ཟ་བ་དང་། བྱང་ཤར་ནས་ཧུ་ལུ་མུ་ཁ་མཐིང་ཁ་འུག་པའི་མགོ་ཅན། གཡས་སུ་རྡོ་རྗེ་ཐོགས་ཤིང་གཡོན་དུ་རལ་གྲི་བསྣམས་ཤིང་ཤ་ཟ་བ་དང་། ཡུལ་གྱི་ཕྲ་མེན་མ་བརྒྱད་པོ་ཡང་ཁྲག་འཐུང་ཡབ་ལྔ་ལ་བསྐོར་ནས་རང་གི་ཀླད་པའི་ནང་ནས་ཐོན་ནས་རང་ལ་ཤར་འོང་ངོ་། དེ་ལ་མ་འཇིགས་ཤིག། གང་ཤར་ཐམས་ཅད་རང་སྣང་རིག་པའི་རང་རྩལ་དུ་ངོ་ཤེས་པར་གྱིས་ཤིག།

ཀྱཻ་རིགས་ཀྱི་བུ། སྒོ་མ་བཞི་ཡང་རང་གི་ཀླད་པའི་ནང་ནས་ཐོན་ནས་རང་ལ་འཆར་དུ་འོང་ངོ་། ངོ་ཤེས་པར་གྱིས་ཤིག། རང་གི་ཀླད་པའི་ཤར་ནས་སྟག་གདོང་དཀར་མོ་ལྕགས་ཀྱུ་མ། གཡོན་པས་བྷན་དྷ་དམར་གྱིས་བཀང་ནས་ཐོགས་པ་གཅིག་ཏུ་ཤར་དུ་འོང་ངོ་། ལྷོ་ནས་ཕག་གདོང་སེར་མོ་ཞགས་པ་འཛིན་པ། ནུབ་ནས་སེང་གདོང་མ་དམར་མོ་ལྕགས་སྒྲོགས་འཛིན་པ་དང་། བྱང་ནས་སྦྲུལ་གདོང་མ་ལྗང་མོ་དྲིལ་བུ་འཛིན་པ་དང་། སྒོ་མ་བཞི་ཡང་རང་གི་ཀླད་པའི་ནང་ནས་ཐོན་ནས་རང་ལ་འཆར་དུ་འོང་ངོ་། ཡི་དམ་གྱི་ལྷ་ཡིན་པས་ངོ་ཤེས་པར་གྱིས་ཤིག།

ཀྱཻ་རིགས་ཀྱི་བུ། ཧེ་རུ་ཀ་དྲག་པོའི་ལྷ་སུམ་ཅུའི་ཕྱི་རིམ་དུ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་མགོ་བརྙན་སྣ་ཚོགས་དང་བཅས་ཏེ། མཚོན་ཆ་སྣ་ཚོགས་པ་ཐོགས་ནས་རང་གི་ཀླད་པའི་ནང་ནས་ཐོན་ནས་རང་ལ་འཆར་དུ་འོང་ངོ་། དེ་ལ་མ་འཇིགས་ཤིག། གང་ཤར་ཐམས་ཅད་རང་སྣང་རིག་པའི་རང་རྩལ་དུ་ངོ་ཤེས་པར་གྱིས་ཤིག། དོན་ཆེན་འགག་ལ་ཐུགས་པའི་དུད་ཚོད་འདིར། བླ་མའི་གདམས་ངག་དྲན་པར་གྱིས་ཤིག།

ཀྱཻ་རིགས་ཀྱི་བུ། ཤར་ནས་སྲིན་མོ་སྨུག་ནག་གཡག་མགོ་མ། ལག་ན་ཐོད་པ་ཐོགས་པ་དང་། ཚངས་མ་དམར་སེར་སྦྲུལ་མགོ་མ། ལག་ན་པདྨ་བསྣམས་པ་དང་། ལྷ་ཆེན་དཀར་ལྗང་གཟིགས་མགོ་མ། ལག་ན་ཏྲི་ཤུལ་ཐོགས་པ་དང་། གཏོགས་འདོད་སྔོན་མོ་སྲེ་མོང་མགོ། ལག་ན་འཁོར་ལོ་འཛིན་པ་དང་། གཞོན་ནུ་དམར་མོ་དྲེད་ཀྱི་མགོ། ལག་ན་མདུང་ཐུང་འཛིན་པ་དང་། བརྒྱ་བྱིན་དཀར་མོ་དོམ་མགོ་མ། ལག་ན་རྒྱུ་ཞགས་ཐོགས་པ་དང་། ཤར་གྱི་རྣལ་འབྱོར་མ་དྲུག་རང་གི་ཀླད་པའི་ནང་ནས་ཐོན་ནས་རང་ལ་འཆར་དུ་འོང་ངོ་། དེ་ལ་མ་འཇིགས་ཤིག།

ཀྱཻ་རིགས་ཀྱི་བུ། ལྷོ་ནས་དགའ་བ་སེར་མོ་ཕ་ལྦང་མགོ། ལག་ན་སྤུ་གྲི་ཐོགས་པ་དང་། ཞི་བ་དམར་མོ་ཆུ་སྲིན་མགོ། ལག་ན་བུམ་པ་ཐོགས་པ་དང་། བདུད་རྩི་དམར་མོ་སྡིག་པའི་མགོ། ལག་ན་པདྨ་ཐོགས་པ་དང་། ཟླ་བ་དམར་མོ་ཁྲའི་མགོ། ལག་ན་རྡོ་རྗེ་ཐོགས་པ་དང་། བེ་ཅོན་ལྗང་ནག་ཝའི་མགོ། ལག་ན་དབྱུག་ཐོ་ཐོགས་པ་དང་། སྲིན་མོ་སེར་ནག་སྟག་གི་མགོ། ལག་ན་ཐོད་ཁྲག་ཐོགས་པ་དང་། ལྷའི་རྣལ་འབྱོར་དྲུག་རང་གི་ཀླད་པའི་ནང་ནས་ཐོན་ནས་རང་ལ་འཆར་དུ་ཡོང་ངོ་། དེ་ལ་མ་འཇིགས་ཤིག།

ཀྱཻ་རིགས་ཀྱི་བུ། ནུབ་ནས་ཟ་བ་དམར་ལྗང་བྱ་རྒོད་མགོ། ལག་ན་བེ་ཅོན་ཐོགས་པ་དང་། དགའ་བ་དམར་མོ་རྟའི་མགོ། ལག་ན་ཁོག་ཆེན་ཐོགས་པ་དང་། སྟོབས་ཆེན་དམར་མོ་ཁྱུང་གི་མགོ། ལག་ན་དབྱུག་ཐོ་ཐོགས་པ་དང་། སྲིན་མོ་སེར་མོ་ཁྱིའི་མགོ། ལག་ན་རྡོ་རྗེ་སྤུ་གྲི་གཅོད་པ་དང་། འདོད་པ་དམར་མོ་པུ་ཤུད་མགོ། ལག་གཉིས་མདའ་གཞུ་འགེངས་པ་དང་། ནོར་བསྲུང་ལྗང་ཁུ་ཤ་བའི་མགོ། ལག་ན་བུམ་པ་འཛིན་པ་དང་། ནུབ་ཀྱི་རྣལ་འབྱོར་མ་དྲུག་རང་གི་ཀླད་པའི་ནང་ནས་ཐོན་ནས་རང་ལ་འཆར་དུ་འོང་ངོ་། དེ་ལ་མ་འཇིགས་ཤིག།

ཀྱེ་རིགས་བུ། བྱང་ནས་རླུང་ལྷ་སྔོན་མོ་སྦྲུལ་གྱི་མགོ། ལག་ན་བ་དན་ཕྱར་བ་དང་། མི་མོ་དམར་མོ་སྐྱིན་གྱི་མགོ། ལག་ན་གསལ་ཤིང་འཛིན་པ་དང་། ཕག་མོ་ནག་མོ་ཕག་གི་མགོ། ལག་ན་མཆེ་ཞགས་བསྣམས་པ་དང་། རྡོ་རྗེ་དམར་མོ་ཁྭ་ཏའི་མགོ། ལག་ན་ཞིང་ཆུང་འཛིན་པ་དང་། སྣ་ཆེན་ལྗང་ནག་གླང་གི་མགོ། ལག་ན་བེ་ཅོན་ཐོགས་ཤིང་ཁྲག་འཐུང་བ་དང་། ཆུ་ལྷ་སྔོན་མོ་སྦྲུལ་གྱི་མགོ། ལག་ན་སྦྲུལ་ཞགས་བསྣམས་པ་དང་། བྱང་གི་རྣལ་འབྱོར་མ་དྲུག་རང་གི་ཀླད་པའི་ནང་ནས་ཐོན་ནས་རང་ལ་འཆར་དུ་འོང་ངོ་། དེ་ལ་མ་འཇིགས་ཤིག།

ཀྱཻ་རིགས་ཀྱི་བུ། སྒོ་མའི་རྣལ་འབྱོར་མ་བཞི་ཀླད་པའི་ནང་ནས་ཐོན་ནས་རང་ལ་འཆར་དུ་འོང་ངོ་། ཤར་ནས་རྡོ་རྗེ་ཕག་མོ་ཁུ་བྱུག་མགོ། ལག་ན་ལྕགས་ཀྱུ་འཛིན་པ་དང་། ལྷོ་ནས་རྡོ་རྗེ་སེར་མོ་རའི་མགོ། ལག་ན་ཞགས་པ་འཛིན་པ་དང་། ནུབ་ནས་རྡོ་རྗེ་དམར་མོ་སེང་གེའི་མགོ། ལག་ན་ལྕགས་སྒྲོག་འཛིན་པ་དང་། བྱང་ནས་རྡོ་རྗེ་ལྗང་ནག་སྦྲུལ་གྱི་མགོ། ལག་ན་དྲིལ་བུ་འཛིན་པ་དང་། རྣལ་འབྱོར་སྒོ་མ་བཞི་ཡང་རང་གི་ཀླད་པའི་ནང་ནས་ཐོན་ནས་རང་ལ་འཆར་དུ་འོང་ངོ་། དེ་ལ་མ་འཇིག་ཤིག། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱང་ཧེ་རུ་ཀ་དྲག་པོའི་ལྷ་རང་བྱུང་གི་སྐུའི་རྩལ་ལས་རང་ཤར་ཡིན་པས་ངོ་ཤེས་པར་གྱིས་ཤིག།

ཀྱཻ་རིགས་ཀྱི་བུ། ཆོས་སྐུ་སྟོང་པའི་རྩལ་ལས་ཞི་བའི་ལྷ་རུ་ཤར་བ་ཡིན་ནོ། ངོ་ཤེས་པར་གྱིས་ཤིག། ཆོས་སྐུ་གསལ་བའི་རྩལ་ལས་ཁྲོ་བའི་ལྷ་རུ་ཤར་བ་ཡིན་ནོ། ངོ་ཤེས་པར་གྱིས་ཤིག། རང་གི་ཀླད་པའི་ནང་ནས་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ལྷ་ཚོགས་ཐོན་ནས་ཤར་བའི་དུས་འདིར། གང་ཤར་ཐམས་ཅད་རང་གི་རིགས་པའི་མདངས། རང་ལ་ཤར་བ་ཤེས་ནས། དེ་མ་ཐག་དུ་ཁྲག་འཐུང་གི་སྐུ་དང་གཉིས་སུ་མེད་པར་སངས་རྒྱས་པའོ།

ཀྱཻ་རིགས་ཀྱི་བུ། ད་ལྟ་ངོ་མ་ཤེས་ན་ཁྱེད་དེ་རྣམས་ལ་ཞེད་ཅིང་བྲོས་པས་སླར་སྡུག་བསྔལ་གྱི་སྣོན་མར་འགྲོའོ། དེ་ལྟར་མ་ཤེས་ན་ཁྲག་འཐུང་གི་ལྷ་ཐམས་ཅད་གཤིན་རྗེ་རུ་མཐོང་ནས། ཁྲག་འཐུང་གི་ལྷ་ཐམས་ཅད་ལ་འཇིགས་སོ། དངངས་སོ། སྐྲག་གོ། བརྒྱལ་ལོ། རང་སྣང་བདུད་དུ་སོང་ནས་འཁོར་བར་འཁྱམས་སོ། མ་ཞེད་མ་སྐྲག་ན་འཁོར་བར་མི་འཁྱམ་མོ། ཀྱཻ་རིགས་ཀྱི་བུ། ཞི་བ་དང་ཁྲོ་བོའི་སྐུ་དེ་རྣམས་ཀྱང་ཆེ་བ་ནི་ནམ་མཁའ་དང་མཉམ་པ། འབྲིང་པོ་ནི་རི་རབ་ཙམ་པ། ཐ་མ་ཡང་རང་བཅོ་བརྒྱད་བརྩེགས་པ་ཙམ་འབྱུང་བས། དེ་ལ་མ་སྐྲག་ཅིག། སྣང་སྲིད་ཐམས་ཅད་འོད་དང་སྐུ་རུ་འཆར་རོ། སྣང་བ་ཐམས་ཅད་འོད་དང་སྐུ་རུ་འཆར་བ་དེ། རང་གི་རིག་པའི་རང་མདངས་སུ་ངོ་ཤེས་པས། འོད་དང་སྐུ་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱའོ། བུ་ཁྱོད་མཐོང་སྣང་འཇིགས་སྐྲག་གི་སྣང་བ་གང་བྱུང་ཡང་། རང་སྣང་དུ་ངོ་ཤེས་པར་གྱིས་ལ་མ་འཇིགས་ཤིག། འོད་གསལ་རང་གི་རང་མདངས་སུ་ངོ་ཤེས་པར་གྱིས་ཤིག། དེ་ལྟར་ངོ་ཤེས་ན་ད་ལྟ་རང་ལ་སངས་རྒྱས་པ་ལ་ཐེ་ཚོམ་མེད་དོ། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་བྱ་བ་དེ་དུས་ད་རེས་འབྱུང་བ་ཡིན་ནོ། ཡིད་ལ་དྲན་པར་གྱིས་ཤིག། ཀྱཻ་རིགས་ཀྱི་བུ། རང་གི་ད་ལྟ་ངོ་མ་ཤེས་ནས་སྐྲག་ནས། ཞི་བའི་སྐུ་ཐམས་ཅད་མགོན་པོ་ནག་པོའི་སྐུར་རུ་འཆར་རོ། ཁྲོ་བོའི་སྐུ་ཐམས་ཅད་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྐུ་རུ་ཤར་ནས། རང་སྣང་བདུད་དུ་སོང་ནས་འཁོར་བར་འཁྱམ་མོ། ཀྱཻ་རིགས་ཀྱི་བུ། རང་སྣང་ངོ་མ་ཤེས་ན་བཀའ་མདོ་རྒྱུད་ཐམས་ཅད་ལ་མཁས་ཤིང་། བསྐལ་བར་ཆོས་བྱས་ཀྱང་སངས་མི་རྒྱའོ། རང་སྣང་ངོ་ཤེས་ན་གནད་གཅིག་དང་ཚིག་གཅིག་གིས་སངས་རྒྱའོ། རང་སྣང་དུ་ངོ་ཤེས་ན་ཤི་མ་ཐག་ཏུ་ཆོས་ཉིད་ཀྱི་བར་དོར་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྐུར་འཆར་རོ། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྐུ་ཆེ་བ་ནི་ནམ་མཁའ་དང་མཉམ་པ། འབྲིང་པོ་ནི་རི་རབ་ཙམ་གྱིས་འཇིག་རྟེན་གྱི་ཁམས་གང་ནས་འོང་ངོ་། དེ་ཡང་ཡ་སོས་མ་མཆུ་མནན་པ། མིག་ཤེལ་མིག་དུ་ཡོད་པ། སྐྲ་སྤྱི་བོར་བཅིངས་པ། གསུས་པ་ཆེ་བ། སྐེ་ཕྲ་བ། ལག་ན་ཁྲམ་ཤིང་ཐོགས་པ། ཁ་ནས་རྒྱོབ་སོད་ཀྱི་སྒྲ་སྒྲོག་པ། ཀླད་པ་འཐུང་བ། མགོ་ལུས་ཕྲལ་བ། དོན་སྙིང་འདོན་པ། དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁེངས་ནས་འོང་ངོ་། ཀྱཻ་རིགས་ཀྱི་བུ། དེ་བུའི་སྣང་བ་ཤར་ནས་བྱུང་བའི་ཚེ། ཁྱོད་འཇིགས་པ་དང་སྐྲག་པར་མ་བྱེད་ཅིག། ཁྱོད་རང་བག་ཆགས་ཡིད་ཀྱི་ལུས་ཡིན་པས། བསད་པ་དང་གཏུབས་པ་བྱུང་ཡང་འཆི་རྒྱུ་མེད་དོ། དོན་ལ་ཁྱོད་སྟོང་པའི་རང་གཟུགས་ཡིན་པས་ཞེད་མི་དགོས་སོ། གཤིན་རྗེ་རྣམས་ཀྱང་རང་གི་རིག་པའི་རང་མདངས་ལས་ཤར་བ་ཡིན་པས། གདོས་པ་ཅན་དུ་གྲུབ་པ་མེད་དོ། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མི་རྙེད་དོ། ཁྱོད་རང་གི་རིགས་པའི་རང་རྩལ་དུ་ཤར་བ་མ་གཏོགས། ཕྱི་རོལ་དུ་ཞི་བ་དང་། ཁྲོ་བོ་དང་། ཁྲག་འཐུང་དང་། མགོ་བརྙན་དང་། འཇའ་འོད་དང་། གཤིན་རྗེའི་གཟུགས་འཇིགས་འཇིགས་པ་སོགས་དངོས་སུ་གྲུབ་པ་མེད་པར་ཐག་ཆོད་དོ། དེ་ལྟར་ཐག་ཆོད་ན་འཇིགས་སྐྲག་ཐམས་ཅད་རང་སར་གྲོལ་ནས་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱས་པར་འགྱུར་རོ། དེ་ལྟར་ངོ་ཤེས་ན་ནི་ཡི་དམ་གྱི་ལྷ་ཡིན་ནོ། བདག་བར་དོའི་འཕྲང་ལ་བསུ་བ་ལ་འབྱོན་པར་འདུག་གོ། སྐྱབས་སུ་མཆིའོ་སྙམ་པའི་མོས་པ་དུང་དུང་མཛོད་ཅིག། དཀོན་མཆོག་གསུམ་རྗེས་སུ་དྲན་པར་གྱིས་ཤིག། ཁྱོད་རང་གི་ཡི་དམ་གང་ཡིན་པ་དེ་དྲན་པར་གྱིས་ཤིག། མཚན་ནས་གང་ཐོན་བོས་ཅིག། བདག་བར་དོར་འཁྱམས་ནས་ཡོད་པས་ར་མདའ་ལ་རྒྱུག་ཅིག། ཐུགས་རྗེས་བཟུང་ཞིག། ཡི་དམ་རིན་པོ་ཆེ་ཞེས་བོས་ལ་གསོལ་བ་ཐོབ་ཅིག། ཁྱོད་རང་གི་བླ་མའི་མཚན་ནས་བརྗོད་ལ། བདག་བར་དོར་འཁྱམས་ནས་ཡོད་པས་ར་མདའ་མཛོད་ཅིག། ཐུགས་རྗེས་མ་གཏང་ཞིག་གྱིས་ལ་གསོལ་བ་ཐོབ་ཅིག། ཁྲག་འཐུང་གི་ལྷ་ཚོགས་རྣམས་ལ་ཡང་མོས་པ་གྱིས་ལ་གསོལ་བ་ཐོབ་ཅིག། སྨོན་ལམ་འདི་ཡང་ཐོབ་ཅིག།

ཀྱཻ་མ། བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ། དངངས་སྐྲག་འཇིགས་སྣང་གཡེངས་བའི་འོད་ལམ་ལ།
བཅོམ་ལྡན་ཞི་ཁྲོའི་ཚོགས་ཀྱིས་ལམ་སྣ་དྲོངས། དབྱིངས་ཕྱུག་ཁྲོ་མོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར།
བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ།
དགའ་བའི་གྲོགས་དང་བྲལ་ནས་གཅིག་པུར་འཁྱམས། རང་སྣང་སྟོང་བའི་གཟུགས་བརྙན་འཆར་དུས་འདིར།
སངས་རྒྱས་རྣམས་ཀྱིས་ཐུགས་རྗེའི་ཤུགས་ཕྱུང་ནས། དངངས་སྐྲག་བར་དོའི་འཇིགས་པ་མི་འབྱུང་ཤོག།
ཡེ་ཤེས་གསལ་བའི་འོད་ལྔ་འཆར་དུས་འདིར། མི་འཇིགས་མི་སྐྲག་རང་ངོ་ཤེས་པར་ཤོག།
ཞི་དང་ཁྲོ་བོ་སྐུ་གཟུགས་འཆར་དུས་འདིར། མི་འཇིགས་གདེངས་ཐོབ་བར་དོ་ངོ་ཤེས་ཤོག།
ལས་ངན་དབང་གི་སྡུག་བསྔལ་མྱོང་ཙམ་ན། ཡི་དམ་ལྷ་ཡི་སྡུག་བསྔལ་སེལ་བར་ཤོག།
ཆོས་ཉིད་རང་སྒྲ་འབྲུག་སྟོང་ལྡིར་ཙམ་ན། ཐམས་ཅད་ཡིག་དྲུག་སྒྲ་རུ་འགྱུར་བར་ཤོག།
སྐྱབས་མེད་ལས་ཀྱི་རྗེས་སུ་འབྲང་དུས་འདིར། ཐུགས་རྗེས་ཆེན་པོས་བདག་ལ་སྐྱབས་དུ་གསོལ།
བག་ཆགས་ལས་ཀྱིས་སྡུག་བསྔལ་མྱོང་ཙམ་ན། འོད་གསལ་བདེ་བའི་ཏིང་འཛིན་ཆར་བར་ཤོག།
འབྱུང་ལྔའི་ཁམས་རྣམས་སྒྲ་རུ་མི་སྡང་ཞིང་། སངས་རྒྱས་རིགས་ལྔའི་ཞིང་ཁམས་མཐོང་བར་ཤོག།

ཅེས་མོས་གུས་དྲག་པོ་དང་བཅས་པས་སྨོན་ལམ་ཐོབ་ཅིག། འཇིགས་སྐྲག་ཐམས་ཅད་ཡལ་ནས་ངེས་པར་ལོངས་སྐུར་སངས་རྒྱས་པར་འགྱུར་བས་གལ་ཆེའོ། མ་ཡེངས་ཤིག། ཅེས་ལན་གསུམ་འམ་བདུན་གྱི་བར་དུ་བརྗོད་དོ། དེ་ནི་སྡིག་པ་ཇི་ལྟར་ཆེ་ཞིང་ལས་འཕྲོ་ཇི་ལྟར་ངན་ཡང་མི་གྲོལ་མི་སྲིད་དོ། འདི་རྣམས་ཇི་ལྟར་བྱས་ཀྱང་ངོ་མ་འཕྲོད་ན་ནི། བར་དོ་གསུམ་པ་སྲིད་པའི་བར་དོར་འཁྱམས་དགོས་པས། དེའི་ངོ་སྤྲོད་འོག་ཏུ་ཞིབ་པར་བསྟན་ནོ།

སྤྱིར་གོམ་པ་ཆེ་ཆུང་གང་ལ་ཡང་འཆི་ཁར་བག་རེ་འཁྲུལ་པ་མང་བས། ཐོས་གྲོལ་འདི་མེད་པའི་ཐབས་མེད་དོ། གོམ་འདྲིས་ཆེ་བ་རྣམས་ནི་བེམ་རིག་བྲལ་ནས་ཆོས་ཉིད་ལམ་གྱིས་འོང་ངོ་། གསོན་པོས་དུས་སུ་རིགས་ཐོག་ཏུ་ངོ་འཕྲོད་པ་དང་། ཉམས་མྱོང་ཡོད་པ་རྣམས་ནི་འཆི་ཁའི་བར་དོར་འོད་གསལ་ཤར་བའི་སྟོབས་ཤིན་ཏུ་ཆེ་བས། གསོན་པོའི་དུས་སུ་ཉམས་ལེན་གལ་ཆེའོ། ཡང་གསོན་པོའི་དུས་སུ་གསང་སྔགས་ཀྱི་ལྷའི་བསྐྱེད་རྫོགས་བསྒོམ་པ་རྣམས་ནི། ཆོས་ཉིད་བར་དོ་ལས་ཞི་ཁྲོའི་སྣང་བ་ཤར་བའི་དུས་སུ་སྟོབས་ཤིན་ཏུ་ཆེ་བར་ཡོད་དོ། དེ་བས་ན་གསོན་པོའི་དུས་སུ་ཡང་བར་དོ་ཐོས་གྲོལ་འདི་ཁྱད་པར་དུ་ཡིད་ལ་བྱང་བར་བྱེད་པ་ནི་ཤིན་ཏུ་གལ་ཆེའོ། འདི་བཅང་བར་བྱའོ། ཀློག་པར་བྱའོ། ཀུན་ཆུབ་པར་བྱའོ། ཚུལ་བཞིན་དུ་ཡིད་ལ་བྱའོ། དུས་གསུམ་དུ་མ་ཆགས་པར་ཀློག་པར་བྱའོ། ཚིག་དོན་ཡིད་ལ་ཤིན་ཏུ་གསལ་བར་བྱའོ། གཤེད་མ་བརྒྱའི་དེད་ནས་བྱུང་ཡང་འདིའི་ཚིག་དོན་ཡིད་ལ་མ་བརྗེད་པར་བྱའོ། འདི་ནི་ཐོས་གྲོལ་ཆེན་མོ་ཞེས་བྱ་བ་ཡིན་པས། མཚམས་མེད་པ་ལྔ་བྱས་པའི་མིའི་རྣ་ལམ་དུ་ཐོས་ན་ཡང་ངེས་པར་གྲོལ་བར་འགྱུར་རོ། དེའི་ཕྱིར་ཁྲོམ་ཆེན་པོའི་ནང་དུ་ཀློག་པར་བྱའོ། སྤེལ་བར་བྱའོ། ད་ལྟ་ལན་ཅིག་ཚོར་བས་དོན་མ་རྟོགས་ན། བར་དོར་རིག་པ་དགུ་འགྱུར་གྱིས་གསལ་དུ་འགྲོ་བས། དེའི་དུས་སུ་ཚིག་གཅིག་ཀྱང་མ་བརྗེད་པར་དྲན་པར་འགྱུར་རོ། དེའི་ཕྱིར་ན་གསོན་དུས་སུ་ཀུན་གྱི་རྣ་བར་ཀློག་པར་བྱའོ། ནད་པ་ཐམས་ཅད་ཀྱི་སྔས་སུ་ཀློག་པར་བྱའོ། ཤི་བའི་རོ་ཐམས་ཅད་ཀྱི་རྩར་ཀློག་པར་བྱའོ། རྒྱ་ཆེར་སྤེལ་བར་བྱའོ། འདི་དང་འཕྲད་པ་ནི་སྐལ་བ་ཤིན་ཏུ་བཟང་པ་ཡིན་ནོ། ཚོགས་བསགས་ཤིང་སྒྲིབ་པ་བྱང་བ་མ་གཏོགས་པ་འདི་དང་འཕྲད་པ་དཀའོ། གལ་ཏེ་ཕྲད་ན་བློར་ཡོང་བ་དཀའོ། འདི་ནི་ཐོས་ནས་ལོག་ལྟ་མ་སྐྱེས་པ་ཁོ་ནས་གྲོལ་བར་ནུས་སོ། དེའི་ཕྱིར་འདི་ལ་ཤིན་ཏུ་གཅེས་སྤྲས་སུ་བྱའོ། འདི་ཆོས་ཐམས་ཅད་ཀྱི་བཅུད་ཡིན་ནོ། བར་དོའི་གདམས་པ་ཐོས་པ་ཙམ་གྱིས་གྲོལ་བ། བལྟས་པ་ཙམ་གྱིས་གྲོལ་བ། བར་དོ་ཐོས་གྲོལ་ཆེན་མོ་ཞེས་བྱ་བ་ཆོས་ཉིད་བར་དོའི་ངོ་སྤྲོད་རྫོགས་སོ།

གྲུབ་ཐོབ་ཉི་ཟླ་སངས་རྒྱས་ཀྱི་སྲས་ཀྱི་ཐུ་བོ། གྲུབ་ཐོབ་ཀརྨ་གླིང་པས་ཆུ་བོ་གསེར་ལྡན་གྱི་འགྲམ། སྒམ་པོ་གརྡར་གྱི་རི་ལྷ་བྲན་གར་བྱེད་པ་འདྲ་བའི་གནས་ནས་གསང་སྟེ་གདན་དྲངས་པའོ། དེས་སྲས་ཆོས་རྗེ་གླིང་པ་ལ་བཀའ་དང་ལུང་གཏད། དེིའི་གུ་རུ་སུ་རྱ་ཙནྟྲ་ལ་རིམ་པར་བཀའ་དང་ལུང་བབས་པ་ལགས་སོ། དེའི་དྲུང་དུ་བདག་གྷ་གྷ་དྷརྨས་མུད་ཏྲས་གུས་པར་ཞུས་སོ།

ག། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ར་མདར་སྦྲན་པའི་སྨོན་ལམ་བཞུགས་སོ།

༈ དཀོན་མཆོག་གསུམ་ལ་དངོས་སུ་འབྱོར་པ་དང་ཡིད་ཀྱི་སྤྲུལ་པའི་མཆོད་པ་འབུལ། ལག་ཏུ་སྤོས་དྲི་ཞིམ་པོ་ཐོགས་ཏེ། གདུང་བ་དྲག་པོས་འདི་སྐད་དོ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐུགས་རྗེ་དང་ལྡན་པ། མཁྱེན་པ་དང་ལྡན་པ། སྤྱན་དང་ལྡན་པ། བརྩེ་བ་དང་ལྡན་པ། འགྲོ་བའི་སྐྱབས་སུ་གྱུར་པ་རྣམས། ཐུགས་རྗེའི་དབང་གིས་གནས་འདིར་བྱོན་ཅིག། དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་བཞེས་ཤིག། ཐུགས་རྗེ་ཅན་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། ཐུགས་རྗེ་ཅན་ཁྱེད་རྣམས་ཆེ་གེ་མོ་ཞེས་བྱ་བ་འདི། འཇིག་རྟེན་འདི་ནས་ཕ་རོལ་ཏུ་ནི་འགྲོ། འཇིག་རྟེན་འདི་ནས་ནི་བོར། སྐྱས་ཆེན་པོ་ནི་འདེབས། གྲོགས་ནི་མེད། སྡུག་བསྔལ་ནི་ཆེ། སྐྱབས་ནི་མེད། མགོན་ནི་མེད། དཔུང་གཉེན་མེད། ཚེ་འདིའི་སྣང་བ་ནི་ནུབ། འགྲོ་བ་གཞན་དུ་འགྲོ། མུན་ནག་འཐུག་པོར་འཇུག། གཡང་ས་ཆེན་པོར་ནི་ལྷུང་། རྣམ་རྟོགས་གི་ནགས་ཁྲོད་ཐུག་པོར་ནི་འཇུག། ལུས་ཀྱི་དབང་གིས་ནི་དེད། གོམ་པ་ཆེན་པོར་ནི་འགྲོ། རྒྱ་མཚོ་ཆེན་པོར་ནི་ཁྱེར། ལས་ཀྱི་རླུང་གིས་ནི་བརྡེས། ས་ཚུགས་མེད་པའི་ཕྱོགས་སུ་འགྲོ། གཡུལ་ངོ་ཆེན་པོར་ནི་འཇུག། གདོན་ཆེན་པོས་ནི་ཟིན། གཤིན་རྗེའི་ཕོ་ཉས་འཇིགས་ཤིང་སྐྲག། ལས་ཀྱི་སྲིད་གནས་པ་ལ་ནི་འཇུག་ཡང་སྲིད། དབང་ནི་མེད། གཅིག་པོར་གྲོགས་མེད་པར་འགྲོ་དགོས་པའི་དུས་ལ་བབས་ན་ཐུགས་རྗེ་ཅན་རྣམས་ཆེ་གེ་མོ་སྐྱབས་མེད་པ་འདི་ལ་སྐྱབས་མཛོད་ཅིག། མགོན་མཛོད་ཅིག། དཔུང་གཉེན་མཛོད་ཅིག། བར་དོའི་མུན་ནག་ཆེན་པོ་ལས་སྐྱོབས་ཤིག། ལས་ཀྱི་རླུང་དམར་ཆེན་པོ་ལས་བཟློག་ཅིག། གཤིན་རྗེའི་འཇིགས་སྐྲག་ཆེན་པོ་ལས་སྐྱོབས་ཤིག། བར་དོའི་འཕྲང་རིང་པོ་ལས་སྒྲོལ་ཅིག། ཐུགས་རྗེ་ཅན་རྣམས་ཐུགས་རྗེ་མ་ཆུང་ཅིག། རམ་མདའ་མཛོད་ཅིག། ངན་སོང་གསུམ་དུ་མ་བཏང་ཅིག། སྔོན་གྱིས་དམ་བཅའ་མ་གཡེལ་བར། ཐུགས་རྗེའི་ཤུགས་མྱུར་དུ་ཕྱུང་ཞིག། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས། ཆེ་གེ་མོ་འདི་ལ་ཐུགས་རྗེས་ཐབས་དང་ནུས་པ་མ་ཆུང་ཅིག། ཐུགས་རྗེས་བཟུང་ཅིག། སེམས་ཅན་ལས་ངན་གྱི་དབང་དུ་མ་གཏང་ཅིག། དཀོན་མཆོག་གསུམ་བདག་ཅག་བར་དོར་སྡུག་བསྔལ་ལས་སྐྱོབ་ཏུ་གསོལ། ཅེས་མོས་གུས་དྲག་པོས་སྒོ་ནས། བདག་གཞན་ཐམས་ཅད་ཀྱིས་ལན་གསུམ་བྱའོ། དེ་ནས་བར་དོ་ཐོས་གྲོལ་དང་འཕྲང་སྒྲོལ་འཇིགས་སྐྱོབ་མའི་སྨོན་ལམ་བཏབ་པར་བྱའོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རམ་མདར་སྦྲན་པའི་སྨོན་ལམ་རྫོགས་སོ། ས་མ་ཡ་རྒྱ་རྒྱ་རྒྱ།

ང་། བར་དོའི་རྩ་ཚིག་བཞུགས་སོ།

༈ རྒྱལ་བ་བཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། བར་དོ་རྣམ་པ་དྲུག་གི་རྩ་ཚིག་ནི། ཀྱཻ་མ། བདག་ལ་སྐྱེ་གནས་བར་དོ་འཆར་དུས་འདིར། ཚེ་ལ་ལོང་མེད་ལེ་ལོ་སྤང་བྱས་ནས། ཐོས་བསམ་སྒོམ་གསུམ་མ་ཡེངས་ལམ་ལ་འཇུག། སྣང་སེམས་ལམ་སློང་སྐུ་གསུམ་མངོན་གྱུར་སྦྱངས། མི་ལུས་ལན་གཅིག་ཐོབ་པའི་དུས་ཚོད་འདིར། ཡེངས་པ་ལམ་ལ་སྟོང་པའི་དུས་མ་ཡིན། ཀྱཻ་མ། བདག་ལ་རྨི་ལམ་བར་དོ་འཆར་དུས་འདིར། གཏི་མུག་རོ་ཉལ་བག་མེད་སྤངས་བྱས་ནས། དྲན་པ་ཡེངས་མེད་གནས་ལུགས་ངང་ལ་འཇོག། རྨི་ལམ་བཟུང་ལ་སྤྲུལ་བསྒྱྭར་འོད་གསལ་སྦྱངས། དུད་འགྲོ་བཞིན་དུ་ཉལ་བར་མ་བྱ་བར། གཉིད་དང་མངོན་སུམ་འདྲེས་པའི་ཉམས་ལེན་གཅེས། ཀྱཻ་མ། བདག་ལ་བསམ་གཏན་བར་དོ་འཆར་དུས་འདིར། རྣམ་གཡེང་འཁྲུལ་པའི་ཚོགས་རྣམས་སྤངས་བྱས་ནས། ཡེངས་མེད་འཛིན་མེད་མཐའ་བྲལ་ངང་ལ་འཇུག། བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ་པར་བྱ། བྱ་བ་སྤངས་ནས་རྩེ་གཅིག་སྒྲུབ་དུས་འདིར། ཉོན་མོངས་འཁྲུལ་བའི་དབང་དུ་མ་བཏང་ཅིག། ཀྱཻ་མ། བདག་ལ་འཆི་ཁ་བར་དོ་འཆར་དུས་འདིར། ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ལ། གདམས་ངག་གསལ་བའི་ལམ་ལ་མ་ཡེངས་འཇུག། རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕང་། འདུས་བྱས་ཤ་ཁྲག་ལུས་དང་བྲལ་ལ་ཁད། མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱ། ཀྱཻ་མ། བདག་ལ་ཆོས་ཉིད་བར་དོ་འཆར་དུས་འདིར། ཀུན་ལ་དངངས་སྐྲག་འཇིགས་སྣང་སྤངས་བྱས་ནས། གང་ཤར་རང་སྣང་རིག་པར་ངོ་ཤེས་བྱ། བར་དོའི་སྣང་ཚུལ་ཡིན་པར་ཤེས་པར་བྱ། དོན་ཆེན་འགགས་ལ་ཐུགས་པའི་དུས་གཅིག་འོང་། རང་སྣང་ཞི་ཁྲོའི་ཚོགས་ལ་མ་འཇིགས་ཤིག། ཀྱཻ་མ། བདག་ལ་སྲིད་པ་བར་དོ་འཆར་དུས་འདིར། འདུན་པ་རྩེ་གཅིག་སེམས་ལ་གཟུང་བྱས་ནས། བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་འཐུད། མངལ་སྒོ་དགགས་ནས་རུ་ལོག་དྲན་པར་བྱ། སྙིང་རུས་དག་སྣང་དགོས་པའི་དུས་གཅིག་ཡིན། མིག་སེར་སྤངས་ནས་བླ་མ་ཡབ་ཡུམ་སྒོམ། འཆི་བ་འོང་སྙམ་མེད་པའི་བློ་རིང་པོ། དོན་མེད་ཚེ་འདིའི་བྱ་བ་བསྒྲུབས་བསྒྲུབས་ནས། ད་རེས་སྟོང་ལོག་བྱས་ན་མདུན་མ་འཁྲུལ། དགོས་ངེས་ཤེས་པ་དམ་པའི་ཆོས་ཡིན་པས། ད་ལྟ་ཉིད་དུ་ལྷ་ཆོས་མི་བྱེད་དམ། དྲིན་ཅན་བླ་མའི་ཞལ་ནས་འདི་སྐད་གསུངས། བླ་མའི་གདམས་ངག་སེམས་ལ་མ་བཞག་ན། རང་གིས་རང་ཉིད་བསླུས་པར་མི་འགྱུར་རམ། བར་དོ་རྣམ་པ་དྲུག་གི་རྩ་ཚིག་རྫོགས་སོ༎

ཅ། བར་དོ་འཕྲང་སྒྲོལ་གྱི་སྨོན་ལམ་བཞུགས་སོ།

༈ བླ་མ་དང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། བརྩེ་བ་ཆེན་པོས་ལམ་སྣ་དྲངས་དུ་གསོལ།
བདག་ནི་འཁྲུལ་བས་འཁོར་བར་འཁྱམས་པའི་ཚེ། ལྷན་སྐྱེས་ཡེ་ཤེས་གསལ་བའི་འོད་ལམ་ལ།
དཔའ་བོ་རིག་འཛིན་རྣམས་ཀྱི་ལམ་སྣ་དྲོངས། ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར།
བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ།
གཏི་མུག་དྲག་པོས་འཁོར་བར་འཁྱམས་པའི་ཚེ། ཆོས་དབྱིངས་ཡེ་ཤེས་གསལ་བའི་འོད་ལམ་ལ།
བཅོམ་ལྡན་རྣམ་པར་སྣང་མཛད་ལམ་སྣ་དྲོངས། ཡུམ་མཆོག་དབྱིངས་ཕྱུག་མ་ཡིས་རྒྱབ་ནས་སྐྱོར།
བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ།
ཞེ་སྡང་དྲག་པོས་འཁོར་བར་འཁྱམས་པའི་ཚེ། མེ་ལོང་ཡེ་ཤེས་གསལ་བའི་འོད་ལམ་ལ།
བཅོམ་ལྡན་རྡོ་རྗེ་སེམས་དཔས་ལམ་སྣ་དྲོངས། ཡུམ་མཆོག་སངས་རྒྱས་སྤྱན་མས་རྒྱབ་ནས་སྐྱོར།
བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ།
ང་རྒྱལ་དྲག་པོས་འཁོར་བར་འཁྱམས་པའི་ཚེ། མཉམ་ཉིད་ཡེ་ཤེས་གསལ་བའི་འོད་ལམ་ལ།
བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལམ་སྣ་དྲོངས། ཡུམ་མཆོག་མ་མ་ཀི་ཡི་རྒྱབ་ནས་སྐྱོར།
བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ།
འདོད་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ། སོར་རྟོག་ཡེ་ཤེས་གསལ་བའི་འོད་ལམ་ལ།
བཅོམ་ལྡན་སྣང་བ་མཐའ་ཡས་ལམ་སྣ་དྲོངས། ཡུམ་མཆོག་གོས་དཀར་མོ་ཡི་རྒྱབ་ནས་སྐྱོར།
བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ།
ཕྲག་དོག་དྲག་པོས་འཁོར་བར་འཁྱམས་པའི་ཚེ། བྱ་གྲུབ་ཡེ་ཤེས་གསལ་བའི་འོད་ལམ་ལ།
བཅོམ་ལྡན་དོན་ཡོད་གྲུབ་པས་ལམ་སྣ་དྲོངས། ཡུམ་མཆོག་དམ་ཚིག་སྒྲོལ་མས་རྒྱབ་ནས་སྐྱོར།
བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ།
བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ། དངངས་སྐྲག་འཇིགས་སྣང་སྤང་བའི་འོད་ལམ་ལ།
བཅོམ་ལྡན་ཞི་ཁྲོའི་ཚོགས་ཀྱིས་ལམ་སྣ་དྲོངས། ཡུམ་མཆོག་ཁྲོ་མོའི་ཚོགས་ཀྱི་རྒྱབ་ནས་སྐྱོར།
བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ།
འཁྲུལ་སྣང་དྲག་པོའི་འཁོར་བར་འཁྱམས་པའི་ཚེ། ལྷན་སྐྱེས་ཡེ་ཤེས་གསལ་བའི་འོད་ལམ་ལ།
དཔའ་བོ་རིག་འཛིན་ཚོགས་ཀྱི་ལམ་སྣ་དྲོངས། ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར།
བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ།
ༀཨཱཿཧཱུཾ། ནམ་མཁའི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་། སངས་རྒྱས་མཐིང་ཁའི་ཞིང་ཁམས་མཐོང་བར་ཤོག།
ཆུ་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་། སངས་རྒྱས་དཀར་པོའི་ཞིང་ཁམས་མཐོང་བར་ཤོག།
མེ་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་། སངས་རྒྱས་དམར་པོའི་ཞིང་ཁམས་མཐོང་བར་ཤོག།
རླུང་གི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་། སངས་རྒྱས་ལྗང་གུའི་ཞིང་ཁམས་མཐོང་བར་ཤོག།
སྒྲ་འོད་ཟེར་གསུམ་དགྲ་རུ་མི་ལྡང་ཞིང་། ཞི་ཁྲོ་རབ་འབྱམས་ཞིང་ཁམས་མཐོང་བར་ཤོག།
འཇའ་ཚོན་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་། སངས་རྒྱས་སྣ་ཚོགས་ཞིང་ཁམས་མཐོང་བར་ཤོག།
སྒྲ་རྣམས་ཐམས་ཅད་རང་སྒྲར་ཤེས་པར་ཤོག། འོད་རྣམས་ཐམས་ཅད་རང་འོད་ཤེས་པར་ཤོག།
བར་དོར་རང་ངོ་རང་གིས་ཤེས་པར་ཤོག། སྐུ་གསུམ་ཞིང་ཁམས་མངོན་དུ་འགྱུར་བར་ཤོག།

བར་དོ་འཕྲང་སྒྲོལ་གྱི་སྨོན་ལམ་རྫོགས་སོ༎ ༎

ཆ། བར་དོ་ཐོས་གྲོལ་ཆེན་མོ་ལས་སྲིད་པ་བར་དོའི་ངོ་སྤྲོད་བཞུགས་སོ།

༈ བླ་མ་ཡི་དམ་ལྷ་ཚོགས་ལ། གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། བར་དོར་གྲོལ་བར་མཛད་དུ་གསོལ། བར་དོ་ཐོས་གྲོལ་ཆེན་མོ་ལས། ཆོས་ཉིད་བར་དོ་གོང་དུ་བསྟན་སྟེ། འདི་ནི་སྲིད་པའི་བར་དོ་ཡིས། གསོལ་འདེབས་བྱ་བ་འདི་སྐད་དོ། དེ་ཡང་གོང་དུ་ཆོས་ཉིད་བར་དོའི་གསལ་འདེབས་མང་དུ་བྱས་ཀྱང་། ཆོས་ཀྱི་གོམས་འདྲིས་ཆེ་བ་དང་། ལས་འཕྲོ་བཟང་བ་མ་གཏོགས་པ། གོམ་འདྲིས་མེད་པ་དང་། སྡིག་ཅན་རྣམས་ལ་ནི། འཇིགས་སྐྲག་དང་ལས་ངན་གྱི་དབང་གིས་ངོ་འཕྲོད་པ་དཀའ་བས། ཞག་བཅུ་མན་ཆད་ལ་སླེབས་ནས་ཡང་འདི་སྐད་གསལ་གདབ་པར་བྱ་སྟེ། ཡང་དཀོན་མཆོག་གསུམ་ལ་མཆོད་པ་འབུལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་རམ་མདའ་སྦྲན་ལ་སྨོན་ལམ་གདབ། དེ་ནས་ཡང་ཚེ་འདས་ཀྱིས་མིང་ནས་ལན་གསུམ་འམ་བརྒྱད་དུ་བོས་ལ་འདི་སྐད་དོ།

ཀྱཻ་རིགས་ཀྱི་བུ། ཁྱོད་ལེགས་པར་ཉོན་ལ་ཡིད་ལ་བཟུང་ཅིག། དམྱལ་བ་དང་། ལྷ་དང་། བར་དོའི་ལུས་ནི་རྫུས་སྐྱེས་སུ་འབྱུང་བ་ཡིན་ནོ། དེ་ཡང་ཁྱོད་ཆོས་ཉིད་བར་དོ་ལ་ཞི་ཁྲོའི་སྣང་བ་ཤར་དུས་སུ། རང་ངོ་མ་ཤེས་ནས། ཞག་ཕྱེད་དང་རྩ་ལྔ་སོང་བ་དང་། སྐྲག་པས་རྒྱལ་འགྲོ་སྟེ། བརྒྱལ་སངས་པ་དང་ཤེས་པ་ཇེ་གསལ་དུ་སོང་ནས། ལུས་སྔ་མ་ལྟ་བུ་ཀྲོང་ངེ་སྐྱེའོ། དེ་ཡང་རྒྱུད་ལས། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། རིགས་མཐུན་ལྷ་མིག་དག་པས་མཐོང་། ཅེས་གསུངས་པས། དེ་ཡང་སྔོན་འབྱུང་ཞེས་བྱ་བ་ནི། ཁྱོད་སྔ་མའི་བག་ཆགས་ཀྱིས་ལུས་ཤ་ཁྲག་གི་ཇི་ལྟ་བ་གཅིག་འོང་སྟེ། དེ་ཡང་བསྐལ་བ་བཟང་པོའི་ལུས་བཞིན། མཚན་དཔེ་ཅུང་ཟད་དང་འོད་ཡོད་པ། ཡིད་ལུས་ཀྱི་སྣང་བ་ཡིན་པས། བར་དོའི་སྣང་བ་ཡིད་ཀྱི་ལུས་ཞེས་བྱའོ། དེའི་དུས་སུ་ལྷར་སྐྱེ་ན་ནི་ལྷ་ཡུལ་གྱི་སྣང་བ་འབྱུང་། ལྷ་མ་ཡིན་དང་། མི་དང་དུད་འགྲོ་དང་། ཡི་དྭགས་དང་། དམྱལ་བ་དང་། གང་དུ་སྐྱེ་བ་དེ་ཉིད་ཀྱི་སྣང་བ་ཁྱོད་ལ་འབྱུང་བ་ཡིན་ནོ། དེ་ཕྱིར་ན་སྔོན་ཞེས་བྱ་བ་ནི། ཞག་ཕྱེད་དང་ཞག་བཞི་ཚུན་ཆད་སྔ་མའི་བག་ཆགས་སྲིད་པའི་ཤ་གཟུགས་ཡོད་སྙམ་བྱེད། འབྱུང་ཞེས་བྱ་བ་ནི། དེ་ཕྱིན་ཆད་ཕྱི་མའི་གནས་གང་དུ་སྐྱེ་བའི་སྣང་བ་འབྱུང་བས་ན་སྔོན་འབྱུང་ཞེས་བྱ་བ་ཡིན་ནོ། དེ་ཙ་ན་སྣང་བ་གང་བྱུང་བ་དེའི་རྗེས་སུ་མ་འབྲེང་ཅིག། མ་ཆགས་ཅིག། མ་ཞེན་ཅིག། ཞེན་ཅིང་ཆགས་ན་ནི། ཁྱོད་རིགས་དྲུག་ཏུ་འཁྱམས་ཤིང་སྡུག་བསྔལ་བར་འགྱུར་བས། ཁ་སང་ཕན་ཆད་ཆོས་ཉིད་བར་དོ་ཤར་ཡང་ངོས་མ་ཟིན་པས་འདིར་འཁྱམས་དགོས་བྱུང་བ་ཡིན་ནོ། ད་ནི་མ་ཡེངས་པར་ངོ་བོ་སྐྱོང་རྒྱུ་ཡོད་ན་ནི་བླ་མས་ངོ་སྤྲད་པའི་རིག་པ་གསལ་སྟོང་རྗེན་ནེ་རེ་བ་དེའི་ཐོག་ཏུ་འཛིན་མེད་བྱར་མེད་ཀློད་ལ་ཞོག་ཅིག། མངལ་སྒོ་མི་འགྲིམ་པར་ཐར་པ་ཐོབ་བོ། ཁྱོད་རང་ངོ་མ་ཤེས་ན་ནི་ཡི་དམ་གང་ཡིན་པའམ། ཁྱོད་རང་གི་བླ་མ་སྤྱི་བོར་བསྒོམས་ལ་མོས་གུས་དྲག་པོ་དུང་དུང་པ་གྱིས་ཤིག། གལ་ཆེའོ། མ་ཡེངས་ཤིག། ཅེས་བརྗོད་དོ། དེ་ལ་ཡང་ངོས་ཟིན་ན་རིགས་དྲུག་ཏུ་མ་འཁྱམས་པར་གྲོལ་ཏེ། ཡང་ལས་ངན་གྱི་དབང་གིས་ངོས་ཟིན་པ་དཀའ་བས། ཡང་འདི་སྐད་བརྗོད་དོ།

ཀྱཻ་རིགས་ཀྱི་བུ། ཡང་ཉོན་ཅིག། དེ་ཡང་དབང་པོ་ཀུན་ཚང་ཐོགས་མེད་རྒྱུ་ཞེས་བྱ་བ་ཁྱོད་གསོན་པོའི་དུས་སུ་མིག་ལོང་བ་དང་། འོན་པ་དང་། ཞར་བ་ལ་སོགས་པ་ཡོད་ཀྱང་། ད་ལྟ་བར་དོར་མིག་གིས་གཟུགས་མཐོང་ལ། རྣ་བས་སྒྲ་ཐོས་པ་ལ་སོགས་པ་དབང་པོ་ལ་སྐྱོན་མེད་པ་གསལ་ཞིང་ཚང་བར་འོང་བས། དེའི་ཕྱིར་དབང་པོ་ཀུན་ཚང་ཞེས་གསུངས་པས། ཁྱོད་རང་ཤི་ནས་བར་དོར་འཁྱམས་པའི་རྟགས་ཡིན་པས་ངོས་ཟིན་པར་གྱིས་ཤིག། གདམས་ངག་དྲན་པར་གྱིས་ཤིག། ཀྱཻ་རིགས་ཀྱི་བུ། ཐོགས་མེད་ལྡན་ཞེས་བྱ་བ་ཁྱོད་ཡིད་ཀྱི་ལུས་ཡིན་ཏེ། རིག་པ་རྟེན་དང་བྲལ་བས་གདོས་བཅས་ཀྱི་ལུས་ནི་མེད་པས། དེའི་ཕྱིར་རི་རབ་དང་། ཁང་ཁྱིམ་དང། ས་རྡོ་དང་རི་བྲག་ཐམས་ཅད་ལ་ཐོགས་པ་མེད་པར་ཟང་ཐལ་དུ་འགྲོ་ནུས་པ་ཅིག་ད་ལྟ་ཁྱོད་ལ་ཡོད་དོ། འོན་ཀྱང་མའི་མངལ་དང་། རྡོ་རྗེའི་གདན་མ་གཏོགས་པ། རི་རབ་ལ་ཡང་ཕར་ཐལ་ཚུར་ཐལ་དུ་འགྲོ་ནུས་པ་ཅིག་ད་ལྟ་ཁྱོད་ལ་ཡོད་དོ། དེ་ཡང་སྲིད་པ་བར་དོར་འཁྱམས་པའི་རྟགས་ཡིན་པས་། བླ་མའི་གདམས་ངག་དྲན་པར་གྱིས་ཤིག། ཇོ་བོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག། ཀྱཻ་རིགས་ཀྱི་བུ། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན་ཞེས་བྱ་བ་ནི། ཁྱོད་ལ་ད་ལྟ་ཡོན་ཏན་ནམ། ཏིང་ངེ་འཛིན་གྱི་རྫུ་འཕྲུལ་གང་ཡང་མ་ཡིན་ལ། ལས་ཀྱི་ཤུགས་ལས་འབྱུང་བའི་རྫུ་འཕྲུལ་ལས་དང་མཐུན་པ། སྐད་ཅིག་ལ་གླིང་བཞི་རི་རབ་དང་བཅས་པ་འཁོར་ནས། གང་འདོད་པའི་ཡུལ་དེ་དྲན་པ་ཙམ་གྱིས་སྐད་ཅིག་མ་ཉིད་དུ་སླེབ་ཟིན་པ། སྐྱེས་བུ་ལག་པ་བརྐྱང་བསྐུམས་ཙམ་དུ་སླེབ་པའི་ཤུགས་དང་། རྫུ་འཕྲུལ་ཡ་མ་བཟུང་རྣམ་པ་སྣ་ཚོགས་མ་དྲན་ན་མ་དྲན། དྲན་པ་ཐམས་ཅད་འདི་དང་འདི་སྟོན་མི་ནུས་བྱ་བ་མེད་དེ། ཐོགས་པ་མེད་པར་སྟོན་ནུས་པ་ཅིག་ད་ལྟ་ཁྱོད་ལ་ཡོད་པས། ངོས་ཤེས་པར་གྱིས་ལ་བླ་མ་ལ་གསོལ་བ་ཐོབ་ཅིག། ཀྱཻ་རིགས་ཀྱི་བུ། རིགས་མཐུན་ལྷ་མིག་དག་པས་མཐོང་། ཞེས་བྱ་བ་རིགས་མཐུན་ཞེས་བྱ་བ་ནི། བར་དོར་སྐྱེས་པའི་རིགས་མཐུན་པའི་ནང་ཚན་རྣམས་གཅིག་གི་གཅིག་མཐོང་བ་འོང་ངོ་། དེའང་ལྷར་སྐྱེ་བ་རིགས་མཐུན་པ་ཡིན་ན་ནི། ལྷ་གཅིག་གིས་ཅིག་མཐོང་། དེ་བཞིན་དུ་རིགས་དྲུག་གང་དུ་སྐྱེ་བ་དེའི་རིགས་མཐུན་པ་རྣམས། གཅིག་ནས་གཅིག་མཐོང་ནས་འོང་པས། དེ་ལ་མ་ཞེན་པར་ཐུགས་རྗེ་ཆེན་པོ་བསྒོམས་གཅིག། དེ་ཡང་ལྷ་མིག་དག་པས་མཐོང་ཞེས་བྱ་བ། ལྷ་ལ་སོགས་པ་བསོད་ནམས་ལས་གྲུབ་པ་མ་ཡིན་ཏེ། བསམ་གཏན་ཡང་དག་པར་བསྒོམ་པས་ལྷའི་མིག་རྣམ་པར་དག་པས་མཐོང་བ་ཡང་མ་ཡིན་ནོ། དེ་ཡང་དུས་ཐམས་ཅད་མཐོང་བ་མ་ཡིན་ནོ། བལྟ་བའི་མདུན་པ་བཏང་ན་མཐོང་ལ། མ་བཏང་ན་མ་མཐོང་སྟེ། བསམ་གཏན་ཡེངས་ནས་འགྲོ་བ་ཡང་ཡོད་དོ། ཀྱཻ་རིགས་ཀྱི་བུ། དེ་འདྲའི་ལུས་ཅན་དེ། ཡུལ་དང་ཉེ་དུ་འབྲེལ་བ་རྣམས་དང་། རྨི་ལམ་དུ་འཕྲད་པ་ལྟ་བུ་འབྱུང་སྟེ། ཁྱོད་ཀྱིས་ཉེ་འབྲེལ་ཚོ་ལ་གཏམ་སྨྲས་ཀྱང་གཏམ་ལན་མི་འོང་བས། ཉེ་བ་དང་གཟའ་ཚོས་ངུ་བ་མཐོང་ནས་འོང་། ད་ང་ཤི་ནས་འདུག་པས་ཇི་ལྟར་བྱ་བ་སྙམ་སྡུག་བསྔལ་དྲག་པོ་ཉ་བྱེ་ཚན་ལ་སྦྲེས་པ་ལྟ་བུའི་སྡུག་བསྔལ་ཅིག་ད་ལྟ་ཁྱོད་ལ་ཡོད་པས་ད་ཁྱོད་རང་སྡུག་བསྔལ་བྱས་ཀྱང་ཕན་པ་མེད་དོ། ཁྱེད་རང་བླ་མ་ཡོད་ན་བླ་མ་ལ་གསོལ་བ་ཐོབ་ཅིག། ཡི་དམ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག། ཁྱོད་རང་ཉེ་འབྲེལ་ལ་ཆགས་ཀྱང་ཕན་པ་མེད་པས་མ་ཆགས་ཤིག། ཁྱོད་རང་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག། སྡུག་བསྔལ་དང་དངངས་སྐྲག་མི་འོང་ངོ་། ཀྱཻ་རིགས་ཀྱི་བུ། ཁྱོད་གཡོ་བ་རླུང་གིས་བསྡོད་པའི་དབང་མེད་པར་རིག་པ་རྟེན་མེད་པར་བྱ་སྒྲོ་རླུང་གིས་དེད་པ་ལྟ་བུ་དབུགས་ཀྱི་རྟ་ལ་ཞོན་ནས་ཕྱད་ཕྱོད་ལང་ལིང་འགྲོ་ཞིང་། ངུ་བ་ཀུན་ལ་ང་འདི་ན་ཡོད་པས་མ་ངུ་ཞིག་བྱ་བས། དེ་ཁོང་ཚོས་མ་ཐོས་པས། ཡང་ང་ཤི་བ་ཡིན་པར་འདུག་སྙམ་ནས། སྡུག་བསྔལ་ཤིན་ཏུ་ཆེ་བ་ཞིག་ད་ལྟ་ཁྱོད་ལ་ཡོད་དོ། ཁྱོད་རང་དེ་ལྟ་བུའི་སྡུག་བསྔལ་མ་བྱེད་ཅིག། ཉིན་མཚན་མེད་པ་སྟོན་ནམ་སྐྱ་འོད་ལྟ་བུ་སྐྱ་ཐོམས་སེ་བ་གཅིག་རྒྱུན་དུ་འོང་ངོ་། དེ་ལྟ་བུའི་བར་དོ་ལ་ཞག་བདུན་ཕྲག་གཅིག་གམ། གཉིས་སམ། གསུམ་འམ། བཞི་འམ། ལྔ་འམ། དྲུག་གམ། བདུན་ཕྲག་བདུན་ལ་སོགས་པ་ཞག་བཞི་བཅུ་ཞེ་དགུ་འོང་བ་ཡང་ཡོད་དོ། ཕལ་ཆེ་བ་ནི་སྲིད་པ་བར་དོར་སྡུག་བསྔལ་ཞག་ཉི་ཤུ་རྩ་གཅིག་འོང་བར་གསུངས་ཏེ། ལས་ཀྱི་དབང་གིས་ཅིག་དུ་ནི་མ་ངེས་སོ། ཀྱཻ་རིགས་ཀྱི་བུ། དུས་དེ་ཙ་ན། ལས་ཀྱི་རླུང་དམར་ཆེན་པོ་ཤིན་ཏུ་མི་བཟོད་པ་དྲག་པོ་དེ་འཚུབ་པས། རྒྱབ་ནས་ཕུལ་དུ་འོང་གི། དེ་ལ་མ་འཇིགས་ཤིག། ཁྱོད་རང་གི་འཁྲུལ་སྣང་ཡིན་ནོ། ཤིན་ཏུ་འཇིགས་པའི་མུན་ནག་ཆེན་པོ་རབ་ཏུ་མི་བཟོད་པས་མདུན་ནས་བསུ་ཞིང་། རྒྱོབ་ཅིག། སོད་ཅིག་ཅེས་པའི་ཀུ་སྒྲ་ཆེན་པོ་འོང་སྟེ། དེ་རྣམས་ལ་ཁྱོད་མ་འཇིགས་ཤིག། གཞན་ཡང་སྡིག་པོ་ཆེ་རྣམས་ལ་ནི། ལས་ཀྱི་ཤ་ཟ་སྲིན་པོ་མཚོན་ཆ་སྣ་ཚོགས་ཐོགས་པ་མང་པོས། རྒྱོབ་ཅིག། སོད་ཅིག། ལ་སོགས་པའི་ཀུ་སྒྲ་དི་རི་ཧབ་ཤ་བྱེད་འོང་ངོ་། གཅན་གཟན་འཇིགས་སུ་རུང་བ་སྣ་ཚོགས་པས་དེད་པའི་སྣང་བ་ཡང་འོང་ངོ་། ཁ་འཆར་དང། བུ་ཡུག་དང་། མུན་ནག་དང་། མི་མང་པོས་དེད་པའི་སྣང་བ་ཡང་འབྱུང་ངོ་། རི་ཉིལ་བའི་སྒྲ་དང་། མཚོ་ལུད་པའི་སྒྲ་དང་། མེ་མཆེད་པའི་འུར་ཆོམ་དང་། རླུང་ཆེན་པོ་ལངས་པའི་སྒྲ། དེ་རྣམས་ལ་ཞེད་ནས་གང་བབས་བབས་སུ་བྲོས་པས། མདུན་དུ་གཡང་ས་གསུམ་གྱིས་ཆོད་དེ། དཀར་པོ་དང་། དམར་པོ་དང་། ནག་པོ་དང་ཉམ་ང་བ་གསུམ་ལ་བྲུལ་ལ་ཁད་ཁད་པ་འབྱུང་ངོ་། ཀྱཻ་རིགས་ཀྱི་བུ། དེ་ཡང་ཡང་དག་པ་ནས། གཡང་ས་མ་ཡིན་ཏེ། ཞེ་སྡང་དང་འདོད་ཆགས་དང་། གཏི་མུག་གསུམ་ཡིན་ནོ། དེའི་ཚེ་སྲིད་པ་བར་དོ་ཡིན་པར་ཤེས་པར་གྱིས་ལ། ཐུགས་རྗེ་ཆེན་པོས་མཚན་ནས་བརྗོད་ཅིང་། ཇོ་བོ་ཐུགས་རྗེ་ཆེན་པོ་བླ་མ་དཀོན་མཆོག། བདག་མིང་འདི་ཞེས་བྱ་བ་ང། ངན་སོང་དུ་མ་བཏང་ཅིག་གྱིས་ལ་གསོལ་བ་ཐོབ་ཅིག། མ་བརྗེད་པར་གྱིས་ཤིག། གཞན་ཡང་ཚོགས་བསགས་ཤིང་ཆོས་གཤའ་མར་བྱས་པ་རྣམས་ལ་ནི། ལོངས་སྤྱོད་ཕུན་སུམ་ཚོགས་པ་རྣམས་ཀྱིས་མདུན་ནས་བསུས་ནས། བདེ་སྐྱིད་ཕུན་སུམ་ཚོགས་པ་རྣམ་པ་སྣ་ཚོགས་ཉམས་སུ་མྱོང་བར་འགྱུར་རོ། དེ་ལྟར་གང་བྱུང་ཡང་། རིགས་ཀྱི་བུ། ཁྱོད་འདོད་ཡོན་དང་བདེ་སྐྱིད་ཅི་བྱུང་ཡང་དེ་ལ་མ་ཆགས་ཤིག་མ་ཞེན་ཅིག། བླ་མ་དཀོན་མཆོག་མཆོད་ཅིག་སྙམ་དུ་སེམས་ལ་ཆགས་ཞེན་སྤོངས་ཤིག། སྐྱིད་སྡུག་གི་སྣང་བ་མེད་པར་བཏང་སྙོམས་ཀྱི་སྣང་བ་ཤར་ནས་བྱུང་ན་ཡང་། རིག་པ་སྒོམ་མེད་ཡེངས་མེད་ཕྱག་རྒྱ་ཆེན་པོའི་ངང་ལ་ཞོག་ཅིག། ཤིན་ཏུ་གལ་ཆེའོ། ཀྱཻ་རིགས་ཀྱི་བུ། དུས་དེ་ཙ་ན། ཟམ་རྒྱུ་འམ། ཁང་བཟང་དང་། ལྷ་ཁང་དང་། རྩ་སྤྱིལ་དང་། མཆོད་རྟེན་ལ་སོགས་པ་ལ་ཡུད་ཙམ་རེ་བརྟེན་ཏེ། ཡང་ཡུན་རིང་པོར་ནི་མི་ཆགས་པར་རིག་པ་ལུས་དང་བྲལ་བའི་དབང་གི་སྡོད་མི་ཚུགས་པར་བག་གྲང་ཞིང། ཚིག་པ་ཟ། སྐྱ་ཟིང་ཟིང་བྱེད། ཤེས་པ་བན་བུན། ཕྱད་ཕྱོད། ཡད་ཡུད་བྱེད་དུ་འོང་ངོ་། དེའི་དུས་བསམ་བློ་ཅིག་བཏང་བས། ཨ་ཁ་ང་ཤི་བ་ཡིན་པར་འདུག་པ། ད་ནི་ཙུགས་བྱེད་ན་སྙམ་པའི་ཤེས་པ་སྐྱོ་ཞིང་སྙིང་གྲང་ལྷང་གིས་འགྲོ། སྡུག་བསྔལ་དྲག་པོ་དཔག་ཏུ་མེད་པ་འོང་ངོ་། ས་གཅིག་ཏུ་མི་ཆགས་པར་འགྲོ་དགོས་པའི་ཡིད་ཀྱིས་དྲན་པ་སྣ་ཚོགས་པ་མ་བྱེད་པ། རིག་པ་རྣལ་དུ་ཕོབ་ཅིག། ཁྱོད་ལ་ཟས་ཀྱང་བསྔོས་པ་མ་གཏོགས་པར་ཟར་མེད་ཅིང་། གྲོགས་ལ་ཡང་ངེས་པ་མེད་པའི་དུས་འབྱུང་ངོ་། དེ་སྲིད་པ་བར་དོར་ཡིད་ལུས་འཁྱམས་པའི་རྟགས་ཡིན་ནོ། དེ་ཙ་ན་སྐྱིད་ཀྱང་ལས་ཀྱི་རྗེས་སུ་མི་འབྲང་ངོ་། རང་གི་ཡུལ་འཁོར་ཉེ་དུ། རང་གི་རོ་ལ་སོགས་པ་ཡང་མཐོང་ནས། ད་ནི་ང་ཤི་ནས་འདུག་པས་ཅི་དྲག་ན་སྙམ་སྟེ། ཡིད་ལུས་དེ་ལ་ནན་ལྟར་སྐྱོ་བ་ཡང་འབྱུང་སྟེ། ངས་ལུས་ཅིག་ཐོབ་ན་ཅི་མ་རུང་སྙམ་ནས། ཐམས་ཅད་དུ་ལུས་ཚོལ་དུ་འགྲོ་བའི་སྣང་བ་ཁྱོད་ལ་འོང་ངོ་། རང་གི་རོ་ལ་ལན་དགུའི་བར་དུ་འཇུག་པར་བྱེད་ཀྱང་། ཆོས་ཉིད་བར་དོར་ཡུན་རིང་བ། རྒུན་ནི་ཁྱག་དབྱར་ནི་རུལ། དེ་མ་ཡིན་ནའང། ཉེ་དུས་བསྲེགས་ས་མདོང་དུ་སྦས་སམ། བྱ་གཅན་གཟན་ལ་བྱིན་ནས་ཚུར་ལོག་ས་མ་བརྙེད་ནས། ཤིན་ཏུ་སྙིང་མ་དགའ་སྟེ། བྲག་དང་ས་རྡོ་ཐམས་ཅད་ཀྱི་གསེབ་ཏུ་རྫངས་པའི་སྣང་བ་ཁྱོད་ལ་འོངས་ངེས་ཏེ། དེ་ལྟར་སྡུག་བསྔལ་བར་བྱུང་བ་དེ་སྲིད་པ་བར་དོ་ཡིན་པས། ཁྱོད་རང་ལུས་ཚོལ་ཡང་སྡུག་བསྔལ་ལས་མི་འོང་པས། ལུས་ཀྱི་ཞེན་པ་ཆོད་ལ་བྱར་མེད་ཀྱི་ངང་ལ་གནས་པར་གྱིས་ཤིག། དེ་ལྟར་ངོ་སྤྲད་པས་བར་དོར་གྲོལ་བར་ཐོབ་བོ། ཡང་གལ་ཏེ་ལས་ངན་གྱིས་དབང་གིས་དེ་ལྟར་ངོ་སྤྲད་ཀྱང་མི་འཕྲོད་པ་སྲིད་པས།

ཡང་ཚེ་འདས་ཀྱི་མིང་ནས་བོས་ལ་འདི་སྐད་བརྗོད་དོ། ཀྱཻ་རིགས་ཀྱི་བུ། ཆེ་གེ་མོ་ཁྱོད་ཉོན་ཅིག། ཁྱོད་དེ་ལྟར་སྡུག་བསྔལ་བར་འབྱུང་དེ་ཁྱོད་རང་གི་ལས་ཡིན་པས། གཞན་སུས་ཀྱང་ལན་པ་མེད་དོ། རང་གི་ལས་ཡིན་པས། ད་ནི་དཀོན་མཆོག་གསུམ་ལ་གསོལ་བ་དྲག་ཏུ་ཐོབ་ཅིག། དེས་སྐྱོབ་པར་འགྱུར་རོ། དེ་ལྟར་གསོལ་བ་ཡང་མ་བཏབ། ཕྱག་རྒྱ་ཆེན་པོ་ཡང་བསྒོམ་མ་ཤེས། ཡི་དམ་ལྷ་མ་སྒོམ་ན་ནི། ད་ནི་ལྷན་ཅིག་སྐྱེས་པའི་ལྷས་དགེ་བ་བྱས་ཚད་བསགས་ནས། རྡེའུ་དཀར་པོ་འདྲེན་དུ་འོང་ངོ་། ལྷན་ཅིག་སྐྱེས་པའི་འདྲེས། སྡིག་པ་བྱས་ཚད་བསགས་ནས་རྡེའུ་ནག་པོ་འདྲེན་དུ་འོང་ངོ་། དེའི་དུས་སུ་ཁྱོད་ཤིན་ཏུ་བྲེད་པ་དང་། དངངས་པ་དང་། སྐྲག་པ་དང་། འདར་བར་བྱས་ནས་ངས་སྡིག་པ་མ་བྱས་ཟེར་ནས་རྫུན་སྨྲས་ཀྱང་། དེར་གཤིན་རྗེ་ན་རེ། ངས་ལས་ཀྱི་མེ་ལོང་ལ་དྲིའོ་ཟེར་ནས། ལས་ཀྱི་མེ་ལོང་ལ་བཀྲ་ལམ་གྱིས་བྱུང་བ་དང་། གསལ་ལམ་གྱིས་བྱུང་བས། བརྫུན་བྱས་ཀྱང་མ་ཕན་པས། གཤིན་རྗེས་རྐེ་ནས་ཐག་པ་རྐྱོན་ནས་དྲུད་བས། སྐེ་བྲེགས་སྙིང་འདོན། རྒྱུ་མ་ཕྱུང་། ཀླད་པ་ལྡག། ཁྲག་འཐུང་། ཤ་ཟ། རུས་པ་མུར་ཡང་འཆི་མི་བཏུབ་སྟེ། ལུས་དུམ་བུར་གཏུབས་ཀྱང་སོད་ནས་འོང་ངོ་། ཡང་ཡང་གཏུབས་པས་སྡུག་བསྔལ་ཆེན་པོ་འོང་བས། དུས་དེ་ཙ་ན་རྡེའུ་འདྲེན་ནས་འདུག་ཀྱང་ཁྱོད་རང་མ་ཞེད་ཅིག། མ་སྐྲག་ཅིག། བརྫུན་མ་ཟེར་བར་གཤིན་རྗེ་ལ་མ་འཇིགས་ཤིག། ཁྱོད་ཡིད་ཀྱི་ལུས་ཡིན་པས་བསད་པ་དང་གཏུབས་པ་བྱུང་ཡང་འཆི་རྒྱུ་མེད་དོ། དོན་ལ་ཁྱོད་སྟོང་པའི་རང་གཟུགས་ཡིན་པས་ཞེད་མི་དགོས། གཤིན་རྗེ་རྣམས་ཀྱང་རང་སྣང་འཁྲུལ་བ་སྟོང་པའི་རང་གཟུགས་ཡིན་ནོ། ཁྱོད་རང་བག་ཆགས་ཡིད་ཀྱིས་ལུས་སྟོང་པ་ཡིན་པས། སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གླགས་མི་རྙེད་དོ། མཚན་མ་མེད་པས་མཚན་མ་མེད་པ་ལ་གླགས་མི་རྙེད་དོ། རང་གི་འཁྲུལ་སྣང་མ་ཡིན་པའི་ལོགས་ནས་ཕྱི་རོལ་དུ་གཤིན་རྗེ་དང་། ལྷ་དང་། འདྲེ་དང་། རག་གླང་མགོ་ལ་སོགས་པ་དངོས་སུ་གྲུབ་པ་མེད་པས་ངོ་ཤེས་པར་གྱིས་ཤིག། དེ་ཙ་ན་བར་དོ་ཡིན་པར་ངོ་ཤེས་པར་གྱིས་ཤིག། ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་བསྒོམས་ཤིག། སྒོམ་མ་ཤེས་ན་ཁྱོད་རང་འཇིགས་སྐྲག་སྐྱེ་མཁན་གྱི་ངོ་བོ་དེ་ལ་གཅེར་གྱིས་བལྟོས་དང་། ངོ་བོ་ཅིར་ཡང་མ་གྲུབ་པའི་སྟོང་སང་ངེ་བ་ཅིག་ཡོད་དོ། དེ་ནི་ཆོས་ཀྱི་སྐུ་ཡིན་ནོ། སྟོང་པ་དེ་ཡང་སྟོང་པ་ཕྱལ་ཆད་དུ་མ་སོང་སྟེ། སྟོང་པའི་ངོ་བོ་འཇིགས་སུ་སྙམ་པའི་རིག་པ་ཧྲིག་གེ། གསལ་ལེ་བ་ཅིག་ཡོད་ཀྱི། དེ་ནི་ལོངས་སྤྱོད་རྫོགས་པའི་དགོངས་པ་ཡིན་ནོ། སྟོང་པ་དང་གསལ་བ་གཉིས་ཡ་མ་བྲལ་བ་སྟོང་པའི་ངོ་བོ་གསལ་བ། གསལ་བའི་ངོ་བོ་སྟོང་པ་དབྱེར་མི་ཕྱེད་པའི་རིག་པ་བརྗེན་པ་ཐེར་ལ་བུད་པ་ཅིག་ད་ལྟ་རང་གཟོ་མེད་ཀྱི་ངང་ལ་གནས་ནས་ཡོད་དོ། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ། དེ་ཡང་དེ་ཉིད་ཀྱི་རང་རྩལ་མ་འགགས་པར་ཅིར་ཡང་འཆར་བ་ཅིག་ཡོད་ཀྱི། དེ་ནི་ཐུགས་རྗེ་སྤྲུལ་པའི་སྐུ་ཡིན་ནོ། ཀྱཻ་རིགས་ཀྱི་བུ། དེ་ལྟར་མ་ཡེངས་པར་ཉོན་ཅིག། ངོ་ཤེས་པར་ཙམ་གྱི་སྐུ་བཞི་ཡོངས་རྫོགས་སུ་སངས་རྒྱ་བར་འགྱུར་རོ། མ་ཡེངས་ཅིག། སངས་རྒྱས་དང་སེམས་ཅན་གྱིས་མཚམས་འདི་ནས་ཕྱེད་པ་ཡིན་ནོ། དུས་ད་ལྟ་གལ་ཆེན་པོ་འདིའི་དུས་སུ་ཡེང་ན་ནི། དུས་རྟག་ཏུ་སྡུག་བསྔལ་གྱི་འདམ་ནས་ཐོན་པའི་དུས་མི་ཡོང་ངོ་། སྐད་ཅིག་གཅིག་གི་བྱེ་བྲག་ཕྱེད། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། ཞེས་པ་དེ་ད་རེས་ཡོད་པ་ཡིན་ནོ། ཁྱོད་རང་ལ་ཁ་སང་ཕན་ཆད་ཡེངས་ཤོར་བས་བར་དོ་དེ་ཙམ་ཅིག་ཤར་ཡང་ངོ་མ་འཕྲོད་པས་འཇིགས་སྐྲག་དེ་ཙམ་ཅིག་བྱུང་བ་ཡིན་ནོ། ད་ནི་ཡེངས་ཤོར་ན་ཐུགས་རྗེའི་སྤྱན་སྔར་ཐག་ཆད་ནས། ཐར་མེད་ཀྱི་གནས་སུ་འགྲོ་བས་གཟོབ་ཤིག། ཞེས་ངོ་སྤྲད་པས་གོང་དུ་ངོ་མ་འཕྲོད་ཀྱང་འདིར་ངོ་འཕྲོད་ནས་གྲོལ་བ་ཐོབ་པོ། དེ་ལྟར་སྒོམ་མི་ཤེས་པའི་མི་ནག་པ་ཡིན་ན། འདི་སྐད་བརྗོད་དོ། ཀྱཻ་རིགས་ཀྱི་བུ། དེ་ལྟར་སྒོམ་མ་ཤེས་ན། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཐུགས་རྗེ་ཆེན་པོ་རྣམས་དྲན་པར་གྱིས་ལ་གསོལ་བ་ཐོབ་ཅིག། འཇིགས་སྐྲག་གི་སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོའམ། ཁྱོད་རང་གི་ཡི་དམ་དུ་བསྒོམ་ཤིག། མི་ཡུལ་དུ་དབང་གང་ཞུས་པའི་མཚན་དང་། བླ་མ་དྲན་པར་གྱིས་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ་མ་ཞེད་ཅིག། གཡང་ས་གྲུལ་ཡང་མི་གནོད་པས་འཇིགས་སྐྲག་སྤོངས་ཤིག། ཅེས་བརྗོད་ལ་ངོ་སྤྲད་པས། ཡང་གོང་དུ་མ་གྲོལ་ཡང་འདིར་གྲོལ་བར་འགྱུར་རོ། ཡང་ངོ་སྤྲད་ཀྱང་མ་འཕྲོད་པ་སྲིད་པས་ནན་ཆགས་གལ་ཆེ་བའི་ཕྱིར་རོ།

ཡང་ཚེ་འདས་ཀྱི་མིང་ནས་བོས་ལ་འདི་སྐད་བརྗོད་དོ། ཀྱཻ་རིགས་ཀྱི་བུ། ད་ལྟ་སྣང་བ་ཡུད་ཙམ་རེས་བདེ་སྡུག་གིས་གནས་རྔམས་པོ་ཆེར་འཕངས་ནས་འོང་བས། དཔེར་ན། སྒྱོགས་ཀྱི་འཁྲུལ་འཁོར་དང་འདྲ་བས། ད་ལྟ་ཆགས་སྡང་གིས་སྣང་བ་ཡེ་ནས་མ་བྱེད་ཅིག། མཐོ་རིས་ཀྱི་སྣང་བར་ཤར་བའི་ཚེ། ཤུལ་དུ་ཉེ་བ་གསོན་པོ་རྣམས་ཀྱིས་གཤིན་པོའི་དོན་དུ་བསྔོས་ནས། སེམས་ཅན་མང་པོས་སྲོག་གཅད་དེ་མཆོད་སྦྱིན་བྱས་པས། ཁྱོད་མ་དག་པའི་སྣང་བ་ཤར་ཏེ། ཞེ་སྡང་དྲག་པོ་སྐྱེས་ནས། དེས་མཚམས་སྦྱོར་བྱས་ནས་དམྱལ་བར་སྐྱེ་བར་འགྱུར་བས། ཤུལ་དུ་ལས་ཅི་བྱས་ནས་འདུག་ཀྱང་ཁྱོད་རང་ཞེ་སྡང་མ་སྐྱེ་བར་བྱམས་པ་སྒོམ་ཤིག། ཡང་ཁྱོད་ཀྱིས་ཁྱོད་རང་གི་ཤུལ་གྱི་ནོར་རྫས་ལ་ཆགས་སེམས་སྐྱེས་པའམ། ཁྱོད་ཀྱི་ནོར་རྫས་གཞན་གྱི་དབང་བྱས་ནས་སྤྱོད་ཅིང་འདུག་པ་ཤེས་ནས། ཁྱོད་ནོར་དེ་རྣམས་ལ་ཆགས་ཤིང་ཤུལ་གྱི་མི་ཚོ་ལ་སྡང་བ་སྐྱེས་པས། དེའི་ཚམས་བྱས་ནས་མཐོ་རིས་ཐོབ་རྒྱུ་ཡང་དམྱལ་བའམ། ཡི་དྭགས་སུ་ངེས་པར་སྐྱེ་བར་འགྱུར་བས། དེ་བས་ཁྱོད་རང་ཤུལ་གྱི་ནོར་ལ་ཆགས་ཀྱང་བཟའ་དབང་ནི་མེད། ཁྱོད་རང་ལ་ཕན་ནི་མི་ཐོགས་པས། ཤུལ་གྱི་ནོར་ལ་ཆགས་པ་དང། ཞེན་པ་སྤོངས། ལིངས་ཀྱིས་བསྐྱུར། ཁོ་ཐག་ཆོད། ཁྱོད་རང་གི་ནོར་ལ་སུས་སྤྱོད་ནས་འདུག་ཀྱང་། སེར་སྣ་མ་བྱེད་པར་བློས་ཐོངས་པར་གྱིས་ཤིག། བླ་མ་དཀོན་མཆོག་ལ་འབུལ་ལོ། སྙམ་པའི་མདུན་པ་གྱིས་ལ། ཆགས་མེད་ཞེན་མེད་ཀྱི་ངང་ལ་གནས་པར་བགྱིས་ཤིག། ཡང་ཁྱོད་ཀྱི་དོན་དུ་གཤིན་པོའི་ཆོ་ག་ཀང་ཀ་ནི་འདོན་པ་དང་། ངན་སོང་སྦྱོང་བ་ལ་སོགས་པ་ཁྱོད་ཀྱི་དོན་དུ་བྱས་ཀྱང་། དེ་མ་དག་པ་དང་། གཡེང་བ་ལ་སོགས་པ་བྱས་པ་དང་། དམ་ཚིག་དང་སྡོམ་པ་མི་གཙང་བ་དང་། བག་མེད་པའི་སྤྱོད་པ་དེ་ཁྱོད་ཀྱི་མངོན་ཤེས་ཕྲ་མོས་མཐོང་ནས་འོང་གི། དེ་ལ་ཁྱོད་མ་དད་པ་དང་། ལོག་ལྟ་སྐྱེས་པ་དང་། འཇིགས་ཤིང་སྐྲག་ནས་ལས་ནག་པོ་ལ་སོགས་པ་དང་། ཆོས་སྤྱོད་དང་ཆོ་ག་མ་དག་པ་རྣམས་ཀྱང་ཤེས་ནས་འོང་གི། དེར་ཁྱོད་ཀྱི་བསམ་པ། ཀྱེ་མ། འདི་རྣམས་ཀྱིས་བདག་བསླུས་སོ། ངེས་པར་བསླུས་སོ་སྙམ་ནས་ཤིན་ཏུ་ཡི་མུག་སྟེ། མི་དགའ་བ་ཆེན་པོ་དང་བཅས་ཏེ། དག་སྣང་མོས་གུས་མ་སྐྱེས་ཀྱི་སྟེང་དུ། ལོག་ལྟ་དང་མ་དད་པ་སྐྱེས་ནས་འོང་བས། དེས་མཚམས་སྦྱོར་བྱས་ནས་ངེས་པར་ངན་སོང་དུ་འགྲོ་བས། དེ་ལ་ཕན་པ་ལས་གནོད་པ་ཆེ་བ་ཡིན་གྱི། ཁྱོད་རང་ཤུལ་གྱི་བཤེས་གཉེན་པ་རྣམས་ཀྱི་ཆོས་སྤྱོད་མ་དག་པ་ཇི་ལྟར་བྱེད་ནས་འདུག་ཀྱང་། ག་རེ་ང་རང་སྣང་བ་མ་དག་པ་ཡིན། རྒྱལ་བའི་གསུང་ལ་མ་དག་པ་ག་ལ་སྲིད། རང་གི་བྱད་ཀྱི་དྲི་མ་མེ་ལོང་ཁ་ནང་དུ་མཐོང་བ་དང་། བདག་རང་སྣང་མ་དག་པ་ཡིན། འདི་རྣམས་ནི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཀྱི་ངོ་བོ་ཡིན་པས། སྐྱབས་སུ་མཆིའོ་སྙམ་པའི་མོས་པ་དང་། དག་སྣང་ཞེ་ཐག་པ་ནས་གྱིས་ཤིག། དེས་ནི་ཁྱོད་རང་གི་ཤུལ་དུ་ཅི་བྱས་པ་རྣམས་ཁྱོད་ལ་ཕན་པར་ངེས་པས། དེ་ལྟར་དག་སྣང་བྱེད་པ་གལ་ཆེ་བས་མ་བརྗེད་པར་གྱིས་ཤིག། དེ་ཡང་ཁྱོད་ངན་སོང་དུ་སྐྱེ་རྒྱུ་ཡིན་ན། ངན་སོང་སྣང་བ་འཆར་བའི་ཚེ། ཤུལ་དུ་ཉེ་འབྲེལ་རྣམས་ཀྱི་སྡིག་པ་དང་མ་འདྲེས་པའི་དཀར་པོའི་ཆོས་སྤྱོད་དང་། བླ་མ་སློབ་དཔོན་རྣམས་ཀྱིས་ཀྱང་ལུས་ངག་ཡིད་གསུམ་དགེ་བས་ཆོ་ག་རྣམས་དག་པར་བྱས་པ་དེ་མཐོང་ནས། ཁྱོད་དེ་ལ་སྤྲོ་དགའ་ཆེན་པོ་སྐྱེས་པ་ཙམ་གྱིས། དེས་མཚམས་སྦྱོར་བྱས་ནས་ངན་སོང་དུ་ལྟུང་རྒྱུ་ཡང་མཐོ་རིས་ངེས་པར་ལྡོག་པས་ཕན་ཡོན་ཡོད་པས། ཁྱོད་རང་མ་དག་པའི་སྣང་བ་མ་སྐྱེ་ཅིག། དག་སྣང་མོས་གུས་ཕྱོགས་མེད་བྱེད་པ་གལ་ཆེ་བས་གཟོབས་ཤིག། ཀྱཻ་རིགས་ཀྱི་བུ། མདོར་ན་ཁྱོད་བར་དོའི་རིགས་པ་ལ་བརྟེན་མེད་པས་ཡང་ཤིང་གཡོ་བ་དེ་ལ་དགེ་མི་དགེའི་སྣང་བ་གང་ཤར་བ་དེ་སྟོབས་ཆེ་བ་ཡིན་པས། མི་དགེ་བ་ཡིད་ལ་མ་བྱེད་པར། ཁྱོད་རང་གི་དགེ་སྦྱོར་ཡོད་ན་དྲན་པར་གྱིས་ལ། དགེ་སྦྱོར་མེད་ནའང་དག་སྣང་མོས་གུས་ཀྱིས་ཡི་དམ་གྱི་ལྷ་དང། ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག། འདུན་པ་དྲག་པོས་སྨོན་ལམ་འདི་ཐོབ་ཅིག།

ཀྱེ་མ། དགའ་བའི་གྲོགས་དང་བྲལ་ནས་ཅིག་པོར་འཁྱམས། རང་སྣང་སྟོང་པའི་གཟུགས་བརྙན་ཤར་དུས་འདིར།
སངས་རྒྱས་རྣམས་ཀྱིས་ཐུགས་རྗེའི་ཤུགས་ཕྱུང་ནས། དངངས་སྐྲག་བར་དོའི་འཇིགས་པ་མི་འབྱུང་ཤོག།
ལས་ངན་དབང་གིས་སྡུག་བསྔལ་མྱོང་ཙ་ན། ཡི་དམ་ལྷ་ཡི་སྡུག་བསྔལ་སེལ་བར་ཤོག།
ཆོས་ཉིད་རང་སྒྲ་འབྲུག་སྟོང་ལྡིར་ཙ་ན། ཐམས་ཅད་ཡིག་དྲུག་སྒྲ་རུ་འགྱུར་བར་ཤོག།
སྐྱབས་མེད་ལས་ཀྱི་རྗེས་སུ་འབྲེང་དུས་འདིར། ཐུགས་རྗེ་ཆེན་པོས་བདག་ལ་སྐྱབས་ཏུ་གསོལ།
བག་ཆགས་ལས་ཀྱི་སྡུག་བསྔལ་མྱོང་དུས་འདིར། འོད་གསལ་བདེ་བའི་ཏིང་འཛིན་འཆར་བར་ཤོག།

དེ་སྐད་དུ་སྨོན་ལམ་དྲག་པོ་ཐོབ་ཅིག། ལམ་སྣ་འདྲེན་ངེས། མི་སླུ་ངེས་པར་ཐག་ཆོད་ཀྱིས། ཤིན་ཏུ་གལ་ཆེའོ། ཞེས་བརྗོད་པས། ཡང་དྲན་པ་བརྙེད་ནས་ངོས་ཟིན་ནས་གྲོལ་བ་ཐོབ་པར་འགྱུར་རོ། ཡང་དེ་ལྟར་ལན་མང་དུ་བྱས་ཀྱང་། ལས་ངན་པ་ཤས་ཆེ་བའི་སྟོབས་ཀྱིས་ངོ་འཕྲོད་པ་དཀའ་བས། ད་རུང་ལན་མང་དུ་སྐྱོར་ན་ཕན་ཆེ་བས།

ཡང་ཚེ་འདས་ཀྱི་མིང་ནས་ལན་གསུམ་བོས་ལ་འདི་སྐད་བརྗོད་དོ། ཀྱཻ་རིགས་ཀྱི་བུ། གོང་གི་དེ་རྣམས་ལ་དྲན་པ་མ་ཟིན་ན། དུས་འདི་ནས་ཚེ་སྔ་མའི་ལུས་དེ་མི་གསལ་དུ་འགྲོ་ཞིང་། ཕྱི་མའི་ལུས་དེ་གསལ་དུ་སོང་ནས། དེ་ལ་སྐྱོ་ནས། ང་འདི་ལྟ་བུའི་སྡུག་བསྔལ་བ། ད་ལུས་ཅི་འདྲ་ཅིག་བྱུང་ཡང་འཚོལ་བསམ་ནས། གར་བྱུང་བྱུང་དུ་ཕྱད་ཕྱོད་ལང་ལིང་ལ་ཕྱིན་པས། འགྲོ་བ་རིགས་དྲུག་གི་འོད་དྲུག་འཆར་ཏེ། ལས་ཀྱི་གང་དུ་སྐྱེ་བ་དེ་གཙོ་ཆེར་འཆར་དུ་འོང་ངོ་། ཀྱཻ་རིགས་ཀྱི་བུ། ཉོན་ཅིག། འོད་དྲུག་པོ་དེ་གང་ཞེ་ན། ལྷའི་འོད་དཀར་པོ་བཀྲག་མེད་ཅིག་འཆར་དུ་འོང་ངོ་། ལྷ་མ་ཡིན་གྱི་འོད་དམར་པོ་བཀྲག་མེད་ཅིག་འཆར་དུ་འོང་ངོ། མིའི་འོད་སྔོན་པོ་བཀྲག་མེད་ཅིག་འཆར་དུ་འོང་ངོ། དུད་འགྲོའི་འོད་ལྗང་ཁུ་བཀྲག་མེད་ཅིག་འཆར་དུ་འོང་ངོ། ཡི་དྭགས་ཀྱི་འོད་སེར་པོ་བཀྲག་མེད་ཅིག་འཆར་དུ་འོང་ངོ། དམྱལ་བའི་འོད་དུ་ཁ་སྟེ་འོད་དྲུག་པོ་དེ་དག་འབྱུང་ངོ། དེ་ཙ་ན་ལས་ཀྱི་མདོག་ཀྱང་གང་དུ་སྐྱེ་བའི་འོད་ཀྱི་མདོག་དུ་འོང་ངོ་། ཀྱཻ་རིགས་ཀྱི་བུ། འདིའི་དུས་སུ་གདམས་ངག་གི་གནད་ཤིན་ཏུ་གལ་ཆེ་སྟེ། དེའི་དུས་སུ་འོད་དེ་ཐུགས་རྗེ་ཆེན་པོར་སྒོམས་ཤིག། འོད་ནམ་བྱུང་བྱུང་དུ་ཐུགས་རྗེ་ཆེན་པོ་ཡིན་ནོ་སྙམ་དུ་བསྒོམས་ཤིག། འདི་ཤིན་ཏུ་གནད་ཟབ་པ་ཡིན་ཏེ། འདི་གལ་ཆེ་སྟེ་སྐྱེ་བ་ཁེགས་པར་འགྱུར་རོ། ཡང་ན་ཁྱོད་རང་གི་ཡི་དམ་གྱི་ལྷ་གང་ཡིན་པ་དེ་སྒྱུ་མ་ལྟ་བུ་སྣང་ལ་རང་བཞིན་མེད་པར་ཡུན་རིང་དུ་སྒོམ་ཤིག། དེ་ནི་རྒྱུ་མ་ལྟ་བུ་ཞེས་བྱའོ། དེ་ནས་ཡི་དམ་མཐའ་ནས་ཡལ་ཏེ། ཅིར་ཡང་མ་གྲུབ་པའི་སྟོང་གསལ་འཛིན་པ་མེད་པའི་ངང་ལ་ཞོག་ཅིག། ཡང་ཡི་དམ་སྒོམས། ཡང་འོད་གསལ་སྒོམས། དེ་ལྟར་རེ་མོས་སུ་སྒོམས་ལ། དེ་རྗེས་རིགས་པ་ཡང་མཐའ་ནས་ཡལ་ཏེ། ནམ་མཁས་གར་ཁྱབ་དུ་རིག་པས་ཁྱབ། རིག་པས་གར་ཁྱབ་དུ་ཆོས་སྐུས། ཆོས་སྐུ་འགགས་མེད་སྤྲོས་བྲལ་གྱི་ངང་ལ་ཆམ་མེར་བཞག་གོ། དེའི་ངང་ལ་སྐྱེ་བ་ཁེགས་ནས་སངས་རྒྱས་པར་འགྱུར་རོ། དེ་ཡང་སྦྱངས་པ་ཤིན་ཏུ་ཞན་པའི་གོམས་འདྲིས་མེད་པ་རྣམས་ཀྱིས་མི་ཟིན་པས། ཡང་འཁྲུལ་ཏེ། མངལ་སྒོ་འགྲིམ་པར་འགྱུར་བས། མངལ་སྒོ་བཀག་པའི་གདམས་པ་གལ་ཆེ་བས།

ཡང་ཚེ་འདས་ཀྱི་མིང་ནས་བོད་ལ་འདི་སྐད་མརྗོད་དོ། ཀྱཻ་རིགས་ཀྱི་བུ། གོང་ལྟར་ངོས་མ་ཟིན་ན། འདིའི་དུས་སུ་ལས་ཀྱི་དབང་གིས། གྱེན་ལ་འགྲོ་བ་དང་། འཕྲེད་ལ་འགྲོ་བ་དང་། མགོ་མཐུར་ལ་རྟེན་ནས་འགྲོ་བའི་སྣང་བ་འཆར་སྟེ། དེ་ཙ་ན་ཁྱོད་རང་ཐུགས་རྗེ་ཆེན་པོ་སྒོམས་ཤིག། དྲན་པར་གྱིས་ཤིག། དེ་ནས་གོང་དུ་བཤད་པ་ལྟར། རླུང་ཚུབ་དང་། བུ་ཡུག་དང་། སེར་བ་དང་། གནམ་རྨུགས་པ་དང། མི་མང་པོས་དེད་པའི་སྣང་བ་ཤར་ནས། དེ་ལ་བྲོས་པས། བསོད་ནམས་མི་ལྡན་པ་རྣམས་ལ་ནི། སྡུག་བསྔལ་གྱི་གནས་སུ་བྲོས་པའི་སྣང་བ་འབྱུང། བསོད་ནམས་ཅན་ལ་ནི་བདེ་བ་དང་ལྡན་པའི་གནས་སུ་སླེབ་པའི་སྣང་བ་འབྱུང་བས། དུས་དེ་ཙ་ན། རིགས་ཀྱི་བུ། གླིང་བཞི་གང་དུ་སྐྱེ་བའི་རྟགས་རྣམས་དུས་འདིར་འཆར་དུ་འོང་བས། འདིའི་དུས་སུ་གདམས་ངག་གི་གནད་ཤིན་ཏུ་ཟབ་པ་མང་པོ་ཡོད་པས་མ་ཡེངས་པར་ཉོན་ཅིག། གོང་གི་ངོ་སྤྲོད་གནད་དེ་རྣམས་མ་ཟིན་ནའང་། འདིར་སྦྱངས་པ་ཤིན་ཏུ་ཞེན་པར་གྱུར་པས་ཀྱང་གནད་ངོས་ཟིན་དུ་འོང་བས་ཉོན་ཅིག། ད་ནི་འདིའི་དུས་སུ་མངལ་སྒོ་བཀག་པའི་ཐབས་ལ་གཟབ་པ་གལ་ཆེ། དེ་ལ་བསྒག་ཐབས་གཉིས་ཡོད་དོ། འཇུག་བྱེད་ཀྱི་གང་ཟག་བསྒག་པ་དང་། འཇུག་བྱའི་མངལ་སྒོ་བསྒག་པ་གཉིས་ཡོད་དོ། དེ་ལ་འཇུག་བྱེད་ཀྱི་གང་ཟག་བསྒག་པའི་གདམས་ངག་ནི།

ཀྱཻ་རིགས་ཀྱི་བུ། ཆེ་གེ་མོ་ཁྱོད་རང་གི་ཡི་དམ་གང་ཡིན་པ་དེ་སྣང་ལ་རང་བཞིན་མེད་པར་ཆུ་ནང་གི་ཟླ་བ་ལྟ་བུ་ཝལ་གྱིས་སྒོམས་ཤིག། དེ་ནས་ཡི་དམ་མཐའ་ནས་ཡལ་སྟེ། ཅི་ལ་ཡང་མི་དམིགས་པའི་འོད་གསལ་སྟོང་པར་སྒོམས་ཤོག། དེ་ནི་གནད་ཟབ་མོ་ཡིན་ཏེ། དེས་མངལ་དུ་མི་འཇུག་གསུངས་པས་དེ་ལྟར་སྒོམས་ཤིག། གལ་ཏེ་དེས་ཀྱང་མ་ཁེགས་པས་མངལ་དུ་འཇུག་པའི་གྲབས་བྱུང་ན། ཡང་འཇུག་བྱའི་མངལ་སྒོ་འགག་པའི་གདམས་ངག་ཟབ་མོ་ཡོད་པས། ཁྱོད་རང་ཉོན་ཅིག། བར་དོའི་རྩ་ཚིག་གི་ནང་ནས་འདི་སྐད་གསུངས་ཏེ། ཁྱེད་རང་ངའི་རྗེས་བཟློས་གྱིས་ཤིག།

ཀྱེ་མ། བདག་ལ་སྲིད་པ་བར་དོ་ཤར་དུས་འདིར། འདུན་པ་རྩེ་གཅིག་སེམས་ལ་བཟུང་བྱས་ནས།
བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་འཐུད། མངལ་སྒོ་བཀག་ནས་རུ་ལོག་དྲན་པར་བྱ།
སྙིང་རུས་དག་སྣང་དགོས་པའི་དུས་ཅིག་ཡིན། མིག་སེར་སྤངས་ནས་བླ་མ་ཡབ་ཡུམ་སྒོམས།

ཞེས་ཁ་ནས་དེ་སྐད་ལྷང་ལྷང་བརྗོད་ལ་དྲན་བསྐུལ་གྱིས་ལ་དེའི་དོན་སྒོམས་ཉམས་སུ་ལེན་ལག་ལ་ཆེའོ། དེའི་དོན་ནི་བདག་སྲིད་པ་བར་དོ་འཆར་དུས་འདིར། ཞེས་པ་ནི་ཁྱོད་རང་ད་ལྟ་སྲིད་པ་བར་དོར་འཁྱམས་བརྡོ་བ་ཡིན་ནོ། དེའི་རྟགས་སུ་ཁྱོད་རང་ཆུ་ནང་དུ་ལྟོས་དང། ཁྱོད་རང་གི་བྱད་མི་མཐོང་ངོ། ལུས་ལ་གྲིབ་མ་ཡང་མེད་དོ། དེ་ནི་བརྡོས་བྱས་ཤ་ཁྲག་གི་ལུས་མེད་པར། སྲིད་པ་བར་དོར་ཡིད་ལུས་འཁྱམས་པའི་རྟགས་ཡིན་པས། ད་ནི་འདུན་པ་རྩེ་གཅིག་ཏུ་མ་ཡེངས་པར་སེམས་བཟུང་དགོས་ཏེ། ད་ལྟ་ནི་འདུན་པ་ཁོ་ན་གཙོ་ཆེ་བ་ཡིན་ནོ། རྟ་ཁ་སྲབ་ཀྱིས་བསྒྱུར་བ་དང་འདྲའོ། འདུན་པ་གང་གཏད་པ་དེ་འགྲུབ་ནས་འོང་ངོ་། ངན་པའི་ལས་རྣམས་ཡིད་ལ་མ་འགྱུར་བ། མི་ཡུལ་དུ་ཆོས་དང་གདམས་ངག། དབང་དང་བཀའ་ལུང་། བར་དོ་ཐོས་གྲོལ་ལ་སོགས་པ་གང་ལ་འབྲེལ་བ་ཡོད་པ་དེ་རྣམས་ད་ལྟ་དྲན་པར་གྱིས་ལ། བཟང་པོ་ལས་ཀྱི་འཕྲོ་ལ་ནན་ཏན་གྱིས་ལ་མཐུད་ཅིག་ཤིན་ཏུ་གལ་ཆེའོ། མ་བརྗེད་ཅིག། མ་ཡེངས་ཤིག། ཡར་འགྲོ་མར་འགྲོའི་ས་འཚམས་དུས་ད་རེས་ཡིན་ནོ། ལེ་ལོ་དར་ཅིག་ཤོར་བས་དུས་གཏན་དུ་སྡུག་བསྔལ་མྱོང་བའི་དུས་ད་རེས་ཡིན་ནོ། མདུན་པ་སྐད་ཅིག་བཟུང་བས་བདེ་བ་གཏན་དུ་འོང་བའི་དུས་ད་རེས་ཡིན་ནོ། འདུན་པ་རྩེ་གཅིག་སེམས་ལ་ཟུངས་ཤིག། བཟང་པོའོ་ལས་ཀྱི་འཕྲོ་ལ་ནན་གྱིས་མཐུད་ཅིག། ད་ནི་མངལ་སྒོ་བཀག་པའི་དུས་ལ་བབ་པོ། མངལ་སྒོ་བཀག་ནས་རུ་ལོག་དྲན་པར་བྱ། སྙིང་རུས་དག་སྣང་དགོས་པའི་དུས་གཅིག་ཡིན། ཅེས་གསུངས་པ་དེ་དུས་ད་ལྟ་དུས་ལ་བབ་པས། དང་པོ་མངལ་སྒོ་བཀག་པར་བྱ་སྟེ། དེ་ཡང་འགག་ཐབས་རྣམ་པ་ལྔ་ཡོད་པས། སེམས་ལ་ལེགས་པར་ཟུངས་ཤིག།

ཀྱཻ་རིགས་ཀྱི་བུ། འདིའི་དུས་སུ་ཕོ་མོ་ཆགས་པ་སྤྱོད་པར་ཐོང་བའི་སྣང་བ་ཁྱོད་ལ་འོང་ངོ་། དེ་མཐོང་བའི་དུས་སུ་དེའི་བར་ལ་མ་འཇུག་པར་དྲན་པས་བཟུང་ལ། ཕ་མ་གཉིས་པོ་བླ་མ་ཡབ་ཡུམ་གཉིས་སུ་སྒོམས་ལ་ཕྱག་འཚལ། ཡིད་ཀྱིས་མཆོད་པ་སྤྲུལ་ལ་འབུལ། མོས་གུས་དྲག་པོ་གྱིས་ལ། ཆོས་ཞུ་སྙམ་པའི་འདུན་པ་བཏད་བ་ཙམ་གྱིས་མངལ་སྒོ་ངེས་པར་ཁེགས་པར་འགྱུར་རོ། གལ་ཏེ་དེས་ཀྱང་མ་ཁེགས་པར་མངལ་དུ་འཇུག་པའི་གྲབས་བྱུང་ན། བླ་མ་ཡབ་ཡུམ་གཉིས་པོ་དེ་ཡི་དམ་གང་ཡང་རུང་བའམ། ཡི་དམ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྒོམས་ལ། དེ་ལ་མཆོད་པ་ཡིད་ཀྱི་སྤྲུལ་ནས་འབུལ་ལོ། བདག་ལ་དངོས་གྲུབ་ཞུ་མཉམ་པའི་མདུན་པ་དྲག་པོ་གྱིས་ཤིག། དེས་ནི་མངལ་སྒོ་ཁེགས་པར་འགྱུར་རོ། ཡང་དེས་ཀྱང་མ་ཁེགས་པར་མངལ་དུ་འཇུག་པའི་གྲབས་བྱུང་ན། གསུམ་པ་ཆགས་སྡང་བཟློག་པའི་གདམ་པ་བསྟན་སྟེ། དེ་ཡང་སྐྱེ་བ་རྣམ་པ་བཞི་ཡོད་པ་ལ། སྒོང་སྐྱེས་དང་། མངལ་སྐྱེས་དང་། རྫུས་སྐྱེས་དང་། དྲོད་གཤེར་ལས་སྐྱེས་པ་དང་བཞི་ཡོད་དོ། དེ་ལ་སྒོང་སྐྱེས་དང་། མངལ་སྐྱེས་གཉིས་ཆ་མཐུན་ཏེ། གོང་ལྟར་ཕོ་མོ་གཉིས་འཁྲིག་པ་སྤྱོད་པ་མཐོང་ནས་འོང་སྟེ། དེའི་དུས་སུ་ཆགས་སྡང་གི་མངལ་དུ་འཇུག་ནས། རྟ་དང་བྱ་ཁྱི་མི་ལ་སོགས་པ་གར་སྐྱེ་ཡང་རུང་སྟེ། གལ་ཏེ་ཕོར་སྐྱེ་ན་ནི་རང་ཉིད་ཕོ་ཡི་སྣང་བ་འཆར་སྟེ། ཕ་ལ་ཞེ་སྡང་དྲག་པོ་སྐྱེ་ཞིང་། མ་ལ་མིག་སེར་དང་ཆགས་པ་སྐྱེ་བའི་སྣང་བ་འོང་ངོ་། གལ་ཏེ་མོར་སྐྱེས་ན་ནི་རང་ཉིད་མོའི་སྣང་བ་འཆར་སྟེ། མ་ལ་ཕྲག་དོག་དང་མིག་སེར་དྲག་པོ་སྐྱེ་ཞིང་། ཕ་ལ་ཆགས་པ་དང་གདུང་སེམས་དྲག་པོ་སྐྱེས་ཤིང་། དེས་རྐྱེན་བྱས་ཏེ། ཁའི་ནམ་ལ་ཞུགས་ནས། ཐིག་ལེ་དཀར་དམར་འཕྲད་པའི་དབུས་སུ། ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་ནས། བདེ་བའི་ངང་ལ་ཤེས་པ་རྒྱལ་ལོག་གིས་སོང་ནས། མེར་མེར་པོ་དང་། ནུར་ནུར་པོ་ལ་སོགས་པ་ལུས་སྨིན་དེ་མའི་མངལ་ནས་ཕྱིར་ཐོན་པའམ། མིག་ཕྱེད་པ་དང་། ཁྱི་གུ་ཅིག་ཏུ་ལོག་གིས་སོང་ནས་དང་པོ་མི་ཡིན་པ་ལ་དེ་དུས་ཁྱིར་སོང་ནས། ཁྱིའི་ཚང་ན་སྡུག་བསྔལ་བའམ། དེ་བཞིན་དུ་ཕག་གི་ཚང་ངམ། གྲོགས་སྦུར་གྱི་ཚང་ངམ། འབུ་སྲིན་གྱི་ཚང་ངམ། བ་གླང་དང་ར་ལུག་ལ་སོགས་པའི་ཕྲུ་གུར་སྐྱེས་ཏེ། ཚུར་ལོག་པ་ནི་མེད། ཤིན་ཏུ་བླུན་ཞིང་གཏི་མུག་པའི་ངང་ནས་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བར་འགྱུར་རོ། དེ་ལྟར་དམྱལ་བ་དང་། ཡི་དྭགས་ལ་སོགས་པ་འགྲོ་བ་རིགས་དྲུག་དུ་འཁོད་དོ། སྡུག་བསྔལ་དཔག་ཏུ་མེད་པས་ཉམས་ཐགས་པར་འགྱུར་རོ། འདི་ལས་དཔལ་སྟོབས་ཆེ་བའམ། འདི་ལས་ཞེ་འཇིགས་པ་མེད་ན། ཨ་རྫི། འཇིགས་པ། ཨ་ཚི་ཚི། ཨ་རྫི། དེ་བས་བླ་མ་དམ་པའི་གདམ་ངག་མེད་པ་རྣམས་ཚུལ་དེ་ལྟར་འཁོར་བའི་གཡང་ས་ཆེན་པོ་ལྟུང་སྟེ། སྡུག་བསྔལ་རྒྱུན་ཆད་མེད་པས་མནར་བར་འགྱུར་བས། དེ་བས་ན་ངའི་ཁ་ལ་ཉོན་ཅིག། ངའི་གདམ་ངག་འདི་ཡིད་ལ་བཟུང་ཅིག། ད་ནི་ཆགས་སྡང་བཟློག་ནས་མངལ་སྒོ་བསྒག་པའི་གདམ་ངག་ཅིག་བསྟན་ནོ། ཉོན་ལ་ཡིད་ལ་བཟུང་ཅིག། དེ་ཡང་མངལ་སྒོ་བཀག་ནས་རུ་ལོག་དྲན་པར་བྱ། སྙིང་རུས་དག་སྣང་དགོས་པའི་དུས་ཅིག་ཡིན། མིག་སེར་སྤངས་ནས་བླ་མ་ཡབ་ཡུམ་བསྒོམས། ཞེས་གསུངས་པ་ཡིན་པས། གོང་དུ་ཕོ་རུ་སྐྱེ་ན་མ་ལ་ཆགས་ཤིང་ཕ་ལ་སྡང་། མོ་རུ་སྐྱེ་ན་ཕ་ལ་ཆགས་ཤིང་མ་ལ་སྡང་ནས་མིག་སེར་སྐྱེ་བའི་སྣང་བ་འོང་ངོ་། དེའི་གདམ་ངག་ཟབ་མོ་ཅིག་ཡིན་ན། ཀྱཻ་རིགས་ཀྱི་བུ། འདེ་ལྟ་བུའི་ཆགས་སྡང་བྱུང་བའི་ཚེ། འདི་ལྟར་སྒོམས་ཅིག། ཀྱཻ་མ་བདག་ལྟ་བུའི་སེམས་ཅན་ལས་ངན་པས། དེང་འཁོར་བར་འཁྱམས་པ་ཡང་ཆགས་སྡང་གཉིས་ལ་བརྟེན་ནས་འཁྱམས་པ་ཡིན། ད་རུང་ཡང་འདི་ལྟ་བུའི་ཆགས་སྡང་བྱས་ན་ནི། འཁོར་བ་ཐུག་པ་མེད་པར་འཁྱམས་ནས་སྡུག་བསྔལ་གྱི་རྒྱ་མཚོ་ལ་ཡུན་རིངས་སུ་བྱིང་ཉེན་ཡོད་པས། ད་ནི་ཆགས་སྡང་ཡེ་ནས་མི་བྱ་དགོས་ཨ་ཙ་མ། ད་ནི་ཆགས་སྡང་བྱེད་རི་ཀན་སྙམ་པའི་འདུན་པ་དྲག་པོས་སེམས་ལ་བཟུང་བས། དེ་རང་གིས་མངལ་སྒོ་ཁེགས་པར་རྒྱུད་ནས་གསུངས་འདུག་པས། ཀྱཻ་རིགས་ཀྱི་བུ། མ་ཡེངས་ཤིག་འདུན་པ་རྩེ་གཅིག་སེམས་ལ་བཟུང་ཤིག། ཡང་དེ་ལྟར་བྱས་ཀྱང་མངལ་སྒོ་མ་ཁེགས་པར། མངལ་དུ་འཇུག་པའི་གྲབས་བྱུང་ན། ཡང་བདེན་མེད་སྒྱུ་མ་ལྟ་བུའི་གདམ་ངག་གིས་མངལ་སྒོ་བཀག་པར་བྱའོ། ཀྱཻ་མ་ཕ་མ་ཡབ་ཡུམ་གཉིས་དང་། ཆར་ནག་རླུང་ཚུབ་དང་། འུར་ཆེམས་དང་། འཇིགས་སྐྲག་གི་སྣང་བ་དང་། སྣང་ཞིང་སྲིད་པའི་དངོས་པོ་འདི་རྣམས་ཐམས་ཅད་ཀྱི་རང་བཞིན་སྒྱུ་མ་ལྟ་བུ་ཡིན། ཇི་ལྟར་ཤར་ཡང། བདེན་པ་དང་། དངོས་པོ་ཐམས་ཅད་མི་བདེན་རྫུན་བུ་ཡིན། སྨིག་རྒྱུ་དང་འདྲ། རྟག་པ་མ་ཡིན། ཐེར་ཟུག་པ་མ་ཡིན། ཆགས་ན་ཅི་བྱེད། མེད་པ་ལ་ཡོད་པ་མཐོང་བ་ཡིན། འདི་རྣམས་ཐམས་ཅད་རང་གི་སེམས་ཀྱི་སྣང་བ་ཡིན། སེམས་ཉིད་སྒྱུ་མ་ལྟ་བུ་ཡེ་ནས་མེད་པ་ལ། ཕྱི་རོལ་དུ་དེ་ལྟ་བུ་ག་ནཡོད། བདག་ནི་སྔོན་ཆད་དེ་ལྟར་མ་རྟོགས་པས། མེད་པ་ལ་ཡོད་པར་བཟུང་། མི་བདེན་པ་ལ་དོན་དུ་བཟུང་། སྒྱུ་མ་ལ་བདེན་པར་བཟུང་བས་ཡུན་འདི་རྙེད་ཅིག་འཁོར་བར་འཁྱམས་པ་ཡིན། ད་རུང་ཡང་སྒྱུ་མར་མ་ཤེས་ན་འཁོར་བར་ཡུན་རིང་དུ་འཁྱམས་ནས་སྡུག་བསྔལ་སྣ་ཚོགས་ཀྱི་འདམ་དུ་ཚུད་ངེས་པས། ད་ནི་འདི་རྣམས་ཐམས་ཅད་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ། བྲག་ཆ་ལྟ་བུ། དྲི་ཟའི་གྲོང་ཁྱེར་ལྟ་བུ། སྨིག་སྒྱུ་ལྟ་བུ། གཟུགས་བརྙན་ལྟ་བུ། མིག་ཡོར་ལྟ་བུ། ཆུ་ཟླ་ལྟ་བུར་བདེན་པར་སྐད་ཅིག་ཀྱང་གྲུབ་པ་མེད། ངེས་པར་མི་བདེན་བརྫུན་པ་ཡིན་ནོ། འདུན་པ་རྩེ་གཅིག་ཏུ་བཟུང་བས། བདེན་འཛིན་ཞིག་ནས་དེ་ལྟར་རྒྱུད་ལ་ཁེལ་ནས་བདག་འཛིན་ལྡོག་གོ། དེ་ལྟ་བུ་ཞེ་ཐག་པ་ནས་བརྫུན་པར་ཤེས་ནས། མངལ་སྒོ་ངེས་པས་ཁེགས་པར་འགྱུར་རོ། ཡང་དེ་ལྟར་བྱས་ཀྱང་བདེན་འཛིན་མ་ཞིག་ཏེ། མངལ་སྒོ་མ་ཁེགས་པར་མངལ་དུ་འཇུག་པའི་གྲབས་བྱུང་ན།

ཡང་གདམས་ངག་ཟབ་མོ་གཅིག་ཡོད་དོ། ཀྱཻ་རིགས་ཀྱི་བུ། ཁྱོད་ཀྱི་དེ་ལྟར་བྱས་ཀྱང་མངལ་སྒོ་མ་ཁེགས་ན། ད་ནི་ལྔ་པ་འོད་གསལ་སྒོམས་ནས་མངལ་སྒོ་བསྒག་པར་བྱ་སྟེ། དེ་ཡང་སྒོམས་ལུགས་འདི་ལྟར་བྱའོ། ཀྱཻ་མ་དངོས་པོ་ཐམས་ཅད་རང་གི་སེམས་ཡིན། སེམས་ཉིད་འདི་ནི་སྐྱེ་འགག་དང་བྲལ་བའི་སྟོང་པ་ཉིད་ཡིན་ནོ། སྙམ་དུ་བསམ་ལ། སེམས་ལ་བཅོས་བསླད་མི་བྱ་བར། དཔེར་ན་ཆུ་ལ་ཆུ་བཞག་པ་བཞིན་དུ། སེམས་ཁོ་རང་གི་ཐོག་དུ་རང་ལུགས་སུ་ཅོན། རང་བབས་སུ་ལྷོད་དེ། ཡེ་རེ། ཤིག་གེ། མ་བཅོས་པར་ཀློད་ནས་བཞག་ནས། སྐྱེ་བ་རྣམ་པ་བཞིའི་མངལ་སྒོ་ངེས་པར་ཁེགས་ཐག་ཆོད་དོ། དེ་ལྟར་ཡང་ནས་ཡང་དུ་མ་ཁེགས་ཀྱི་བར་དུ་སྒོམས་ཤིག། དེ་ཡན་ཆད་མངལ་སྒོ་བཀག་པའི་གདམས་པ་ཟབ་མོ་ཡང་དག་པ་མང་དུ་ཡོད་དོ། དེ་རྣམས་ཀྱིས་གང་ཟག་དབང་པོ་རབ་འབྲིང་ཐ་མ་ཡང་མི་གྲོལ་མི་སྲིད་དོ། དེ་ཅིའི་ཕྱིར་ཞེ་ན། བར་དོའི་རྣམ་ཤེས་དེ་ལ་ཟག་བཅས་ཀྱི་མངོན་ཤེས་ཡོད་པས། བདག་གིས་ཅི་སྨྲས་ཁོས་ཐོས་པ་དང་ཅིག། འོན་ལོང་ཡིན་ཡང། དེའི་དུས་སུ་དབང་པོ་ཚངས་པས་ཅི་སྨྲས་གོ་བ་དང་གཉིས། འཇིགས་སྐྲག་གིས་རྟག་ཏུ་བརྡས་པས། ཅི་དྲག་ན་སྙམ་པའི་དྲན་པ་ཡེངས་མེད་དུ་ཡོད་པས། བདག་གིས་ཅི་སྨྲས་ཉན་ནས་འོང་པ་དང་གསུམ། རྣམ་ཤེས་བརྟེན་མེད་པས་མདུན་པ་གར་གཏད་དུ་ཐལ་གྱིས་སླེབ་ཏེ་ཁ་ལོ་བསྒྱུར་དུ་སླ་བ་དང་བཞི། དྲན་པ་དགུ་འགྱུར་གྱིས་གསལ་བས་ལྐུག་པ་ཡིན་ཀྱང་དེའི་དུས་སུ་ལས་ཀྱི་དབང་གིས་རིགས་པ་གསལ་དུ་སོང་ནས། ཅི་སླབས་ཐམས་ཅད་སྒོམ་ཤེས་པའི་ཡོན་ཏན་དང་། གནས་དེ་ལྟ་བུའི་ཡོན་ཏན་ཡོད་པའི་ཕྱིར་རོ། དེས་ན་གཤིན་པོའི་ཆོ་ག་བྱས་པས་ཕན་ཡོན་ཡོད་པའི་རྒྱུ་མཚན་ཡང་དེ་ལྟར་ཡིན་ནོ། དེ་བས་ན་ཞག་བཞི་བཅུ་ཞེ་དགུའི་བར། བར་དོ་ཐོས་ཆེན་མོ་འདི་ཀླག་པར་ནན་ཏན་བྱ་བ་ཤིན་ཏུ་ནས་གལ་ཆེའོ། ངོ་སྤྲོད་ཅིག་ལ་མ་གྲོལ་ན་ཡང་ཅིག་ལ་གྲོལ་བ་ཐུབ་པ་ཡིན་ཏེ། ངོ་སྤྲོད་མི་ཅིག་པ་མང་དུ་དགོས་པའི་དོན་ཡང་དེ་ལྟར་ལགས་སོ། དེ་ནས་ཡང་དགེ་བའི་ལས་ལ་གོམས་འདྲིས་ཆུང་བ་དང་། མི་དགེ་བའི་ལས་ལ་ཡེ་ཐོགས་མ་ནས་གོམས་འདྲིས་ཆེ་དྲགས་པ་དང་། སྡིག་སྒྲིབ་སྟོབས་དང་དཔུང་ཆེ་བའི་སྟོབས་ཀྱིས་གོང་གི་ངོ་སྤྲོད་དང་། དམིགས་པ་དེ་ཙམ་ཕོག་ཀྱང་མི་གྲོལ་བའི་རིགས་མང་པོ་ཡོད་པས། དེ་ནི་གོང་དུ་མངལ་སྒོ་མ་ཁེགས་ནས། འདི་ནས་ཕར་ལ་མངལ་སྒོ་འདམ་པའི་གདམས་ངག་ཟབ་མོ་ཅིག་ཡང་བསྟན་པར་བྱ་སྟེ། ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ར་མདའ་སྦྲན་སྐྱབས་འགྲོ་སིམས་བསྐྱེད་བྱས་ནས།

ཡང་ཚེ་འདས་ཀྱི་མིང་ནས་ལན་གསུམ་འབོད་ལ། འདི་སྐད་བརྗོད་དོ། ཀྱཻ་རིགས་ཀྱི་བུ། ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་ཉོན་ཅིག། ཁྱོད་ལ་གོང་དུ་གདམས་པའི་ངོ་སྤྲོད་དེ་ཙམ་ཅིག་བཏབ་ཀྱང་མ་གོ་བར་འདུག་གིས། ད་ནི་མངལ་སྒོ་མ་ཁེགས་ན་ལུས་བླང་རན་པའི་དུས་ལ་བབ་པས། ཁྱོད་རང་མངལ་སྒོ་འདམ་པའི་གདམ་པ་ཟབ་མོ་རིགས་མི་ཅིག་པ་མང་དུ་ཡོད་པས་ཡིད་ལ་བཟུང་ཅིག། མ་ཡེངས་ཅིག། མདུན་པ་དྲག་པོས་མ་ཡེངས་པར་ཡིད་ལ་བཟུང་ཅིག། ཀྱཻ་རིགས་ཀྱི་བུ། ད་ནི་གླིང་གང་དུ་སྐྱེ་བའི་རྟགས་དང་མཚན་མ་འོང་བས་ངོ་ཤེས་པར་བྱ་སྟེ། དེ་ཡང་གང་དུ་སྐྱེ་བ་དེའི་རྟགས་ལ། གླིང་ཡང་འདམ་པར་བྱའོ། ཤར་ལུས་འཕགས་པོར་སྐྱེ་ན་ནི། ངང་པ་ཕོ་མོས་བརྒྱན་པའི་མཚོ་འདུག་པར་ཡང་མཐོང་ངོ་། དེར་ཡང་མ་འགྲོ་བར་རུ་ལོག་དྲན་པར་གྱིས་ཤིག། དེར་ཕྱིན་ན་ནི་བདེ་སྐྱིད་འཛོམ་ཀྱང་ཆོས་མ་དར་བའི་ས་ཡིན་པས་མ་འཇུག་ཅིག། ལྷོ་འཛམ་བུ་གླིང་དུ་སྐྱེ་ན་ནི། ཁང་བཟང་ཉམས་དགའ་བར་ཡང་མཐོང་ནས་འོང་ངོ་། གལ་ཏེ་འཇུག་ན་དེར་མ་འཇུག་པར་གྱིས་ཤིག། ནུབ་བ་ལང་སྤྱོད་དུ་སྐྱེ་ན་ནི། རྟ་ཕོ་མོས་བརྒྱན་པའི་མཚོ་འདུག་པ་ཡང་མཐོང་ངོ་། དེར་ཡང་མ་འགྲོ་བར་ཚུར་རུ་ལོགས་ཅིག། ལོངས་སྤྱོད་ཡོད་ཀྱང་ཆོས་མ་དར་བའི་གླིང་ཡིན་པས་མ་འཇུག་ཅིག། བྱང་སྒྲ་མི་སྙན་དུ་སྐྱེ་ན་ནི། བ་གླང་གི་བརྒྱན་པའི་མཚོ་འམ། ལྗོན་ཤིང་གིས་བརྒྱན་པའི་མཚོ་འདུག་པར་ཡང་མཐོང་ངོ་། དེ་དག་དུ་སྐྱེ་བ་ལེན་པའི་བལྟས་སུ། ངོ་ཤེས་པར་གྱིས་ཤིག། དེར་ཡང་མ་འཇུག་ཅིག། ཚེ་ཚད་དང་བསོད་ནམས་ཡོད་ཀྱང་། དེར་ཡང་ཆོས་མ་དར་བས་མ་འཇུག་ཅིག། ལྷར་སྐྱེ་ན་ནི། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་རྩེ་མ་ཉམས། དགའ་བར་ཡང་མཐོང་བར་འགྱུར་རོ། དེར་བཞུགས་ཀྱང་རུང་གིས་འཇུག་པར་གྱིས་ཤིག། ལྷ་མ་ཡིན་དུ་སྐྱེ་ན་ནི། ནགས་ཚལ་ཉམས་དགའ་བར་མཐོང་བའམ། འགལ་མེའི་འཁོར་ལོ་བསྐོར་བ་ལྟ་བུ་མཐོང་ངོ་། དེར་ཅི་ནས་ཀྱང་མ་འཇུག་པར་རུ་ལོག་དྲན་པར་གྱིས་ཤིག། དུད་འགྲོར་སྐྱེ་ན་ནི། བྲག་ཕུག་དང་། སྤྱིལ་པོ་དང་། ན་བུན་གྱི་ཚུལ་དུ་མཐོང་ངོ་། དེར་ཡང་མ་འཇུག་ཅིག། ཡི་དྭགས་སུ་སྐྱེ་ན་ནི། སྡོང་དུམ་དང་། ནག་བྲེང་ངེ་བ་དང་། གྲོགས་པོ་ཕུགས་སྡུགས་སམ། ནག་ལིང་པར་མཐོང་ངོ་། དེར་ཕྱིན་ན་ཡི་དྭགས་སུ་སྐྱེས་ནས། བཀྲེས་སྐོམ་གྱིས་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བར་འགྱུར་བས། དེར་ཅི་ནས་ཀྱང་མ་འགྲོ་བར་རུ་ལོག་དྲན་པར་གྱིས་ཤིག། སྙིང་རུས་དྲག་པོ་གྱིས་ཤིག། དམྱལ་བར་སྐྱེ་ན་ནི། ལས་ངན་པའི་གླུ་དབྱངས་སུ་ཐོས་པའམ། དབང་མེད་དུ་འཇུག་དགོས་པ་བྱུང་ན། མུན་ནག་གི་གླིང་དང་། ཁང་པ་ནག་པོ་དང་། ཁང་པ་དམར་པོ་དང་། ས་དོང་ནག་པོ་དང་། ལམ་ནག་པོ་ལ་ཕྱིན་པ་ལ་སོགས་པའི་སྣང་བ་འོང་། དེར་ཕྱིན་ན་ནི་དམྱལ་བར་ཚུད་དེ། ཚ་གྲང་གི་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་སྟེ། ཐོན་པའི་དུས་མི་འོང་བས། དེའི་གསེབ་དུ་མི་འགྲོ་བར་གཟབ་པར་བྱའོ། ཅི་ནས་ཀྱང་མ་ཚུད་པར་བྱའོ། མངལ་སྒོ་བཀག་ནས་རུ་ལོག་དྲན་པར་བྱའོ། ཞེས་གསུངས་པ་དེ་དུས་ད་རེས་དགོས་པ་ཡིན་ནོ། ཀྱཻ་རིགས་ཀྱི་བུ། ཁྱོད་མི་འགྲོ་བར་འདོད་ཀྱང་རང་ལ་དབང་མེད་པར་འགྲོ་དགོས་པ་དང་། མདུན་ནས་གཤེད་མ་དང་སྲོག་གཅོད་ཀྱི་ཁྲིད་པ་དང་། མུན་ནག་དང་། རླུང་དམར་འཚུབ་མ་ཆེན་པོ་དང་། སྐུ་དགྲ་དང་། ཁ་ཆར་དང་། སེར་བ་དང་། བུ་ཡུག་འཚུབ་ཅིང་བྲོས་པའི་སྣང་བ་ཁྱོད་ལ་འོང་ངོ་། དེར་བྲེད་ཅིང་སྐྱབས་ཚོལ་བ་ལ་ཕྱིན་པས། གོང་དུ་བཤད་པའི་ཁང་བཟང་སམ། བྲག་སྐྱིབས་དང་། ས་ཕུག་དང་། ནགས་གསེབ་དང་། མེ་ཏོག་པདྨ་ལ་སོགས་ཁ་ཟུམ་པའི་ནང་དུ་ཐར་ནས། དེ་ན་གབ་ཏེ་ཕྱིར་ཐོན་གྱི་དོགས་ནས། ད་འདི་ནས་ཕྱིར་ཐོན་ན་ནི་མི་རུང་ངོ་སྙམ་ནས། དེ་དང་བྲལ་གྱིས་དོག་པས། ཁྱོད་གནས་དེ་ལ་ཤིན་ཏུ་ཆགས་པར་འགྱུར་རོ། དེ་ནས་ཕྱི་རོལ་དུ་ཐོན་ན་ནི་བར་དོའི་འཇིགས་སྐྲག་དེ་རྣམས་དང་ཕྲད་ཀྱིས་དོགས་པས། དེ་དག་ལ་འཇིགས་ཤིང་དངངས་པས་ནང་དུ་གབ་པས། གང་ན་མན་པའི་ལུས་ངན་པ་ཅིག་བླང་ནས། སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་དུ་འོང་བས། དེ་ནི་ཁྱོད་ལ་འདྲེ་སྲིན་གྱིས་བར་དུ་གཅོད་པའི་རྟགས་ཡིན་པས། འདིའི་དུས་སུ་གདམས་ངག་ཟབ་མོ་ཅིག་ཡོད་པས་ཁྱོད་རང་ཉོན་ལ་ཡིད་ལ་བཟུང་ཅིག། འདིའི་དུས་སུ་གཤེད་མས་དབང་མེད་དུ་དེད་པ་དང་། འཇིགས་སྐྲག་ནམ་བྱུང་བའི་དུས་སུ་སྐད་ཅིག་དྲན་རྫོགས་སུ། བཅོམ་ལྡན་འདས་ཆེ་མཆོག་ཧེ་རུཀའམ། རྟ་མགྲིན་ནམ། ཕྱག་ན་རྡོ་རྗེ་ལ་སོགས་པའམ། ཁྱོད་རང་གི་ཡི་དམ་ཡོད་ན་དེ་ཉིད་སྐུ་ཆེ་བ་ཡན་ལག་རགས་པ། བགེགས་རིགས་ཐམས་ཅད་ཐལ་བར་བརླག་པར་བྱེད་པའི་ཁྲོ་བོ་འཇིགས་སུ་རུང་བ་ཅིག་ཏུ་ཀྲོང་གིས་བསྐྱེད་ཅིག། དེའི་བྱིན་རླབས་དང་ཐུགས་རྗེས་གཤེད་མ་དང་བྲལ་ཏེ། མངལ་སྒོ་གདམ་པའི་དབང་ཐོབ་པ་ཡིན་པས། ད་ནི་གདམས་ངག་གི་གནད་ཟབ་མོ་ཡང་དག་པ་ཡིན་པས་ཡིད་ལ་བཟུང་ཅིག། ཀྱཻ་རིགས་ཀྱི་བུ། གཞན་ཡང་བསམ་གཏན་གྱི་ལྷ་ལ་སོགས་པ་རྣམས་ནི་ཏིང་ངེ་འཛིན་གྱིས་དབང་གིས་སྐྱེ་བ་ཡིན་ནོ། ཡི་དྭགས་ལ་སོགས་པའི་གདོན་གྱི་རིགས་ཚན་ཅིག་ནི། བར་དོ་དེ་ཉིད་དུ་འདུ་ཤེས་འགྱུར་ནས་ཡི་དྭགས་དང་འདྲེ་སྲིན་གྱིས་ལུས་རྫུ་འཕྲུལ་སྣ་ཚོགས་སྟོན་ནུས་པ། ཡིད་ལུས་དེ་ཀ་འགྱུར་ནས་འོང་བ་ཡིན་ནོ། བྱིང་ལ་གནས་པའི་ཡི་དྭགས་དང་། མཁའ་ལ་འགྱུ་བའི་ཡི་དྭགས་དང་། བགེགས་རིགས་སྟོང་ཕྲག་བརྒྱ་བཅུ་ལ་སོགས་པ་ཡིད་ལུས་དེ་ཉིད་དུ་འདུ་ཤེས་འགྱུར་ནས་འགྲོའོ། དེའི་དུས་སུ་སྟོང་ཉིད་ཕྱག་རྒྱ་ཆེན་པོར་དོན་དྲན་ན་ནི་མཆོག་ཏུ་འགྱུར་རོ། དེ་ལྟར་མ་འབྱོངས་ན་སྒྱུ་མ་ལྟ་བུའི་རྩལ་སྦྱོང་གྱིས་ཤིག། དེ་ལྟར་ཡང་མ་འབྱོངས་ན་གང་ལ་ཆགས་སེམས་མ་བྱེད་པར། ཡི་དམ་ཐུགས་རྗེ་ཆེན་པོ་སྒོམ་པས་བར་དོར་ལོངས་སྐུར་སངས་རྒྱས་པར་འགྱུར་རོ། ཀྱཻ་རིགས་ཀྱི་བུ། དེར་གལ་ཏེ་ལས་ཀྱིས་དབང་གིས་མངལ་དུ་འཇུག་དགོས་པར་བྱུང་ན། ད་ནི་མངལ་སྒོ་གདམ་པའི་འདམ་པའི་གདམས་པ་བསྟན་པར་བྱའོ། ཉོན་ཅིག་དེ་ཡང་མངལ་སྒོ་གང་བྱུང་བྱུང་དུ་མ་འགྲོ་ཅིག། གཤེད་མ་བྱུང་ནས་མི་འགྲོ་བའི་དབང་མ་བྱུང་ན་རྟ་མགྲིན་སྒོམས་ཤིག། དེ་ཡང་ཁྱོད་ལ་ད་ལྟ་མངོན་ཤེས་ཕྲ་མོ་ཡོད་པས། གནས་ཐམས་ཅད་རིམ་པ་ལྟར་ཤེས་ནས་འོངས་པས། གདམ་པར་གྱིས་ཤིག། དེ་ཡང་དག་པ་སངས་རྒྱས་ཀྱི་ཞིང་དུ་འཕོ་བ་དང་། མ་དག་འཁོར་བའི་མངལ་སྒོ་གདམ་པའི་གདམ་ངག་གཉིས་ཡོད་པས། འདི་ལྟར་གྱིས་ཤིག། དང་པོ་རབ་དག་པ་མཁའ་སྤྱོད་ཀྱི་གནས་སུ་འཕོ་བ་ནི། དེ་ཡང་མདུན་པ་འདི་ལྟ་བུ་བཏང་སྟེ། ཀྱཻ་མ། བདག་སྐལ་བ་གྲངས་མེད་པའི་དུས་རིང་པོ་དེ་ཙམ་ཞིག་ནས་ད་རུང་འཁོར་བའི་འདམ་འདིར་ལུས་པ་ནི་སྐྱོ་བ་ལ། སྔོན་དེ་སྙེད་ཅིག་སངས་རྒྱས་པའི་རིང་ལ་བདག་མ་གྲོལ་བ་འདི་ཨ་ཙ་མ། ད་ནི་འཁོར་བ་འདི་སྐྱུག་རེ་ལོག། ཞེ་རེ་འཇིགས། སྙུག་རེ་བུད། ད་ནི་འགྲོས་པའི་གྲབས་བྱ་རན་འདུག་པས། བདག་རང་ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞབས་དྲུང་དུ་མེ་ཏོག་པདྨའི་ཁ་ལ་བརྫུས་ཏེ་སྐྱེ་བར་བྱ་དགོས་སྙམ་པའི་མདུན་པ་དྲག་པོ་གཏང་ངོ་། གཞན་ཡང་རང་གང་མོས་པའི་ཞིང་ཁམས། མངོན་པར་དགའ་བའམ། སྟུག་པོ་བཀོད་པའམ། ལྕང་ལོ་ཅན་ནམ། རི་པོ་ཏ་ལའམ། པདྨ་འོད་ཀྱི་གཞལ་ཡས་སུ་ཨུ་རྒྱན་གྱི་དྲུང་ངམ། གང་མོས་པའི་ཞིང་དུ་འདུན་པ་གཏད་དོ། རྩེ་གཅིག་ཏུ་མ་ཡེངས་པར་བྱས་པས། དེ་མ་ཐག་ཏུ་ཞིང་ཁམས་སུ་སྐྱེ་བར་འགྱུར་ཏེ། གཞན་ཡང་དགའ་ལྡན་དུ་བྱམས་པའི་དྲུང་དུ་འགྲོ་བར་མོས་ནའང། བདག་བར་དོའི་སྐབས་འདིར། དགའ་ལྡན་ན་ནི་མི་ཕམ་ཆོས་ཀྱི་རྒྱལ་པོའི་དྲུང་དུ་འགྲོ་བའི་དུས་ལ་བབས་པས། འགྲོ་བར་བྱའོ་སྙམ་པའི་མདུན་པ་གཏད་ན། བྱམས་པའི་དྲུང་དུ་པདྨའི་སྙིང་པོར་བརྫུས་ཏེ་སྐྱེའོ། གཞན་ཡང་དེ་ལྟར་མ་བཏུབ་ཅིང་། མངལ་དུ་འཇུག་པར་སྤྲོ་བའམ། འཇུག་དགོས་པར་བྱུང་ན། མ་དག་འཁོར་བའི་མངལ་སྒོ་འདམ་པའི་གདམ་པ་ཡོད་པས་ཉོན་ཅིག། དེ་ཡང་གོང་ལྟར་གླིང་ཡང་འདམ་པར་བྱ་ཞིང་། མངོན་ཤེས་ཀྱི་ལྟས་ལ་ཆོས་དར་བའི་སར་འཇུག་པར་བྱའོ། དེའང་མི་གཙང་བའི་རྫས་ལྗན་ལྗོན་ཅིག་ལ་རྫུས་ཏེ་སྐྱེ་བར་འགྱུར་བས། དེ་རྣམས་གང་གི་སྣང་བ་ཤར་བ་དེ་ལ་བདེན་འཛིན་མི་བྱེད་པར། ཆགས་སྡང་གི་མཚན་མ་མེད་པར་བྱས་ལ། མངལ་སྒོ་བཟང་པོ་འདམ་པར་བྱའོ། དེ་ཡང་འདུན་པ་གཏོད་པ་གལ་ཆེ་བས་འདི་ལྟར་བྱའོ། ཀྱཻ་མ། བདག་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོའམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། གྲུབ་པ་ཐོབ་པའི་སྲས་པོ་འམ། ཆོས་རྒྱུད་དྲི་མ་མེད་པའི་རིགས་སམ། ཕ་མ་དད་པ་ཅན་གྱི་རིགས་སུ་སྐྱེས་ནས། འགྲོ་བ་སེམས་ཅན་གྱི་དོན་བྱེད་ནུས་པའི་བསོད་ནམས་ཅན་གཅིག་གིས་ལུས་ཅིག་བླང་བར་བྱའོ་སྙམས་པའི་འདུན་པ་གཏད་ལ་མངལ་དུ་འཇུག་པར་བྱའོ། དེའི་ཚེ་འཇུག་པའི་མངལ་དེ་ཡང་ལྷའི་གཞལ་ཡས་ཁང་བྱིན་གྱིས་རླབས་པར་བྱའོ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ཡི་དམ་གྱི་ལྷ་དང་། ཁྱད་པར་དུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ལ་དབང་སྐུར་ཞུ་སྙམ་པའི་མོས་པ་བྱས་ལ་མངལ་དུ་འཇུག་པར་བྱའོ། དེ་ཡང་མངལ་སྒོ་འདམ་པ་འདི་ཡང་ནོར་བའི་ཉེན་ཡོད་པས། ལས་ཀྱི་དབང་གིས་མངལ་སྒོ་བཟང་པོ་ལ་ངན་པར་མཐོང་བ་དང་། ངན་པ་ལ་བཟང་པོར་མཐོང་ནས་ནོར་བའི་ས་ཡོད་པས། དེའི་དུས་སུ་ཡང་གདམ་པའི་གནད་གལ་ཆེ་བས། ཡང་འདི་ལྟར་བྱའོ། དེ་ཡང་བཟང་པོའི་སྣང་བ་བྱུང་ཡང་དེ་ལ་མ་ཆགས་ཤིག། ངན་པའི་སྣང་བ་བྱུང་དེ་ལ་མ་སྡང་ཅིག། བཟང་ངན་བླང་དོར་མེད་པར་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཆེན་པོའི་ངང་ནས་འཇུག་པའི་གནད་ཟབ་མོ་ཡང་དག་པ་ཡིན་ནོ། དེ་ཡང་ཉམས་མྱོང་ཡོད་པའི་མི་འགའ་ཞིག་མ་གཏོགས་པ། བག་ཆགས་ངན་པའི་ནད་རོ་ཕྲལ་དཀའ་བས། དེ་ལྟར་ཆགས་སྡང་དང་བྲལ་མ་ཐུབ་ན། དབང་པོ་ཐ་མའི་ཡང་མཐའ་སྡིག་ཅན་དུད་འགྲོ་ལྟ་བུ་རྣམས་ལ་སྐྱབས་འགྲོ་བས་བཟློག་པ་ནི།

ཡང་ཚེ་འདས་ཀྱི་མིང་ནས་བོས་ལ། འདི་སྐད་བརྗོད་དོ། ཀྱཻ་རིགས་ཀྱི་བུ། ཁྱོད་མངལ་སྒོ་འདམ་མ་ཤེས་ཤིང་ཆགས་སྡང་བྲལ་མ་ཐུབ་ན། གོང་གི་སྣང་བ་དེ་རྣམས་གང་ཤར་ཡང་། དཀོན་མཆོག་གསུམ་གྱི་མཚན་ནས་བརྗོད་ཅིང་སྐྱབས་སུ་འགྲོ་བར་གྱིས་ཤིག། ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག། མགོ་གྱེན་ལ་བསྟན་ནས་འགྲོ་བར་གྱིས་ཤིག། བར་དོ་ངོ་ཤེས་པར་གྱིས་ཤིག། ཤུལ་གྱི་ཉེ་བ་དང་། བུ་དང་། བུ་མོ་དང་། ཉེ་འབྲེལ་ལ་ཆགས་ཞེན་སྤོངས་ཤིག། འདི་རྣམས་ཀྱིས་མི་ཕན་ནོ། མིའི་འོད་སྔོན་པོ་དང་། ལྷའི་འོད་དཀར་པོ་ལ་ཞུགས་ཤིག། རིན་པོ་ཆེའི་ཁང་བཟང་དང་། སྐྱེས་མོས་འཚལ་དུ་ཞུགས་ཤིག། ཅེས་ལན་བདུན་གྱི་བར་དུ་བཤད་དོ། དེ་ནས་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གསོལ་བ་འདེབས་པར་བྱའོ། བར་དོ་འཇིགས་སྐྱོབས་མ་དང་། བར་དོ་རྩ་ཚིག་དང་། བར་དོ་འཕྲང་སྒྲོལ་རྣམས་ལན་བདུན་གྱི་བར་དུ་ཀླག་པར་བྱའོ། དེ་ནས་བཏགས་རོལ་ཕུང་པོ་རང་གྲོལ་ཡང་སྒྲ་དག་ལ་གསལ་བར་ཀླག་པར་བྱའོ། ཆོས་སྤྱོད་བག་ཆགས་རང་གྲོལ་ཡང་ཀླག་པར་བྱའོ། དེ་ལྟར་ཚུལ་བཞིན་དུ་བྱས་པས། རྣལ་འབྱོར་པ་རྟོགས་པ་མ་ཐོབ་རྣམས་ནི་འཆི་ཁར་འཕོ་བ་ཐེབས་ནས། བར་དོ་འགྲིམས་མི་དགོས་པར་ཡར་གྱི་ཟང་ཐལ་ཆེན་པོར་འགྲོ་བར་འགྱུར་རོ། དེའི་འོག་མ་ཉམས་ལེན་ཡོད་པའི་གང་ཟག་འགའ་ཞིག་ནི་འཆི་ཁའི་བར་དོའི་འོག་ཏུ་ཆོས་ཉིད་འོད་གསལ་ངོས་ཟིན་དེ། ཡར་གྱི་ཟང་ཐལ་དུ་འགྱུར་རོ། དེའི་འོག་མ་རྣམས་ནི་ཆོས་ཉིད་བར་དོ་ལ་ཞག་བདུན་ཕྲག་རིམ་པ་བཞིན་དུ་ཞི་ཁྲོའི་སྣང་བ་ཤར་བའི་ཚེ། ལས་འཕྲོ་དང་དབང་པོའི་བྱེ་བྲག་གིས། གཅིག་ལ་མ་གྲོལ་ནའང་། ཡང་གཅིག་ལ་གྲོལ་ཏེ། འཕྲང་རིམ་པ་མང་བས་གང་རུང་ཅིག་ལ་ངོས་ཟིན་ནས་གྲོལ་བར་འགྱུར་རོ། དེ་ཡང་ལས་འཕྲོ་ཞན་པ་དང་། སྡིག་སྒྲིབ་ཆེ་བ་དང། ལས་ངན་ཆེ་བ་རྣམས་ནི། ཡང་མར་ལ་སྲིད་པའི་བར་དོར་འཁྱམས་དགོས་ཏེ། དེ་ཡང་ངོ་སྤྲོད་རིག་མི་ཅིག་པ་སྐས་ཀྱི་རིམ་པ་ལྟར་དུ་ཡོད་པས། ཅིག་ལ་ངོ་མ་འཕྲོད་ཀྱང་། ཡང་ཅིག་ལ་ངོ་འཕྲོད་དེ་གྲོལ་བར་འགྱུར་རོ། དེ་ཡང་གོང་མ་རྣམས་ལས་འཕྲོ་ཇི་ལྟར་ཞན་པ་རྣམས་ངོ་མ་འཕྲོད་པས། འཇིགས་སྐྲག་གི་དབང་དུ་སོང་ན་ཡང་མངལ་སྒོ་འདམ་པའི་གདམ་པ་ལ་རིགས་མི་ཅིག་པ་རིམ་པ་བཞིན་དུ་ཡོད་པས། ཅིག་ལ་ངོས་མ་ཟིན་ནའང་། ཅིག་ལ་ངོ་འཕྲོད་དེ་དམིགས་པ་ཟིན་ནས་གནས་མཐོ་བའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དོ། ཐ་མའི་ཡང་མཐའ་དུད་འགྲོ་ལྟ་བུ་ཅིག་ཡིན་ནའང་། སྐྱབས་འགྲོ་གཏབ་པའི་ཡོན་ཏན་གྱིས། ངན་སོང་ནས་རུ་ལོག་ནས་མི་ལུས་རིན་པོ་ཆེ་དལ་འབྱོར་ཕུན་སུམ་ཚོགས་པའི་ལུས་སུ་གྱུར་ནས། སྐྱེ་བ་ཕྱི་མ་ལ་བླ་མ་དགེ་བའི་བཤེས་གཉེན་དང་མཇལ་ཏེ། གདམ་པ་ཐོབ་ནས་གྲོལ་བར་འགྱུར་རོ། སྲིད་པ་བར་དོ་ལ་ཆོས་འདི་སླེབ་ནས་བཟང་པོའོ་ལས་ཀྱི་འཕྲོ་ལ་འཐུད་པས། ཡུར་བ་ཆད་པ་ལ་ཝ་འཛུད་པ་ལྟ་བུའི་གདམ་པ་ཡིན་པས། སྡིག་པོ་ཆེ་ཐམས་ཅད་ཀྱང་ཆོས་འདི་ཐོས་ནས་མ་གྲོལ་བར་མི་སྲིད་དོ། དེ་ཅིའི་ཕྱིར་ཞེ་ན། བར་དོའི་སྐབས་སུ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་བསུ་མ་ཡོད་པ་དང་། བདུད་དང་བར་ཆད་ཀྱི་བསུ་མ་གཉིས་ཀ་འདོམས་ནས་ཡོད་དོ། དེའི་དུས་སུ་ཆོས་འདི་ཐོས་པ་ཙམ་གྱིས། སྣང་བ་བསྒྱུར་ནས་གྲོལ་བ་ཐོབ་བོ། དེ་ཡང་ཤ་ཁྲག་གི་ལུས་མིན་པ་ཡིད་ཀྱི་ལུས་ཡིན་པས་བསྒྱུར་སླ་བ་ཡིན་ནོ། བར་དོ་ཐག་རིངས་གར་འཁྱམས་ནས་ཡོད་ཀྱང། ལས་ཀྱི་མངོན་ཤེས་ཕྲ་མོས་མཐོང་བ་དང་ཐོས་ནས་འོང་སྟེ། དྲན་པས་ཟིན་ནས་སྐད་ཅིག་ལ་བློ་བསྒྱུར་དུ་བཏུབ་པས་འདི་ཤིན་ཏུ་ཕན་ཡོན་ཆེའོ། དཔེར་ན་སྒྱོགས་པར་འཁྲུལ་འཁོར་ལྟ་བུའོ། གདུང་མ་ཆེན་པོ་མི་བརྒྱས་མ་ཐེགས་པ་ཆུ་རུ་བཅུག་པས་ཡུད་ཙམ་ཅིག་ལ་གར་འདོད་པའི་སར་དྲོངས་པ་དང་འདྲའོ། རྟ་ཁ་སྲབ་ཀྱི་བསྒྱུར་བ་དང་འདྲའོ། དེའི་ཕྱིར་ཚེ་ལས་འདས་པ་ཐམས་ཅད་ཀྱི་རྩར་ཕྱིན་ནས། རོ་ཡོད་ན་གྲོགས་ཀྱི་རོའི་རྩར་ཕྱིན་ནས། སྣ་ཕུག་ནས་ཁྲག་གམ་ཆུ་སེར་མ་ཐོན་ཀྱི་བར་དུ་སྐྱུར་ཞིང་གསལ་འདེབས་པར་བྱའོ། དེའི་བར་དུ་རོ་མི་བརྒུལ་བར་བཞག་གོ། འདིའི་དམ་ཚིག་དུ་གཤིན་པོ་ལ་བསྔོས་ནས་སེམས་ཅན་གྱི་སྲོག་མི་བཅད། རོའི་རྩར་རང་གཞན་སུ་ཡང་རུང་སྟེ་གཉེན་བཤེས་རྣམས་ཀྱིས། ངུ་སྒྲ་དང་། ཀུ་ཆོ་དང་། མྱ་ངན་དང་། སྨྲེ་སྔགས་མི་འདོན། དགེ་བའི་ལས་འགྲུབ་ཚད་བྱ། གཞན་ཡང་བར་དོ་ཐོས་གྲོལ་ཆེན་མོའི་ཆོས་འདི། ཆོས་ཀྱི་རིགས་གར་གསུངས་ཀྱང་རུང་སྟེ། ཁྲིད་ཀྱི་ཞབས་སུ་འདི་སྒྲགས་ནས་བསྟན་ན་ཤིན་ཏུ་ཟབ་བོ། གཞན་ཡང་རྟག་ཏུ་འདི་འདོན་པར་བྱ་ཞིང་། ཚིག་དང་ཐ་སྙད་བློ་ལ་བྱང་བར་བྱས་ལ། ནམ་འཆི་བར་དོ་ངེས་པའི་ཚེ། འཆི་རྟགས་རྣམས་ངོ་ཤེས་ནས། ཁམས་ཀྱི་ལྕོགས་ན་རང་གིས་འདོན་ཞིང་ཚིག་དོན་ཡིད་ལ་བསམ། མ་ལྕོག་ན་མཆེད་གྲོགས་ལ་དཔེ་ཀློག་དུ་བཅོལ་ཞིང་གསལ་བཏབ་པས་ངེས་པར་གྲོལ་བ་ཐེ་ཚོམ་མེད་དོ། སྒོམ་སྒྲུབ་བྱ་མི་དགོས་པའི་ཆོས། བལྟས་པས་གྲོལ་བ། ཐོས་པས་གྲོལ་བ། ཀླག་པས་གྲོལ་བའི་གདམ་པ་ཟབ་མོ། སྡིག་པོ་ཆེ་གསང་ལམ་ལ་འཁྲིད་པའི་གདམས་པ་ཟབ་མོ་འདི། ཁྱི་བདུན་གྱིས་དེད་ཀྱང་ཚིག་དང་ཐ་སྙད་མ་བརྗེད་པར་བྱས་ནས། འཆི་ཁར་སངས་རྒྱས་པའི་མན་ངག། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་འདི་ལས་ལྷག་པའི་ཆོས་རྙད་མ་སྲིད་དོ། བར་དོའི་གདམས་པ་ལུས་ཅན་གྲོལ་བར་བྱེད་པ། བར་དོ་ཐོས་གྲོལ་ཆེན་མོ་ཞེས་བྱ་བ། ཟབ་པའི་སྙིང་ཁུངས་རྫོགས་སོ། གྲུབ་ཐོབ་ཀརྨ་གླིང་པས་སྒམ་པོ་བརྡར་གྱི་རི་བོ་ནས་རིན་ཆེན་གཏེར་ནས་གདན་དྲངས་པའོ། བཀྲ་ཤིས༎ ༎

ཇ། བར་དོའི་སྨོན་ལམ་འཇིགས་སྐྱོབས་མ་བཞུགས་སོ།

བདག་ནི་ཚེ་ཡི་འཕེན་པ་ཟད་པའི་ཚེ། འཇིག་རྟེན་འདི་ཡི་ཉེ་བས་མི་ཕན་པས།
རང་ཉིད་གཅིག་པུར་བར་དོར་འཁྱམས་ཙ་ན། རྒྱལ་བ་ཞི་ཁྲོའི་ཐུགས་རྗེའི་ཤུགས་ཕྱུང་ནས།
མ་རིག་མུན་པའི་སྨག་རུམ་སེལ་བར་ཤོག། དགའ་བའི་གྲོགས་དང་བྲལ་ནས་གཅིག་པོར་འཁྱམས།
རང་སྣང་སྟོང་པའི་གཟུགས་བརྙན་ཤར་དུས་འདིར། སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་ཤུགས་ཕྱུང་ནས།
དངངས་སྐྲག་བར་དོའི་འཇིགས་པ་མི་འབྱུང་ཤོག། ཡེ་ཤེས་བསལ་བའི་འོད་ལྔ་འཆར་དུས་དེར།
མི་འཇིགས་མི་སྐྲག་རང་ངོ་ཤེས་པར་ཤོག། ཞི་དང་ཁྲོ་བོའི་སྐུ་གཟུགས་འཆར་དུས་དེར།
མི་འཇིགས་གདེངས་ཐོབ་བར་དོ་ངོ་ཤེས་ཤོག། ལས་ངན་དབང་གིས་སྡུག་བསྔལ་མྱོང་དུས་དེར།
ཐུགས་རྗེ་ཆེན་པོས་སྡུག་བསྔལ་སེལ་བར་ཤོག། ཆོས་ཉིད་རང་སྒྲ་འབྲུག་སྟོང་ལྡིར་བའི་ཚེ།
ཐམས་ཅད་ཡིག་དྲུག་སྒྲ་རུ་འགྱུར་བར་ཤོག། སྐྱབས་མེད་ལས་ཀྱི་རྗེས་སུ་འབྲང་དུས་དེར།
ཡི་དམ་ལྷ་ཡི་སྡུག་བསྔལ་སེལ་བར་ཤོག། སྲིད་པ་བར་དོར་བརྫུས་ཏེ་སྐྱེས་ཙ་ན།
ཕྱིན་ལོག་བདུད་ཀྱི་ལུང་བསྟན་མི་འབྱུང་ཤོག། གང་དུ་བསམ་པའི་དབང་གིས་སླེབས་ཙ་ན།
ལས་ངན་འཁྲུལ་པའི་འཇིགས་སྐྲག་མི་འབྱུང་ཤོག། གཅན་གཟན་ཁྲོ་བོའི་ངར་སྐད་འདོན་པའི་ཚེ།
ཡི་གེ་དྲུག་མའི་ཆོས་སྒྲར་འགྱུར་བར་ཤོག། ཁ་ཆར་རླུང་དང་མུན་པས་དེད་པའི་ཚེ།
ཡེ་ཤེས་གསལ་བའི་ལྷ་མིག་མཐོང་བར་ཤོག། རིགས་མཐུན་ནང་ཚན་བར་དོའི་སེམས་ཅན་རྣམས།
མིག་སེར་མེད་ཅིང་མཐོ་རིས་སྐྱེ་བར་ཤོག། ཤིན་ཏུ་ཉོན་མོངས་བཀྲེས་ཤིང་སྐོམ་པའི་ཚེ།
ལྟོག་སྐོམ་ཚ་གྲང་སྡུག་བསྔལ་མིད་པར་ཤོག། ཕྱི་མའི་ཕ་མ་འདུ་འཕྲོད་མཐོང་ཙ་ན།
ཐུགས་རྗེ་ཆེན་པོ་ཡབ་ཡུམ་ཉིད་མཐོང་ཤོག། གར་སྐྱེ་རང་དབང་ཐོབ་ནས་གཞན་དོན་དུ།
མཚན་དཔེས་བརྒྱན་པའི་ལུས་མཆོག་ཐོབ་པར་ཤོག། བདག་ནི་སྐྱེས་པའི་ལུས་མཆོག་ཐོབ་གྱུར་ནས།
མཐོང་ཐོས་ཐམས་ཅད་མྱུར་དུ་གྲོལ་བར་ཤོག། ལས་ངན་ཐམས་ཅད་རྗེས་སུ་མ་འགྲངས་ཤིང།
བསོད་ནམས་ཐམས་ཅད་འཕེལ་ཞིང་རྗེས་འབྲང་ཤོག། གང་དང་གང་དུ་སྐྱེས་པ་དེ་དང་དེར།
ཚེ་རབས་ཡི་དམ་ལྷ་དང་མཇལ་བར་ཤོག། སྐྱེས་མ་ཐག་ཏུ་སྨྲ་ཤིང་དོན་ཤེས་ཏེ།
སྐྱེ་བ་དྲན་ཞིང་མི་བརྗེད་གཟུངས་ཐོབ་ཤོག། ཡོན་ཏན་ཆེ་ཆུང་འབྲིང་དང་སྣ་ཚོགས་པ།
ཐོས་བསམ་མཐོང་བ་ཙམ་གྱིས་ཤེས་གྱུར་ཅིག། གང་དུ་སྐྱེས་པའི་ཡུལ་དེར་བཀྲ་ཤིས་ཤིང།
སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་གྱུར་ཅིག། རྒྱལ་བ་ཞི་ཁྲོ་ཁྱེད་སྐུ་ཅི་འདྲ་དང།
འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་སུ། ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ།
དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག།


བར་དོའི་སྨོན་ལམ་འཇིགས་སྐྱོབས་མ་ཞེས་བྱ་བ། ཨྱོན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱི་བཛད་པ། ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོངས་བར། དེ་སྲིད་ཟབ་ཆོས་འདི་ཡང་མ་རྫོགས་ཤོག། རྒྱ་རྒྱ་རྒྱ་། སྤྲུལ་སྐུ་ཀརྨ་གླིང་པའི་གཏེར་མའོ།

Note:
ཆེ་གེ་མོ། it is a place holder. This term is replaced by the individual name who is dying or dead.
ཁྲག་འཐུང་། Heruka-Wrathful deity; Heruka has 8 different emanations; they are Yamantaka(འཇིགས་བྱེད།), HayaGriva(རྟ་འགྲིན།), VajraKilaya(རྡོ་རྗེ་ཕུར་པ།)/VajraKumara,Vishuddha(ཡང་དག་ཐུགས), VajraMrita(བདུད་རྩི་ཡོན་ཏན), Matarah(མ་མོ་རྦོད་གཏོང),Lokastotrapuja-natha(འཇིག་རྟེན་མཆོད་བསྟོད), VajraMantraBhiru(མོད་པ་དྲག་སྔགས)

Above copy is made from a very old text written on “made in Tibet” paper. This Pecha is more than 70 years old if not much older. Sheets are very thin, light and stained due to time. Therefore it cannot be photocopied because it is written on both the sides of the sheet.

I tried to maintain its original spellings and space. Since original text was written in a mother tongue that is different from the Central Tibet, some may find it hard to sound. I felt it necessary to preserve the original. If everyone keeps on editing its original copy by inserting a word, Stak(a dot) or a vowel to conform to our personal likes or add unwarranted details for the want of elaboration, there is a danger that we may lose its original meaning after a few generations. Of course one can add lines or paragraphs but these must be clearly distinguishable from the original copy or mentioned specifically …. …..karma

For example:
1 མིང་ནས་ལན་གསུམ་འམ་བརྒྱད་དུ་བོས་ལ་འདི་སྐད་དོ།..this is the original work; མིང་ནས་ལན་གསུམ་མམ་བདུན་དུ་བོས་ལ་འདི་སྐད་དོ།..new Version page 145

2 ཁའི་ནམ་ལ་ཞུགས་ནས།…original work; ཕའི་གཤང་ལམ་དུ་ཞུགས་ནས།… new version page182

here is a sample of new, yellow color, and Old Pecha