རྗེ་རང་བྱུང་རྡོ་རྗེས་མཛད་པའི་གཅོད་ཀྱི་ཚོགས་ལས་རིན་པོ་ཆེའི་ཕྲེང་བ།

རྗེ་རང་བྱུང་རྡོ་རྗེས་མཛད་པའི་གཅོད་ཀྱི་ཚོགས་ལས་རིན་པོ་ཆེའི་ཕྲེང་བ་འདོན་བསྒྲིགས་བལྟས་ཆོག་ཏུ་བཀོད་པ་གཅོད་ཀྱི་ལུགས་སོར་བཞག་བཞུགས་སོ།

ཚིག་བདུན་གསོལ་འདེབས།

ཧཱུྃ། །ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ། གུརུ་པདྨ་སིདྡྷི་ཧཱུྃ༎

༈ རྡོ་རྗེ་འཆང་ཆེན་ཏེེ་ལོ་ན་རོ་དང་། །མར་པ་མི་ལ་ཆོས་རྗེ་སྒམ་པོ་པ། །དུས་གསུམ་ཤེས་བྱ་ཀུན་མཁྱེན་ཀརྨ་པ། །ཆེ་བཞི་ཆུང་བརྒྱད་བརྒྱུད་པ་འཛིན་རྣམས་དང་། །འབྲི་སྟག་ཚལ་གསུམ་དཔལ་ལྡན་འབྲུགས་པ་སོགས། །ཟབ་ལམ་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི། །མཉམ་མེད་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ལ། །གསོལ་བ་འདེབས་སོ་བཀའ་བརྒྱུད་བླ་མ་རྣམས། །བརྒྱུད་པ་འཛིན་ནོ་རྣམ་ཐར་བྱིན་གྱིས་རློབས། །ཞེན་ལོག་བསྒོམ་གྱི་རྐང་པར་གསུངས་པ་བཞིན། །ཟས་ནོར་ཀུན་ལ་ཆགས་ཞེན་མེད་པ་དང་། །ཚེ་འདིར་གདོས་ཐག་ཆོད་པའི་སྒོམ་ཆེན་ལ། །རྙེད་བཀུར་ཞེན་པ་མེད་པར་བྱིན་གྱིས་རློབས། །མོས་གུས་སྒོམ་གྱི་མགོ་བོར་གསུངས་པ་བཞིན། །མན་ངག་གཏེར་སྒོ་འབྱེད་པའི་བླ་མ་ལ། །རྒྱུན་དུ་གསོལ་བ་འདེབས་པའི་སྒོམ་ཆེན་ལ། །བཅོས་མིན་མོས་གུས་སྐྱེ་བར་བྱིན་གྱིས་རློབས། །ཡེངས་མེད་སྒོམ་གྱི་དངོས་གཞིར་གསུངས་པ་བཞིན། །གང་ཤར་རྟོག་པའི་ངོ་བོ་སོ་མ་དེ། །མ་བཅོས་དེ་དཀར་འཇོག་པའི་སྒོམ་ཆེན་ལ། །བསྒོམ་བྱ་བློ་དང་བྲལ་བར་བྱིན་གྱིས་རློབས། །རྣམ་རྟོག་ངོ་བོ་ཆོས་སྐུར་གསུངས་པ་བཞིན། །ཅི་ཡང་མ་ཡིན་ཅིར་ཡང་འཆར་བ་ལ། །མ་འགགས་རོལ་པར་འཆར་བའི་སྒོམ་ཆེན་ལ། །འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག ༎

༈ མ་ལབ་སྒྲོན་ལ་གསོལ་བ་འདེབས་པའི་མགུར་མ་བཞུགས་སོ།

༈ ན་མོ་གུ་རུ་ཌཱ་ཀི་ཡེ། །གནས་སྤྱི་བོའི་གཙུག་གི་ཁྲུ་གང་པ། །གདན་པདྨ་ཉི་ཟླ་སུམ་བརྩེགས་སྟེང༌། །འཇའ་འོད་ཕུང་འཁྲིགས་པའི་གུར་ཁང་ནང༌། །རང་དད་པ་གང་ཡོད་བླ་མ་དང༌། །དོན་དབྱེར་མེད་འཕགས་བཞི་བསྐྱེད་པའི་ཡུམ། །མ་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར། །དབུ་རལ་པ་སིལ་བུས་སྐུ་རྒྱབ་གནོན། །ཞལ་ཞི་འཛུམ་སྤྱན་གསུམ་ནམ་མཁར་གཟིགས། །སྐུ་དར་དཀར་ཕོད་ཀ་རླུང་གིས་བསྐྱོད། །སྐུ་རྐེད་པ་དར་དམར་སྐ་རགས་བཅིངས། །ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །ཐུགས་ཟླ་སྟེང་ཨ་ཡིག་སྔགས་ཀྱིས་བསྐོར། །ཕྱག་གཡས་པས་གསེར་གྱི་ཌཱ་མ་རུ། །དེ་འཁྲོལ་བས་སྟོང་གསུམ་སྒྲ་ཡིས་གང༌། །གནས་འོག་མིན་ཆོས་དབྱིངས་ཞིང་ཁམས་ནས། །སྲས་སངས་རྒྱས་བྱང་སེམས་གྲུབ་ཐོབ་ཚོགས། །དཔེ་ཤོག་སྐྱ་རླུང་གིས་བསྐྱོད་བཞིན་བྱོན། །དེ་ཐམས་ཅད་མ་ཅིག་སྐུ་ལ་ཐིམ། །ཕྱག་གཡོན་པས་དངུལ་དཀར་དྲིལ་བུ་དེ། །དེ་སིལ་སིལ་སྒྲ་ཡིས་ཕྱོགས་བཅུར་གང༌། །གནས་ཉི་ཤུ་རྩ་བཞིའི་མཁའ་འགྲོའི་ཚོགས། །དཔེ་ཁ་བ་བུ་ཡུག་འཚུབ་བཞིན་བྱོན། །དེ་ཐམས་ཅད་ཡུམ་གྱི་སྐུ་ལ་ཐིམ། །སྐྱབས་ཀུན་འདུས་མ་ཅིག་ལབ་སྒྲོན་མ། །སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། །ལུས་ཐོབ་དཀའ་དལ་འབྱོར་རིན་ཆེན་འདི། །བདག་སྙིང་པོ་ལེན་པར་བྱིན་གྱིས་རློབས། །དགྲ་འཆི་བདག་ནམ་འོང་ཆ་མེད་པ། །བློ་འགྱོད་མེད་འགྲུབ་པར་བྱིན་གྱིས་རློབས། །ཁོང་ཆོས་ཀྱི་རྒྱལ་པོའི་ཁྲིམས་ར་ནས། །རང་ངོ་གནོང་མེད་པར་བྱིན་གྱིས་རློབས། །གནས་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག། །དེ་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །སྐྱབས་མི་བསླུ་ངེས་པའི་དཀོན་མཆོག་ལ། །སེམས་ཡིད་ཆེས་སྐྱེ་བར་བྱིན་གྱིས་རློབས། །མ་འགྲོ་དྲུག་ཕ་མ་དྲིན་ཅན་ལ། །བྱམས་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །དོན་རང་སེམས་ཆོས་སྐུ་རྗེན་པ་ལ། །དེ་བརྟན་པ་ཐོབ་པར་བྱིན་གྱིས་རློབས། །མ་ལབ་ཀྱི་སྒྲོན་མའི་སྐུ་གསུང་ཐུགས། །དེ་ཆུ་ལ་ཆུ་བཞག་ཇི་བཞིན་དུ། །དེ་བདག་དང་དབྱེར་མེད་གཅིག་གྱུར་ནས། །གང་འབྲེལ་ཚད་བདེ་ཆེན་འདྲེན་པར་ཤོག། །བདག་དེ་ལྟར་གསོལ་བ་བཏབ་པའི་མཐུས། །མ་ཡུམ་ཆེན་འོད་ཞུ་བདག་ལ་ཐིམ། །དོན་རང་སེམས་སྤྲོས་བྲལ་རྗེན་པར་བུད། །ད་ཚུར་ལྟོས་རང་གི་སེམས་ལ་ལྟོས། །སེམས་ལྟས་པས་མི་མཐོང་དངོས་པོ་མེད། །ཆོས་སྟོང་པ་ཉིད་དེ་རང་གི་སེམས། །སེམས་མེད་པ་མ་ཡིན་ཅི་ཡང་འཆར། །ཆོས་རིག་པའི་ཡེ་ཤེས་རང་གི་སེམས། །སེམས་བདེ་ན་བདེ་བའི་ངོ་བོ་ལྟོས། །ཆོས་བདེ་སྟོང་ཕྱག་རྒྱ་ཆེན་པོ་ཡིན། །སེམས་གསལ་ན་གསལ་བའི་ངོ་བོ་ལྟོས། །ཆོས་གསལ་སྟོང་ཕྱག་རྒྱ་ཆེན་པོ་ཡིན། །སེམས་སྟོང་ན་སྟོང་པའི་ངོ་བོ་ལྟོས། །ཆོས་མི་རྟོག་ཕྱག་རྒྱ་ཆེན་པོ་ཡིན། །ཚུར་བལྟས་པས་མཐོང་རྒྱུ་ཅི་ཡང་མེད། །ཆོས་ཐ་མལ་ཤེས་པ་རྗེན་པར་བུད། །ཕར་བལྟས་པས་ཐམས་ཅད་འཇའ་ཚོན་བཞིན། །གཟུགས་སོ་སོར་གསལ་ཡང་ངོ་བོ་སྟོང༌། །ཆོས་སྣང་སྲིད་རྒྱུ་མ་རང་ཤར་ཡིན། །སེམས་དུག་ལྔའི་རྟོག་པ་ཅི་ཤར་ཡང༌། །དེ་རང་ངོ་བལྟས་པས་རང་སར་ཞི། །ཆོས་དུག་ལྔ་རང་གྲོལ་གདམས་ངག་ཡིན། །སེམས་སྐྱིད་སྡུག་སྣང་བ་ཅི་ཤར་ཡང༌། །དེ་རང་ངོ་བལྟས་པས་རང་སར་ཞི། །ཆོས་རོ་སྙོམས་ཕྱག་རྒྱ་ཆེན་པོ་ཡིན། །སེམས་སྐྲགས་སྣང་སྣ་ཚོགས་ཅི་ཤར་ཡང༌། །དེ་ངོ་བོ་བལྟས་པས་རང་སར་ཞི། །ཆོས་གཅོད་ཡུལ་ཕྱག་རྒྱ་ཆེན་པོ་ཡིན། །སེམས་སྡུག་བསྔལ་སྣང་བ་ཅི་ཤར་ཡང༌། །དེ་རང་ངོ་བལྟས་པས་རང་སར་ཞི། །དེ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཡིན། །སེམས་ཡོད་མེད་རྟག་ཆད་ཀུན་དང་བྲལ། །དེ་དམ་ཆོས་དབུ་མ་ཆེན་པོ་ཡིན། །དེ་སེམས་ལ་མ་རྫོགས་ཆོས་གཅིག་མེད། །དེ་དམ་ཆོས་རྫོགས་པ་ཆེན་པོ་ཡིན། །ཡར་རྒྱལ་བའི་ཐུགས་དང་རང་གི་སེམས། །མ་འགྲོ་དྲུག་སེམས་རྣམས་ངོ་བོ་གཅིག། །དེ་ལྟ་བ་འཁོར་འདས་དབྱེར་མེད་ཡིན། །སེམས་འདི་སྒོམ་གཏད་སོ་མེད་པར་ཞོག། །དེ་ཐ་མལ་ཤེས་པ་རྗེན་པ་ཡིན། །སེམས་ལྟ་བྱ་ལྟ་བྱེད་མེད་པར་ཞོག། །དེ་ཕྱག་རྒྱ་ཆེན་པོའི་ཉམས་ལེན་ཡིན། །ཆོས་ལྟ་བ་སྤྱོད་པ་མ་བསླད་པ། །རང་སྡོམ་གསུམ་མིག་འབྲས་ལྟ་བུར་སྲུང༌། །དེ་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཡིན། །དོན་རང་སེམས་བརྟན་པ་ཐོབ་པ་ཡིན། །དེ་འབྲས་བུའི་མིང་དུ་བཏགས་པ་ཡིན། །ཆོས་གསང་སྔགས་ལུགས་ཀྱི་འབྲས་བུ་ཡིན༎

།འཕྲལ་གང་དྲན་ཡི་གེར་བྲིས་པ་འདི། །ཚེས་བཅུ་གསུམ་མར་མེའི་ངོགས་ལ་བྲིས། །ཁྱེད་ཚེ་གཅིག་སྒྲུབ་པའི་སྙིང་རུས་ཅན། །མ་ལབ་སྒྲོན་བརྒྱུད་འཛིན་ཇོ་མོ་དེས། །མི་ང་ལ་དད་རྟེན་བསྐུར་ཟེར་བས། །ཚིག་དེ་ལ་དད་ལྡན་ཐུགས་དམ་མཛོད། །ཅེས་ཡོར་སྟོད་ཆོས་རའི་སྒར་ན་དགེ་སློང་རཱ་ག་ཨ་སྱེས་ཤོག་གུར་ཕུག་གི་ཇོ་མོ་ལ་སྤྲིང་པ་མངྒ་ལམ༎

༈ ཕ་བརྒྱུད་ཐབས་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །མ་བརྒྱུད་ཤེས་རབ་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། གཉིས་མེད་དོན་གྱི་བརྒྱུད་པ་གསོལ་བ་འདེབས། །སྐལ་ལྡན་ཉམས་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །སྟོབས་ལྡན་ཆོས་སྐྱོང་གི་བརྒྱུད་པ་ལ་གསོལ་བ་འདེབས། །འཁྲུལ་སྣང་འཇིག་རྟེན་གྱི་བྱ་བ་ལ། །ཞེན་པ་ལོག་པར་བྱིན་གྱིས་རློབས། །འབྱུང་བཞིས་བསྡུས་པའི་སྒྱུ་ལུས་ལ། །གཅེས་འཛིན་བྲལ་བར་བྱིན་གྱིས་རློབས། །འགལ་རྐྱེན་ནད་གདོན་བར་ཆད་ལ། །རོ་སྙོམས་ནུས་པར་བྱིན་གྱིས་རློབས། །སྣང་སྲིད་སེམས་ཀྱི་ཆོ་འཕྲུལ་ལ། །རང་ངོ་ཤེས་པར་བྱིན་གྱིས་རློབས། །རང་རིག་སྐུ་གསུམ་ལྷུན་གྲུབ་ལ། །རང་དབང་ཐོབ་པར་བྱིན་གྱིས་རློབས། །སྤྱིར་བདག་དང་འགྲོ་དྲུག་སེམས་ཅན་རྣམས། །རྒྱུ་གཉིས་འཛིན་དྲི་མ་ཀུན་སྤངས་ནས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག། ཕཊཿ ཕཊཿ ཕཊཿ ༎ ཞེས་པའང་རྗེ་རང་བྱུང་རྡོ་རྗེས་སོ།

༈ རྗེ་རང་བྱུང་རྡོ་རྗེས་མཛད་པའི་གཅོད་ཀྱི་ཚོགས་ལས་རིན་པོ་ཆེའི་ཕྲེང་བ་འདོན་བགྲིགས་བལྟས་ཆོག་ཏུ་བཀོད་པ་གཅོད་ཀྱི་ལུགས་སོར་བཞག་བཞུགས་སོ།

༈ ན་མོ་པྲཛྙཱ་པཱ་ར་མི་ཏ་ཡེ། །ཡུམ་ཆེན་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །གཅོད་ཚོགས་ཕྱག་ལེན་གབ་སྦས་སྤངས་ཏེ་བཀོད། །ཆོས་བདག་ཌཱཀྐིའི་བཀའ་གནང་བྱིན་གྱིས་རློབས། །དེ་ལ་བཅའ་ཚོགས་རྒྱས་པ་ནི་ཕུད་གཏོར་ཆ་ཚང་བཅའ། །འབྲིང་བླ་མ་ཡི་དམ་མཁའ་འགྲོ་གསུམ་ཆོས་སྐྱོང་སྤྱི་འདུས་གཅིག། །ནོར་ལྷ་སྤྱི་འདུས་དཀར་གཏོར་གཅིག་དང་ལྔའོ། །བསྡུ་ན་བླ་མའི་གཏོར་མ་གཅིག་གིས་ཀྱང་ཆོག། །རྒྱས་པ་ནི་བསྐང་འབྲས་གཙུགས་པའི་བསྐང་གཏོར་བྱ། །འབྲིང་གཏོར་མ་ཟུར་གསུམ་རྒྱན་ལེགས་པ་གཅིག། །བསྡུ་ན་ཕུད་གཏོར་གྱིས་བསྐང་གཏོར་གྱི་གོ་ཆོད་བྱ། །ཚོགས་ཟླུམ་པོའམ་མི་རོ་བམ་གཟུགས་གཅིག་བཅའ། །གཏོར་འབུལ་དམར་གཏོར་གཅིག། །གཞི་བདག་དཀར་གཏོར་གཅིག། །ལྷ་བཤོས་ཐེབ་ཀྱུ་མང་བར་བཅའོ། །ཡོད་ན་གཅོད་ཀྱི་ཐང་སྐུ་ཡང་བཤམས། །མཆོད་པ་རྣམ་ལྔ་ནང་མཆོད་ཀཱ་པ་ལ་བཤམས། །ཌཱ་མ་རུ་དང་དྲིལ་བུ་རྐང་དུང་མདུན་དུ་བཞག། །རིམ་གྲོ་མ་གྲོལ་བར་མལ་སྟན་གྲ་མ་མི་འགུལ་བས་སྟན་ལེགས་པར་བཏིང་ལ་འདུག་གོ། །སྟན་མི་ལྤགས་ཀྱི་གཡང་གཞིས་ས་གཞིར་ཁྱབ་པ་དང༌། །ཞག་ཏུ་འདུག་ན་ཞག་རེ་ལ་ཡང་བསྐལ་པ་རེ་རེ་ཡིན་བསམ་པའི་མོས་པ་བྱའོ། །དེ་ནས་བདུད་རྩི་བྱིན་རླབས་དང་མཆོད་པ་བྱིན་རླབས་གཉིས་ཀ་རྒྱལ་བ་རྒྱ་མཚོ་ལྟར་བྱས་ཀྱང་རུང་མོད། །ཕག་མོ་ནས་ཁ་བསོ་སྲོལ་ཡོད་པས།

ཨོཾ་ཀརྨ་ཌཱཀྐི་ནི་ཧཱུྂ་ཕཊ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿ་སྭ་བྷ་ཝ་ཤུདྡྷོ྅་ཧཾ། །སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་ཡཾཿལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་ཆང་ཟུང་ལ་ཡཾཿདང༌། །མཆོག་མ་གཉིས་ལ་གཡོ་བའི་བ་དན་གྱིས་མཚན་པ། །དེའི་སྟེང་དུ་རཾཿལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བ་རཾཿགྱིས་མཚན་པ། །དེའི་སྟེང་དུ་ཀཾཿགསུམ་ལས་ཐོད་པ་བམ་རིལ་གྱི་སྒྱེད་བུ་ལྟག་པ་ནང་དུ་བསྟན་པ་གསུམ་གྱི་སྟེང་དུ། །ཡི་གེ་ཨཱཿཡོངས་སུ་གྱུར་པ་ལས། །ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ། །དུམ་བུ་གཅིག་པ་དཔྲལ་བ་རང་ལ་བསྟན་པ། །རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ། །དེའི་དབུས་སུ་མུཿལས་དྲི་ཆུ་བཻ་ཌཱུརྻ་ལྟ་བུ། །ཤར་དུ་བིཿལས་དྲི་ཆེན་ཤེལ་ལྟ་བུ། །ལྷོར་རཿལས་རཀྟ་གསེར་བཙོ་མ་ལྟ་བུ། །ནུབ་ཏུ་ཤུཿལས་བྱང་སེམས་དཀར་པོ། །བྱང་དུ་མཿལས་ཀླད་པ། །སླར་ཡང་དབུས་སུ་ནཿལས་མིའི་ཤ། །ཤར་ལྷོ་གོཿལས་བ་ལང་གི་ཤ། །ལྷོ་ནུབ་ཏུ་ཀུཿལས་ཁྱིའི་ཤ། །ནུབ་བྱང་དུ་དཿལས་གླང་པོ་ཆེའི་ཤ། །བྱང་ཤར་དུ་ཧཿལས་རྟའི་ཤ། །དེ་རྣམས་སླར་ཡང་ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུྂ་གི་དབྱིབས་ཅན་འཕྲོས། །རླུང་གི་དཀྱིལ་འཁོར་ལ་ཕོག། །བ་དན་བསྐྱོད་རླུང་གཡོས། །མེ་སྦར་ཐོད་པ་དྲོས་རྫས་རྣམས་ཁོལ། །ཉེས་པའི་སྐྱོན་རྣམས་ཕྱིར་ལུད། །དེའི་སྟེང་དུ་ཨོཾ་ཨཱཿ་ཧཱུྂ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག། །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། །ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྂ། །ལན་གསུམ། །སྲིན་ལག་གམ། །རྡོ་རྗེའི་རྩེས་ནང་མཆོད་བེང་ལ་ཟེར་མས་མཆོད་པ་ལ་གཏོར།

ཨོཾ་ཀརྨ་ཌཱཀྐི་ནི་ཧཱུྂ་ཕཊཿ ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿ་སྭ་བྷ་ཝ་ཤུདྡྷོ྅་ཧཾ། །སྟོང་པའི་ངང་ལས་ཨཱཿལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། །ཧཱུྂ་ཡིག་གི་ཚོགས་དཔག་ཏུ་མེད་པ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་རྡོ་རྗེའི་མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པའི་མཆོད་པའི་དངོས་པོ་དྭངས་ཤིང་ཐོགས་པ་མེད་པ་བྱང་ཆུབ་སེམས་དཔའ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལས་ཀྱང་ཆེས་ཆེར་ལྷག་པའི་མཆོད་པའི་སྤྲིན་གྱི་ཕུང་པོ་རབ་འབྱམས་ནམ་མཁའི་མཐའ་ཀླས་པའི་བར་རྒྱས་པར་འགེངས་ཤིང་འཕགས་པ་རྣམས་མཉེས་པར་བྱེད་པ། །དུས་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་རྒྱུན་མི་ཆད་པ་འབྱུང་བའི་རང་བཞིན་དུ་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྂ་སྭ་ཧཱ། །ཨོཾ་བཛྲ་པུཥྤེ་ཨཱཿཧཱུྂ་སྭ་ཧཱ། །ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྂ་སྭ་ཧཱ། །ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྂ་སྭ་ཧཱ། །ཨོཾ་བཛྲ་གནྡྷེ་ཨཱཿཧཱུྂ་སྭ་ཧཱ། །ཨོཾ་བཛྲ་ནཻ་ཝཱིདྱ་ཨཱཿཧཱུྂ་སྭ་ཧཱ། །ཨོཾ་བཛྲ་ཤབྡཱ་ཨཱཿཧཱུྂ་སྭ་ཧཱ།

།དེ་ནས་དབང་སྡུད་ཞི་སྡུད་ནི།
ཕཊཿ རང་ཉིད་སྐད་ཅིག་གི་ཡུམ་ཆེན་མོ་གསེར་གྱི་མདོག་ཅན་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ། །ཕྱག་བཞིའི་དང་པོས་རྡོ་རྗེ་གླེགས་བམ། །འོག་མ་གཉིས་ཀྱིས་མཉམ་གཞག་གི་ཕྱག་རྒྱ་མཛད་པར་གྱུར། །རྐང་དུང་གི་ཁ་ལག་མཐིལ་དུ་ལན་གསུམ་བརྡབ་ཅིང༌།

ཕཊཿ འབྱུང་པོ་ཕྲན་བུ་ཉམ་ཆུང་བ་རྣམས་མ་སྐྲག་ཅིག། །མ་སྔངས་ཤིག། །ཤིན་ཏུ་མ་སྔངས་ཤིག།
།དེ་ནས་རྐང་དུང་ལན་གསུམ་འབུད་པའི་དང་པོ། །ཡུམ་ཆེན་མོའི་སྐྱེ་མེད་ཆོས་ཀྱི་རང་སྒྲས་ཁམས་གསུམ་དུ་ཐོས་པར་བསམས་ལ།

།ཀྱཻ་ཡ་གི་སྲིད་རྩེ་ནས་མནར་མེད་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ཉོན་ཅིག། །ཐམས་ཅད་ཀྱིས་དུང་ངེར་ཉན་པར་བསམ་ལ་གཅིག་འབུད།

།འཻ་ཐམས་ཅད་འདིར་འདུས་ཤིག། །ཐམས་ཅད་འུབས་སེ་འདུས་པར་བསམ་ལ་གཅིག་འབུད།

།ཐམས་ཅད་མྱུར་དུ་འདུས་ཤིག། །མྱུར་དུ་དཔུང་ངེར་འདུས་པར་བསམ་ལ་གཅིག་འབུད། །བདེ་རིམ་ལ་ནི་དེས་ཆོག། །སྨྱོན་པ་སོགས་ནད་གདོན་དྲག་པོ་འདུལ་ན་དྲག་སྡུད་བྱ་སྟེ།

ཕཊཿ སྐད་ཅིག་གིས་བདག་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་མཐིང་ནག་ཏུ་འདུག་པ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། །སྤྱན་གཡས་ཉི་མའི་དཀྱིལ་འཁོར་དམར་ཀྱི་ལི་ལི་འཁོར་བ། །གཡོན་ཟླ་བའི་དཀྱིལ་འཁོར་ངང་རྒ་ར་ར་འཁོར་བ། །དབུས་ཉི་ཟླ་སྤེལ་མའི་དཀྱིལ་འཁོར་དཀར་དམར་དུ་ཀྲུག་ཀྲུགས་སུ་འཁྲུག་པ། །སྤྱི་གཙུག་ན་ཕག་ཞལ་ནག་པོས་ཕག་སྐད་འབྲུག་ལྟར་ངུར་བ། །ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་བརྡེབས་པ། །གཡོན་མི་རྐང་གི་གླིང་བུ་ཙེར་ཙེར་བུས་པས། །སྣང་ཞིང་སྲིད་པའི་ལྷ་འདྲེ་བཀའི་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་དབང་དུ་འདུས་ཤིང་ཟིལ་གྱིས་ནོན་པ། །ལྟེ་བ་མན་ཆད་འདོད་ཁམས། །སྙིང་ཁ་མན་ཆད་གཟུགས་ཁམས། །སྤྱི་བོ་མན་ཆད་གཟུགས་མེད་ཀྱི་ཁམས་སུ་ཡོད་པ། །ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོ་བ་ཕུར་བུ་གཡང་གཞི་འཛིན་པ་དཔག་ཏུ་མེད་པ་སྟེང་འོག་ཕྱོགས་བཅུར་འཕྲོས་པས། །ས་འདིའི་སྟོད་སྨད་སྟེང་འོག་བར་གསུམ་ཕྱོགས་བཞི་མཚམས་བརྒྱད་ན་གནས་པའི་སྣང་ཞིང་སྲིད་པའི་ལྷ་འདྲེ་བཀའི་ལྷ་མ་སྲིན་སྡེ་བརྒྱད། །ཁྱད་པར་དུ་བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་གདོན་བགེགས་རྒྱབ་བརྟེན་སྡོང་ཟླ་དང་བཅས་པ། །རྩ་རྩ་ལག་དང་བཅས་པ། །འབྲེལ་པ་སྣ་འདྲེན་པ་དང་བཅས་པ་ཐམས་ཅད་སྐད་ཅིག་རང་དབང་མེད་པར་བྱིའུ་ཁྲས་བཅུམ་པ་ལྟ་བུར་དེད། །ར་ལུག་སེར་བས་དེད་པ་བཞིན་དུ་བསྡུས། །སྨུག་པ་རླུང་གིས་དེད་པ་བཞིན་དུ་བརྡས་ནས་སྐད་ཅིག་ད་ལྟ་ཉིད་དུ་འདིར་འདུས་ཤིག། །ཁུག་ཅིག། །ཧཱུྂ་ཧཱུྂ་ཧཱུྂཿ ཕཊཿ ཕཊཿ
ཧཱུྂ། །ང་ནི་ཁྲོས་མ་ནག་མོ་སྟེ། །མ་ཅིག་ལབ་སྒྲོན་དྲག་མོའི་སྐུ། །དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །ཁམས་གསུམ་མ་ལུས་དབང་དུ་སྡུད། །ཕྱག་གཡོན་མི་རྐང་གླིང་བུ་འབུད། །བུས་པས་སྲིད་གསུམ་དབང་དུ་སྡུད། །ཕྱག་གཡས་མི་ལྤགས་གཡང་གཞི་བརྡེབ། །བརྡབས་པས་ལྷ་འདྲེ་དབང་དུ་སྡུད། །ཐུགས་ལས་སྤྲུལ་པ་བྱེ་བ་འབུམ། །སྤྲུལ་པའི་མཁའ་འགྲོ་གྲངས་མ་ཉུང༌། །ཡང་སྤྲུལ་མཁའ་འགྲོ་གང་མ་གཡེལ། །ལས་བྱེད་མཁའ་འགྲོ་བང་མ་བུལ། །མི་ལྤགས་གཡང་གཞི་རྩལ་མ་ཞན། །མི་རྐང་གླིང་བུ་ངར་མ་ཆུང༌། །བདག་ཅག་དཔོན་སློབ་ཡོན་མཆོད་ལ། །གནོད་ཅིང་འཚེ་བར་བྱེད་པ་ཡི། །ལྷ་དང་ལྷ་མིན་དབང་དུ་སྡུད། །མི་དང་མི་མིན་དབང་དུ་སྡུད། །གདོན་བགེགས་འདྲེ་གདོན་དབང་དུ་སྡུད། །སྟེང་གདོན་གཟའ་སྐར་དབང་དུ་སྡུད། །འོག་གདོན་ཀླུ་གཉན་དབང་དུ་སྡུད། །བར་གདོན་བཙན་བདུད་དབང་དུ་སྡུད། །ཕོ་གདོན་རྒྱལ་འགོང་དབང་དུ་སྡུད། །མོ་གདོན་འདྲེ་མོ་དབང་དུ་སྡུད། །དམ་སྲི་ཐེའུ་དབང་དུ་སྡུད། །ཟ་འདྲེ་ཤི་གཤེད་དབང་དུ་སྡུད། །ཆུང་སྲི་རྒབ་འདྲེ་དབང་དུ་སྡུད། །གོད་འདྲེ་བསེ་རག་དབང་དུ་སྡུད། །དབང་དུ་སྡུད་ལ་གནས་འདིར་ཁུག། །གནས་འདིར་ཁུག་ལ་རྡུལ་དུ་རློག། །ཧཱུྂ་ཧཱུྂ་ཧཱུྂ། །ཕཊཿ ཕཊཿ ཕཊཿ དེ་ནས་ཟིལ་གནོན་འཕེན་པ་ནི།

།བདག་ཅག་ཡོན་མཆོད་ལ་གནོད་ཚབ་ཆེ་བ་རྣམས་ནང་དུ་འཁོད། །གནོད་ཚབ་ཆུང་བ་རྣམས་བར་དུ་འཁོད། །དེ་དག་གི་རྒྱབ་བརྟེན་སྡོང་ཟླ་རྣམས་ཕྱི་རོལ་དུ་འཁོད་དེ། །ལས་བྱེད་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་ཕྱི་ནས་བསྐོར་ནས་འབྲོས་དབང་མེད་པར་གྱུར། །ཕཊཿ ཕཊཿ རང་ཉིད་ཁྲོས་མ་ནག་མོའི་གཟི་བརྗིད་ཀྱི་ཟིལ་གྱིས་ནོན་ནས། །སྐྲག་ཅིང་སྔངས་པས་འདར་ཕྲིལ་ཕྲིལ། །དད་ཅིང་གུས་པས་ཕྱག་རྒྱ་ཧྲུག་ཧྲུག། །བཀའ་ཉན་གསུང་སྡོད་པར་གྱུར། །ཕཊཿ ཕཊཿ ཕྱག་རྒྱ་ཆེན་པོའི་དོན་དྲན་པར་བྱས་ལ།

།དཀར་པོ་དགེ་བ་ལ་གནས་པའི་ཆོས་ཐམས་ཅད་སྐྱེ་འགག་མེད་པའི་དབྱིངས་སུ་ཟིལ་གྱིས་གནོན་པར་བགྱིའོ། །ནག་པོ་སྡིག་པ་ལ་གནས་པའི་ཆོས་ཐམས་ཅད་སྐྱེ་འགག་མེད་པའི་དབྱིངས་སུ་ཟིལ་གྱིས་གནོན་པར་བགྱིའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་བདག་གི་སྣང་བ་ཆེན་པོས་ཁྱབ་པར་གྱུར། །ཕཊཿ ཕཊཿ དེ་ནས་ཁྲོས་མ་མི་དམིགས་པར་རང་ཐ་མལ་པར་བསྐྱེད།

མདུན་གྱི་ནམ་མཁའི་གནས་སུ་ཆོས་སྐུ་ཡུམ་ཆེན་མོ་ལ། །སྲས་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་བསྐོར་ནས། །སྤྲིན་འཁྲིགས་པ་བཞིན་དུ་སྟེང་ཕྱོགས་ཀྱི་ནམ་མཁར་ཁྱབ་ནས་བཞུགས་པར་གྱུར། །ཕཊཿ ཕཊཿ ཕཊཿ དེ་རྣམས་ཀྱི་སྐྱབས་འོག་ཏུ་བདག་དང་ཡོན་བདག་ལྷ་འདྲེ་གནོད་བྱེད་དང་བཅས་པ་ཐམས་ཅད་ཚུད་ནས། །སེམས་དད་ཅིང་གུས་པའི་ལུས་ཐལ་མོ་སྦྱར་ནས། །ངག་གིས་སྐྱབས་འགྲོའི་རམ་བུ་འུར་དི་རི་རི་བྱེད་པར་གྱུར། །ཕཊཿ ཕཊཿ ཕཊཿ ན་མོ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ཅག་དཔོན་སློབ་གྲྭ་སྡེ་ཡོན་མཆོད་ཐམས་ཅད་ལ་སྡང་བར་བྱེད་པའི་དགྲ། །གནོད་པར་བྱེད་པའི་བགེགས། །ལུས་ངག་ཡིད་གསུམ་གྱིས་ཐར་པ་དགེ་བ་བསྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་ལོག་འདྲེན་འབྱུང་པོ་མི་དང་མི་མ་ཡིན་པར་ཐོག་དྲངས་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། །ལམ་སྙིང་པོ་བྱང་ཆུབ་ཀྱི་འབྲས་བུ་ལ་མཆིས་ཀྱི་བར་དུ། །བདག་སོགས་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཕྱིའི་སྐྱབས་འགྲོའོ།

ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྐྱབས་སུ་མཆིའོ། །རིགས་ལྔའི་བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆིའོ། །རིགས་གསུམ་གྱི་མགོན་པོ་རྣམས་ལ་སྐྱབས་སུ་མཆིའོ། །ནང་གི་སྐྱབས་འགྲོའོ།

བླ་མ་རྡོ་རྗེ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །བཀའ་བརྒྱུད་པའི་བླ་མ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །དྲིན་ཆེན་རྩ་བའི་བླ་མ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །གསང་བའི་སྐྱབས་འགྲོའོ།

རང་སེམས་སྐྱེ་བ་མེད་པ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །དེ་ཁོ་ན་ཉིད་ཀྱི་སྐྱབས་འགྲོའོ།

སྙིང་ཁོང་རུས་པའི་གཏིང་ནས་སྐྱབས་སུ་མཆིའོ། །སྐྱབས་འོག་དམ་པ་རུ་ཚུད་པར་མཛད་དུ་གསོལ། །བདག་གཞན་ཐམས་ཅད་སངས་རྒྱས་ལ་བསྟེན་ནོ། །ཆོས་ལ་ལ་བསྟེན་ནོ། །དགེ་འདུན་ལ་བསྟེན་ནོ། །བདག་གཞན་ཐམས་ཅད་ཀྱི་ལུས་དགེ་བར་གྱུར་ཅིག། །ངག་དགེ་བར་གྱུར་ཅིག། །ཡིད་དགེ་བར་གྱུར་ཅིག། །དེ་ལྟར་སྐྱབས་སུ་གསོལ་ནས་དཀོན་མཆོག་གསུམ་གྱི་སྐྱབས་འོག་དམ་པར་ཚུད་དེ། །སྐྱབས་པར་ཞལ་གྱིས་བཞེས་ནས་སྐུ་གསུང་ཐུགས་ལས་འོད་ཟེར་སྣ་ཚོགས་བྱུང་ནས། །བདག་གཞན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ལ་ཕོག་པས། །སྡིག་སྒྲིབ་ཐམས་ཅད་དག་སྟེ་ལུས་ཤེལ་སྒོང་ལྟར་སོང་བར་གྱུར། །བདག་གཞན་ཐམས་ཅད་ཀྱི་ནད་རིགས་བཞི་བརྒྱ་རྩ་བཞི་བྱང་བར་གྱུར་ཅིག། །གློ་བུར་དགུ་བཅུ་རྩ་གཅིག་ལས་ཐར་བར་གྱུར་ཅིག། །ཡེ་འབྲོགས་སུམ་བརྒྱ་དྲུག་ཅུས་མི་ཚུག་པར་གྱུར་ཅིག བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རང་སར་ཞི་བར་གྱུར་ཅིག རང་སར་དག་པར་གྱུར་ཅིག རང་སར་སྟོང་པར་གྱུར་ཅིག། སྐྱབས་ཡུལ་སྐྱབས་མཁན་སྐྱབས་འགྲོ་གསུམ། །དམིགས་མེད་རང་སེམས་ཆོས་ཀྱི་སྐུ། །དོན་དམ་སྐྱེ་བ་མེད་པའོ། །ཕཊཿ ཕཊཿ ཕཊཿ མཐར་ཐུག་དོན་དམ་པའི་སྐྱབས་འགྲོའོ། ཡན་ལག་བདུན་པ་ནི།

།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །སྡིག་པ་མི་དགེ་སོ་སོར་གཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །བྱང་ཆུབ་མཆོག་ཏུ་སེམས་ཀྱང་བསྐྱེད། །སེམས་ཅན་མ་ལུས་བདག་མགྲོན་གཉེར། །བྱང་ཆུབ་སྤྱད་པ་མཛད་བཞིན་སྤྱོད། །འགྲོ་ཕན་སངས་རྒྱས་འགྲུབ་པར་ཤོག།

།བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི།
།ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །བསྐྱེད་པ་རྣམས་ནི་དྲན་པར་བགྱི། །དྲན་པ་རྣམས་ནི་རྒྱ་ཆེར་བཟུང༌། །སྐྱབས་ཡུལ་བསྡུ་མི་དགོས་མི་དམིགས་པར་བཞག་པས་ཆོག།

།འགྲོ་ཀུན་བདེ་དང་ལྡན་གྱུར་ཅིག། །སྡུག་བསྔལ་ཀུན་དང་བྲལ་བར་ཤོག། །བདེ་དང་རྟག་ཏུ་མི་འབྲལ་ཞིང༌། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག། །ཕཊཿ ཕཊཿ ཕཊཿ ཕཊཿ ཅེས་ཚད་མེད་བཞི་བསྒོམ།

རང་ཉིད་ཐ་མལ་དུ་གནས་པའི་སྤྱི་བོར་ཁྲུ་གང་གི་ཐད་མདུན་གྱི་ནམ་མཁར་འོག་མིན་ཆོས་དབྱིངས་དག་པའི་ཞིང་ཁམས་ཕུན་སུམ་ཚོགས་པའི་དབུས་སུ་ཏྲཾ་རཏྣ་མཎྜལ་ཞེས་བརྗོད་པས་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་ལྷ་རྫས་གོས་ཀྱིས་བཀབ་པ། །དེའི་སྟེང་དུ་པཾ་པདྨ་མཎྜལ་སྣ་ཚོགས་པདྨ་འདབ་མ་མཐའ་ཡས་ཤིང་རྒྱ་ཆེ་བའི་གདན། །དེའི་སྟེང་དུ་མ་སུརྻ་མཎྜལ་ཉི་མ་དང་ཨ་ཙནྡྲ་མཎྜལ་ཟླ་བའི་གདན་ཡངས་ཤིང་རྒྱ་ཆེ་བ་དང༌། །ལྷ་སོ་སོ་ལ་ཇི་ལྟར་འོས་པའི་གདན་གསལ་བར་གྱུར། །གདན་དབུས་མ་ཉི་ཟླའི་སྟེང་དུ་ཧཱུྂ་ཡིག་དཀར་པོ་འོད་དུ་ཞུ་བ་ལས། །མ་ཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ་དུང་ཕྱིས་པའི་མདོག་ལྟ་བུ། །ཞལ་གཅིག་ཕྱག་གཉིས་ཕྱག་གཡས་པས་གསེར་གྱི་ཌཱ་མ་རུ་ནམ་མཁའ་ལ་དཀྲོལ་བ། །གཡོན་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ། །སྤྱན་གསུམ་བར་སྣང་ལ་གཟིགས་པ། །སྐུ་གཅེར་བུ་རུས་པའི་རྒྱན་ཆ་དྲུག་གིས་བརྒྱན་པ། །དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་ཤིང་ལྷག་མ་སྐུ་རྒྱབ་ཏུ་གྲོལ་བ། །ཞབས་གཡས་བསྐུམ་གཡོན་བརྐྱངས་ཤིང་གར་སྟབས་ཀྱི་ཚུལ་དུ་ལིང་ངེར་བཞུགས་པ། །སྣང་ལ་རང་བཞིན་མེད་པ་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར་བ། །དེའི་སྙན་གོང་གཡས་ཕྱོགས་སུ་དམ་པ་རྒྱ་གར་སྐུ་མདོག་ནག་ལ་སྣུམ་པ་གཟི་བརྗིད་དང་ལྡན་པ་ཨ་ཙ་རའི་ཆ་བྱད་ཅན། །ཞལ་གཅིག་ཕྱག་གཉིས་ཕྱག་གཡས་བྷནྡྷ་ལྟག་སྤྲོད་ནམ་མཁའ་ལ་དཀྲོལ་བ། །གཡོན་མི་རྐང་གི་གླིང་བུ་འབུད་པ། །གྲུབ་ཐོབ་རྒྱ་མཚོ་ལྟ་བུའི་དབུས་སུ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། །མ་གཅིག་གི་སྙན་གོང་གཡོན་ཕྱོགས་སུ་ཧྲཱིཿལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་པས་གྲི་གུག་ནམ་མཁའ་ལ་འཕྱར་བ། །གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་པ། །གྲུ་མོ་ན་ཁ་ཊཱཾ་ཀ་ཡོད་པ། །རུས་པའི་རྒྱན་ཆ་དྲུག་གིས་བརྒྱན་པ། །ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་ཅིང༌། །རློན་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ། །ཞབས་གཡས་བསྐུམ་གཡོན་བརྐྱངས་ཤིང་པདྨ་ཉི་མ་རོའི་གདན་ལ་གར་སྟབས་ཀྱིས་ལིང་ངེར་བཞུགས་པ། །དེའི་ཤར་དུ་ཧཿལས་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། །ལྷོར་རིཿལས་རིན་ཆེན་མཁའ་འགྲོ་མ་སེར་མོ། །ནུབ་ཏུ་ནིཿལས་པདྨ་མཁའ་འགྲོ་མ་དམར་མོ། །བྱང་དུ་སཿལས་ལས་ཀྱི་མཁའ་འགྲོ་མ་ལྗང་གུ། །བཞི་ཀའང་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་ཅིང༌། །རྒྱན་ཆ་ལུགས་ཐམས་ཅད་གཙོ་མོ་དང་མཚུངས་པའོ། །མ་ཇོ་མོའི་དབུ་ཐོག་ཉི་ཟླ་པདྨའི་གདན་ལ་མུཾཿཡིག་སེར་པོ་ལས་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་ས་གནོན། །གཡོན་མཉམ་བཞག་དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས་མཚན་བཟང་སུམ་ཅུ་རྩ་གཉིས། །དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། །འོད་དང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོ་བ། །དེ་ལ་འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། །རང་རྒྱལ་ཉན་ཐོས་ཀྱི་ཚོགས་ཀྱིས་བསྐོར་ནས་བཞུགས་པ། །དེའི་དབུ་ཐོག་ཉི་ཟླ་པདྨའི་གདན་ལ་བཾཿཡིག་དམར་སེར་ལས། །ཆོས་སྐུ་ཡུམ་ཆེན་མོ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ་ཞལ་གཅིག་ཕྱག་བཞི་མ། །གཡས་པ་གཉིས་ཀྱིས་རྡོ་རྗེ་དང་ས་གནོན། །གཡོན་པ་གཉིས་ཀྱིས་པོ་ཏི་དང་མཉམ་བཞག་མཛད་པ་སྐུ་ལ་དར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། །ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། །དེ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ནས་བཞུགས་པ། །དེའི་དབུ་ཐོག་ཉི་ཟླ་པདྨའི་གདན་ལ་དབུས་སུ་བྷྲཱུྂཿལས་རྣམ་པར་སྣང་མཛད། །ཤར་དུ་ཧཱུྂཿལས་མི་བསྐྱོད་པ། །ལྷོར་ཨོཾ་ལས་རིན་འབྱུང༌། །ནུབ་ཏུ་ཛིཾཿལས་སྣང་མཐའ། །བྱང་དུ་ཁཾཿལས་དོན་གྲུབ་སྟེ་རིགས་ལྔ། །ཡུམ་ཆེན་མོའི་མདུན་གྱི་ནམ་མཁར་པདྨ་ཉི་ཟླའི་གདན་ལ་སྒྲོལ་མ། །དེ་དག་གི་རྒྱབ་ཕྱོགས་སུ་ཐུབ་པ་གངས་ཆེན་མཚོ་རྒྱལ། །གཞན་ཡང་གཡས་སུ་དཔའ་བོ་གཡོན་དུ་དཔའ་མོ་སོགས་ཐམས་ཅད་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ། །ཏིལ་གྱི་གོང་བུ་ཁ་ཕྱེས་པ་ལྟ་བུ། །མ་ཅིག་གི་གདན་ལས་ཅུང་ཟད་དམའ་བའི་ཕྱོགས་མཚམས་ཐམས་ཅད་དུ་པད་ཉི་རོའི་གདན་ལ། །གཡས་སུ་ཆོས་སྐྱོང་ཕོ་རྒྱུད་གཡོན་དུ་མོ་རྒྱུད་སོགས་དམ་པ་ཆོས་སྐྱོང་བའི་སྲུང་མ་ཐམས་ཅད་གཟི་བརྗིད་དང་ལྡན་པ། །དེའི་འོག་ཏུ་ཕྱི་རྒྱུད་འཇིག་རྟེན་པའི་ཆོས་སྐྱོང་སྲུང་མ་ཐམས་ཅད་དང༌། །ཕྱོགས་བཞི་རྒྱལ་ཆེན་བཞི་ལ་སོགས་པ་ཐམས་ཅད་སྤྲིན་འཁྲིགས་པ་ལྟ་བུ། །དེའི་འོག་ཏུ་སྣང་ཞིང་སྲིད་པའི་ལྷ་འདྲེ་བཀའི་ལྷ་མ་སྲིན་སྡེ་བརྒྱད་ཡུལ་ལྷ་གཞི་བདག་གི་ཚོགས་དང་བཅས་པ། །དེའི་རྒྱབ་ཏུ་གནོད་བྱེད་གནས་གདོན་ལུས་གདོན་ལན་ཆགས་བགེགས་རིགས། །དེའི་རྒྱབ་འགྲོ་བ་རིགས་དྲུག་གི་སེམས་ཅན་སྙིང་རྗེའི་མགྲོན་དང་བཅས་པ་དཔག་ཏུ་མེད་པ་ཐམས་ཅད་ཡུམ་ཆེན་མོའི་བཀའ་ཉན་དང་གསུང་སྡོད་ཀྱི་ཚུལ་དུ་བཞུགས་པ། །དེ་ལྟར་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུས་གང་ནས་བཞུགས་པར་གྱུར། །ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་དཔྲལ་བར་སྐུ་རྡོ་རྗེ་དང་ལུས་ཀྱི་ངོ་བོ་ཨཱོཾ་དཀར་པོ། །མགྲིན་པར་གསུང་རྡོ་རྗེ་དང་ངག་གི་ངོ་བོ་ཨཱཿདམར་པོ། །ཐུགས་ཀར་ཐུགས་རྡོ་རྗེ་དང་སེམས་ཀྱི་ངོ་བོ་ཧཱུྂ་སྔོན་པོ། །སྙིང་ཁའི་དབུས་སུ་ཡེ་ཤེས་པ་རྣམས་ལ་རང་རང་གི་ཐུགས་སྲོག་ས་བོན། །འཇིག་རྟེན་པ་རྣམས་ལ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་མཚན་པར་གྱུར། །དེ་ཝ་ཌཱཀྐི་ནི་ཛཿཧཱུྃ། །ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་ཐུགས་ཀའི་ཧཱུྂ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང༌། །སོ་སོའི་གནས་ནས་ཡུམ་ཆེན་མོ་ལ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྤྱན་དྲངས། །ཨོཾ་གུ་རུ་དེ་ཝ་ཌཱཀྐི་ནི་ས་པཱ་རི་ཝ་ར་བཛྲ་ས་མ་ཛཿ རྐང་གླིང་འབུད་ལ་ཌཱ་དྲིལ་དྲག་ཏུ་དཀྲོལ་ནས།

ཧཱུྂཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །ཡུམ་ཆེན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཡིད་ཀྱི་ཕྱག་དང་མཆོད་པ་བྱོན་སྐྱེམས་ཚུལ་དུ་བྱས་ཏེ།

ཛཿཞེས་ལྷ་རྣམས་རང་རང་སྤྱི་བོར་བྱོན། །ཧཱུྂ་ཞེས་ཆུ་ལ་ཆུ་བཞག་ལྟ་བུར་ཐིམ། །བཾ་ཞེས་དམ་ཡེ་དབྱེར་མེད་གཅིག་ཏུ་གྱུར། །ཧོཿཞེས་ཐམས་ཅད་ཤིན་ཏུ་ཐུགས་དགྱེས་གྱུར། །ཡུམ་ཆེན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པ་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །སེང་གེ་པད་ཟླའི་གདན་སྟེང་དུ། །ཅི་བདེ་བར་ནི་བཞུགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཀ་མ་ལཱ་ཡེ་སྟྭམ་སྭཱ་ཧཱ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དག་པ་བཟང་པོས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡེ་ཤྲཱི་ཧཱུྂ། །རང་གི་ཐུགས་ལས་སྤྲུལ་པ་ཡིས། །མཆོད་རྫས་འཛིན་པའི་ལྷ་མོའི་ཚོགས། །ནམ་མཁར་གང་བར་སྤྲོས་ནས་ཀྱང༌། །ཡུམ་ཆེན་འཁོར་བཅས་རྣམས་ལ་མཆོད། །ཁྲུས་ཆབ་ཡོན་ཆབ་བདུག་སྤོས་དང༌། །མེ་ཏོག་མར་མེ་དྲི་མཆོག་དང༌། །ཞལ་ཟས་རོལ་མོའི་མཆོད་པ་རྣམས། །ཡུམ་ཆེན་འཁོར་དང་བཅས་ལ་འབུལ། །ཞེས་པ་ཕྱི་མཆོད་དོ།

།སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི། །འདོད་ཡོན་ལྔ་པོ་ཅི་མཆིས་པ། །འདོད་ཡོན་ལྷ་མོར་དམིགས་བྱས་ནས། །ཡུམ་ཆེན་འཁོར་དང་བཅས་ལ་འབུལ། །གཟུགས་དང་སྒྲ་དང་དྲི་དང་རོ། །དེ་བཞིན་རེག་བྱ་ལྡན་པ་ཡི། །འདོད་པའི་ཡོན་ཏན་རྣམ་པ་ལྔ། །ཡུམ་ཆེན་འཁོར་དང་བཅས་ལ་འབུལ། །ནང་གི་མཆོད་པའོ།

།རྒྱལ་སྲིད་རིན་ཆེན་སྣ་བདུན་ཡང༌། །ནམ་མཁར་གང་བར་བློས་སྤྲུལ་ཏེ། །བསོད་ནམས་ཚོགས་ཆེན་རྫོགས་པའི་ཕྱིར། །ཡུམ་ཆེན་འཁོར་དང་བཅས་ལ་འབུལ། །འཁོར་ལོ་ནོར་བུ་བཙུན་མོ་དང༌། །བློན་པོ་གླང་པོ་རྟ་མཆོག་དང༌། །དམག་དཔོན་རིན་ཆེན་སྣ་བདུན་རྣམས། །ཡུམ་ཆེན་འཁོར་དང་བཅས་ལ་འབུལ། །རང་གིས་ཐུགས་ལས་སྤྲུལ་པ་ཡི། །སྒེག་སོགས་མཆོད་པའི་ལྷ་མོ་བརྒྱད། །གྲངས་མེད་སྤྲུལ་ནས་ལྷ་ཚོགས་རྣམས། །ཟག་མེད་བདེ་བས་མཉེས་པར་བྱ། །སྒེག་མོ་ཕྲེང་བ་གླུ་མ་གར། །སྤོས་དང་མེ་ཏོག་མར་མེ་དྲི། །ཕྱི་ནང་སྒེག་སོགས་བརྒྱད་པོ་རྣམས། །ཡུམ་ཆེན་འཁོར་དང་བཅས་ལ་འབུལ། །གསང་མཆོད་དོ།

།ཕྱི་སྣོད་གླིང་བཞི་རི་རབ་བྱེ་བ་བརྒྱ། །ནང་བཅུད་ལྷ་མིའི་ལོངས་སྤྱོད་ཟག་མེད་པ། །བདག་ལུས་ཁ་རྗེ་དབང་ཐང་དགེ་རྩར་བཅས། །མཎྜལ་གཅིག་ཏུ་བསྡུས་ཏེ་མཆོད་པ་འབུལ། །ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་མཎྜལ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཏྲཾ་གུ་རུ་རཏྣ་མཎྜ་ལ་པུཙྪ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མཱ་ཡེ་ཨཱཿཧཱུྂ། །མཎྜལ་ལོ།

།དེ་ལྟར་མཆོད་པ་ཕུལ་བས་སེམས་ཅན་ཀུན། །ཚོགས་རྫོགས་སྒྲིབ་བྱང་བྱང་ཆུབ་བདེ་བླག་འགྲུབ། །འཁོར་འདས་མཉམ་ཉིད་སྐྱེ་མེད་ཆོས་ཀྱི་སྐུ། །སྤྲོས་མེད་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། །ཕཊཿ ཕཊཿ ཅེས་སྟོང་ཉིད་ངང་ལ་ཡུད་ཙམ་བཞག་པ་དོན་དམ་པའི་མཆོད་པའོ།

།བདག་གི་རམ་བུའི་ཚུལ་དུ་ནི། །སྣང་སྲིད་ལྷ་འདྲེ་ཐམས་ཅད་དང༌། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །ཡུམ་ཆེན་འཁོར་བཅས་བསྟོད་པར་གྱུར། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་བཅས་ལ་འདུད། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །བལྟ་བས་མི་ངོམས་འགྲོ་བའི་དཔལ་དུ་ཤར། །ཞལ་གཅིག་ཕྱག་བཞི་བཙོ་མ་གསེར་གྱི་མདོག། །རིན་ཆེན་རྒྱན་སྤྲས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །རྒྱལ་བའི་ཡུམ་གྱུར་ཁྱོད་ལ་ཕྱག་འཚལ་བསྟོད། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཞིང་ཁམས་ཐམས་ཅད་གསེར་གྱི་ས་གཞི་ལ། །རིན་ཆེན་མེ་ཏོག་མང་པོ་གཅལ་དུ་བཀྲམ། །མེ་ཏོག་པུཎྜ་རཱི་ཀ་ཆར་ལྟར་འབེབས། །ཡུམ་གྱུར་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བར་རྒྱུར། །དགེ་བས་ངན་སོང་ལས་གྲོལ་ཞིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་བསྟོད། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་བསྟོད། །བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་བཞི། །སྟོན་པ་ཉིད་ཀྱིས་གང་གསུངས་པ། །ཕྱི་དང་ནང་དང་གསང་བ་ཡི། །ཡི་དམ་རྣམས་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །སྟོན་པའི་བསྟན་པ་རིན་པོ་ཆེ། །སྟོན་པ་ཉིད་ཀྱི་ཞབས་དྲུང་དུ། །ཇི་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་རྣམས་ལ་ཕྱག་འཚལ་བསྟོད། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་རྙེད་ཀྱི། །ལུས་བཏུད་པ་ཡི་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ།

།དེ་ནས་བསྙེན་པ་བྱ་བ་ནི།
།ཡུམ་ཆེན་ཐུགས་ཀར་པདྨ་ཟླ་བའི་སྟེང༌། །ཨཱཿཡིག་དཀར་པོའི་མཐའ་མར་ག་ཏེའི་སྔགས། །ཡིག་ངོ་ནང་བསྟན་གཡས་བསྐོར་བཀོད་པ་དེ། །གཡོན་དུ་འཁོར་བས་སྔགས་ཀྱི་རང་སྒྲ་གྲགས། །གྲགས་སྟོང་སྒྲ་དེས་སྣོད་བཅུད་འཁོར་འདས་ཀུན། །སྣང་སྟོང་སྒྱུ་མ་ཆུ་ཟླ་ལྟ་བུར་གྱུར། །ཏདྱ་ཐཱ། །ཨོཾ་ག་ཏེ་ག་ཏེ་པ་ར་ག་ཏེ་པ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། །ཞེས་ཅུང་ཟད་བཟླས།

།མ་ཅིག་ཐུགས་ཀར་པདྨ་ཟླ་བའི་སྟེང༌། །ཧཱུྂ་ཡིག་དཀར་པོའི་མཐའ་མར་གཡས་བསྐོར་དུ། །སྔགས་ཕྲེང་བཀོད་པ་གཡོན་དུ་དྲག་ཏུ་འཁོར། །དེ་ཡི་འོད་ཀྱིས་ལྷ་ཚོགས་ཐུགས་དམ་བསྐུལ། །དེ་ཡི་འོད་ཟེར་ཡུམ་ཆེན་ལ་ཕོག་པས། །ཡུམ་ཆེན་ཐུགས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །འོག་མིན་གནས་དང་ཕྱོགས་བཅུའི་ཞིང་ཁམས་ནས། །ཡུམ་ཆེན་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་པ་རྣམས། །འོད་ཟེར་ཚུལ་དུ་མ་ཅིག་ཐུགས་ཀར་བསྡུས། །བྱིན་རླབས་ངོ་བོ་བདུད་རྩིས་སྐུ་ལུས་གང༌། །ཕཊཿ ཕཊཿ ཕཊཿ དམིགས་པ་བྱིན་རླབས་བསྡུ་བ་འདི་ལ་ག་ཏེའི་སྔགས་མང་དུ་བཟླའོ། །དེ་ནས་སྡིག་སྒྲིབ་སྦྱོང་བའི་དམིགས་པ་ནི།

།ཕཊཿ མ་ཅིག་ཞབས་གཡོན་མཐེ་བོང་རྩེ་མོ་ནས། །བདུད་རྩིའི་ཆུ་རྒྱུན་ཆུ་བོ་བཞིན་དུ་བབས། །རང་དང་བསྲུང་བྱའི་སྦྱི་བོའི་ཚངས་བུག་ནས། །ཞུགས་པས་ལུས་གང་ཆགས་ཉམས་སྡིག་སྒྲིབ་རྣམས། །འོག་སྒོ་རྐང་སེན་བ་སྤུའི་བུ་ག་ནས། །རྣག་ཁྲག་དུད་ཁུ་སོལ་ཁུ་བཞིན་དུ་ཐོན། །འོག་གཞི་དབང་ཆེན་གསེར་གྱི་ས་གཞིར་ཐིམ། །བདག་དང་འགྲོ་བའི་སྡིག་སྒྲིབ་ཐམས་ཅད་དག། །ལུས་རྣམས་ཟག་མེད་ཡེ་ཤེས་བདུད་རྩིས་གང༌། །སྟོང་གསལ་དྲི་མེད་ཤེལ་སྒོང་ལྟ་བུར་གྱུར། །ཕཊཿ ཕཊཿ ཕཊཿ

དེ་ནས་ལན་ཆགས་འཇལ་བའི་དམིགས་པ་ནི། །ནད་པ་ལ་བྱ་སྟེ།
།བདག་གཞན་སྡིག་སྒྲིབ་བཀྲུས་པའི་ཁུ་བ་དེ། །ངོ་བོ་བདུད་རྩིར་རྣམ་པ་འདོད་ཡོན་ཚོགས། །བཟའ་བཏུང་ལོངས་སྤྱོད་ཕུན་སུམ་ཚོགས་པར་གྱུར། །རང་གི་འོག་ཕྱོགས་ལུས་གདོན་ནད་བདག་གི། །ཁ་རུ་སོང་ནས་ལན་ཆགས་བུ་ལོན་བྱང༌། །གནོད་སེམས་ཞི་ནས་ཕན་སེམས་ལྡན་པ་གྱུར། །ཕཊཿ ཕཊཿ ཕཊཿ

དེ་ནས་ནམ་མཁའ་སྒོ་འབྱེད་བྱ་བ་ནི། །རང་ཉིད་རྟོགས་པ་མཐོའམ། །གལ་ཆེ་ན་བདག་གཞན་དབྱེར་མེད་དུ་བསྲེ་བ་ཡིན་ཀྱང༌། །སོ་སོར་འཕོ་བ་འདི་རང་ལ་གྲིབ་ཆུང་བས།
།བདག་དང་བསྲུང་བྱ་རྣམས་ཀྱི་ལུས་སྟོང་གསལ་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་དབུས་སུ། །རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། །ངོ་བོ་སྟོང་ལ་རང་བཞིན་གསལ་བ་སྦ་ལྕགས་འབྲིང་པོ་ཙམ། །ཡར་སྣེ་ཚངས་བུག་ཏུ་ཟུག་པ་སྐར་ཁུང་ལྟ་བུར། །མར་སྣེ་ལྟེ་འོག་ཏུ་ཟུག་པ་གསལ་བར་གྱུར། །ཕཊཿ རྐང་མཐིལ་གཡས་སུ་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ་སྲན་མ་ཙམ། །གཡོན་དུ་མ་ལས་ཐོབ་པའི་རཀྟ་དམར་པོ་སྲན་མ་ཙམ། །ཕཊཿ དེ་གཉིས་ཡར་འཕར་གསང་གནས་སུ་སླེབ་པས་བྱ་མ་སར་གྱི་སྒོ་ང་ཙམ། །ཕཊཿ ཡར་འཕར་ནས་ལྟེ་བར་སླེབ། །ཕཊཿ སྙིང་ཀར་སླེབ་པས་བདག་དང་བསྲུང་བྱའི་ཚེ་དང་བསོད་ནམས་བཀྲག་དང་གཟི་མདངས། །རླུང་སེམས་ཐམས་ཅད་འདུས་པའི་ངོ་བོ་ཐིག་ལེ་ཁ་དོག་ལྔ་ལྡན་འོད་ཟེར་དང་བཅས་པ་འཕར་འདར་ལིང་ངེ་བ་གཅིག་ཏུ་གྱུར། །ཕཊཿ མགྲིན་པ། །ཕཊཿ སྤྱི་བོར་ནས་རྒྱངས་ཀྱིས་ཐོན་ནས་མ་ཅིག་གི་ཐུགས་ཀར་ཐིམ་པས། །ཐུགས་ཆོས་ཉིད་ཀྱི་ནམ་མཁའ་དང་དབྱེར་མེད་ཁྱབ་གདལ་ཆེན་པོར་གྱུར། །ཕཊཿ དེ་ནི་དབྱིངས་རིག་བསྲེ་བའོ། །དེ་ནས་ལུས་མཎྜལ་དུ་འབུལ་བ་ནི།

།ཕཊཿ མ་ཅིག་ཐུགས་ལས་རང་སེམས་རིག་པ་དེ། །ཧྲཱིཿཡིག་དམར་པོ་ཕྱིར་འཕྲོས་པས། །ཕག་མོ་དམར་མོ་གྲི་ཐོད་འཛིན། །དེ་ཡིས་བེམ་པོ་བཤས་གྱུར་པས། །པགས་པ་གསེར་གྱི་ས་གཞིའི་དབུས། །རང་ལུས་རི་མཆོག་ཉི་ཟླས་བརྒྱན། །སྡེབས་བཞི་གླིང་བཞི་གླིང་ཕྲན་བརྒྱད། །སེན་མཛུབ་ལྕགས་རིའི་ཁོར་ཡུག་བསྐོར། །ལུས་མཎྜལ་ཡོངས་སུ་རྫོགས་པ་འདི། །བླ་མ་ཡི་དམ་དཀོན་མཆོག་དང༌། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་འབུལ། །གུ་རུ་དེ་ཝ་ཌཱ་ཀྐི་ནི་རཏྣཿམཎྜལ་པུཙྪ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྂ། །མཆོད་སྦྱིན་སྐབས་སུ་ཕཊཿ འབྲོང་གི་རྔ་མ་ལྟ་བུ་འཇམ་ཞིང་སྙན་པར་བརྗོད། །འདི་དག་གི་སྐབས་ཐམས་ཅད་དུ་རྣམ་ཤེས་སྤར་བ་སྐད་ཅིག་དྲན་རྫོགས་རེ་གྲུབ་ཀྱང་ལེགས། །ཡང་ན་སྔ་མའི་ལུས་དེས་ལྷག་མ་གང་འདོད་སོ་སོར་བསྒྱུར་ཞིང་མཆོད་ཀྱང་རུང༌།

ཕཊཿ རང་གི་རྣམ་པར་ཤེས་པ་མཁའ་འགྲོ་མ་དམར་མོ་གྲི་གུག་ཐོད་ཁྲག་བསྣམས་པ་དེས། །རང་གཞན་དབྱེར་མེད་ཀྱི་བེམ་པོ་དེའི་སྨིན་མཚམས་ཡན་ཆད་རྦད་དེ་བཅད་པ། །ཡེ་ཤེས་ཀྱི་ཀཱ་པ་ལ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བ་དཔྲལ་བ་རང་ལ་བསྟན་པ། །དེའི་ནང་དུ་ཤ་ཁྲག་རུས་གསུམ་གྲི་གུག་གིས་གཏུབ་ཅིང་སྤུངས་པ་དེ། །ཐོད་སྒྱེད་གསུམ་གྱི་སྟེང་དུ་གནས་པ་ལ་རླུང་གཡོས་ཡེ་ཤེས་ཀྱི་མེ་འབར་བས་ཞུ་ཞིང་ཁོལ་བ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྂ་ཧ་ཧོ་ཧྲཱི་སྭཱ་ཧཱ། །རང་གི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་གྲངས་མེད་པས་ཐོད་པའི་བདུད་རྩི་བཅུས་ཤིང་ལྷ་སོ་སོ་ལ་མཆོད་པར་གྱུར། །ཕཊཿ ཕཊཿ གདོས་བཅས་ལུས་ཀྱིས་སྟོང་གསུམ་གང༌། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས། །ཟག་མེད་བདུད་རྩི་འོད་དུ་ཞུ། །ཕུད་རླངས་མཆོད་པའི་སྤྲིན་ཕུང་འཁྲིགས། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས། །བླ་མ་ཡི་དམ་མཁའ་འགྲོ་དང༌། །དཔའ་བོ་དཔའ་མོའི་ཚོགས་རྣམས་ཀུན། །མ་ལུས་པ་རྣམས་ཚིམ་གྱུར་ཅིག། །ཕཊཿ ཕཊཿ ཕཊཿ ཐོད་པ་བདུད་རྩིས་གང་བ་འཕྲོས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་དང༌། །བྲན་གཡོག་བཀའ་སྡོད་འཁོར་བཅས་ཀྱི། །ཐུགས་དམ་མ་ལུས་བསྐངས་གྱུར་ཅིག། །ཕཊཿ ཕཊཿ ཕཊཿ སྐད་ཅིག་ལ་ཕུང་པོའི་ལྷག་རོལ་གང་ལ་ཅི་འདོད་དེ་དང་དེར་བསྒྱུར་ལ།

།ཕཊཿ ཤ་ཁྲག་རུས་པ་འདོད་ཡོན་ཕུན་སུམ་ཚོགས། །བ་སྤུ་རྩི་ཤིང་ནགས་ཚལ་རྒྱས། །དོན་སྣོད་ལྔ་ཡི་འཇའ་ཚོན་འཁྲིགས། །དབུགས་རླངས་ན་བུན་ཆུ་འཛིན་འཁྲིགས། །ཡུལ་མཁར་བེའུ་ལུག་གླང་པོ་རྟ། །དར་ཟབ་འབྲུ་སྣ་རིན་ཆེན་གཏེར། །ལུས་དང་སྲོག་དང་ལོངས་སྤྱོད་དང༌། །ཁ་རྗེ་དབང་ཐང་བཀྲག་མདངས་བཅས། །མ་ལུས་ལྷུན་གྲུབ་དཔལ་འབྱོར་འདི། །ཚེ་རབས་འཁོར་བ་ཐོག་མེད་ཀྱིས། །ལན་ཆགས་བདག་པོ་བདག་མོ་དང༌། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༌། །བྱིས་པའི་གདོན་ཆེན་བཅོ་ལྔ་དང༌། །ལན་ཆགས་འཁོར་བའི་མགྲོན་ལ་སྦྱིན། །བུ་ལོན་ལན་ཆགས་བྱང་གྱུར་ཅིག། །ཤ་འཁོན་འབྲེལ་ཐག་ཆོད་གྱུར་ཅིག། །རྟག་ཏུ་བདེ་སྐྱིད་ལྡན་པ་དང༌། །མཐར་ཐུགས་སངས་རྒྱས་ཐོབ་པར་ཤོག། །ཕཊཿ ཕཊཿ ཕཊཿ བདག་ལུས་ནོར་བུའི་གཏེར་ཁ་ཕྱེས། །དགོས་འདོད་ལྷུན་གྲུབ་བསམ་མི་ཁྱབ། །སྡུག་བསྔལ་ཐམས་ཅད་སེལ་བའི་སྨན། །བདེ་ཆེན་ལྷུན་གྲུབ་རྒྱས་པའི་དཔལ། །ཟག་མེད་རོ་བཅུད་ལྡན་པའི་མཆོག། །སྟོང་གསུམ་གང་བའི་བདུད་རྩི་འདི། །མཆོད་སྦྱིན་འདོད་པའི་ལྷ་མོ་ཡིས། །དཔག་མེད་ཐོད་པར་བདུད་རྩི་སྤྲོས། །རིགས་དྲུག་སེམས་ཅན་ཚིམ་གྱུར་ཅིག། །རང་རང་སྡུག་བསྔལ་ཞི་ནས་ཀྱང༌། །རྟག་ཏུ་བདེ་སྐྱིད་ལྡན་པ་དང༌། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག། །ཕཊཿ ཕཊཿ བདག་ལུས་གདོས་བཅས་ཕུང་པོ་འདི། །དཀར་གསུམ་མངར་གསུམ་སྨན་གྱི་མཆོག། །དར་ཟབ་དང་ནི་རིན་པོ་ཆེ། །འབྲུ་སྣ་དང་ནི་འདོད་ཡོན་ཚོགས། །བ་ལང་རྟ་དང་གླང་པོ་དང༌། །དཀོར་ནོར་སྣ་ཚོགས་བང་མཛོད་དང༌། །མེ་ཏོག་རྩི་སྨན་ནགས་ཚལ་དང༌། །གཞི་བདག་འདོད་པའི་ལོངས་སྤྱོད་རྣམས། །བདག་ལ་མེད་པ་གཅིག་ཀྱང་མེད། །ཅི་འདོད་ཅི་མཁོ་བདག་གིས་སྦྱིན། །གཞི་བདག་རྣམས་ལ་མཆོད་པ་འབུལ། །ལྷག་མ་མེད་པ་བཞེས་ནས་ཀྱང༌། །དགའ་མགུ་ཡི་རང་ལྡན་གྱུར་ཅིག། །གདུག་རྩུབ་བསམ་ངན་ཞི་ནས་ཀྱང༌། །བྱང་ཆུབ་སེམས་དང་ལྡན་གྱུར་ནས། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག། །ཕཊཿ ཕཊཿ བདག་ལུས་གདོས་བཅས་ཕུང་པོ་འདི། །ཤ་ཁྲག་རྫིང་བུ་ལྡེང་ཀ་དང༌། །ནེའུ་སེང་དང་ནི་དཔག་བསམ་ཤིང༌། །སྐྱེད་མོས་ཚལ་དང་ཁང་བཟང་རི། །ཡིད་བཞིན་ནོར་བུ་དྲི་བཟང་སྨན། །འདོད་ཡོན་གཟུགས་སྒྲ་དྲི་རོ་རེག། །ཀླུ་ལ་མཁོ་བའི་ཡོ་བྱད་རྣམས། །བདག་ལ་མེད་པ་གཅིག་ཀྱང་མེད། །ཅི་འདོད་ཅི་མཁོ་བདག་གིས་སྦྱིན། །ཀླུ་རིགས་རྣམས་ལ་མཆོད་པ་འབུལ། །ལྷག་མ་མེད་པར་བཞེས་ནས་ཀྱང༌། །དགའ་མགུ་ཡི་རང་ལྡན་གྱུར་ཅིག། །བསམ་ངན་གདུག་རྩུབ་ཞི་ནས་ཀྱང༌། །བྱང་ཆུབ་སེམས་དང་ལྡན་གྱུར་ནས། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག། །ཕཊཿ ཕཊཿ

དེ་ནས་དམར་འགྱེད་ནི།
།བདུད་རྩིའི་ལྷག་མ་ཅུང་ཟད་ལུས་པ་ལ། །མདུན་བསྐྱེད་ཀྱི་ཐུགས་ཀ་ནས། །འོད་ཟེར་གཅིག་ཕོག་མ་ཐག་ཏུ། །ཕཊཿ སྒྱུ་ལུས་ཤའི་རི་བོ། །ཁྲག་གི་རྒྱ་མཚོ། །ཀེང་རུས་རུས་པའི་གྲམ་ཁྲོད་སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི་ཁམས་གང་བ་འདི། །སྣང་སྲིད་ཀྱི་ལྷ་འདྲེ་བཀའི་ལྷ་སྲིན་སྡེ་བརྒྱད། །དཀར་པོ་ལྷའི་སྡེ་ཚོགས། །ནག་པོ་བདུད་ཀྱི་སྡེ་ཚོགས། །དམར་པོ་བཙན་གྱི་སྡེ་ཚོགས། །ཁྲ་བོ་གཟའི་སྡེ་ཚོགས། །སྔོན་པོ་ཀླུའི་སྡེ་ཚོགས། །སེར་པོ་གཉན་གྱི་སྡེ་ཚོགས། །སྨུག་པོ་དམུའི་སྡེ་ཚོགས། །ལྗང་གུ་ས་བདག་གི་སྡེ་ཚོགས། །རཀྴ་སྲིན་པོའི་སྡེ་ཚོགས། །ལ་གསུམ་ན་འགྲིམས་པའི་བཙན། །ལུང་གསུམ་ན་འགྲིམས་པའི་བདུད། །གྲོང་གསུམ་ན་འགྲིམས་པའི་འདྲེ་མོ། །གཙང་ཐིལ། །འབང་ཐིལ། །མགར་ཐིལ། །ཀླུ་ཐིལ། །བེར་དཀར་བེར་ནག་ལ་སོགས་པའི་གདུག་པ་ཅན་རྣམས་དང༌། །གཞན་ཡང་སྟེང་གདོན་གཟའ་དྲང་སྲོང༌། །འོག་གདོན་ཀླུ་ས་བདག། །བར་གདོན་གཉན་ཐེའུ་རང༌། །བྱད་མ་ལྷ་སྲུང་དང་བཅས་པ། །ཟ་འདྲེ་ཤི་གཤེད་དང་བཅས་པ་ཐམས་ཅད་སྐད་ཅིག་རང་དབང་མེད་པར་འདིར་འདུས་ཤིག། །ཧཱུྂ་ཧཱུྂ་ཧཱུྂཿ འདིར་ཤོག་འདིར་འདུས་ཤ་ཟོ་ཁྲག་འཐུང༌། །ཤ་ལ་དགའ་བས་ཤ་ཟོ། །ཁྲག་ལ་དགའ་བས་ཁྲག་འཐུང༌། །རུས་པ་ལ་དགའ་བས་རུས་པ་མུར། །པགས་པ་ལ་དགའ་བས་པགས་པ་གྱོན། །ཕཊཿ ཕཊཿ ཕཊཿ ཧཱུྂ། །མཐོ་སྲིད་པའི་རྩེ་མོ་མན་ཆད་ནས། །དམའ་ན་རག་དམྱལ་ཁམས་ཡན་ཆད་ཀྱི། །སྣང་ཞིང་སྲིད་པའི་ལྷ་འདྲེ་དང༌། །བདག་ཅག་ཡོན་མཆོད་མི་ནོར་ལ། །གནོད་ཅིང་འཚེ་བའི་བགེགས་རིགས་དང༌། །ཆོ་འཕྲུལ་སྟོན་པའི་འདྲེ་གདོན་རྣམས། །ནམ་མཁའི་སྤྲིན་ཚོགས་བཞིན་དུ་འདུས་ལ་ཤོག། །བར་སྣང་ཆར་པ་བཞིན་དུ་ཕོབ་ལ་ཤོག། །ས་གཞི་རླུང་དམར་བཞིན་དུ་འཚུབས་ལ་ཤོག། །བཟའ་བའི་ཤ་ཡང་འདི་ན་ཆེ། །བཏུང་བའི་ཁྲག་ཀྱང་འདི་ན་མང༌། །གྱོན་པའི་པགས་པ་འདི་ན་དྲོ། །མུར་བའི་ལྷ་བ་འདི་ན་ཞིམ། །ཁྱེད་ལྷ་འདྲེ་རྣམས་ལ་འདོད་ཡོན་ཚོགས། །ཐོགས་པ་མེད་པ་འབྱུང་གྱུར་ཅིག། །ཕཊཿ ཕཊཿ ཁྱེད་འདིར་ཚོགས་རྣམས་ལ་ལུས་འདི་འབུལ། །ཕྱི་ཤ་གཟུགས་དྲུག་གི་མཆོད་པ་འབུལ། །བཀའ་ཕ་རོལ་ཕྱིན་དྲུག་ཐོབ་པར་ཤོག། །ནང་ཆ་བུ་དགུའི་མཆོད་པ་འབུལ། །ཐེག་པ་རིམ་དགུ་ཐོབ་པར་ཤོག། །དོན་སྙིང་ལྔ་ཡི་མཆོད་པ་འབུལ། །སྐུ་ལྔ་ཡེ་ཤེས་ཐོབ་པར་ཤོག། །ཁྱེད་སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས། །རིངས་པ་རྣམས་ཀྱིས་རློན་པ་ཟོ། །མི་རིངས་པ་རྣམས་ཀྱིས་ཚོས་ལ་ཟོ། །ཤ་ཟན་ལྕབ་སྒྲ་དི་རི་རི། །ཁྲག་འཐུང་ཧུབ་སྒྲ་ཧོ་རོ་རོ། །རུས་མུར་སོ་སྒྲ་ཁྲ་ལ་ལ། །རྐང་བརྡུངས་ལྷ་བ་ལྗིབས་སེ་ལྗིབ། །དགྱེས་པའི་གད་མོ་ཤ་ར་ར། །མགུ་བའི་གླུ་ལེན་ཀྱུ་རུ་རུ། །དྲག་པོའི་རྐན་སྒྲ་ཐགས་སེ་ཐག། །ཁོག་སྟོད་ཡ་བདུད་རྒྱལ་པོས་ཟོ། །ཁོག་སྨད་མ་བདུད་སྲིན་མོས་ཟོ། །སྐེད་པ་སྣང་སྲིད་ལྷ་འདྲེས་ཟོ། །ཕྱི་ཤ་གཟུགས་དྲུག་ཕྱི་ཡི་ལྷ་འདྲེས་ཟོ། །ནང་ཆ་བུ་དགུ་ནང་གི་ལྷ་འདྲེས་ཟོ། །བར་ཤ་གསུམ་པོ་བར་གྱི་ལྷ་འདྲེས་ཟོ། །ནང་རོལ་དམན་པོ་ཆུང་སྲིས་ཟོ། །མཆིན་པ་སྲིད་པའི་འདྲེ་དགུས་ཟོ། །མཁལ་མ་གཙུག་ལག་གདོན་བཅུས་ཟོ། །མཚེར་པ་ཡུལ་འདྲེ་འཁྱམས་པོས་ཟོ། །གློ་བ་བན་ཆེན་བརྒྱ་དང་བོན་ཆུང་སྟོང༌། །ཤན་པ་མི་རིགས་འབུམ་གྱིས་ཟོ། །གློ་ཚལ་བྱེད་མ་རྦོད་སྟོང་ཟོ། །པགས་པ་ཀླུ་དང་ས་བདག་ཟོ། །ཀླུ་དང་ས་བདག་ཚིམ་གྱུར་ཅིག། །བྱ་རྒོད་ཐང་ལ་རོལ་བ་བཞིན། །ཕུད་ལྷག་མ་མེད་པར་འདི་བཞེས་ཤིག། །བྱིས་ནག་ཆུ་ལ་རུབ་པ་བཞིན། །ཕུད་ལྷག་མ་མེད་པར་འདི་བཞེས་ཤིག། །སེངྒེ་ཤ་ལ་རོལ་བ་བཞིན། །ཕུད་ལྷག་མ་མེད་པར་འདི་བཞེས་ཤིག། །ཤ་རུལ་སྦྲང་མ་འཚུབས་པ་བཞིན། །ཕུད་ལྷག་མ་མེད་པར་འདི་བཞེས་ཤིག། །དམག་ཆེན་མནོག་ཆེན་མཆོད་པ་བཞིན། །ཕུད་ལྷག་མ་མེད་པར་འདི་བཞེས་ཤིག། །ཁྱེད་ལྷས་འདོད་ལྷས་ཀྱང་ཁྱེར་ལ་སོང༌། །འདྲེས་འདོད་འདྲེས་ཀྱང་ཁྱེར་ལ་སོང༌། །ཆེ་ཆུང་མེད་པར་མཉམ་པར་གྱིས། །དྲག་ཞན་མེད་པར་ཚིམ་གྱུར་ཅིག། །ཕཊཿ ཀྱཻ་མ་འདིར་ཚོགས་སྣང་སྲིད་ལྷ་མ་སྲིན། །སྐྱེ་འགྲོའི་ཚེ་སྲོག་ཉུལ་མའི་ཚོགས། །སྒྱུ་མ་གཟུགས་ཀྱི་ཕུང་པོ་འདི། །མི་རྟག་འཇིག་པའི་ཆོས་ཅན་ཡིན། །ངས་ཅིས་ཀྱང་མི་བཞག་འདོར་བ་ལ། །འདྲེ་ཁྱེད་རྣམས་དགོས་ན་སུས་དགོས་ཁྱེར། །སྤྱིར་འགྲོ་བ་ཡོངས་ཀྱི་གླུད་དུ་བསྔོ། །སྒོས་དྲིན་ཆེན་ཕ་མའི་གླུད་དུ་བསྔོ། །ཡང་སྒོས་བླ་མ་སློབ་དཔོན་གྱི་གླུད་དུ་བསྔོ། །གྲྭ་རོགས་གྲོགས་མཆེད་ཀྱི་གླུད་དུ་བསྔོ། །འཁོར་བུ་རིགས་རྣམས་ཀྱི་གླུད་དུ་བསྔོ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱེད་དགའ་མགུ་ཡི་རང་ཚིམ་གྱུར་ཅིག། །སྔོན་ཆད་འཁོར་བ་ཐོག་མེད་ཀྱི། །བུ་ལོན་ལན་ཆགས་བྱང་གྱུར་ཅིག། །ཤ་འཁོན་སྒྲིབ་པ་དག་གྱུར་ཅིག། །གནོད་སེམས་གདུག་སེམས་ཞི་གྱུར་ཅིག། །སྡང་སེམས་འཁྲུག་སེམས་ཞི་གྱུར་ཅིག། །བྱང་ཆུབ་སེམས་དང་ལྡན་གྱུར་ཅིག། །བྱང་ཆུབ་སེམས་དང་ལྡན་ནས་ཀྱང༌། །བླ་མེད་བྱང་ཆུབ་ཐོབ་པར་ཤོག། །ཕཊཿ ཕཊཿ གཅོད་ཡུལ་བླ་མ་དཀྱིལ་འཁོར་ལྷ་ཚོགས་ལ། །བདག་དང་བསྲུང་བྱ་ལྷ་འདྲེ་བཅས་པ་རྣམས། །ཁ་ཙམ་མིན་པ་དད་གུས་རྩེ་གཅིག་གིས། །མགྲིན་གཅིག་དབྱངས་གཅིག་གསོལ་བ་འདེབས་པར་གྱུར། །ན་མོ་གུ་རུ། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ན། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང༌། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །ཕཊཿ

ཅེས་པ་ཚིག་མཚམས་རེ་ན་འགྲེས་ཡིན་ཀྱང་བསྡུས་པ་ནི།
།གནས་བྱ་རྒོད་ཕུང་པོའི་རི་བོ་ན། །ཡང་དག་རྫོགས་པའི་སངས་རྒྱས་ལ་གསོལ་བ་འདེབས། །གནས་སེང་ཆེན་བསྣོལ་བའི་ཁྲི་སྟེང་ན། །འཇམ་དཔལ་སྨྲ་བའི་སེངྒེ་ལ་གསོལ་བ་འདེབས། །དཔལ་གཡུ་ལོ་བཀོད་པའི་ཞིང་ཁམས་ན། །མཚན་ལྡན་རྗེ་བཙུན་སྒྲོལ་མ་ལ་གསོལ་བ་འདེབས། །གནས་མཁའ་སྤྱོད་མཁའ་འགྲོ་བཞུགས་གནས་ན། །མཁའ་འགྲོ་སུ་ཀ་སིདྡྷི་ལ་གསོལ་བ་འདེབས། །གནས་རྒྱ་གར་འཇག་མའི་སྤྱིལ་པོ་ན། །མཁས་པ་ཨཱརྻ་དེ་ཝ་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང༌། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །ཕཊཿ

དེ་ནས་ཡིད་ཀྱིས་ལུས་སྦྱིན་དམིགས་པ་མི་གཅིག་པ་མང་པོ་བྱེད་ཅིང་ངག་གིས་གསོལ་འདེབས་རྣམས་དབྱངས་དང་བཅས་པ་བྱེད་པ་སྔར་ནས་ཕྱག་ལེན་གྱི་བརྒྱུད་པ་ཡོད་པའི་ཕྱིར། །འདི་དག་གི་སྐབས་སུ་ཡང་སྐད་ཅིག་ལ་རྣམ་ཤེས་སྤར་ཐེངས་རེ་བྱས་ན་ལེགས། །མ་ཐུབ་ན་ཡང་སྔར་སྤར་ནས་ལུས་དེའི་ལྷག་མ་ལ་དེ་ལྟར་སོ་སོར་བསྒོམ་ཀྱང་རུང་ངོ།

།ཕཊཿ ལྷ་ཚོགས་རྣམས་ཀྱི་ཐུགས་ལས་བདུད་རྩི་བབས། །ལུས་རྣམས་གྲོད་པ་འོ་མས་གང་བ་བཞིན། །སྒྱུ་ལུས་འགྱེལ་བས་སྟོང་གསུམ་བདུད་རྩིས་གང༌། །དཀར་སྣུམ་སྙི་འབོལ་ཞིམ་མངར་རོ་བརྒྱ་ལྡན། །ཐུགས་ཀའི་འོད་ཟེར་ཕོག་པས་མི་གཙང་སྦྱང༌། །རྣམ་པར་དག་པའི་ཕུད་རླངས་མཆོད་སྤྲིན་འཕྲོས། །ཟག་མེད་ཤ་ལྔ་བདུད་རྩི་ལྔའི་རང་བཞིན། །ལྷ་ཚོགས་ལྗགས་ལས་རང་རང་ཕྱག་མཚན་གྱི། །དབྱིབས་ཅན་འོད་ཟེར་སྦུ་གུས་གསོལ་བས་མཉེས། །ཕཊཿ ཕཊཿ གནས་ལ་སྟོད་དིང་རིའི་གླང་འཁོར་ན། །སྤྲུལ་སྐུ་དམ་པ་སངས་རྒྱས་ལ་གསོལ་བ་འདེབས། །གནས་རྒྱ་བོད་གཉིས་ཀྱི་ས་མཚམས་ན། །སྐྱོ་སྟོན་བསོད་ནམས་བླ་མ་ལ་གསོལ་བ་འདེབས། །གནས་ཟངས་རི་མཁར་དམར་གྱི་དགོན་པ་ན། །མ་ཅིག་ལབ་ཀྱི་སྒྲོན་མ་ལ་གསོལ་བ་འདེབས། །གནས་ཤམ་པོ་གངས་ཀྱི་རྭ་བ་ན། །རྗེ་བཙུན་ཟིལ་གནོན་ཆེན་པོ་ལ་གསོལ་བ་འདེབས། །གནས་བཀྲ་ཤིས་གླང་ལུང་གི་དགོན་པ་ན། །སྲས་མཆོག་རྒྱལ་བ་དོན་གྲུབ་ལ་གསོལ་བ་འདེབས། །གནས་སྙེ་མོ་ཁུ་ཡི་རྭ་བ་ན། །ཁུ་སྒོམ་ཆོས་ཀྱི་སེངྒེ་ལ་གསོལ་བ་འདེབས། །གནས་གར་བཞུགས་ཆོས་ཀྱི་ཕོ་བྲང་ན། །བཀའ་བབ་བུ་ཆེན་བཅུ་དྲུག་ལ་གསོལ་བ་འདེབས། །གནས་རྒྱལ་ཁམས་ཕྱོགས་མེད་ཀྱི་དགོན་པ་ན། །བརྒྱུད་འཛིན་བརྒྱ་དང་རྩ་བརྒྱད་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང༌། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །ཕཊཿ ཕཊཿ མ་ཅིག་ཐུགས་ལས་ཕག་མོ་དམར་མོ་འཕྲོས། །དེ་ལས་ལས་བྱེད་མཁའ་འགྲོ་གྲངས་མེད་སྤྲོས། །བེམ་པོའི་པགས་པ་རལ་བ་བནྡྷའི་སྣོད། །སྟོང་གསུམ་ཙམ་གྱི་ནང་དུ་ཤ་ཁྲག་རྣམས། །ཉིལ་གྱིས་ཞིག་པའི་སྟེང་དུ་ཨོཾ་ཨཱཿཧཱུྂ། །གྲི་གུག་ལན་གསུམ་དཀྲུགས་པས་ཡིག་གསུམ་ཞུ། །ཟག་མེད་ཤ་ལྔ་བདུད་རྩི་ལྔའི་རང་བཞིན། །རླངས་པ་མཆོད་པའི་སྤྲིན་ཕུང་ནམ་མཁར་ཁྱབ། །ལས་བྱེད་མཁའ་འགྲོས་ཐོད་པའི་ཞལ་བུས་བཅུས། །ལྷ་ཚོགས་རྣམས་ལ་སོ་སོར་ཕྱག་ཏུ་ཕུལ། །ཕཊཿ ཕཊཿ

གནས་རྡོ་རྗེ་གུར་ཁང་གི་གཞལ་ཡས་ན། །ལབ་འདུལ་རྡོ་རྗེ་སྒྲོན་མ་ལ་གསོལ་བ་འདེབས། །གནས་རི་གོང་དཔལ་གྱི་ཡང་དགོན་ན། །པཎ་ཆེན་དོན་ཡོད་རྡོ་རྗེ་ལ་གསོལ་བ་འདེབས། །གནས་སྟོད་ལུང་མཚུར་ཕུའི་དགོན་པ་ན། །གྲུབ་ཆེན་ཀརྨ་པཀྵི་ལ་གསོལ་བ་འདེབས། །གནས་བདུད་བཞི་ཟིལ་གནོན་གྱི་ཕོ་བྲང་ན། །རྗེ་རང་བྱུང་རྡོ་རྗེ་ལ་གསོལ་བ་འདེབས། །ཆོས་ཕྱག་རྒྱ་ཆེན་པོའི་ཕོ་བྲང་ན། །རྗེ་ཀུན་དགའ་རྣམ་རྒྱལ་ལ་གསོལ་བ་འདེབས། །གནས་ཕྱོགས་མེད་ཕྲིན་ལས་ཕོ་བྲང་ན། །རྗེ་ཀརྨ་ཆགས་མེད་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང༌། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །ཕཊཿ ཕཊཿ ཕཊཿ རང་རིག་ཌཱཀྐི་དམར་མོ་གྲི་ཐོད་འཛིན། །སྤྱན་གསུམ་གྱེན་གཟིགས་རང་འདྲ་གྲངས་མེད་འཕྲོས། །རང་བྱུང་ཐོད་སྒྱེད་གསུམ་སྟེང་བནྡྷ་འབར། །དེ་ནང་ལུས་འཕངས་ཤ་ཁྲག་ཉིལ་གྱི་ཞིག། །གྲི་གུག་གིས་དཀྲུགས་ཤ་ལྔ་བདུད་རྩི་ལྔ། །དེ་སྟེང་ཡི་གེ་ཨོཾ་ཨཱཿཧཱུྂ་གསུམ་གནས། །སླར་ཡང་དཀྲུགས་པས་ཡི་གེ་གསུམ་ཡང་ཞུ། །ཡེ་ཤེས་བདུད་རྩིའི་རླངས་པ་མཆོད་སྤྲིན་འཁྲིགས། །དྭངས་མ་བདུད་རྩི་སྙིགས་མ་ཤ་ལྔའི་ཚོགས། །རོ་བཅུད་ནུས་པ་ཕུན་སུམ་ཚོགས་པ་ནི། །མཁའ་འགྲོ་རྣམས་ཀྱི་ཕྱག་གཡས་ཐོད་པ་ཡིས། །བཅུས་ཤིང་དཀྱིལ་འཁོར་ལྷ་ཚོགས་རྣམས་མཆོད་དེ། །ཡུམ་ཆེན་ལན་གསུམ་ཐུབ་པ་འཁོར་བཅས་གསུམ། །དམ་པ་མ་ཅིག་ཕག་མོ་གཙོ་འཁོར་རྣམས། །ལན་གསུམ་མཆོད་ཅིང་ཆོས་སྐྱོང་ལ་སོགས་པ། །མགྲོན་རིགས་མ་ལུས་ཐམས་ཅད་མཆོད་པས་མཉེས། །ཕཊཿ ཕཊཿ

གནས་གཉན་ས་རི་ཁྲོད་ཀྱི་དགོན་པ་ན། །གྲུབ་ཐོབ་གཅོད་ཡུལ་བརྒྱུད་པ་ལ་གསོལ་བ་འདེབས། །གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །གནས་དངོས་གྲུབ་ཀུན་འབྱུང་གི་ཕོ་བྲང་ན། །ཡི་དམ་རྒྱལ་བའི་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་བསིལ་བ་ཚལ་གྱི་དུར་ཁྲོད་ན། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང༌། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །ཕཊཿ ཕཊཿ ཕཊཿ རིག་པ་ཕྲལ་བའི་བེམ་པོ་ཆེ་ཞིང་ཚོ། །བཀྲག་མདངས་རོ་བཅུད་ལྡན་པ་ཧྲིལ་གྱིས་འགྱེལ། །འཇིག་རྟེན་ཁྱབ་ལ་མགྲོན་རིགས་ཐམས་ཅད་ཀྱིས། །བདུད་རྩིའི་རྣམ་པར་གང་འདོད་ལོངས་སྤྱོད་གྱུར།

།འདི་བཅོམ་ལྡན་འདས་ཀྱི་ཉ་དེས་པའི་སྐྱེས་རབས་ཀྱི་དོན་བསྡུས་མན་ངག་གོ།
ཕཊཿ ཐུབ་དབང་བྱམས་པ་ཐོགས་མེད་དབྱིག་གི་གཉེན། །ཨཱརྻ་དེ་ཝ་དམ་པ་རྒྱ་གར་སོགས། །མདོ་ལུགས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཡུམ་ཆེན་རྡོ་རྗེ་འཆང་དང་ཤཱཀྱ་ཐུབ། །སྨྲ་སེང་ཨཱརྻ་དེ་ཝ་དམ་པ་རྗེ། །སྔགས་ལུགས་རིང་བརྒྱུད་རྣམས་ལ་གསོལ་བ་འདེབས། །སྟོན་པ་རབ་འབྱོར་འཕགས་པ་ཀུན་དགའ་བོ། །ཀླུུ་སྒྲུབ་ཨཱརྻ་དེ་ཝ་ཆེ་ཆུང་གཉིས། །ཕ་བརྒྱུད་ཐབས་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །ཡུམ་ཆེན་སྒྲོལ་མ་སུ་ཁ་སིདྡྷི་དང༌། །དམ་པ་རྒྱ་གར་མ་ཅིག་ལབ་ཀྱི་སྒྲོན། །མ་བརྒྱུད་ཤེས་རབ་བརྒྱུད་པ་ལ་གསོལ་བ་འདེབས། །བཅོམ་ལྡན་ཤཱཀ་ཐུབ་མགོན་པོ་འཇམ་པའི་དབྱངས། །རྗེ་བཙུན་སྒྲོལ་མ་མ་ཅིག་ལབ་ཀྱི་སྒྲོན། །དོན་གྱི་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་ཆེན་རྗེ་བཙུན་འཕགས་མོ་ལ། །ལབ་ཀྱི་སྒྲོན་མ་ཐོད་སྨྱོན་བསམ་འགྲུབ་སོགས། །སྔགས་ལུགས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཡུམ་ཆེན་ཤཱཀ་ཐུབ་སྨྲ་སེང་སྒྲོལ་མ་དང༌། །སུ་ཁ་སིདྡྷི་ཨཱརྻ་དེ་ཝ་སོགས། །རིང་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །རྡོ་རྗེ་ཕག་མོ་མ་ཅིག་ལབ་ཀྱི་སྒྲོན། །ཁམ་བུ་ཡག་ལེགས་གྲུབ་ཆེན་ཡེ་ཤེས་འབར། །ཉེ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །རྒྱལ་བ་དོན་གྲུབ་གཉན་ཆུང་ལོ་ཙྪ་བ། །གྲྭ་པ་ཧར་ཐོན་ཁམ་བུ་ཡག་ལེགས་སོགས། །མདོ་ལུགས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཐོད་སྨྱོན་བསམ་འགྲུབ་གངས་པ་རྨུག་སངས་དང༌། །གངས་པ་ལྷུན་གྲུབ་གྲུབ་ཆེན་ཀརྨ་པ། །གཅོད་ཚོགས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཁུ་སྒོམ་ཆོས་སེང་སངས་རྒྱས་གཉེན་སྟོན་དང༌། །ཁམ་བུ་ཡག་ལེགས་གྲུབ་ཆེན་ཡེ་ཤེས་འབར། །ཟུང་འཇུག་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །མ་ཅིག་ལབ་སྒྲོན་སྤྲུལ་སྐུ་ལབ་འདུལ་མ། །བརྩོན་འགྲུས་སེངྒེ་ཁམ་བུ་ཡག་ལེགས་སོགས། །གཏེར་ཆོས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཡེ་ཤེས་འབར་བ་རྟོགས་ལྡན་གནམ་མཚོ་བ། །རང་བྱུང་གཡུང་སྟོན་རོལ་པའི་རྡོ་རྗེའི་ཞབས། །རྟོགས་ལྡན་དར་མ་རྒྱལ་མཚན་མཁའ་སྤྱོད་དབང༌། །དེ་བཞིན་གཤེགས་པ་རཏྣ་བྷ་དྲ་དང༌། །དོན་ལྡན་འཇམ་དཔལ་བཟང་པོ་གཉེན་པའི་ཞབས། །མི་སྐྱོད་རྡོ་རྗེ་རྒྱལ་བ་དཀོན་མཆོག་འབང༌། །དབང་ཕྱུག་རྡོ་རྗེ་ཆོས་ཀྱི་དབང་ཕྱུག་དང༌། །ཀུན་དགའ་རྣམ་རྒྱལ་ཀརྨ་ཆགས་མེད་སོགས། །གཅོད་ཁྲིད་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །རྩ་བའི་བླ་མ་སངས་རྒྱས་ཆོས་ཀྱི་སྐུ། །ཡིན་པར་མདོ་རྒྱུད་ཀུན་ལས་རྒྱ་ཆེར་གསུངས། །ཉེ་བའི་བརྒྱུད་པ་དེ་ལ་གསོལ་བ་འདེབས། །རང་སེམས་རྟོགས་ན་ཡུམ་ཆེན་དེ་ཉིད་རང༌། །དེ་ལས་གཞན་ན་སངས་རྒྱས་མེད་གསུངས་ཕྱིར། །ཤིན་ཏུ་ཉེ་བརྒྱུད་དེ་ལ་གསོལ་བ་འདེབས། །ཡི་དམ་ཁྲོས་མ་བདུད་འདུལ་ལྷ་ལྔ་མ། །དངོས་གྲུབ་ཀུན་སྟེར་གཅོད་ཡུལ་བཀའ་བབས་ལྷ། །སྣང་སྲིད་ཟིལ་གནོན་མ་ལ་གསོལ་བ་འདེབས། །མ་ཅིག་བཀའ་སྡོད་ཌཱཀྐི་སྲུང་མའི་ཚོགས། །གཅོད་ཡུལ་བཀའ་སྲུང་རྣལ་འབྱོར་བུ་བཞིན་སྐྱོངས། །བསྟན་སྲུང་ཆོས་སྐྱོང་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པས་ལྷ་རྣམས་ཀྱི། །དཔྲལ་བ་མགྲིན་པ་ཐུགས་ཀ་སོ་སོར་ནས། །ཨོཾ་དཀར་ཨཱ་དམར་ཧཱུྂ་མཐིང་དཔག་མེད་བྱུང༌། །བདག་དང་བསྲུང་བྱའི་ལུས་ངག་ཡིད་ལ་ཐིམ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དཔག་མེད་ཐོབ། །ཕཊཿ ཕཊཿ ཕཊཿ གཅོད་ཡུལ་བརྒྱུད་པའི་བླ་མ་ཡི་དམ་དང༌། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ལ། །སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདེབས། །བྱིན་གྱིས་རློབས་ཤིག་གཅོད་ཡུལ་བརྒྱུད་པའི་ཚོགས། །དངོས་གྲུབ་སྩོལ་ཅིག་ཨ་མ་ལབ་ཀྱི་སྒྲོན། །གསོལ་བ་འདེབས་སོ་དམ་པ་རྒྱ་གར་བ། །དངོས་གྲུབ་སྩོལ་ཅིག་བདུད་འདུལ་ཁྲོས་མའི་ཚོགས། །གསོལ་བ་འདེབས་སོ་རྗེ་བཙུན་གླང་ལུང་བ། །དངོས་གྲུབ་སྩོལ་ཅིག་གནས་གསུམ་མཁའ་འགྲོའི་ཚོགས། །ལུས་ལ་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ངག་ལ་གསུང་གི་བྱིན་གྱིས་བརླབ་ཏུ་གསོལ། །ནུས་མཐུ་སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །སེམས་ལ་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ། །གསོལ་བ་འདེབས་སོ་སྣང་སྲིད་བྱིན་གྱིས་རློབས། །གཉན་ས་རི་ཁྲོད་འགྲིམ་པར་བྱིན་གྱིས་རློབས། །ཕུང་པོ་གཟན་དུ་བསྐྱུར་བར་བྱིན་གྱིས་རློབས། །བདག་འཛིན་རྩ་བ་ཆོད་པར་བྱིན་གྱིས་རློབས། །རྐྱེན་ངན་གྲོགས་སུ་འཆར་བར་བྱིན་གྱིས་རློབས། །ན་ཚ་ལམ་དུ་ལོངས་པར་བྱིན་གྱིས་རློབས། །བདུད་བཞི་རང་སར་གྲོལ་བར་བྱིན་གྱིས་རློབས། །དངོས་གྲུབ་རྣམ་གཉིས་ཐོབ་པར་བྱིན་གྱིས་རློབས། །དེ་ལ་རློམ་སེམས་མེད་པར་བྱིན་གྱིས་རློབས། །མཐའ་བྲལ་སྟོང་ཉིད་རྟོགས་པར་བྱིན་གྱིས་རློབས། །དེ་ལ་ཡེངས་པ་མེད་པར་བྱིན་གྱིས་རློབས། །ལྷ་འདྲེ་སེམས་སུ་ཆོད་པར་བྱིན་གྱིས་རློབས། །དངོས་མེད་འགྲོ་དོན་ནུས་པར་བྱིན་གྱིས་རློབས། །འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཉག་ཅིག་རྩད་ནས་ཆོད་པར་བྱིན་གྱིས་རློབས། །གཅོད་ཡུལ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །གཉན་ས་འདི་རུ་བྱིན་གྱིས་རློབས། །མལ་ས་འདི་རུ་བྱིན་གྱིས་རློབས། །ད་ལྟ་ཉིད་དུ་བྱིན་གྱིས་རློབས། །མྱུར་བ་ཉིད་དུ་བྱིན་གྱིས་རློབས། །སྐད་ཅིག་ཉིད་ལ་བྱིན་གྱིས་རློབས། །ཕཊཿ ཕཊཿ

དམ་པའི་བསྡོད་པ་མ་ཅིག་གིས་མཛད་པའི་བྱིན་རླབས་དམིགས་པ་ནི།
༈ ཕཊཿ མདུན་གྱི་ནམ་མཁར་ཕ་ཅིག་དམ་པ་ཡི། །སྐུ་ལས་བྱིན་རླབས་མེ་ཡི་ཚའི་ཚུལ། །ཕྲོམ་ཕྲོམ་འཕྲོས་པས་བདག་དང་བསྲུང་བྱ་ཡི། །ལུས་ཀྱི་ནད་གདོན་ལུས་དང་བཅས་པ་རྣམས། །ཐལ་བ་བུན་གྱིས་བསྲེགས་ནས་དངོས་མེད་གྱུར། །བྱིན་རླབས་ཞུགས་ཤིང་སྐྱེ་མེད་དོན་རྟོགས་ཤོག། ཕཊཿ ཕཊཿ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །སྒོས་བཀའ་དྲིན་ཅན་གྱིས་བྱིན་གྱིས་རློབས། །གནས་མཆོག་དམ་པ་ཡ་ཀི་ན། །ཕྱི་བསྐོར་གཅིག་བསྐོར་གཉིས་བསྐོར་མ་གསུམ། །ཕྱི་བསྐོར་བ་ལྕགས་རི་མུ་ཁྱུད་བསྐོར། །བར་བསྐོར་བ་ལྷོ་རྒྱལ་འཛམ་བུ་གླིང༌། །ནང་བསྐོར་བ་དིང་རི་གླ་འཁོར་བསྐོར། །རི་མཁན་པ་ཁྲོད་ཀྱི་དགོན་པ་ན། །ཉི་ཟླ་པདྨའི་གདན་སྟེང་ན། །གནས་དེ་ན་སུ་བཞུགས་སུ་མ་བཞུགས། །གནས་དེ་ན་དམ་པ་སངས་རྒྱས་བཞུགས། །སྐུ་འཁྲུངས་པ་རྒྱ་གར་ཡུལ་དུ་འཁྲུངས། །གསུང་སྒྲག་པ་བོད་ཡུལ་དབུས་སུ་བསྒྲགས། །རྗེ་འགྲོ་བའི་མགོན་པོ་རྡོ་རྗེ་འཆང༌། །སྨྲ་བའི་སེངྒེ་མཚུངས་པ་མེད། །དཔལ་ཆེན་བིརྺ་དྲོད་ཚད་མཁན། །ཨཱརྻ་དེ་ཝ་སྒྲ་ཚད་མཁས། །དམ་པ་མི་རྟོག་རྒྱུད་སྡེ་མཁན། །རྗེ་མི་ཕམ་མགོན་པོ་བཅོམ་ལྡན་འདས། །འཛམ་བུ་གླིང་གི་རྒྱན་གཅིག་པུ། །རྗེ་འགྲོ་བའི་མགོན་པོ་ལ་གསོལ་བ་འདེབས། །འགྲོ་བའི་མགོན་པོས་བྱིན་གྱིས་རློབས། །རྗེ་དམ་པ་སངས་རྒྱས་རིན་པོ་ཆེ། །ཁོང་སྟེང་དེར་ལྷ་ཚོགས་ཐིབས་སེ་ཐིབ། །གཡས་ན་དཔའ་བོའི་ངར་དང་བཅས། །གཡོན་དེར་དཔའ་མོའི་མདངས་དང་ལྡན། །མདུན་ན་དམ་ཅན་སྤུངས་སེ་སྤུང༌། །རྒྱབ་ན་ཌཱཀྐི་ཤིགས་སེ་ཤིག། །འོག་ན་གདོན་ཚོགས་ཉ་ལ་ལ། །རྗེ་དེར་བཞུགས་དམ་པ་ལ་གསོལ་བ་འདེབས། །དེར་བཞུགས་དམ་པས་བར་ཆད་སོལ། །དེར་བཞུགས་དམ་པས་ལམ་སྣ་དྲོངས། །ཕཊཿ

དམིགས་པ་མགྲོན་འགྱེད་མ་ནི།
།ཕཊཿ ཕཊཿ ཐོད་སྣོད་ནང་དུ་བམ་རོ་བདུད་རྩི་ཞུ། །རླངས་པས་མགྲོན་རྣམས་ཅི་འདོད་ལོངས་སྤྱོད་འཕྲོས། །དྭངས་མ་བདུད་རྩི་སྙིགས་མ་ཁ་ཟས་ཚོགས། །ལས་བྱེད་མཁའ་འགྲོས་ཀླུ་དང་གཞི་བདག་ལ། །རང་རང་ཡིད་མཐུན་བཟའ་བཏུང་མགུ་བར་བྱིན། །གདོལ་པ་ཀླུ་དང་ལྡང་དགྲ་གདོན་བགེགས་ལ། །ཤ་ཁྲག་རླངས་པ་དྲོད་དང་བཅས་པ་བྱིན། །ཐམས་ཅད་དགའ་མགུ་ཡི་རང་ལྡན་པར་གྱུར། །ཕཊཿ ཧཱུྂཿ ཕ་ནག་པོ་ཆེན་པོ་གཟི་མདངས་ཅན། །སྐུ་སྟོད་སེང་གེ་འགྱིང་བ་འདྲ། །དེ་བདུད་བཞི་ཟིལ་གྱིས་ནོན་པའི་རྟགས། །སྐུ་སྨད་རྨ་བྱ་འཇུམ་པ་འདྲ། །དེ་དུག་ལྔ་གནས་སུ་དག་པའི་རྟགས། །སྐེད་པ་རྡོ་རྗེ་འགྲིལ་པ་འདྲ། །དེ་འཁྲུལ་གཞི་རྩད་ནས་གཅོད་པའི་རྟགས། །ཞབས་གཉིས་སྦ་ཕྲན་གཤིབས་པ་འདྲ། །དེ་བྱང་ཆུབ་རྒྱུད་ལམ་བགྲོད་པའི་རྟགས། །སྐུ་མདོག་ནག་ལ་སྣུམ་པ་དེ། །ཆོས་ཉིད་དོན་ལ་འགྱུར་བ་མེད་པའི་རྟགས། །དབུ་སྐྲ་གནག་སྣུམ་གྱེན་དུ་འཁྱིལ་བ་དེ། །མཐོ་རིས་ཐར་ལམ་བགྲོད་པའི་རྟགས། །སྤྱན་མིག་དམར་ལ་སྤྱན་རྩ་འཁྲུག་པ་དེ། །སྣང་སྲིད་ཟིལ་གྱིས་ནོན་པའི་རྟགས། །ཚེམས་མདོག་དཀར་ལ་ཚེམས་རྩེ་རྣོ་བ་དེ། །སྐྱེ་ཤི་རྩད་ནས་གཅོད་པའི་རྟགས། །ཕྱག་སོར་རིང་ལ་ཕྱག་སེན་སྣོ་བ་དེ། །སྐལ་ལྡན་ཐུགས་རྗེས་འདྲེན་པའི་རྟགས། །ཞབས་སོར་མོ་སེང་ཕྲུག་བཀྲམ་པ་འདྲ། །དེ་དུག་གསུམ་རྩད་ནས་གཅོད་པའི་བརྡ། །རྗེ་རེས་འགའ་ཉིན་མཚན་ཁོར་ཡུག་གཟིམས། །སྒོམ་གཉུག་མ་ལ་རྒྱུན་ཆད་མེད་པའི་བརྡ། །རྗེ་རེས་འགའ་རྟེན་འབྲེལ་སྣ་ཚོགས་མཛད། །བཀའ་འཁོར་གཡོག་བྱིན་གྱིས་བརླབས་པའི་བརྡ། །རྗེ་རེས་འགའ་སྨྱོན་པའི་བརྟུལ་ཞུགས་མཛད། །དེ་འཁོར་གྱི་བར་ཆད་སེལ་བའི་བརྡ། །རྗེ་དེར་བཞུགས་དམ་པ་ལ་གསོལ་བ་འདེབས། །རྗེ་དེར་བཞུགས་དམ་པས་བྱིན་གྱིས་རློབས། །རྗེ་དེར་བཞུགས་དམ་པས་ལམ་སྣ་དྲོངས། །རྗེ་རྒྱང་ན་བཞུགས་ན་མོས་ཕྱག་འཚལ། །དྲུང་ན་བཞུགས་ན་གུས་ཕྱག་འཚལ། །ཡིད་མོས་གུས་ཀྱི་ཕྱག་ལ་ཉེ་རིང་མེད། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །བྱིན་རླབས་ཐུགས་ཀྱི་ཀློང་ནས་ཞུ། །རྗེ་སྐུ་ཡི་བྱིན་རླབས་ལུས་ལ་ཞུགས། །ལུས་ན་ཚའི་སྡུག་བསྔལ་ཞི་བ་དང༌། །ལུས་ལ་བདེ་བ་སྐྱེད་དུ་གསོལ། །ལུས་ཀྱི་སྒྲིབ་པ་དག་ནས་ཀྱང༌། །ལུས་སྤྲུལ་སྐུར་ཐོབ་པར་མཛད་དུ་གསོལ། །རྗེ་གསུང་གི་བྱིན་རླབས་ངག་ལ་ཞུགས། །ངག་འགག་འཛེར་གྱི་སྡུག་བསྔལ་ཞི་བ་དང༌། །ངག་ལ་ནུས་པ་སྤར་དུ་གསོལ། །ངག་གི་སྒྲིབ་པ་དག་ནས་ཀྱང༌། །ངག་ལོངས་སྐུར་ཐོབ་པར་མཛད་དུ་གསོལ། །རྗེ་ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས། །སེམས་ཉོན་མོངས་སྡུག་བསྔལ་ཞི་བ་དང། །སེམས་ལ་རྟོགས་པ་སྤར་དུ་གསོལ། །སེམས་ཀྱི་སྒྲིབ་པ་དག་ནས་ཀྱང༌། །སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དུག་གསུམ་རང་སར་ཞི་བར་བྱིན་གྱིས་རློབས། །གདོན་ཕོ་གདོན་མོ་གདོན་ཀླུ་གདོན་གསུམ། །གདོན་གསུམ་རང་སར་ཞི་བར་བྱིན་གྱིས་རློབས། །ནད་རླུང་མཁྲིས་བད་ཀན་འདུས་པ་བཞི། །བཞི་བརྒྱ་རྩ་བཞི་རང་སར་ཞི་བར་མཛད་དུ་གསོལ། །ཆོས་སྐུ་ལོངས་སྐུུ་སྤྲུལ་སྐུ་གསུམ། །སྐུ་གསུམ་མངོན་དུ་འཆར་བར་མཛད་དུ་གསོལ། །གཞན་དོན་དཔག་མེད་འབྱུང་བར་བྱིན་གྱིས་རློབས། །ནད་གདོན་སྡིག་སྒྲིབ་དག་པར་བྱིན་གྱིས་རློབས། །ཕཊཿ ཕཊཿ

དམིགས་པ་བང་མིག་མ།

།ཕཊཿ བེམ་པོའི་པགས་པ་ཤགས་ཀྱིས་རལ་བ་དེ། །བདག་ཉིད་ཕག་མོས་བཏིང་པས་སྟོང་གསུམ་ཁྱབ། །དེ་ལ་གྲི་གུག་གིས་ནི་མིག་མང་རིས། །བྲིས་པས་གྲུ་ཆོད་བང་བའི་བྲེ་ལྟ་བུར། །པད་སྣོད་རེ་རེའི་ནང་དུ་ཤ་ཁྲག་བླུག། །རེ་རེའི་སྟེང་དུ་ཨོཾ་ཨཱཿཧཱུྂ་རེ་ཞུ། །ལ་ལ་དཀར་གསུམ་ལ་ལ་མངར་གསུམ་དང༌། །ལ་ལ་སྨན་སྣ་ལ་ལ་འབྲུ་སྣའི་ཚོགས། །ལ་ལ་རིན་ཆེན་ལ་ལ་དར་ཟབ་གྱུར། །དེ་དག་སོ་སོར་གང་འདོད་སྤྱོད་པར་གྱུར། །ཕཊཿ ཕཊཿ རྗེ་དེ་ཡི་བརྒྱུད་པ་འཛིན་པའི་མ། །མཚན་ནི་ཇོ་མོ་ལབ་སྒྲོན་མ། །མས་ནི་བདག་གཞན་འགྲོ་བ་སྒྲོལ། །ཇོ་མོ་བདེ་གཤེགས་ཀུན་གྱི་ཡུམ། །ལབ་ནི་འཁྲུངས་ཡུལ་རྒྱལ་བའི་ཞིང༌། །སྒྲོན་ནི་མ་རིག་མུན་པ་སེལ། །མ་མཚན་དང་ལྡན་ལ་ཕྱག་འཚལ་ལོ། །ཀྱཻ། །མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་སྲས། །མ་ཅིག་ཇོ་མོ་རྣལ་འབྱོར་མ། །མ་ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ། །སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཕཊཿ ཕཊཿ

དམིགས་པ་བེམ་བསྐྱུར་མ་ནི།
།བེམ་པོ་ཆེ་ཚོ་བཀྲགས་མདངས་རོ་བཅུད་ལྡན། །མཐོང་བ་ཙམ་གྱིས་ལྷ་འདྲེའི་ཡིད་འཕྲོག་པ། །མགྲོན་གྱི་དཀྱིལ་དུ་བདག་མེད་ལིང་ངེར་བསྐྱུར། །ཀུན་གྱིས་ཧབ་ཐོབ་ཟོས་པས་ཚིམ་པར་གྱུར། །ཕཊཿ ཕཊཿ ཀྱཻ་མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །མ་སྐུ་ལུས་ཆུང་ལ་གཟི་བརྗིད་ཆེ། །སྐུ་ཤ་དཀར་ལ་འོད་ཟེར་འཕྲོ། །སྐྱེ་བ་དམན་ལ་དགོངས་པ་མཐོ། །ཀུན་དང་མཐུན་པའི་སྤྱོད་པ་ཅན། །དུས་གསུམ་སངས་རྒྱས་གདུང་འཛིན་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཕཊཿ ཕཊཿ ཕཊཿ བེམ་ཤུན་སྟོང་གསུམ་ཁྱབ་སྟེང་ཤ་ཁྲག་རྣམས། །སོ་སོར་བཤམས་པས་གློ་སྙིང་ཤ་དང་ཁྲག། །སོ་སོར་གང་ལ་གང་འདོད་ཁྱེར་བ་ཡིས། །ཐམས་ཅད་དགའ་མགུ་ཡི་རང་ལྡན་པར་གྱུར། །དེ་ནི་སྤུས་འདོད་མའོ།

ཀྱཻ་མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །མ་སེར་སྣ་མེད་པའི་དོན་རྟོགས་ཤིང༌། །ཀུན་ཁྱབ་སྦྱིན་པ་བློས་ཐོངས་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་ཀུན་འབྱུང་ཡེ་ཤེས་དོན་རྟོགས་ཤིང༌། །ཉམས་པ་མེད་པའི་ཁྲིམས་བསྲུངས་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་སྐྱེ་བ་མེད་པའི་དོན་རྟོགས་ཤིང༌། །སྐྱེ་མེད་བཟོད་པ་བསྒོམས་མཛད་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་བྱ་རྩོལ་མེད་པའི་དོན་རྟོགས་ཤིང༌། །བྱར་མེད་བརྩོན་འགྲུས་རྩོམ་མཛད་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་གཡོ་བ་མེད་པའི་དོན་རྟོགས་ཤིང༌། །ཡེངས་མེད་བསམ་གཏན་བསྒོམས་མཛད་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་ཀུན་གྱི་རང་བཞིན་དོན་རྟོགས་ཤིང༌། །བདག་མེད་ཤེས་པའི་རྣལ་འབྱོར་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་ཕྱོགས་མེད་ལྟ་བས་ཞེན་པ་གྲོལ། །མཉམ་ཉིད་བསྒོམས་པས་དམིགས་པ་གྲོལ། །སྐྱེ་མེད་རྟོགས་པས་འཁོར་བ་གྲོལ། །རྟོག་མེད་སྤྱོད་པས་ཉམ་ང་གྲོལ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཕཊཿ ཕཊཿ རང་རིག་ལས་བྱེད་མཁའ་འགྲོ་དམར་མོ་ཡིས། །བེམ་པོའི་ལག་པ་གཡས་བཅད་ཤར་དུ་འཕངས༌། །ཤར་ཕྱོགས་ལྷ་དྲེ་རྣམས་ཀྱིས་ཟོས་ཤིང་ཚིམ། །དེ་བཞིན་ལག་པ་གཡོན་བཅད་ལྷོ་རུ་འཕངས༌། །རྐང་གཡས་ནུབ་དང་རྐང་གཡོན་བྱང་དུ་འཕངས༌། །ཕྱོགས་བཞིར་གནས་པའི་ལྷ་འདྲེ་ཐམས་ཅད་ཚིམ། །བེམ་ཁོག་དབུས་བཞག་དབུས་དང་སྟེང་འོག་གི། །ལྷ་འདྲེ་ཐམས་ཅད་ངོམས་ཤིང་ཚིམ་པར་གྱུར། །ཅེས་པ་གླིང་བཞི་མ་ཡིན་ནོ།

།ཀྱཻ་མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །མ་མཉམ་ཉིད་ངང་ལ་གཟིམ་ཙ་ན། །དོན་ཉོན་མོངས་སངས་ནས་ཡེ་ཤེས་རྒྱས། །སངས་རྒྱས་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་སྐྱེ་མེད་དབྱིངས་ནས་བཞེངས་ཙ་ན། །དོན་རྗེས་ཐོབ་རྟོགས་པའི་ཉམས་དང་ལྡན། །ཡེ་ཤེས་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་དགོངས་པ་ཤར་དུ་བསྐྱོད་ཙ་ན། །དོན་འགྱུར་བ་མེད་པའི་ཉམས་དང་ལྡན། །རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །མ་དགོངས་པ་ལྷོ་རུ་བསྐྱོད་ཙ་ན། །དོན་ཡོན་ཏན་རྫོགས་པའི་ཉམས་དང་ལྡན། །རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་དགོངས་པ་ནུབ་ཏུ་བསྐྱོད་ཙ་ན། །དོན་སྐྱེ་བ་མེད་པའི་ཉམས་དང་ལྡན། །པདྨ་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་དགོངས་པ་བྱང་དུ་བསྐྱོད་ཙ་ན། །དོན་འགགས་པ་མེད་པའི་ཉམས་དང་ལྡན། །ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་དགོངས་པ་སྟེང་དུ་བསྐྱོད་ཙ་ན། །དོན་མཐའ་དབུས་མེད་པའི་ཉམས་དང་ལྡན། །རིག་པ་དབྱིངས་སུ་པུ་རུ་རུ། །རིས་མེད་ལྟ་བ་ཕྱ་ལ་ལ། །མཉམ་ཉིད་དགོངས་པ་ཕྲི་ལི་ལི། །མཁའ་འགྲོའི་མ་ཚོགས་ཐིབས་སེ་ཐིབ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཕཊཿ ཕཊཿ

དེ་ནས་དམིགས་པ་སྤྲང་སྟོན་མ་ནི།
།ཕཊཿ ལས་བྱེད་མཁའ་འགྲོས་བེམ་པོ་སིལ་བུར་གཏུབས། །ཤ་དུམ་ཚིལ་དུམ་ལྤགས་དུམ་ཁྲག་ཐིག་རེ། །རུས་དུམ་ནང་ཆས་དུམ་བུ་སྣ་ཚང་རེ། །སོ་སོར་བྱིན་པས་རྒྱལ་ཕམ་མེད་པར་ཐོབ། །ཕཊཿ ཀྱཻ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །མ་གཉན་ས་རི་ཁྲོད་འགྲིམ་ཙ་ན། །སྙེམས་བྱེད་རྟོག་པ་མྱ་ལ་ལ། །བདེ་སྟོང་རྒྱུད་ལ་ཕྲི་ལི་ལི། །མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་འགྲོ་བའི་དོན་ལ་བསྐྱོད་ཙ་ན། །གནད་ཀྱི་གདམས་པ་ཤ་ར་ར། །བདུད་ཀྱི་གཅོད་ཐབས་སི་ལི་ལི། །མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་སྐྱེ་མེད་ངང་ལ་གཤེགས་ཙ་ན། །གཟུང་འཛིན་མདུད་པ་ཁྲོ་ལོ་ལོ། །སྣང་ཆའི་ན་བུན་ཡ་ལ་ལ། །མཉམ་ཉིད་དགོངས་པ་ཕྲི་ལི་ལི། །མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་དབྱིངས་ལ་སྐྱེ་བ་མི་མངའ་ཡང༌། །དོན་འགགས་པ་མེད་པའི་ཐུགས་རྗེ་ཡིས། །བདག་མ་རིག་འཁྲུལ་པའི་སེམས་ཅན་རྣམས། །དོན་ངེས་པར་ཐུགས་རྗེས་བཟུང་དུ་གསོལ། །དོན་ངེས་པར་བར་ཆད་བསལ་དུ་གསོལ། །དོན་ངེས་པར་ལམ་སྣ་དྲང་དུ་གསོལ། །ཕཊཿ ཕཊཿ

དམིགས་པ་བ་དན་མ་ནི།
།ཕཊཿ རང་རིག་ལས་བྱེད་མཁའ་འགྲོ་དམར་མོ་དེས། །བེམ་པོར་གྲི་གུག་བརྒྱབ་པས་ཁྲག་མཚོར་གྱུར། །དེ་ནང་རྐང་རུས་ཐམས་ཅད་དར་ཡུ་ལྟར། །ཤ་རྣམས་དར་ཡུག་བ་དན་ལྟར་བསྐྱོད་པས། །དེ་ལས་ཤ་ཁྲག་ཟག་མེད་རྒྱུན་བབས་པས། །ལྷ་འདྲེ་ཐམས་ཅད་ངོམས་ཤིང་ཚིམ་པར་གྱུར། །ཕཊཿ

གདུང་སྒྲོམ་ཤར་སྒོ་ནས་བསྟོད་པ།
།མ་ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ། །སྐལ་ལྡན་ཡོངས་ཀྱི་རྒྱུད་གྲོལ་མ། །མ་མདོ་རྒྱུད་དགོངས་པ་ཐུགས་སུ་ཆུད། །ཡང་དག་དོན་རྟོགས་འགྲོ་བའི་མགོན། །ལབ་ཀྱི་སྒྲོན་མའི་སྐུ་ལ་ཕྱག་འཚལ་བསྟོད། །མ་རང་རིག་རྣམ་དག་ཐུགས་སུ་ཆུད། །ཐུགས་ཉིད་དབྱིངས་དང་མཚུངས་པར་ཁྱབ། །ཐོག་མཐའ་གཉིས་པོ་གཞི་ལ་དག། །བདག་ཏུ་འཛིན་པ་རང་སར་གྲོལ། །མ་ངོ་བོ་ཉིད་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །མ་ཤེས་རབ་ནམ་མཁའི་དབྱིངས་སུ་ཤར། །སྤྱོད་ལམ་རྣམ་བཞིར་རྟོག་མི་མངའ། །སྙེམས་བྱེད་ཉམ་ང་གཞི་ལ་དག། །རྣམ་པར་རྟོག་པ་རང་སར་གྲོལ། །མ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །མ་མངོན་ཤེས་དྲུག་པོ་ཤེས་བྱར་མཁྱེན། །ཟག་མེད་བདེ་སྟོང་རྒྱུད་ལ་སྐྱེས། །སྒོམ་མཚན་མར་འཛིན་པ་གཞི་ལ་དག། །སྣང་སྲིད་ལྷ་འདྲེ་རང་སར་གྲོལ། །མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་བསྟོད། །མ་སྐྱེ་བ་བུད་མེད་ལུས་སུུ་སྤྲུལ། །བཟང་ངན་མེད་པར་འགྲོ་དོན་མཛད། །ཆགས་སྡང་གཉིས་པོ་གཞི་ལ་དག། །ཟོལ་ཟོག་གཉིས་པོ་རང་སར་གྲོལ། །མ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །དེ་ནི་སྐུ་བཞིའི་བསྟོད་པའོ།

།དམིགས་པ་རུས་སྤྲུགས་མ་ནི།

།ཕཊཿ རང་རིག་ལས་བྱེད་རྡོ་རྗེ་རྣལ་འབྱོར་མས། །བེམ་པོའི་རྐང་པ་ནས་བཟུང་ནམ་མཁར་ཁྱེར། །སྤྲུགས་པས་ཉ་རོ་ཚོས་པ་སྤྲུག་པ་ལྟར། །ཤ་ཁྲག་སིལ་བུར་སང་ཞིང་རུས་པ་འཕངས། །ཤ་ཁྲག་རུས་གསུམ་རྒྱ་མཚོ་ཆེན་པོ་ལས། །ལྷ་འདྲེ་རྣམས་ཀྱིས་ཟོས་པས་ཚིམ་པར་གྱུར། །ཕཊཿ ཕཊཿ

ཡོན་ཏན་བརྒྱད་ཀྱི་བསྟོད་པ་གདུང་ཁང་ལྷོ་སྒོ་ནས་བསྟོད་པ།
།ཀྱཻ། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །མ་སྒྲིབ་པ་བྱང་ནས་སྟོང་ཉིད་རྟོགས། །མ་ཤེས་རབ་ཅན་ལ་ཕྱག་འཚལ་བསྟོད། །མ་ལུས་སེམས་བྲལ་བས་སྟོང་ཉིད་སྟོན། །མ་གདམས་ངག་ཅན་ལ་ཕྱག་འཚལ་བསྟོད། །མ་དུར་ཁྲོད་འགྲིམས་པས་ཉམ་ང་མེད། །མ་ཉམས་མྱོང་ཅན་ལ་ཕྱག་འཚལ་བསྟོད། །མ་སྙེམས་ཐག་ཆོད་པས་བདུད་རྣམས་ཞི། །མ་ནུས་པ་ཅན་ལ་ཕྱག་འཚལ་བསྟོད། །མ་བདུད་རྣམས་ཞི་བས་ཡེ་ཤེས་འཕེལ། །མ་རྟོགས་པ་ཅན་ལ་ཕྱག་འཚལ་བསྟོད། །མ་སྟོང་ཉིད་རྟོགས་པས་ས་རྣམས་ནོན། །མ་ཚོགས་གཉིས་རྫོགས་ལ་ཕྱག་འཚལ་བསྟོད། །མ་སྐྱེ་མེད་བསྒོམས་པས་མངོན་ཞེན་ལོག། །མ་འཁོར་བ་སྤངས་ལ་ཕྱག་འཚལ་བསྟོད། །མ་གདམས་ངག་བཀའ་དང་བསྟུན་ནས་སྟོན། །མ་ལུང་དོན་མཁྱེན་ལ་ཕྱག་འཚལ་བསྟོད། །མ་མགུར་ཙམ་བཞེངས་པས་ཡེ་ཤེས་འཕེལ། །མ་བྱིན་རླབས་ཅན་ལ་ཕྱག་འཚལ་བསྟོད། །མ་ཞབས་ཏོག་མེད་ཀྱང་གདམས་ངག་སྟོན། །མ་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །ཕཊཿ

དམིགས་པ་རོ་འགྱེད་མ་ནི།
།ཕཊཿ བེམ་རོ་སོ་མ་དང་ནི་རྙིད་རྙིང་ཚོགས། །འབུམ་ཕྲག་བྱེ་བ་གྲངས་མེད་འཇིག་རྟེན་ཁྱབ། །ལས་བྱེད་མཁའ་འགྲོ་རོ་ཡི་གྲངས་མཉམ་པས། །ལྷ་འདྲེ་རྣམས་ལ་བཀྱེས་པས་ཧབ་ཐོབ་ཟོས། །ཕཊཿ

ཆེ་བ་བཞིའི་བསྟོད་པ་གདུང་སྒྲོམ་ནུབ་སྒོ་ནས་བསྟོད་པ་ནི།
།ཀྱཻ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །མ་ངན་སོང་གསུམ་པོར་མི་འཇིགས་པའི། །མི་དགེ་བཅུ་པོ་སྙེམས་ཐག་ཆོད། །ངན་འགྲོའི་ཕྱོགས་ཀྱི་བདུད་ལས་རྒྱལ། །མ་མཐོ་རིས་འདྲེན་ལ་ཕྱག་འཚལ་བསྟོད། །མ་འགྲོ་བའི་དོན་ལ་མི་ཞན་པའི། །དགེ་བའི་ལས་རྣམས་དབྱིངས་སུ་གྲོལ། །ལྷ་མིའི་འཁོར་བའི་བདུད་ལས་ཐར། །མ་ཐར་ལམ་བགྲོད་ལ་ཕྱག་འཚལ་བསྟོད། །མ་སྐྱེ་འཆི་གཉིས་ལ་མི་འཇིགས་པའི། །སྙེམས་ཐག་ཡུམ་གྱི་ཀློང་དུ་ཆོད། །སྐྱེ་མེད་ཀློང་ནས་སྐྱེ་འཆི་མེད། །མ་བཙན་ས་ཟིན་ལ་ཕྱག་འཚལ་བསྟོད། །མ་ལོག་འདྲེན་བགེགས་ལ་མི་འཇིགས་པའི། །འདྲེ་གདོན་རང་སྣང་སེམས་སུ་ཆོད། །གདོན་གནོད་བྱེད་ཕོ་མོའི་བདུད་ལས་གྲོལ། །མ་བར་ཆད་སེལ་ལ་ཕྱག་འཚལ་བསྟོད། །མ་དང་པོ་ལུས་སེམས་སྐྱེད་པའི་མ། །བར་དུ་ཟང་ཟིང་འབོགས་པའི་མ། །ཐ་མར་སྐྱེ་མེད་སྟོན་པའི་མ། །མ་དྲིན་མོ་ཆེ་ལ་ཕྱག་འཚལ་བསྟོད། །མ་ལུས་སྲོག་གཟན་དུ་བོར་བའི་མ། །རིག་པ་གཞི་ལ་དག་པའི་མ། །མ་དབྱིངས་ཀྱི་ཐུགས་ལ་འཁྲུལ་པ་མེད། །བུས་ད་རུང་སྙེམས་ཀྱི་ཐག་མ་ཆོད། །མ་བཞུགས་པའི་ཚེ་ན་དགའ་མ་ཚོར། །གཤེགས་པའི་ཚེ་ན་སྙིང་མ་དགའ། །མ་བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བུས་ཀྱང་མ་ལ་གསོལ་བ་འདེབས། །མས་ཀྱང་བུ་ལ་བྱིན་གྱིས་རློབས། །བདག་དང་མོས་པའི་རྗེས་འཇུག་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ལུས་ལ་བདེ་བ་སྐྱེད་དུ་གསོལ། །ངག་ལ་ནུས་པ་སྤར་དུ་གསོལ། །སེམས་ལ་རྟོགས་པ་འཆར་དུ་གསོལ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང༌། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ།

།མ་དང་པོ་ལུས་སེམས་ཞེས་པ་མན་ཆད་འཇིགས་སྐྱོབས་ཕྲིན་ལས་ཀྱི་བསྟོད་པ་གདུང་སྒོམ་བྱང་སྒོ་ནས་བསྟོད་པའོ།
།ཕཊཿ བེམ་པོ་དཀར་གསུམ་མངར་གསུམ་སྨན་གྱི་ཚོགས། །དར་ཟབ་བལ་ཚོན་ནམ་མཁའ་མདའ་འཕངས་དང༌། །རིན་ཆེན་འབྲུ་སྣ་བྱ་རིགས་གཅན་གཟན་ཚོགས། །རི་དྭགས་གཡུང་དྭགས་གོ་མཚོན་ཤིང་རྩི་རྣམས། །དཔག་ཏུ་མེད་པ་གཞི་བདག་རྣམས་ལི་ན། །དད་གུས་ཕྲིན་ལས་གང་འདོད་བསྒྲུབ་པར་གྱུར། །གཞི་བདག་གཏོར་མའོ།

།ཕཊཿ ཕཊཿ ཀྱཻ་མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །མ་རི་ཁྲོད་འགྲིམ་ཞིང་ཉམས་སུ་ལེན། །མ་ཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་སེར་སྣ་མེད། །མི་སྦྱིན་པ་རྫོགས་ལ་ཕྱག་འཚལ་ལོ། །མ་ཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་འཆལ་བ་མེད། །མ་ཚུལ་ཁྲིམས་རྫོགས་ལ་ཕྱག་འཚལ་ལོ། །མ་ཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་ཁོང་ཁྲོ་མེད། །མ་བཟོད་པ་རྫོགས་ལ་ཕྱག་འཚལ་ལོ། །མ་ཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་ལེ་ལོ་མེད། །མ་བརྩོན་འགྲུས་རྫོགས་ལ་ཕྱག་འཚལ་ལོ། །མ་ཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་གཡོ་བ་མེད། །མ་བསམ་གཏན་རྫོགས་ལ་ཕྱག་འཚལ་ལོ། །མ་ཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་གཏི་མུག་མེད། །མ་ཤེས་རབ་རྫོགས་ལ་ཕྱག་འཚལ་ལོ། །མ་ཕ་རོལ་ཕྱིན་དྲུག་ཐུགས་ལ་མངའ། །ཡང་དག་དོན་རྟོགས་འགྲོ་བའི་མགོན། །མ་ཅིག་ཁྱེད་ལ་ཕྱག་འཚལ་བསྟོད། །མ་ཅིག་གི་བསྟོད་པ་དེ་ཐམས་ཅད་སྲས་རྒྱལ་བ་དོན་འགྲུབ་ཀྱིས་མཛད་པའོ།

།ཕཊཿ བེམ་རོ་དེ་ཉིད་སིལ་བུ་གྱུར་པ་ལས། །རང་གི་ཐུགས་ཀའི་འོད་ཟེར་ཕོག་པ་ཡིས། །མི་གཙང་དྲི་མ་ཐམས་ཅད་སྦྱངས་ནས་ཀྱང༌། །ཤ་རྣམས་བདུད་རྩི་ཁྲག་རྣམས་འོ་མའི་མཚོ། །མཚོ་དང་རྫིང་བུ་ནེའུ་སེང་ཆུ་མིག་དང༌། །རིན་ཆེན་རི་བོ་ཤིང་རྩི་མེ་ཏོག་ཚོགས། །ཁང་བཟང་ཆུ་བྱ་ཆུ་གནས་སྣ་ཚོགས་གྱུར། །ཀླུ་ལ་བྱིན་པས་ནད་དང་སྡུག་བསྔལ་ཞི། །བཀྲགས་མདངས་རབ་རྒྱས་དད་གུས་བྱང་སེམས་ལྡན། །ཕྲིན་ལས་གང་བཅོལ་ཐོགས་མེད་བསྒྲུབ་པར་གྱུར། །ཕཊཿ ཕཊཿ མ་ནམ་མཁའ་ལྟ་བུའི་ཡུམ་ཆེན་ལ། །སྲས་ཉི་ཟླ་ལྟ་བུའི་རྒྱལ་བ་འཁྲུངས། །མ་ཡུམ་ཆེན་དེ་ཡི་ཐུགས་ཀྱི་སྲས། །སྐུ་ཡི་བྱིན་རླབས་ལུས་ལ་ཞུགས་པས་གཟི་བརྗིད་ཆེ། །གསུང་གི་བྱིན་རླབས་ངག་ལ་ཞུགས་པས་ནུས་པ་ཆེ། །ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས་པས་རྟོགས་པ་ཆེ། །ཡོན་ཏན་བྱིན་རླབས་ཞུགས་པས་ཐུགས་རྗེ་ཆེ། །ཕྲིན་ལས་བྱིན་རླབས་ཞུགས་པས་འགྲོ་དོན་ཆེ། །རྗེ་བྱིན་རླབས་ཀུན་ལྡན་གླང་ལུང་པ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རྗེ་ཐོགས་བཅས་བདུད་ཀྱི་དོན་རྟོགས་ཤིང༌། །དངོས་སྣང་སྒྱུ་མ་ལྟ་བུར་མཁྱེན། །ཐོགས་མེད་བདུད་ཀྱི་དོན་རྟོགས་ཤིང༌། །ཉོན་མོངས་རང་སར་གྲོལ་བ་མཁྱེན། །དགའ་བྲོད་བདུད་ཀྱི་དོན་རྟོགས་ཤིང༌། །ཡོན་ཏན་སེམས་སུ་མཉམ་པར་མཁྱེན། །སྙེམས་བྱེད་བདུད་ཀྱི་དོན་རྟོགས་ཤིང༌། །འཁོར་བ་དབྱིངས་སུ་གྲོལ་བར་མཁྱེན། །རྗེ་མཁྱེན་པ་ཀུན་ལྡན་གླང་ལུང་པ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་ཡུམ་ཆེན་སྲས་སུ་གྱུར་པའི་རིགས་བརྒྱུད་ཅན། །ལྟ་སྒོམ་དམིགས་པ་བྲལ་བའི་རྟོགས་པ་ཅན། །སྒྲོ་འདོགས་སེམས་སུ་ཆོད་པའི་མཁྱེན་པ་ཅན། །རྒྱ་བོད་ཧོར་གསུམ་ཐོས་པའི་གྲགས་པ་ཅན། །རྗེ་ཡོན་ཏན་ཀུན་ལྡན་གླང་ལུང་པ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཕཊཿ ཕཊཿ ཕཊཿ སྲས་བསྟོད་འདི་གཉན་ཆུང་ལོ་ཙཱ་བས་མཛད་པའོ།

།ཕཊཿ མ་ཅིག་སྙན་གོང་གཡོན་ངོས་བཞུགས་པ་ཡི། །རྗེ་བཙུན་ཕག་མོ་ལྷ་ལྔ་དེ་ཉིད་ཀྱི། །སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། །བདག་དང་བསྲུང་བྱ་ཀུན་ལ་ཐིམ་པ་ཡིས། །ཡང་དག་བདེ་ཆེན་ཡེ་ཤེས་སྐྱེད་པར་གྱུར། །ཕཊཿ ཕཊཿ ཕཊཿ ཀྱཻ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །དབུས་ཕྱོགས་སངས་རྒྱས་རིགས་ཀྱི་ཌཱཀྐི་འབུམ། །ཡང་དག་བདེ་ཆེན་སྐྱེད་པའི་ཌཱཀྐི་ལ། །དད་མོས་དྲག་པོའི་སྟོབས་ཀྱིས་གསོལ་བ་འདེབས། །ཐུགས་རྗེས་རྒྱུན་ཆད་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དད་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །ཕཊཿ ཕཊཿ

རྒྱས་པ་འགྲེས་ཡིན་ཀྱང་བསྡུ་ན།
།ཀྱཻ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ཌཱཀྐི་འབུམ། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ཌཱཀྐི་འབུམ། །ནུབ་ཕྱོགས་པདྨ་རིགས་ཀྱི་ཌཱཀྐི་འབུམ། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་ཌཱཀྐི་འབུམ། །ཡང་དག་བདེ་ཆེན་སྐྱེད་པའི་ཌཱཀྐི་ལ། །དད་མོས་དྲག་པོའི་སྟོབས་ཀྱིས་གསོལ་བ་འདེབས། །ཐུགས་རྗེས་རྒྱུན་ཆད་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དད་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །ཕཊཿ ཕཊཿ

གཙོ་མོའི་སྐུ་ལས་སྤྲུལ་པའི་མཁའ་འགྲོ་བྱེ་བ་ལ་གསོལ་བ་འདེབས་པ་ནི།
།ཀྱཻ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །སྤྱན་གསུམ་བར་སྣང་མཁའ་ལ་གཟིགས་པ་ལ། །དུས་གསུམ་ཐོགས་མེད་གཟིགས་པའི་ཌཱཀྐི་འབུམ། །མི་མགོ་སུམ་བརྩེགས་རབ་ཏུ་བརྒྱན་པ་ལ། །ཁམས་གསུམ་དབང་དུ་སྡུད་པའི་ཌཱཀྐི་འབུམ། །ཐོད་སྐམ་ལྔ་ཡི་དབུ་ལ་བརྒྱན་པ་ལ། །རིགས་ལྔས་འགྲོ་དོན་མཛད་པའི་ཌཱཀྐི་འབུམ། །ཐོད་རློན་ལྔ་བཅུའི་དོལ་ཤལ་བྱས་པ་ལ། །འཁྲུལ་པ་ལྔ་བཅུ་རྩ་གཅིག་ཟད་པའི་ཌཱཀྐི་འབུམ། །དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབས་པ་ལ། །སེམས་ཅན་བདེ་ལ་བཀོད་པའི་ཌཱཀྐི་འབུམ། །རུས་པའི་རྒྱན་དྲུག་སྐུ་ལ་བརྒྱན་པ་ལ། །རྟོག་མེད་ཉམས་དང་ལྡན་པའི་ཌཱཀྐི་འབུམ། །ཡང་དག་བདེ་ཆེན་སྐྱེད་པའི་ཌཱཀྐི་ལ། །དད་མོས་དྲག་པོའི་སྟོབས་ཀྱིས་གསོལ་བ་འདེབས། །ཐུགས་རྗེས་རྒྱུན་ཆད་མེད་པར་དགོངས་མཛད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དད་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །ཕཊཿ ཕཊཿ ཀྱཻ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ཁ་ཊྭཾ་རྩེ་གསུམ་རབ་ཏུ་བརྒྱན་པ་ནི། །སྲིད་གསུམ་ཟིལ་གྱིས་གནོན་པའི་ཌཱཀྐི་འབུམ། །བམ་ཆེན་གདན་ལ་བརྐྱང་བསྐུམ་བཞུགས་པ་ནི། །འགྲོ་དྲུག་གནས་ནས་འདྲེན་པའི་ཌཱཀྐི་འབུམ། །ཌཱ་རུ་ཅང་ཏེའུ་གསེར་གྱི་རྔེའུ་ཆུང་ནི། །དོན་དམ་སྙན་བརྒྱུད་འཛིན་པའི་ཌཱཀྐི་འབུམ། །གསེར་གྱི་དྲིལ་བུ་གཡེར་ཁས་གསུང་སྙན་སྒྲོགས་པ་ལ། །སྟོང་གསུམ་ཆོས་སྒྲ་སྒྲོགས་པའི་ཌཱཀྐི་འབུམ། །དར་གྱི་འཕུར་ལྕེས་རབ་ཏུ་བརྒྱན་པ་ནི། །སྤྲུུལ་པ་ཡང་སྤྲུལ་འགྱེད་པའི་ཌཱཀྐི་འབུམ། །དུར་ཁྲོད་ཤ་ལ་རོལ་བར་མཛད་པ་ནི། །ཡེ་ཤེས་རོལ་པ་མཛད་པའི་ཌཱཀྐི་འབུམ། །ཡང་དག་བདེ་ཆེན་སྐྱེད་པའི་ཌཱཀྐི་ལ། །དད་མོས་དྲག་པོའི་སྟོབས་ཀྱིས་གསོལ་བ་འདེབས། །ཐུགས་རྗེས་རྒྱུན་ཆད་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དད་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །ཕཊཿ ཕཊཿ འབུམ་བསྐུལ་འདི་མ་ཅིག་གིས་མཛད་པ་ཡིན་ནོ།

དེ་ནས་ཚོགས་ལ་བདུད་རྩི་ཆུ་གཙང་བྲན་ལ།

༈ །ཨོཾ་ཨཱཿཧཱུྂ། །ཨོཾ་ག་ཏེ་ག་ཏེ་པ་ར་ག་ཏེ་པ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། །ཞེས་པས་བསང༌།

།ཕཊཿ མདུན་གྱི་གཅོད་ཡུལ་བརྒྱུད་པ་ཐམས་ཅད་ཀྱི། །སྐུ་ལས་འོད་ཟེར་དཔག་མེད་འཕྲོས་པ་རྣམས། །ཡུལ་དེར་ཕོག་པས་ཨོ་རྒྱན་ཡུལ་དུ་གྱུར། །གནས་ཁང་ལ་ཕོག་གཞལ་ཡས་ཁང་དུ་གྱུར། །མགྲོན་ལ་ཕོག་པས་དཔའ་བོ་དཔའ་མོར་གྱུར། །སྣོད་སྤྱད་ལ་ཕོག་པདྨ་བྷན་དྷར་གྱུར། །ཚོགས་རྫས་ལ་ཕོག་ཡེ་ཤེས་བདུད་རྩིར་གྱུར། །ཕཊཿ ཕཊཿ

བཀའ་བརྒྱུད་ཚོགས་ལས་ནི།
གནས་ཆོས་དབྱིངས་རྣམ་དག་གི་གཞལ་ཡས་སུ། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་རིན་པོ་ཆེ། །ཁོང་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །རྗེ་མཁའ་འགྲོའི་ཚོགས་དང་གཤེགས་སུ་གསོལ། །མཁའ་འགྲོའི་ཚོགས་དང་གཤེགས་ནས་ཀྱང༌། །བདག་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ས་གཞི་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཀྱཻ་ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །འདིར་ཚོགས་སྐྱེས་བུ་ཕོ་མོ་རྣམས། །དཔའ་བོ་དཔའ་མོར་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣ་ཚོགས་སྣོད། །པདྨ་བྷན་དྷར་བྱིན་གྱིས་རློབས། །བཅུད་ཚོགས་ཀྱི་འཁོར་ལོ་ཐམས་ཅད་ཀྱང༌། །ཡེ་ཤེས་བདུད་རྩིར་བྱིན་གྱིས་རློབས། །མི་མཐུན་རྐྱེན་དང་བར་ཆད་སོལ། །མཐུན་པའི་ལམ་སྣ་དབྱིངས་སུ་དྲོངས།

།རྒྱས་པ་འགྲེས་ཡིན་ཀྱང་བསྡུ་ན།
།གནས་བྱ་རྒོད་ཕུང་པོའི་རི་བོ་ན། །ཡང་དག་རྫོགས་པའི་སངས་རྒྱས་རིན་པོ་ཆེ། །གནས་མི་འགྱུར་ཆོས་དབྱིངས་གཞལ་ཡས་སུ། །སྒྲོལ་མ་སུ་ཁ་སིདྡྷི་རིན་པོ་ཆེ། །གནས་སེང་ཆེན་བསྣོལ་བའི་ཁྲི་སྟེང་ན། །འཇམ་དཔལ་སྨྲ་བའི་སེང་གེ་རིན་པོ་ཆེ། །རྒྱ་གར་སྤྱིལ་པོའི་ཁང་སྦྱོར་ན། །བྲམ་ཟེ་ཨཱརྻ་དེ་བ་རིན་པོ་ཆེ། །ལ་སྟོད་དིང་རིའི་དགོན་པ་ན། །ཕ་གཅིག་དམ་པ་སངས་རྒྱས་རིན་པོ་ཆེ། །དབུས་གཙང་གཉིས་ཀྱི་ས་མཚམས་ན། །སྐྱོ་སྟོན་བསོད་ནམས་བླ་མ་རིན་པོ་ཆེ། །ཁོང་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །རྗེ་མཁའ་འགྲོའི་ཚོགས་དང་གཤེགས་སུ་གསོལ། །མཁའ་འགྲོའི་ཚོགས་དང་གཤེགས་ནས་ཀྱང༌། །བདག་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ས་གཞི་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཀྱཻ་ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །འདིར་ཚོགས་སྐྱེས་བུ་ཕོ་མོ་རྣམས། །དཔའ་བོ་དཔའ་མོར་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣ་ཚོགས་སྣོད། །པདྨ་བྷན་དྷར་བྱིན་གྱིས་རློབས། །བཅུད་ཚོགས་ཀྱི་འཁོར་ལོ་ཐམས་ཅད་ཀྱང༌། །ཡེ་ཤེས་བདུད་རྩིར་བྱིན་གྱིས་རློབས། །མི་མཐུན་རྐྱེན་དང་བར་ཆད་སོལ། །མཐུན་པའི་ལམ་སྣ་དབྱིངས་སུ་དྲོངས། །ཟངས་རི་མཁར་དམར་གྱི་དགོན་པ་ན། །མ་ཅིག་ལབ་ཀྱི་སྒྲོན་མ་རིན་པོ་ཆེ། །བཀྲ་ཤིས་གླང་ལུང་གི་དགོན་པ་ན། །སྲས་མཆོག་རྒྱལ་བ་དོན་འགྲུབ་རིན་པོ་ཆེ། །རྒྱལ་ཁམས་ཕྱོགས་མེད་ཀྱི་དགོན་པ་ན། །བཀའ་བབ་བུ་ཆེན་བཅུ་དྲུག་རིན་པོ་ཆེ། །སྟོད་ལུང་མཚུར་ཕུའི་དགོན་པ་ན། །གྲུབ་ཆེན་ཀརྨ་པཀྵི་རིན་པོ་ཆེ། །བདུད་བཞི་ཟིལ་གནོན་གྱི་ཕོ་བྲང་ན། །རྗེ་རང་བྱུང་རྡོ་རྗེ་རིན་པོ་ཆེ། །གར་བཞུགས་ཆོས་ཉིད་ཀྱི་དགོན་པ་ན། །ཕ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པ་རིན་པོ་ཆེ། །སྤྱི་གཙུག་པད་ཟླའི་གདན་སྟེང་ན། །དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ། །ཁོང་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །རྗེ་མཁའ་འགྲོའི་ཚོགས་དང་གཤེགས་སུ་གསོལ། །མཁའ་འགྲོའི་ཚོགས་དང་གཤེགས་ནས་ཀྱང༌། །བདག་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ས་གཞི་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཀྱཻ་ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །འདིར་ཚོགས་སྐྱེས་བུ་ཕོ་མོ་རྣམས། །དཔའ་བོ་དཔའ་མོར་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣ་ཚོགས་སྣོད། །པདྨ་བྷན་དྷར་བྱིན་གྱིས་རློབས། །བཅུད་ཚོགས་ཀྱི་འཁོར་ལོ་ཐམས་ཅད་ཀྱང༌། །ཡེ་ཤེས་བདུད་རྩིར་བྱིན་གྱིས་རློབས། །མི་མཐུན་རྐྱེན་དང་བར་ཆད་སོལ། །མཐུན་པའི་ལམ་སྣ་དབྱིངས་སུ་དྲོངས། །ཕཊཿ ཕཊཿ བཀའ་བརྒྱུད་ཚོགས་ལས་སྟོད་ཆ་འདི་སྲས་རྒྱལ་བ་དོན་གྲུབ་ཀྱིས་མཛད་པའོ།

།ཕཊཿ དཀྱིལ་འཁོར་ལྷ་ཚོགས་འོད་ཀྱིས་མ་ཅིག་བསྐུལ། །མ་ཅིག་ཐུགས་ལས་འོད་ཟེར་འཕྲོས་པ་ཡིས། །ཨོ་རྒྱན་དག་པ་མཁའ་སྤྱོད་ཞིང་ཁམས་ནས། །མཁའ་འགྲོ་སྡེ་ལྔ་འཁོར་ཚོགས་འབུམ་སྡེར་བཅས། །མདུན་གྱི་ནམ་མཁར་སྤྱན་དྲངས་སྤྲིན་ལྟར་འཁྲིགས། །ཀུན་ཀྱང་རྒྱན་ཆ་རོལ་མོ་དི་རི་རི། །པད་ཟླའི་གདན་བཞུགས་འདོད་ཡོན་སྣ་ཚོགས་མཆོད། །བདག་དང་བསྲུང་བྱ་ལྷ་འདྲེས་ཕྱག་འཚལ་གྱུར། །ཕཊཿ

ཅེས་བསྒོམ་ཞིང་ཚོགས་ལྷ་སྤྱན་འདྲེན་ནི།
།ཀྱཻ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །དབུས་ཕྱོགས་སངས་རྒྱས་རིགས་ཀྱི་ཌཱཀྐི་ཚོགས། །སྐུ་མདོག་ནག་ལ་འོད་ཟེར་འབར། །ཕྱག་ན་འཁོར་ལོ་པད་སྣོད་བསྣམས། །མུ་མེན་ཐོར་ཚུགས་ལྡེམས་སེ་ལྡེམ། །རིན་ཆེན་སྙན་ཆ་ཁྲ་ལ་ལ། །ཕྱག་གདུབ་ཞབས་གདུབ་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །རུས་པའི་རྒྱན་ཆ་ཁྲ་ལ་ལ། །ཌཱ་རུ་ཅང་ཏེའུ་ཁྲོ་ལོ་ལོ། །རྔ་སྒྲ་དུང་སྒྲ་འུ་རུ་རུ། །པི་ཝང་གླིང་བུ་ལྷངས་སེ་ལྷང༌། །དུར་ཁྲོད་ཚོགས་མཆོད་བྱིན་གྱིས་བརླབ་པའི་ཕྱིར། །ཀྱཻ་མཁའ་འགྲོའི་ཚོགས་རྣམས་གཤེགས་སུ་གསོལ། །མཁའ་འགྲོའི་ཚོགས་རྣམས་གཤེགས་ནས་ཀྱང༌། །དུག་ལྔ་གཅོད་ཕྱིར་པད་ཟླའི་གདན་ལ་བཞུགས། །ཕ་རོལ་ཕྱིན་དྲུག་རྫོགས་ལ་གུས་ཕྱག་འཚལ། །གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་པ་འབུལ། །སྟོང་ཉིད་བཅོ་བརྒྱད་རྫོགས་ལ་གུས་ཕྱག་འཚལ། །ཀྱཻ་ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །འདིར་ཚོགས་སྐྱེས་བུ་ཕོ་མོ་རྣམས། །དཔའ་བོ་དཔའ་མོར་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣ་ཚོགས་སྣོད། །པདྨ་བྷན་དྷར་བྱིན་གྱིས་རློབས། །བཅུད་ཀྱི་ཞལ་ཟས་ཐམས་ཅད་ཀྱང༌། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཞིག་འཆོས། །མར་མེ་འདི་ལ་མདངས་ཤིག་ཕྱུང༌། །སློབ་མ་རྣམས་ལ་དབང་ཞིག་བསྐུར། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །རྣལ་འབྱོར་བར་ཆད་ཞི་བ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །ཕཊཿ ཕཊཿ

བྱིན་འབེབས་དམིགས་པ་ནི།
།ཕཊཿ ལྷ་ཚོགས་རྣམས་ཀྱི་འོད་ཀྱིས་བསྐུལ་བ་ཡིས། །ཌཱཀྐི་རྣམས་ཀྱི་ཐུགས་ལས་འོད་ཟེར་འཕྲོས། །གནས་ལ་ཕོག་པས་ཨོ་རྒྱན་རང་བྱུང་གནས། །ནམ་མཁའ་འཇའ་ཡི་གུར་དང་བླ་བྲེ་འཁྲིགས། །བར་སྣང་མེ་ཏོག་ཆར་པ་ལང་ལང་འབབས། །ས་གཞི་འདོད་ཡོན་མཆོད་རྫས་གཅལ་དུ་བཀྲམ། །ལྷ་ཡི་བུ་དང་བུ་མོ་ཐམས་ཅད་ཀྱིས། །གླུ་གར་རོལ་མོས་ནམ་མཁའ་བར་སྣང་གང༌། །འོད་ཟེར་གནས་ཁང་ལ་ཕོག་ཐོད་པའི་མཁར། །གཞལ་ཡས་གྲུ་བཞི་སྒོ་བཞི་རྟ་བབས་རྫོགས། །འོད་ཟེར་རྣལ་འབྱོར་ཕོ་མོར་ཕོག་པ་ཡིས། །ཐམས་ཅད་དཔའ་བོ་དཔའ་མོ་ཁོ་ནར་གྱུར། །སྣོད་ལ་ཕོག་པས་ཐོད་པ་མཚན་དང་ལྡན། །ཚོགས་རྫས་ལ་ཕོག་ཤ་ལྔ་བདུད་རྩི་ལྔ༌། །མཎྜལ་ལ་ཕོག་རྒྱན་བཀོད་ཕུན་སུམ་ཚོགས། །མཆོད་རྫས་ལ་ཕོག་སྣང་སྟོང་མཆོད་པའི་སྤྲིན། །གནོད་བྱེད་གཙོ་བྱས་འགྲོ་དྲུག་ཀུན་ལ་ཕོག། །སྡིག་སྒྲིབ་དག་ནས་སྐུ་བཞིའི་ས་བོན་བཞག། །ཕཊཿ ཕཊཿ ཀྱཻ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ཌཱཀྐིའི་ཚོགས། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་ན་རྡོ་རྗེ་པད་སྣོད་བསྣམས། །ཤེལ་གྱི་ཐོར་ཚུག་ལྡེམས་སེ་ལྡེམ།

།རྒྱས་པ་འགྲེས་ཡིན་ཀྱང་བསྡུ་ན།
།ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ཌཱཀྐི་ཚོགས། །སྐུ་མདོག་སེར་ལ་འོད་ཟེར་འབར། །ཕྱག་ན་རིན་ཆེན་པད་སྣོད་བསྣམས། །གསེར་གྱི་ཐོར་ཚུགས་ལྡེམས་སེ་ལྡེམ། །ནུབ་ཕྱོགས་པདྨ་རིགས་ཀྱི་ཌཱཀྐིའི་ཚོགས། །སྐུ་མདོག་དམར་ལ་འོད་ཟེར་འབར། །ཕྱག་ན་པདྨ་པད་སྣོད་བསྣམས། །བྱི་རུའི་ཐོར་ཚུགས་ལྡེམས་སེ་ལྡེམ། །བྱང་ཕྱོགས་ལས་ཀྱི་ཌཱཀྐིའི་ཚོགས། །སྐུ་མདོག་ལྗང་ལ་འོད་ཟེར་འབར། །ཕྱག་ན་རྒྱ་གྲམ་པད་སྣོད་བསྣམས། །གཡུ་ཡི་ཐོར་ཚུགས་ལྡེམས་སེ་ལྡེམ། །རིན་ཆེན་སྙན་ཆ་ཁྲ་ལ་ལ། །ཕྱག་གདུབ་ཞབས་གདུབ་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །རུས་པའི་རྒྱན་ཆ་ཁྲ་ལ་ལ། །ཌཱ་རུ་ཅང་ཏེའུ་ཁྲོ་ལོ་ལོ། །རྔ་སྒྲ་དུང་སྒྲ་འུ་རུ་རུ། །པི་ཝང་གླིང་བུ་ལྷངས་སེ་ལྷང༌། །དུར་ཁྲོད་ཚོགས་མཆོད་བྱིན་གྱིས་བརླབ་པའི་ཕྱིར། །ཀྱཻ་མཁའ་འགྲོའི་ཚོགས་རྣམས་གཤེགས་སུ་གསོལ། །མཁའ་འགྲོའི་ཚོགས་རྣམས་གཤེགས་ནས་ཀྱང༌། །དུག་ལྔ་གཅོད་ཕྱིར་པད་ཟླའི་གདན་ལ་བཞུགས། །ཕ་རོལ་ཕྱིན་དྲུག་རྫོགས་ལ་གུས་ཕྱག་འཚལ། །གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་པ་འབུལ། །སྟོང་ཉིད་བཅོ་བརྒྱད་རྫོགས་ལ་གུས་ཕྱག་འཚལ། །ཀྱཻ་ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །འདིར་ཚོགས་སྐྱེས་བུ་ཕོ་མོ་རྣམས། །དཔའ་བོ་དཔའ་མོར་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣ་ཚོགས་སྣོད། །པདྨ་བྷན་དྷར་བྱིན་གྱིས་རློབས། །བཅུད་ཀྱི་ཞལ་ཟས་ཐམས་ཅད་ཀྱང༌། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཅིག་ཆོས། །མར་མེ་འདི་ལ་མདངས་ཤིག་ཕྱུང༌། །སློབ་མ་རྣམས་ལ་དབང་ཞིག་བསྐུར། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །རྣལ་འབྱོར་བར་ཆད་ཞི་བ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །ཕཊཿ ཕཊཿ མ་རྒྱུད་ཚོགས་ལས་འདི་མ་ཅིག་གིས་མཛད་པའོ།

།དེ་ནས་བསྲེ་བ་བཞིའི་དམིགས་པ་བྱ་སྟེ།

།ཕཊཿ ཕཊཿ བསྲུང་བྱའི་ལུས་དང་བདག་ལུས་དབྱེར་མེད་བསྲེ། །རྣམ་ཤེས་གཉིས་པོ་དབྱེར་མེད་ཧཱུྂ་དུ་གྱུར། །ཧཱུྂ་དེ་ཚངས་བུག་ནས་ཐོན་ནམ་མཁར་ཡལ། །ནམ་མཁའ་སེམས་ཉིད་དབྱེར་མེད་གཅིག་ཏུ་བསྲེ། །ལས་བྱེད་མཁའ་འགྲོས་བེམ་པོ་དེ་བླངས་ནས། །ཚོགས་ནང་བཅུག་ནས་གྲི་གུག་གིས་དཀྲུགས་པས། །ཚོགས་དང་བེམ་པོ་དབྱེར་མེད་གཅིག་ཏུ་བསྲེ། །ཕཊཿ ཕཊཿ ཕཊཿ ཕཊཿ

དེ་ནས་ཚོགས་བྱིན་བརླབས་ནི།
།ཕཊཿ སྟོང་པའི་ངང་ལས་རླུང་གི་དཀྱིལ་འཁོར་ནི། །གཞུ་ཡི་དབྱིབས་ཅན་བ་དན་ཡཾཿགྱིས་མཚན། །དེ་སྟེང་མེ་དཀྱིལ་གྲུ་གསུམ་རཾཿགྱིས་མཚན། །དེ་སྟེང་ཀེཾཿལས་ཐོད་སྒྱེད་རི་རབ་ཙམ། །དེ་སྟེང་ཚོགས་གཞོང་ཨཱ་ལས་ཀ་པཱ་ལ། །ཕྱི་ནི་དཀར་བ་ཟླ་བའི་གཞོང་པའི་ཚུལ། །ནང་ནི་དམར་བ་ཉི་མའི་གཞོང་པ་སྟེ། །ཐབས་དང་ཤེས་རབ་དབྱེར་མེད་སྣོད་གཅིག་ཚུལ། །དེ་ནང་ཕུང་པོ་ཚོགས་རྫས་དབྱེར་མེད་པ། །དེ་སྟེང་དམ་ཚིག་བདུད་རྩིའི་ས་བོན་ནི། །ཨོཾ་དཀར་ཨཱཿདམར་ཧཱུྂ་མཐིང་བརྩེགས་མར་གནས། །ཕཊཿ

དེ་ནས་ཡེ་ཤེས་བདུད་རྩི་བཀུག་པ་ནི།
།ཕཊཿ རང་རིག་ལས་བྱེད་ཌཱཀྐི་དམར་མོ་དང༌། །མདུན་གྱི་མ་ཅིག་དཔྲལ་མགྲིན་ཐུགས་ཀ་རུ། །ཨོཾ་དཀར་ཨཱཿདམར་ཧཱུྂ་མཐིང་འབྲུ་སུམ་གསལ། །བདག་གི་ཡི་གེ་གསུམ་ལས་འོད་ཟེར་འཕྲོས། །ཚོགས་སྟེང་ཡི་གེ་གསུམ་ལ་སོ་སོར་ཐིམ། །དེ་ནས་མ་ཅིག་གནས་གསུམ་འབྲུ་གསུམ་ལས། །བདུད་རྩི་དཀར་དམར་མཐིང་གསུམ་རྒྱུན་བབས་ནས། །ཚོགས་སྟེང་ཡིག་འབྲུ་གསུམ་ལ་ཐིམ་པ་ཡིས། །ཡི་གེ་གསུམ་ཞུ་ཚོགས་དང་དབྱེར་མེད་འདྲེས། །ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ནི། །དཀར་ལ་དམར་བའི་མདངས་ཆགས་ཅུང་ཟད་སྔོ། །འདོད་ཡོན་མཆོད་སྤྲིན་དཔག་མེད་འཕྲོས་པར་གྱུར། །ཕཊཿ

དེ་ལྟར་བསྒོམ་ཞིང༌།
།ཨོཾ་མ་ཅིག་མ་ལ་གསོལ་བ་འདེབས། །ཨཱཿམ་ཅིག་མ་ལ་གསོལ་བ་འདེབས། །ཧཱུྂ་མ་ཅིག་མ་ལ་གསོལ་བ་འདེབས། །དཀར་པོ་ཨོཾ་གྱི་བྱིན་གྱིས་རློབས། །དཀར་པོ་ཨོཾ་གྱི་བྱིན་རླབས་ཀྱིས། །གཞོང་པ་ཉི་ཟླའི་གཏོར་གཞོང་དུ། །ཚོགས་ཀྱང་འོད་དུ་ལྟེམས་སེ་ཞུ། །འོད་ཕུང་འབར་བའི་ཚོགས་མཆོད་འདི། །བླ་མ་ཡི་དམ་མཁའ་འགྲོ་དང༌། །རྒྱལ་བའི་དཀྱིལ་འཁོར་མཉེས་གྱུར་ཅིག། །ཆོས་སྐྱོང་མ་མགོན་ལྕམ་དྲལ་དང༌། །དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག། །དམར་པོ་ཨཱཿཡི་བྱིན་གྱིས་རློབས། །དམར་པོ་ཨཱཿཡི་བྱིན་རླབས་ཀྱིས། །གཞོང་པ་ཉི་ཟླའི་གཏོར་གཞོང་དུ། །ཚོགས་ཀྱང་འོད་དུ་ལྟེམས་སེ་ཞུ། །འོད་ཕུང་འབར་བའི་ཚོགས་མཆོད་འདི། །བླ་མ་ཡི་དམ་མཁའ་འགྲོ་དང༌། །རྒྱལ་བའི་དཀྱིལ་འཁོར་མཉེས་གྱུར་ཅིག། །ཆོས་སྐྱོང་མ་མགོན་ལྕམ་དྲལ་དང༌། །དཾ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག། །སྔོན་པོ་ཧཱུྂ་གི་བྱིན་གྱིས་རློབས། །སྔོན་པོ་ཧཱུྂ་གི་བྱིན་རླབས་ཀྱིས། །གཞོང་པ་ཉི་ཟླའི་གཏོར་གཞོང་དུ། །ཚོགས་ཀྱང་འོད་དུ་ལྟེམས་སེ་ཞུ། །འོད་ཕུང་འབར་བའི་ཚོགས་མཆོད་འདི། །བླ་མ་ཡི་དམ་མཁའ་འགྲོ་དང༌། །རྒྱལ་བའི་དཀྱིལ་འཁོར་མཉེས་གྱུར་ཅིག། །ཆོས་སྐྱོང་མ་མགོན་ལྕམ་དྲལ་དང༌། །དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག། །ཕཊཿ ཕཊཿ

དེ་ནས་ཚོགས་འབུལ་བ་ནི།
།ཕཊཿ ཚོགས་མཆོད་བདུད་རྩིའི་རྒྱ་མཚོའི་རླངས་པ་ལས། །མཆོད་པའི་ལྷ་མོ་བཅུ་དྲུག་བར་སྣང་གང༌། །རྒྱལ་སྲིད་བཀྲ་ཤིས་རྫས་རྟགས་འདོད་ཡོན་ལྔ། །ཕྱི་ནང་གསང་བའི་ཚོགས་མཆོད་དཔག་མེད་མཆོད། །བདུད་རྩི་ཐོད་པས་བཅུས་ཤིང་སོ་སོར་འབུལ། །སྙོམས་པར་འཇུག་པས་ཟག་མེད་ཏིང་འཛིན་མཆོད།

༈ཕཊཿ ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་འདི་རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ་ངོ་བོ་རྣམ་པར་དག་པ་ཨ་ལི་ཀ་ལི་མཚན་ཉིད་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔའི་རྒྱས་བཏབ་པ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི་བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། །དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཁཱ་ཧི། །ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། །པཉྩ་ཨམྲྀ་ཏ་ཁཱ་ཧི། །ག་ན་ཙ་ཀྲ་ཁཱ་ཧི། །ཕཊཿ ལས་བྱེད་མཆོད་པའི་ལྷ་མོ་དཔག་མེད་ཀྱིས། །ཉེར་སྤྱོད་ལྔ་དང་འདོད་པའི་ཡོན་ཏན་ལྔ། །ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་ཕུན་ཚོགས་རྣམས། །བླ་མ་སངས་རྒྱས་བྱང་སེམས་རྣམས་ལ་མཆོད། །ཤ་ལྔ་བདུད་རྩི་ལྔ་དང་གསང་ཡུམ་ཚོགས། །ཡི་དམ་ཞི་དང་ཁྲོ་བོའི་ཚོགས་ལ་མཆོད། །བསྐང་རྫས་སྒྲུབ་རྫས་རྟེན་རྫས་སྣ་ཚོགས་པ། །མ་མགོན་ཆོས་སྐྱོང་སྲུང་མ་རྣམས་ལ་མཆོད། །དཀར་གསུམ་མངར་གསུམ་འབྲུ་སྨན་རིན་ཆེན་ཚོགས། །རིགས་དྲུག་ཀླུ་དང་གཞི་བདག་རྣམས་ལ་སྦྱིན། །སྦྲ་ཁང་བང་མཛོད་གསེར་གཡུ་ཇ་དར་སོགས། །ལན་ཆགས་བདག་པོ་བདག་མོ་རྣམས་ལ་སྦྱིན། །ཐམས་ཅད་འདོད་ཡོན་ཅི་འདོད་ཚོགས་ཀྱིས་ཚིམ། །དགའ་མགུ་ཡི་རང་བདེ་ཆེན་ཏིང་འཛིན་སྐྱེས། །ཕཊཿ

དེ་ནས་ཚོགས་ལག་ཏུ་ཐོགས་བཅུག་ལ།
།དྲུག་པ་རྡོ་རྗེ་འཆང་ཆེན་མན་ཆད་དང༌། །རྩ་བའི་བླ་མ་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་ནང་གི་ཚོགས་ལ་རོལ། །ལ་ལ་གསང་བའི་ཚོགས་ལ་རོལ། །ལ་ལ་དེ་ཉིད་ཀྱི་ཚོགས་ལ་རོལ། །ཨ་ལ་ལ་ཏེ་དགྱེས་པར་མཛོད། །ཕཊཿ

རྒྱས་པ་འགྲེས་ཡིན་ཀྱང་བསྡུ་ན།
།ཡི་དམ་ལྷ་ཚོགས་མན་ཆད་དང༌། །དཔའ་བོ་དཔའ་མོ་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །རྡོ་རྗེ་ཕག་མོ་མན་ཆད་ནས། །རིགས་བཞི་མཁའ་འགྲོ་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ཆོས་སྐྱོང་མ་མགོན་མན་ཆད་ནས། །དཀྱིལ་འཁོར་མཐའ་སྐྱོང་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ཤཱཀྱ་ཐུབ་པ་མན་ཆད་ནས། །དམྱལ་ཁམས་བཅོ་བརྒྱད་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །སྟོང་གསུམ་གཞི་བདག་མན་ཆད་ནས། །གནས་པོ་དགེ་བསྙེན་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་ནང་གི་ཚོགས་ལ་རོལ། །ལ་ལ་གསང་བའི་ཚོགས་ལ་རོལ། །ལ་ལ་དེ་ཉིད་ཀྱི་ཚོགས་ལ་རོལ། །ཨ་ལ་ལ་ཏེ་དགྱེས་པར་མཛོད། །ཕཊཿ ཕཊཿ ཕཊཿ

གོང་འོག་འདི་གཉིས་ཚོགས་བསྟབ་པའམ། །ནད་པ་ལ་སྦར་བས་འདེབས་ཚུལ་གང་འདོད་བྱ་ཆོག་པ་ཡིན་ནོ།
།ཕཊཿ དབུས་དང་ཕྱོགས་བཅུར་གཙོ་མོ་རེ་རེ་ལ། །མཁའ་འགྲོ་འབུམ་ཕྲག་རེ་རེའི་མཐའ་སྐོར་དུ། །ཕྱོགས་མཚམས་སོ་སོར་ལྷ་འདྲེ་ཀུན་གྱིས་བསྐོར། །ལས་བྱེད་མཁའ་འགྲོ་འབུམ་ཚོ་འབུམ་ཚོ་ཡིས། །ཕྱོགས་བཅུའི་མགྲོན་རྣམས་ཀུན་ལ་སོ་སོར་མཆོད། །ཐམས་ཅད་མཉེས་ཚིམ་དགའ་མགུ་ཡི་རང་གྱུར། །ཕཊཿ ཀྱཻ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །དབུས་ཕྱོགས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །འདིར་གཤེགས་བཤམས་པའི་ཚོགས་མཆོད་བཞེས། །སྣང་སྲིད་ལྷ་འདྲེས་བཞེས་སུ་གསོལ། །འདོད་ཡོན་ལྔ་ཡིས་ཚིམ་གྱུར་ཅིག། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག། །ཕཊཿ

རྒྱས་པ་འགྲེས་ཡིན་ཀྱང་བསྡུ་ན།
།ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །སྟེང་མཁའ་སྤྱོད་རིགས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །འོག་ཕྱོགས་ས་སྤྱོད་རིགས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །མཚམས་བཞི་འཇིག་རྟེན་རིགས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །འདིར་གཤེགས་བཤམས་པའི་ཚོགས་མཆོད་བཞེས། །སྣང་སྲིད་ལྷ་འདྲེས་བཞེས་སུ་གསོལ། །འདོད་ཡོན་ལྔ་ཡིས་ཚིམ་གྱུར་ཅིག། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག། །ཕཊཿ ཕཊཿ ཕཊཿ ཕཊཿ ཕཊཿ ཕཊཿ ཕཊཿ ས་བླ་ས་འོག་ས་སྟེང་གི། །འཁོར་འདས་གཉིས་ཀྱི་མགྲོན་རིགས་རྣམས། །འདོད་ཡོན་ལྔ་ཡིས་ཚིམ་གྱུར་ཅིག། །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག། །ཚེ་རབས་འཁོར་བ་ཐོག་མེད་ཀྱི། །ཤ་འཁོན་ལན་ཆགས་བྱང་གྱུར་ཅིག། །ཕཊཿ ཕཊཿ

སྐབས་འདིར་ནད་པ་ཡོད་ན་མདུན་དུ་བསྙལ་ལ།
།ཕཊཿ རང་ཉིད་སྐད་ཅིག་གིས་དུར་ཁྲོད་ཀྱི་བདག་མོ་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། །ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་བརྡེབས་པ། །གཡོན་མི་རྐང་གི་གླིང་བུ་འབུད་པ། །མཐུ་སྟོབས་དང་ལྡན་པ། །གཟི་བརྗིད་དང་ལྡན་པ། །ཁམས་གསུམ་དབང་དུ་སྡུད་པ། །སྲིད་གསུམ་ཟིལ་གྱིས་ནོན་པ། །དེའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་དཔག་ཏུ་མེད་པ་འཕྲོས་པས། །གནོད་བྱེད་ཐམས་ཅད་རང་དབང་མེད་པ་མདུན་དུ་བཀུག་པར་གྱུར། །ཕཊཿ ན་མོ་སངས་རྒྱས་ཀྱི་བདེན་པ་དང༌། །ཆོས་ཀྱི་བདེན་པ་དང༌། །དགེ་འདུན་གྱི་བདེན་པ་དང། །མ་ཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོའི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང༌། །བདེན་པ་ཆེན་པོའི་མཐུས། །བསྲུང་བྱ་འདི་ལ་དང་པོ་ནད་ཀྱི་སྣ་འདྲེན་པ། །བར་དུ་ནད་ཀྱི་ཚང་བཅའ་བ། །ཐ་མ་ནད་ལ་མི་ཕན་པར་བྱེད་པ། །ནད་ནད་བདག་དང་བཅས་པ། །གདོན་སྣ་འདྲེན་དང་བཅས་པ། །ཐམས་ཅད་སྐད་ཅིག་རང་དབང་མེད་པར་འདིར་ཁུག་ཅིག། །ཧཱུྂ་ཧཱུྂ་ཧཱུྂ། །ཛཿཧཱུྂ་བཾ་ཧོཿ ཕཊཿ ཕཊཿ ཅེས་དགུག་གཞུག་ལན་གསུམ་བྱས་ལ། །རྐང་དུང་བུས་ནས།

།ཀྱཻ་འདུས་ཤིག་འདུས་ཤིག་ཤ་ཟ་འདུས། །དབུགས་ལེན་ཐམས་ཅད་འདིར་འདུས་ཤིག། །བཤས་བཤའ་རོགས་ལ་སླེབས་པར་གྱིས། །ཤ་བགོས་རོགས་ལ་སླེབས་པར་གྱིས། །འདྲེ་ཁྱེད་རྣམས་བདག་གི་ཕ་མ་ཡིན། །བུ་ཡི་ཤ་ཁྲག་རོལ་དུ་ཤོག། །ཁྱོད་ནི་དྲིན་ཆེན་ཕ་མ་ཡིན། །ད་ལན་བཟང་ལན་ལེན་དུ་ཤོག། །སྔོན་ཆད་ལུས་འདི་གཅེས་པར་བཟུང༌། །རྒྱུ་དེས་ད་རུང་འཁོར་བར་འཁྱམས། །ད་ནི་མི་ཆགས་སྟོན་མོར་འགྱེད། །མགྲོན་རིགས་སྲིད་རྩེ་མན་ཆད་ནས། །ན་རག་དམྱལ་བ་ཡན་ཆད་དུ། །གནས་པའི་ལྷ་དང་ལྷ་མ་སྲིན། །ཕོ་བདུད་ལས་ཀྱི་འགོང་པོ་འདུས། །མོ་བདུད་ལས་ཀྱི་འདྲེ་མོ་འདུས། །ཕོ་བདུད་རྒྱལ་འགོང་སྲོག་བདག་འདུས། །མོ་བདུད་འདྲེ་མོ་སྲིན་མོ་འདུས། །སྲིད་པའི་ཡུལ་གནས་འདྲེ་དགུ་འདུས། །གཙུག་ལག་ཁང་གི་གདོན་བཅུ་འདུས། །གཙོ་བོའི་གདོན་ཆེན་བཅོ་བརྒྱད་འདུས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་འདུས། །བྱིས་པའི་གདོན་ཆེན་བཅོ་ལྔ་འདུས། །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་འདུས། །གློ་བུར་དགུ་བཅུ་རྩ་གཅིག་འདུས། །འདིར་ཤོག་འདིར་འདུས་ཤ་ཁྲག་རོལ། །སྤྱི་བོའི་ཚངས་བུག་མན་ཆད་ནས། །རྐང་མཐིལ་སེན་མོ་ཡན་ཆད་ཀྱི། །ལུས་འདི་ཕྱི་ནང་ཐམས་ཅད་ལ། །ཁོ་བོས་ཆགས་ཞེན་མི་བྱེད་དོ། །ཤ་ཟོ་ཁྲག་འཐུང་རུས་པ་མུར། །མགོ་བོ་ཡན་ལག་དོན་སྙིང་ཁྱེར། །ཐམས་ཅད་བག་ཕེབ་ཚིམ་པར་རོལ། །ཞི་བར་གྱིས་ཤིག་བརླག་པར་གྱིས། །ཕུང་བར་གྱིས་ཤིག་རྩ་བ་ཆོད། །ཐུལ་ཅིག་ཆོམས་ཤིག་མཱ་ར་ཡ། །ཕཊཿ ཕཊཿ འདི་བདག་འཛིན་གཅོད་ཕྱིར་པཎྜིཏ་ཇོ་བོ་རྗེས་མཛད་པའོ།

།དེ་ནས་ལག་པ་གཉིས་ཀྱིས་ཕུང་པོ་སྦར་བས་བཅད་ནས་མཆོད་སྦྱིན་བྱེད་ཚུལ་བྱ་ཞིང༌།

།རང་གི་སོར་མོ་རིགས་ལྔའི་མཁའ་འགྲོ་མ། །དཀར་སེར་དམར་ལྗང་ཁྲི་ཕྲག་རེ་རེས་བསྐོར། །ཕུང་པོ་བཅད་ཅིང་མགྲོན་རྣམས་མཆོད་པར་གྱུར། །ཕཊཿ ཕཊཿ ཤར་ཕྱོགས་གཏུམ་དྲག་དུར་ཁྲོད་ནས། །མི་ཕྱེད་རྡོ་རྗེ་མཁའ་འགྲོ་མ། །དཀར་མོ་འབུམ་གྱི་འཁོར་དང་བཅས། །དབང་པོ་བརྒྱ་བྱིན་ལ་སོགས་པའི། །ཤར་ཕྱོགས་དྲི་ཟའི་གདོན་ཚོགས་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམས་ཤིང་ཚིམས་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག། །ཕཊཿ ལྷོ་ཕྱོགས་གད་རྒྱངས་དུར་ཁྲོད་ནས། །རིན་ཆེན་མཁའ་འགྲོ་གཟི་བརྗིད་ཅན། །སེར་མོ་འབུམ་གྱི་འཁོར་དང་བཅས། །ཡ་མ་ར་ཙ་ལ་སོགས་པའི། །ལྷོ་ཕྱོགས་གཤིན་རྗེའི་གདོན་ཚོགས་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམས་ཤིང་ཚིམས་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག། །ཕཊཿ ནུབ་ཕྱོགས་པདྨ་འཁྱིལ་བའི་དུར་ཁྲོད་ནས། །པདྨ་མཁའ་འགྲོ་དྲི་མེད་མ། །དམར་མོ་འབུམ་གྱི་འཁོར་དང་བཅས། །ཝ་རུ་ཎ་ལ་སོགས་པ་ཡི། །ནུབ་ཕྱོགས་ཀླུ་ཡི་གདོན་ཚོགས་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམས་ཤིང་ཚིམས་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག། །ཕཊཿ །བྱང་ཕྱོགས་ཀི་ལ་ཡ་ཡི་དུར་ཁྲོད་ནས། །ལས་ཀྱི་མཁའ་འགྲོ་བདེ་བ་ཅན། །ལྗང་མོ་འབུམ་གྱི་འཁོར་དང་བཅས། །ཀུ་བེ་ར་ལ་སོགས་པ་ཡི། །བྱང་ཕྱོགས་གནོད་སྦྱིན་གདོན་ཚོགས་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམས་ཤིང་ཚིམས་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག། །ཕཊཿ ཤར་ལྷོ་རབ་འཇིགས་དུར་ཁྲོད་ནས། །དམ་ཚིག་མཁའ་འགྲོ་དམིགས་པ་ཅན། །དཀར་སེར་འབུམ་གྱི་འཁོར་དང་བཅས། །ཨགྣེ་རཱ་ཛ་ལ་སོགས་པའི། །ཤར་ལྷོ་དྲང་སྲོང་གདོན་ཚོགས་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམས་ཤིང་ཚིམས་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག། །ཕཊཿ ལྷོ་ནུབ་གཏུམ་པོའི་དུར་ཁྲོད་ནས། །སྣ་ཚོགས་མཁའ་འགྲོ་མི་ཐུབ་མ། །དམར་སེར་འབུམ་གྱི་འཁོར་དང་བཅས། །ནི་རི་ཏི་ལ་སོགས་པ་ཡི། །ལྷོ་ནུབ་སྲིན་པོའི་གདོན་ཚོགས་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམས་ཤིང་ཚིམས་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག། །ཕཊཿ ནུབ་བྱང་རབ་རྒྱུའི་དུར་ཁྲོད་ནས། །ཐམས་ཅད་མཁའ་འགྲོ་ཀུན་རྒྱུ་མ། །དམར་ལྗང་འབུམ་གྱི་འཁོར་དང་བཅས། །བྷ་ཡ་བྷེ་ལ་སོགས་པ་ཡི། །ནུབ་བྱང་རླུང་ལྷའི་གདོན་ཚོགས་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམས་ཤིང་ཚིམས་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག། །ཕཊཿ བྱང་ཤར་རྒྱུག་བྱེད་དུར་ཁྲོད་ནས། །བརྒྱུད་འཛིན་འཇིག་རྟེན་མཁའ་འགྲོ་མ། །དཀར་ལྗང་འབུམ་གྱི་འཁོར་དང་བཅས། །དབང་ཕྱུག་ཆེན་པོ་ལ་སོགས་པའི། །བྱང་ཤར་བགེགས་ཀྱི་གདོན་ཚོགས་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམས་ཤིང་ཚིམས་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག། །ཕཊཿ སྟེང་ཕྱོགས་མཁའ་སྤྱོད་དུར་ཁྲོད་ནས། །དབྱིངས་ཕྱུག་སངས་རྒྱས་མཁའ་འགྲོ་མ། །མཐིང་ཁ་འབུམ་གྱི་འཁོར་དང་བཅས། །ཚངས་པ་ཉི་ཟླ་གཟའ་སྐར་སོགས། །སྟེང་ཕྱོགས་ལྷ་ཡི་གདོན་ཚོགས་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམས་ཤིང་ཚིམས་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག། །ཕཊཿ འོག་ཕྱོགས་ས་སྤྱོད་དུར་ཁྲོད་ནས། །ལས་བྱེད་སྤྲུལ་པའི་མཁའ་འགྲོ་མ། །ནག་མོ་འབུམ་གྱི་འཁོར་དང་བཅས། །ལྷ་མོ་བརྟན་མ་ལ་སོགས་པའི། །འོག་ཕྱོགས་ས་བདག་གདོན་ཚོགས་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམས་ཤིང་ཚིམས་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག། །ཕཊཿ ཕཊཿ ཕུང་པོ་རང་རང་ཡིད་དང་མཐུན་པ་ཡི། །འདོད་ཡོན་ལོངས་སྤྱོད་དཔག་ཏུ་མེད་པ་རྣམས། །མགྲོན་རྣམས་སོ་སོའི་ཞལ་དུ་བསྟབས་པ་ཡིས། །དགའ་མགུ་ཡི་རང་བྱང་ཆུབ་སེམས་ལྡན་གྱུར། །ཕཊཿ ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །ནམ་མཁའ་ལྡིང་དང་དྲི་ཟ་དང༌། །མི་འམ་ཅི་ཡང་ལྟོ་འཕྱེ་ཆེ། །འཁོར་ཚོགས་བྱེ་བ་ས་ཡ་བཅས། །བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམས་ཤིང་ཚིམས་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག། །ཕཊཿ འབྱུང་པོ་ཤ་ཟ་སྲིན་པོ་དང༌། །ཡི་དྭགས་ལན་ཆགས་འདྲེ་གདོན་རིགས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༌། །བྱིས་པའི་གདོན་ཆེན་བཅོ་ལྔ་དང༌། །སྲིད་པའི་འདྲེ་དགུ་གཙུག་ལག་གདོན། །རྒྱལ་བསེན་དྲི་བོ་དྲི་མོ་དང༌། །ཆུང་སྲི་ཟ་འདྲེ་ཤི་གཤེད་སོགས། །གདོན་བྱེད་བགེགས་རིགས་ཐམས་ཅད་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཐམས་ཅད་ངོམས་ཤིང་ཚིམས་གྱུར་ནས། །དགའ་མགུ་ཡི་རང་ལྡན་གྱུར་ཅིག། །ཕཊཿ

རྒྱུན་དུ་འདི་ཙམ་གྱིས་ཆོག་ལ། །ནད་པ་སོགས་སྤར་ཐབས་བྱེད་པ་ཡོད་ན། །སྐབས་འདིར་གདོན་ཚོགས་དགུ་མ་སྦྱར། །གཞན་ཡང་ཆ་དྲུག་ཆང་བུ་བརྒྱ་རྩ། །མཐའ་གཏད་རིགས་གང་དགོས་སྐབས་འདིར་བྱའོ། །ཡང་ནད་པ་ལ་འཕྱར་འཁྱོག་གི་བསྟབས་པ་དྲག་པོ་བྱེད་ན་ཡང་སྐབས་འདིར་བྱའོ། དེ་ནས་ཚོགས་ཕུད་ཕུག་གཏོར་ཐམས་ཅད་དང༌། །བསྐང་བ་ཡང་བསོ། །བདུད་རྩི་བྲན་ནས།

༈ །ཨོཾ་ཀརྨཱ་ཌཱཀྐི་ནི་ཧཱུྂ་ཕཊཿ ཨོཾ་སྭ་བྷ་ཝཱ་སོགས། །སྟོང་པའི་ངང་ལས་ཡཾཿལས་རླུང་རཾཿལས་མེ་ཀཾཿལས་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ། །གཏོར་སྣོད་ཨཱཿལས་ཀཱ་པ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན། །ཡཾ་ལས་རླུང་གཡོས་རཾ་ལས་མེ་སྤར་ཐོད་པ་དྲོས། །རྫས་རྣམས་ཞུ་བའི་དམ་ཚིག་གི་བདུད་རྩིའི་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་ཐིམ་པས། །ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྂ།

།རྐང་པ་གཡས་པས་གཡོན་པ་མནན། །ལུས་ཙོག་པུར་བྱས་ཐེབ་མཛུབ་མདུད་ལ། །ལྷག་མ་གཟེང་བ་འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་མིག་གྱེན་དུ་བལྟས་ནས།
།ཕེཾ་ཕེཾ་བ་ཨཱ་ར་ལི་ཧོ། །ཛཿཧཱུྂ་བཾ་ཧོཿ བཛྲ་ཌཱཀྐི་ནི་ས་མ་ཡ་སྟཾ། །ཏྲི་བྷྲི་ཥྱེ་ཥེ་ཧོཿ ཞེས་གཏོར་མ་མགྲོན་ཐམས་ཅད་མདུན་གྱི་ནམ་མཁར་བྱོན་ནས་མདུན་བསྐྱེད་དང་དབྱེར་མེད་པར་བསམ་ལ།

།ན་མོ་པྲཱཛྙཱ་པ་ར་མི་ཏ་ཡ། །ས་པཱ་རི་ཝ་ར་ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི། །ཨོཾ་བུདྡྷ་བཻ་རོ་ཙ་ནི་ཨོཾ་ཧཱུྂ་ཏྲཾ་ཧྲཱི་ཨཱཿ ཨི་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི། །ཨོཾ་ཨཱརྻ་ཏཱ་རེ་ཨི་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི། །ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། །ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི། །ཨོཾ་ཀརྨ་ལ་ཤྲཱི་ཛྙཱ་ན་ཨི་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི། །ཨོཾ་ཨཱཿཧཱུྂ་བཾ་ཌཱཀྐི་ནི་ཧ་རི་ནི་ས་ཨི་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི། །ཨོཾ་སརྦ་གུ་རུ་ཨི་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི། །ཨོཾ་བཛྲ་བཻ་རོ་ཙ་ན་ཡེ་ཧ་རི་ནི་ས་ཧཱུྂ་ཧཱུྂ་ཧཱུྂ་ཕཊ་སྭཱ་ཧཱ། །ཨི་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི། །ཨོཾ་བཛྲ་ཝཱ་རཱ་ཧཱི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་བཛྲ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཧཱུྂ་ཕཊཿ ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི། །ཆོས་སྐུ་ཡུམ་ཆེན་མོ་སྲས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། །རྣམ་སྣང་གངས་ཆེན་མཚོ། །རྒྱལ་བ་རིགས་ལྔ། །རྗེ་བཙུན་འཕགས་མ་སྒྲོལ་མ། །བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་ལ་སོགས་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་རྣམས་ཀྱི་ཞལ་དུ་དམ་རྫས་བདུད་རྩིའི་གཏོར་མ་རྒྱ་ཆེན་པོ་འདི་འབུལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །འཇམ་དཔལ་སྨྲ་བའི་སེངྒེ། །མཁའ་འགྲོ་སུ་ཁ་སིདྡྷི། །བྲམ་ཟེ་ཨཱརྻ་དེ་ཝ། །ཕ་ཅིག་དམ་པ་སངས་རྒྱས། །སྐྱོ་སྟོན་བསོད་ནམས་བླ་མ། །མ་ཅིག་ལབ་ཀྱི་སྒྲོན་མ། །གྲུབ་ཆེན་ཡེ་ཤེས་འབར་བ། །རྟོགས་ལྡན་གནམ་མཚོ་དེ་བ། །ཆོས་རྗེ་རང་བྱུང་རྡོ་རྗེ། །རྒྱལ་བ་གཡུང་སྟོན་ཞིག་པོ། །འཛམ་གླིང་རོལ་པའི་རྡོ་རྗེ། །དཔལ་ལྡན་མཁའ་སྤྱོད་དབང་པོ། །ཐུབ་ཆེན་དེ་བཞིན་གཤེགས་པ། །རྗེ་བཙུན་རཏྣ་བྷ་དྲ། །སྤྲུལ་སྐུ་མཐོང་བ་དོན་ལྡན། །ཀུན་མཁྱེན་འཇམ་དཔལ་བཟང་པོ། །སངས་རྒྱས་གཉན་པ་རས་ཆེན། །ཀུན་མཁྱེན་མི་བསྐྱོད་རྡོ་རྗེ། །རྒྱལ་བ་དཀོན་མཆོག་ཡན་ལག། །རྗེ་བཙུན་དབང་ཕྱུག་རྡོ་རྗེ། །གར་དབང་ཆོས་ཀྱི་དབང་ཕྱུག། །དྲུང་ཆེན་ཀུན་དགའ་རྣམ་རྒྱལ། །འདྲེན་མཆོག་ཀརྨ་ཆགས་མེད་ལ་སོགས་པ་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་འབུལ་ལོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །གཞན་ཡང་རྗེ་བཙུན་ཟིལ་གནོན་ཆེན་པོ། །སྲས་མཆོག་རྒྱལ་བ་དོན་གྲུབ། །སྲས་མོ་ལ་འདུས་མ། །ཁུ་སྒོམ་ཆོས་ཀྱི་སེངྒེ། །སྲས་མོ་རྒྱན་བཞི། །སྐྱེ་མེད་དགའ་ཡན་ཆེན་པོ། །ཕོ་སྐོར་སེངྒེ། །སྨྱོན་པ་རང་སངས། །དོལ་པ་ཟང་ཐལ། །ཞིག་པོ་ཧུར་ཐོན། །རྩི་སྟོན་དར་མ། །རྒྱ་སྒོམ་ཧག་ཐོན། །ཀོང་པོའི་རྗེ་བཙུན་ཟིལ་གནོན་ལ་སོགས་པ་བཀའ་བབ་བུ་ཆེན་བཅུ་དྲུག་བརྒྱུད་འཛིན་བརྒྱ་དང་རྩ་བརྒྱད་རྣམས་ཀྱི་ཞལ་དུ་འབུལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རྒྱ་ནག་གཅེར་བུ། །གངས་བ་རྨུག་སངས། །སྐྱེ་མེད་ཟང་ཐལ། །འབྲི་སྒོམ་རྟོག་མེད། །སྤྲུལ་སྐུ་ལབ་འདུལ་རྡོ་རྗེ་སྒྲོན་མ། །ཀུན་སྤང་བརྩོན་འགྲུས་སེངྒེ། །སྒོམ་གཅོད་ཉི་མ་རྒྱལ་མཚན། །མོན་གཅོད་བརྩོན་འགྲུས་སེངྒེ། །གྲུབ་ཆེན་ཀུན་དགའ་སེངྒེ། །སྐྱེས་མཆོག་ཀརྨ་པཀྴི་ལ་སོགས་པ་གཅོད་ཡུལ་བཀའ་བབ་གྲུབ་ཆེན་རྣམས་ཀྱི་ཞལ་དུ་འབུལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །རྡོ་རྗེ་མཁའ་འགྲོ། །རིན་ཆེན་མཁའ་འགྲོ། །པདྨ་མཁའ་འགྲོ། །ལས་ཀྱི་མཁའ་འགྲོ། །ཡི་དམ་བདུད་འདུལ་ཁྲོས་མ་ནག་མོ། །བདེ་ཆེན་དཀར་མོ། །སེར་མོ་དོན་གྲུབ། །དམར་མོ་སྒྲ་སྒྲོགས། །སྣ་ཚོགས་མཐར་ཕྱིན་མཁའ་འགྲོ་བྱེ་བ་འབུམ་དང་བཅས་པའི་ཞལ་དུ་འབུལ་ལོ། །མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵི་ཀྵེ་ཏྲ་བིགྷྣནཱ་བི་ནཱ་ཡ་ཀ་ཧཱུྂ་ཧཱུྂ་ཕཊ་ཕཊ་སྭཱ་ཧཱ། །ཨི་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི། །ཨོཾ་ཨ་གྷོ་ར་མ་ཧཱ་ཀ་ལ་དུ་རེ་སྭ་ཧཱུྂ་ཧཱུྂ་ཀ་ལ་རཀྴ་ཧཱུྂ་ཕཊ། །ཨི་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི། །ཨོཾ་གྷྲི་ར་ཛ་གྷྲི་ར་ཛ་ཀུ་མ་ཀུ་མ་ཁུམ་ཐིས་སྭཱ་ཧཱ། །ཨི་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི། །ནག་མོ་རུ་ཏྲ་ས་མ་ཡཱ་ཛ། །ནག་མོ་ནག་མོ་ཏྲི་ཡང་ཛཿ མ་མ་སྲོག་ལ་ཛཿ ས་མ་ཡཱ་ཙིཏྟ་བཾ་ཛཿ ཨི་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། །སརྦ་ཡཀྵ་རཀྴ་ས་བྷུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུན་མཱ་ད་ཨ་པ་སྨཱ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། །ཨི་མཾ་བ་ལིཾ་གྲིཧྞནྟུ། །ས་མ་ཡ་རཀྵནྟུ། །མ་མ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪནྟུ། །ཡ་ཐཻ་པཾ། །ཡ་ཐེ་ཥྚཾ། །བྷུཉྫ་ཐ། །པི་ཝ་ཐ། །ཛི་གྷྲ་ཐ། །མ་ཏི་ཀྲ་མ་ཐ། །མ་མ་སརྦ་ཀཱརྠཡཱ། །སད་སུ་ཁ་བིར་ཤུད་དྷ་ཡེ། །ས་ཧ་ཡི་ཀཱ་བྷ་ཝནྟུ་ཧཱུྂ་ཧཱུྂ་ཕཊ་ཕཊཱ་སྭཱ་ཧཱ། །སྔགས་རིང་འདི་གསུམ་མམ་བདུན་བརྗོད།

།དཔལ་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་དཔལ་ལྡན་ལྷ་མོ་རེ་མ་ཏི། །གནོད་སྦྱིན་མཆེད་བཞི་བེང་བེར་ནག་ཨ་གྷོ་ར། །དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་སྤྱང་ཞོན་ལྷ་མོ་མཆེད་གསུམ་ལ་སོགས་པ་གཅོད་ཡུལ་བརྒྱུད་པའི་ཆོས་སྐྱོང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་ཞལ་དུ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་གཅོད་ཡུལ་ཕྱག་རྒྱ་ཆེན་པོ་དར་ཞིང་རྒྱས་པ་དང༌། །རྣལ་འབྱོར་པ་བདག་གི་ཕྲིན་ལས་རྣམ་པ་བཞི་ཐོགས་པ་མེད་པར་འགྲུབ་པའི་ཕྲིན་ལས་མཛོད་ཅིག། །གཞན་ཡང་ཡུལ་ཉི་ཤུ་རྩ་བཞི། །གནས་སུམ་ཅུ་རྩ་གཉིས། །དུར་ཁྲོད་ཆེན་པོ་བརྒྱད། །གནས་ཆེན་བརྒྱ་རྩ་བརྒྱད། །གནས་ཕྲན་སྟོང་རྩ་གཉིས་ལ་གནས་པའི་དཔའ་བོ་མཁའ་འགྲོ་སྲུང་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛོད་ཅིག བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་གཏོར་མ་དཀར་གསུམ་མངར་གསུམ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཱ་ཨཱ་དྡེ་ནུད་པན་ན་ཏོཏྟ་ཨོཾ་ཨཱཿ་ཧཱུྂ་ཕཊཿ སྭཱ་ཧཱ། །ཨོཾ་མ་ཧཱ་ཀཱ་ལ་ཡཀྵ་ཙིཏྟ་ར་ག་ཧཱུྂ་ཛཿ ཨི་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི། །ཨོཾ་དྷཱིཥྚ་རཥྚ་ཡ། །བཻ་རུ་ད་ཀ་ཡ། །བྷཻ་རཱུ་བྷཀྵ་ཡ། །བཻ་ཤྲ་མ་ནཱ་ཡེ། །ཨི་དཾ་བྷི་ལིངྟ་ཁ་ཁ་ཁཱ་ཧི། །ཨོཾ་སརྦ་ལོ་ཀ་པཱ་ལ་ཨི་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི། །གནོད་སྦྱིན་ཆེན་པོ་རྡེ་རྗེ་བདུད་འདུལ། །རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ། །གནོད་སྦྱིན་གང་བ་བཟང་པོ། །ནོར་ལྷ་མཆེད་བརྒྱད་འབྲོག་གནས་མཆེད་ལྔ་ལ་སོགས་པ་ནོར་ལྷ་གཏེར་བདག་ཐམས་ཅད་ཀྱི་ཞལ་དུ་འབུལ་ལོ། །ཆོས་དང་མཐུན་པའི་ལོངས་སྤྱོད་རྒྱ་ཆེན་པོ་སྩལ་དུ་གསོལ། །ཁྱད་པར་དུ་མ་ཅིག་ལབ་ཀྱི་སྒྲོན་མའི་སྤྱན་སྔར་གཅོད་ཡུལ་གྱི་བསྟན་པ་བསྲུང་བར་ཁས་བླངས་ཤིང་དམ་བཅས་པའི་ལས་བདག་མཚན་མོ་སྒྲ་སྒྲོག། །བོད་ཁམས་བསྟན་མ་བཅུ་གཉིས། །བཙན་རྒོད་ཟངས་རི་སྤུན་བདུན། །ཐང་ལྷ་ཡར་བཞུད། །འོད་དེ་གུང་རྒྱལ། །སྐུ་ལྷ་མཁའ་རི། །ཡར་ལྷ་ཤམ་པོ་ལ་སོགས་གངས་གཉན་ཉི་ཤུ་རྩ་གཅིག། །ཤམ་པོའི་གཟའ་བདུད་མགོ་དགུ། །ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་ལ་སོགས་པ་གཅོད་ཡུལ་གྱི་བཀའི་སྲུང་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །སྒྲུབ་པ་པོའི་ཆོས་མཐུན་གྱི་བསམ་པ་ཡིད་བཞིན་དུ་འགྲུབ་པའི་སྡོང་གྲོགས་མཛོད་ཅིག། །གཞན་ཡང་སྟོང་གསུམ་སྟོང་གི་གཞི་བདག། །སྟོད་མངའ་རིས་སྐོར་གསུམ། །བར་དབུས་གཙང་རུ་བཞི། །སྨད་མདོ་ཁམས་སྒང་དྲུག་ལ་གནས་པའི་གཞི་བདག་གནས་བདག་རྣམས་ཀྱི་ཞལ་དུ་འབུལ་ལོ། །གནས་འདིའི་ཕ་རི་ཚུ་རི་གཡས་རི་གཡོན་རི་མདུན་རི་རྒྱབ་རི་མཚེར་ས་གྲང་ཁང་འདི་ལ་གནས་པའི་གནས་བདག་རྣམས་ཀྱི་ཞལ་དུ་འབུལ་ལོ། །བསམ་པའི་དོན་ཐམས་ཅད་ཆོས་ལྡན་ཡིད་བཞིན་དུ་འགྲུབ་པའི་སྡོང་གྲོགས་མཛོད་ཅིག། །ཕཊཿ ཕཊཿ རི་གོང་བ་བརྩོན་འགྲུས་སེངྒེས་མཛད་པའི་གཏོར་བསྔོ་ནི།

།ཨོཾ་ཨཱཿཧཱུྂ། །ཁམས་གསུམ་མ་ལུས་སྐུ་གསུང་ཐུགས། །སྐུ་གསུམ་འཁོར་འདས་ཐུགས་རྗེའི་མགྲོན། །སྟོང་གསུམ་བདུད་རྩིའི་ཁེངས་པའི་རྫས། །གཏོར་མ་འདོད་ཡོན་ལྔ་རུ་བསྔོ། །ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ། །ནང་བཅུད་སེམས་ཅན་གཏོར་མས་བཀང༌། །སྐྱེ་འཆི་མེད་པའི་མཆོད་པ་བཞེས། །ཕྱི་ནམ་མཁའ་ཡངས་པའི་གཏོར་གཞོང་དུ། །ནང་འབྱུང་བ་ལྔ་ཡི་གཏོར་མས་བཀང༌། །རང་སར་རང་དག་མཆོད་པ་བཞེས། །བཀའ་ཕ་རོལ་ཕྱིན་པའི་གཏོར་གཞོང་དུ། །ས་བཅུ་དག་པའི་གཏོར་མས་བཀང༌། །མྱང་འདས་ཆེན་པོའི་མཆོད་པ་བཞེས། །བཀའ་རྫོགས་པ་ཆེན་པོའི་གཏོར་གཞོང་དུ། །ཐེག་པ་རིམ་དགུའི་གཏོར་མས་བཀང༌། །མ་འདྲེས་ཡོངས་རྫོགས་མཆོད་པ་བཞེས། །ཀུན་གཞི་ཡངས་པའི་གཏོར་གཞོང་དུ། །རྣམ་ཤེས་ཚོགས་དྲུག་གཏོར་མས་བཀང༌། །འཕེལ་འགྲིབ་མེད་པའི་མཆོད་པ་བཞེས། །རང་སེམས་གཉུག་མའི་གཏོར་གཞོང་དུ། །ལུས་ངག་ཡིད་གསུམ་གཏོར་མས་བཀང། །བརྗོད་དུ་མེད་པའི་མཆོད་པ་བཞེས། །སྐྱེ་བ་མེད་པའི་གཏོར་གཞོང་དུ། །རིག་པ་ཚོར་མྱོང་གཏོར་མས་བཀང༌། །འགྱུ་བ་རང་གྲོལ་མཆོད་པ་བཞེས། །ཆོས་སྐུ་དག་པའི་གཏོར་གཞོང་དུ། །གཟུགས་སྐུ་རྣམ་གཉིས་གཏོར་མས་བཀང༌། །འགྲོ་དོན་ཕྱོགས་མེད་མཆོད་པ་བཞེས། །སྟོང་པ་ཉིད་ཀྱི་གཏོར་གཞོང་དུ། །སྣང་བ་དཀར་དམར་གཏོར་མས་བཀང༌། །སྣང་མེད་ཆེན་པོའི་མཆོད་པ་བཞེས། །རང་རྒྱུད་དག་པའི་གཏོར་གཞོང་དུ། །གཉིས་མེད་དག་པའི་གཏོར་མས་བཀང༌། །བདེ་བ་ཆེན་པོའི་མཆོད་པ་བཞེས། །ཆོས་ཉིད་དག་པའི་གཏོར་གཞོང་དུ། །བདེ་གསལ་མི་རྟོགས་གཏོར་མས་བཀང༌། །ངོས་བཟུང་མེད་པའི་མཆོད་པ་བཞེས། །རང་ལུས་རྒྱལ་བའི་གཏོར་གཞོང་དུ། །མོས་གུས་དད་པའི་གཏོར་མས་བཀང༌། །རེ་དོགས་མེད་པའི་མཆོད་པ་བཞེས། །ཀ་པཱ་ལ་ཡི་གཏོར་གཞོང་དུ། །ཤ་ཁྲག་དོན་སྙིང་གཏོར་མས་བཀང༌། །ཆགས་ཞེན་མེད་པའི་མཆོད་པ་བཞེས། །ཕཊཿ ཕཊཿ

དེ་ནས་བསྔོ་སྦྱངས་ནི།
།དྲུག་པ་རྡོ་རྗེ་འཆང་ཆེན་མན་ཆད་དང༌། །རྩ་བའི་བླ་མ་ཡན་ཆད་ལ། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག། །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག། །ཀུན་ཏུ་བཟང་པོ་མན་ཆད་དང༌། །འཇག་མའི་སྲིན་བུ་ཡན་ཆད་ལ། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག། །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག། །ཤཱཀྱ་ཐུབ་པ་མན་ཆད་དང༌། །དམྱལ་ཁམས་བཅོ་བརྒྱད་ཡན་ཆད་ལ། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག། །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག། །སྟོང་གསུམ་གཞི་བདག་མན་ཆད་དང༌། །འདིར་གནས་ལྷ་འདྲེ་ཡན་ཆད་ལ། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག། །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག། །གཏོར་མ་འདི་ཡི་ཡོན་ཏན་གྱིས། །བདག་དང་འགྲོ་དྲུག་སེམས་ཅན་ལ། །ལུས་ལ་བདེ་བ་སྐྱེད་དུ་གསོལ། །ངག་ལ་ནུས་པ་སྤར་དུ་གསོལ། །སེམས་ལ་རྟོགས་པ་འཆར་དུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་པ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་རྣམས་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག།

།ཅེས་ཕྲིན་ལས་བཅོལ་ནས་མཆོད་བསྟོད་ནི།
།ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནི་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས། །ཤབྡ་པྲ་ཏིཙྪ་ཨཱཿཧཱུྂ། །རང་རིག་ཡེ་ཤེས་སྟོན་མཛད་པའི། །ཕ་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །དངོས་གྲུབ་ངེས་པར་སྟེར་མཛད་པའི། །ཡི་དམ་རྣམས་ལ་ཕྱག་འཚལ་བསྟོད། །བར་ཆད་ཐམས་ཅད་སེལ་མཛད་པའི། །ཆོས་སྐྱོང་རྣམས་ལ་ཕྱག་འཚལ་བསྟོད། །སྤངས་རྟོགས་ཕུན་སུམ་ཚོགས་པ་ཡི། །སངས་རྒྱས་རྣམས་ལ་ཕྱག་འཚལ་བསྟོད། །ཞི་གྱུར་འདོད་ཆགས་བྲལ་བ་ཡི། །དམ་ཆོས་རྣམས་ལ་ཕྱག་འཚལ་བསྟོད། །གང་ལ་ཕུལ་ན་དོན་ཆེ་བ། །དགེ་འདུན་རྣམས་ལ་ཕྱག་འཚལ་བསྟོད། །སྐྱེ་བ་བདུན་ལ་འགྲོ་དོན་མཛད། །དམ་པ་རྒྱ་གར་སྐུ་ལ་ཕྱག་འཚལ་བསྟོད། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་ཀྱི་སྒྲོན་མ་དེ་ལ་ཕྱག་འཚལ་བསྟོད། །བསྟོད་པ་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི།

།དེ་ནས་བསྐང་གཏོར་གསོ་བྲན་བྱས་ལ།
ཧཱུྂ། བེམ་ཤུན་གཏོར་སྣོད་གསེར་གྱི་ས་གཞིའི་སྟེང༌། །ཞག་དང་ཆུ་སེར་སྤོས་ཆུའི་ཆག་ཆག་གདབ། །སེན་མཛུབ་ལྕགས་རི་མུ་ཁྱུད་ཕྲེང་བས་བསྐོར། །ཡན་ལག་གླིང་བཞི་ཉིང་ལག་གླིང་ཕྲན་བརྒྱད། །ཟོ་ཁོག་རི་རབ་མགོ་ནི་རྣམ་རྒྱལ་ཁང༌། །མིག་གཉིས་ཉི་ཟླ་རྒྱུ་མ་གསེར་རི་བདུན། །ཁྲག་ནི་རོལ་མཚོ་སོ་ནི་རྒྱུ་སྐར་ཚོགས། །རྣ་བ་གཉིས་ནི་གདུགས་དང་རྒྱལ་མཚན་ཏེ། །ལྕེ་ནི་རྔ་ཡབ་བ་དན་ལྷུན་གྱིས་གྲུབ། །ཀླད་སྤྲི་བླ་བྲེ་མཆིན་འཁྲི་ཡོལ་བ་དང༌། །ཨོལ་ཁྲང་རང་བྱུང་ཤེལ་གྱི་མཆོད་རྟེན་བརྒྱད། །སྙིང་ནི་ནོར་བུ་གློ་བ་ཅང་ཤེས་རྟ། །མིག་ཡུ་སྲོག་རྩ་དཔག་བསམ་ལྗོན་པའི་ཤིང༌། །མཚེར་པ་འདོད་འཇོའི་བ་མོ་ལྷུན་གྱིས་གྲུབ། །ཕོ་བ་རིན་ཆེན་གཏེར་གྱི་བུམ་པ་དང༌། །ཤ་ཁྲག་འདོད་ཡོན་དཔག་མེད་བསྐང་རྫས་ཀྱིས། །འཕགས་བཞི་སྐྱེད་ཡུམ་ཆོས་སྐུ་ཡུམ་ཆེན་མོ། །ཤེས་རབ་ཕ་རོལ་ཕྱིན་མའི་ཐུགས་དམ་བསྐང༌། །སྲས་ནི་ཕྱོགས་བཅུའི་དུས་གསུམ་བདེ་གཤེགས་ཚོགས། །བྱང་སེམས་ཉན་རང་བཅས་པའི་ཐུགས་དམ་བསྐང༌། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །ལོངས་སྐུ་གངས་ཆེན་མཚོ་རྒྱལ་ཐུགས་དམ་བསྐང༌། །ཡེ་ཤེས་ལྔ་ལྡན་སྐུ་ལྔ་ལྷུན་གྱིས་གྲུབ། །བཅོམ་ལྡན་རིགས་ལྔ་ཡབ་ཡུམ་ཐུགས་དམ་བསྐང༌། །མ་རྒྱུད་ཀུན་གྱི་སྤྲུལ་གཞི་རྩ་བའི་ལྷ། །རྗེ་བཙུན་འཕགས་མ་སྒྲོལ་མའི་ཐུགས་དམ་བསྐང༌། །འཁོར་ལོ་ལྔ་ཡི་དཔའ་བོ་ཌཱཀྐིའི་ཚོགས། །བླ་མེད་དཀྱིལ་འཁོར་ལྷ་ཡི་ཐུགས་དམ་བསྐང༌། །དམ་པ་རྒྱ་གར་ཨཱརྻ་དེ་ཝ་སོགས། །གཅོད་ཡུལ་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང༌། །གྲུབ་ཆེན་བརྒྱད་ཅུ་བཀའ་བབ་བཅུ་དྲུག་སོགས། །རིག་འཛིན་གྲུབ་ཐོབ་རྣམས་ཀྱི་ཐུགས་དམ་བསྐང༌། །ཡུམ་ཆེན་ཐུགས་སྤྲུལ་གངས་ཅན་འགྲོ་བའི་དཔལ། །མ་ཅིག་ལབ་ཀྱི་སྒྲོན་མའི་ཐུགས་དམ་བསྐང༌། །སྲས་མོ་ལ་འདུས་ཐུགས་ཀྱི་སྲས་མོ་བཞི། །ལབ་འདུལ་རྡོ་རྗེ་སྒྲོན་མའི་ཐུགས་དམ་བསྐང༌། །རྩ་བརྒྱུད་བླ་མ་རྒྱལ་བ་སྲས་བཅས་ཀྱི། །ཐུགས་དམ་གཉན་པོ་བསྐང་བའི་བྱིན་བརླབས་ཀྱིས། །ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བྱང་ནས་ཀྱང༌། །ཉམས་དང་རྟོགས་པ་ཡར་ངོའི་ཟླ་བཞིན་འཕེལ། །བྱིན་རླབས་འཛད་མེད་ཆུ་བོའི་རྒྱུན་བཞིན་སྩོལ། །ཚེ་གཅིག་སངས་རྒྱས་འགྲུབ་པར་མཛད་དུ་གསོལ། །ཧཱུྂ། །བེམ་ཤུན་བྷནྡྷ་སྟོང་གསུམ་མཉམ་པའི་ནང༌། །ཕུང་པོ་ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ། །ཕུད་རླངས་སྒེག་སོགས་བརྒྱད་དང་མཆོད་ལྷ་ལྔ། །མཆོད་པའི་ལྷ་མོ་བཅུ་དྲུག་ནམ་མཁར་གང༌། །སྙན་པའི་གླུ་དབྱངས་རྡོ་རྗེའི་གར་དང་བཅས། །འདོད་ཡོན་མཆོད་སྤྲིན་ཟད་མེད་བསྐང་རྫས་འདིས། །ཡི་དམ་བདུད་འདུལ་ཁྲོས་མའི་ཐུགས་དམ་བསྐང༌། །བདེ་ཆེན་དཀར་མོ་སེར་མོ་དོན་གྲུབ་མ། །དམར་མོ་སྒྲ་སྒྲོགས་སྣ་ཚོགས་མཐར་ཕྱིན་མ། །ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མ། །ཨོ་རྒྱན་གནས་ཀྱི་གཙོ་མོའི་ཐུགས་དམ་བསྐང། །རྡོ་རྗེ་མཁའ་འགྲོ་རིན་ཆེན་མཁའ་འགྲོ་དང༌། །པདྨ་ལས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང༌། །སྐུ་ལས་སྤྲུལ་པའི་ཌཱཀྐི་དཀར་མོ་འབུམ། །ཞི་བའི་ལས་མཛད་མ་ཡི་ཐུགས་དམ་བསྐང༌། །གསུང་ལས་སྤྲུལ་པའི་ཌཱཀྐི་དམར་མོ་འབུམ། །དབང་གི་ལས་མཛད་མ་ཡི་ཐུགས་དམ་བསྐང༌། །ཐུགས་ལས་སྤྲུལ་པའི་ཌཱཀྐི་སྔོན་མོ་འབུམ། །དྲག་པོའི་ལས་མཛད་མ་ཡི་ཐུགས་དམ་བསྐང༌། །ཡོན་ཏན་སྤྲུལ་པའི་ཌཱཀྐི་སེར་མོ་འབུམ། །རྒྱས་པའི་ལས་མཛད་མ་ཡི་ཐུགས་དམ་བསྐང༌། །ཕྲིན་ལས་སྤྲུལ་པའི་ཌཱཀྐི་ལྗང་མོ་འབུམ། །སྣ་ཚོགས་ལས་མཛད་མ་ཡི་ཐུགས་དམ་བསྐང༌། །སྐུ་ལས་སྤྲུལ་པའི་ཌཱཀྐི་འབུམ་ཕྲག་བཅུ། །བྱིན་རླབས་དངོས་གྲུབ་འབེབ་མའི་ཐུགས་དམ་བསྐང༌། །ཡི་དམ་ཕག་ཁྲོས་ལྷ་ཚོགས་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་བསྐང་བའི་བྱིན་རླབས་ཀྱིས། །དངོས་གྲུབ་མཛད་མེད་ཆུ་བོའི་རྒྱུན་བཞིན་སྩོལ། །ལུས་ངག་ཡིད་གསུམ་བསྲུང་ཞིང་སྐྱབས་པ་དང༌། །བསྐྱེད་རྫོགས་བརྟན་ཐོབ་སྣང་སྲིད་དབང་དུ་འདུས། །འཇའ་ལུས་མཁའ་སྤྱོད་འགྲུབ་པར་མཛད་དུ་གསོལ། །ཧཱུྂ། །བེམ་ཤུན་བྷནྡྷ་ལྕང་ལོར་བཅས་པའི་ནང༌། །ཕུང་པོ་ཤ་ཁྲག་རུས་པ་བདུད་རྩིའི་མཚོ། །ཕུད་རླངས་ལས་བྱེད་ཌཱཀྐི་མཁའ་འགྲོའི་ཚོགས། །སྨན་རཀ་གཏོར་མ་ཐོགས་པས་བར་སྣང་གང༌། །བསྐང་རྫས་སྒྲུབ་རྫས་རྟེན་རྫས་སྤྲིན་ལྟར་གཏིབ། །བྱ་ནག་ཁྱི་ནག་གཡག་ནག་རྟ་ནག་འཕྱོ། །གོ་མཚོན་དར་ནག་ལ་སོགས་བསྐང་རྫས་འདིས། །ཐུགས་རྗེ་ཁྲོས་པས་གདུག་པ་འདུལ་མཛད་པ། །མྱུར་མཛད་ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང༌། །འདོད་ཁམས་དབང་ཕྱུག་ས་བརྒྱད་སེམས་མ་ཆེ། །དཔལ་ལྡན་རེ་མ་ཏི་ཡི་ཐུགས་དམ་བསྐང༌། །ཀྵེ་ཏྲ་པ་ལ་ལ་སོགས་གནོད་སྦྱིན་བཞི། །གཙང་རིགས་དཔལ་མགོན་བཅས་པའི་ཐུགས་དམ་བསྐང༌། །ཞི་བྱེད་རྒྱུད་ཀྱི་སྲུང་མ་ནག་པོ་ཆེ། །མགོན་པོ་ཨ་གྷོ་ར་ཡི་ཐུགས་དམ་བསྐང༌། །ཟློག་བྱེད་མ་དང་ནོར་རྒྱུན་མ་ལ་སོགས། །འཁོར་དང་ཡང་འཁོར་བཅས་པའི་ཐུགས་དམ་བསྐང༌། །གཅོད་ཡུལ་བཀའ་སྲུང་དུར་ཁྲོད་ཀུན་ན་བཞུགས། །དུར་ཁྲོད་བདག་པོ་ཡབ་ཡུམ་ཐུགས་དམ་བསྐང༌། །ལས་བདག་མཚན་མོ་སྒྲ་སྒྲོགས་གཅེར་བུ་མ། །ཤ་ཟ་ཞིང་སྐྱོང་མཁའ་འགྲོའི་ཐུགས་དམ་བསྐང༌། །བུད་མེད་ནག་མོ་ལྕགས་སྤྱང་མགོ་དགུ་བཅིབས། །ལྷ་མོ་སྤྱང་ཞོན་མ་ཡི་ཐུགས་དམ་བསྐང༌། །བུད་མེད་དམར་མོ་མཚལ་སྟག་མགོ་དགུ་བཅིབས། །ལྷ་མོ་སྟག་ཞོན་མ་ཡི་ཐུགས་དམ་བསྐང༌། །བུད་མེད་སྔོན་མོ་ཟངས་འཕར་མགོ་དགུ་བཅིབས། །ལྷ་མོ་འཕར་ཞོན་མ་ཡི་ཐུགས་དམ་བསྐང༌། །མགོ་དགུ་མིག་མང་འོད་འཕྲོ་སྦྲུལ་མཇུག་ཅན། །ཤམ་པོའི་གཟའ་བདུད་མགོ་དགུའི་ཐུགས་དམ་བསྐང༌། །ཐོག་གི་བུ་ཡུག་གདོང་མོ་མཆེད་སྡེ་བཞི། །སྤྲུལ་པའི་གཟའ་བརྒྱད་འཁོར་བཅས་ཐུགས་དམ་བསྐང༌། །བཙན་རྒོད་འབར་བ་མ་རུངས་མཆེད་སྡེ་བདུན། །ཟངས་རི་འཁྱིལ་པ་འཁོར་བཅས་ཐུགས་དམ་བསྐང༌། །གཅོད་ཡུལ་བརྒྱུད་པའི་ཆོས་སྐྱོང་ཐམས་ཅད་ཀྱི། །ཐུགས་དམ་གཉན་པོ་བསྐང་བའི་བྱིན་རླབས་ཀྱིས། །གཅོད་ཡུལ་བསྟན་པ་དར་ཞིང་རྒྱས་པ་དང༌། །རྣལ་འབྱོར་བདག་གི་ཕྲིན་ལས་རྣམ་པ་བཞི། །གང་བཅོལ་ཐོགས་པ་མེད་པ་སྒྲུབ་པ་དང༌། །བསྟན་དགྲ་རྩད་ནས་བརླག་པའི་ཕྲིན་ལས་མཛོད། །ཧཱུྂ། །བེམ་ཤུན་བཻཌཱུར་ས་གཞི་མིག་མང་རིས། །ཁྲག་རྣམས་འོ་མའི་མཚོ་རྫིང་ནེའུ་སེང༌། །ཤ་རུས་རིན་ཆེན་རི་བོ་གཞལ་ཡས་ཁང༌། །དཀར་གསུམ་མངར་གསུམ་སྨན་འབྲུ་རིན་པོ་ཆེ། །དར་ཟབ་ཤིང་ཏོག་ཀླུ་སྨན་བདུད་རྩིའི་མཚོ། །བྱ་རིགས་རི་དྭགས་གཅན་ཟན་ཆུ་གནས་སོགས། །བསྐང་རྫས་སྣ་ཚོགས་འཛད་མེད་ལོངས་སྤྱོད་འདིས། །གནོད་སྦྱིན་ཞང་བློན་རྡོ་རྗེ་བདུད་འདུལ་བ། །ཡབ་ཡུམ་འཁོར་དང་བཅས་པའི་ཐུགས་དམ་བསྐང༌། །ནོར་ལྷ་མཆེད་བརྒྱད་གནོད་སྦྱིན་བརྒྱད་ཁྲིའི་ཚོགས། །འབྲོག་གནས་མཆེད་ལྔར་བཅས་པའི་ཐུགས་དམ་བསྐང༌། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་སྤྱན་མི་བཟང༌། །རྣམ་ཐོས་སྲས་པོ་འཁོར་བཅས་ཐུགས་དམ་བསྐང༌། །ཐང་ལྷ་ཡར་བཞུད་འོད་དེ་གུང་རྒྱལ་དང༌། །མཁའ་རི་ཤུམ་པོ་རྣམས་ཀྱི་ཐུགས་དམ་བསྐང༌། །བརྟན་མ་བཅུ་གཉིས་སྨན་ཕྲན་འབུམ་དང་བཅས། །ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་ཐུགས་དམ་བསྐང༌། །གཞན་ཡང་མ་ཅིག་ལབ་ཀྱི་སྒྲོན་མ་ཡིས། །དམ་བཏགས་སྡེ་བརྒྱད་ཀུན་གྱི་ཐུགས་དམ་བསྐང༌། །ཡུལ་ཕྱོགས་འདིར་གནས་གཞི་བདག་དཀར་པོའི་ཕྱོགས། །ཆོས་ལ་དགའ་བ་རྣམས་ཀྱི་ཐུགས་དམ་བསྐང༌། །དེ་ལྟར་ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ལོངས་སྤྱོད་འཛད་མེད་ཆུ་བོའི་རྒྱུན་བཞིན་སྩོལ། །གཞིས་བྱེས་ལམ་གསུམ་གར་འགྲོ་གར་འདུག་ཀྱང༌། །བསྐྱེལ་བསུ་རོགས་ལྡན་ཁ་འཛིན་མ་གཡེལ་ཅིག། །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་མཛོད། །བཀྲ་ཤིས་བདེ་ལེགས་འགྲུབ་པར་མཛད་དུ་གསོལ།

དེ་ནས་རིགས་དྲུག་གནས་སྦྱངས་དམིགས་པ་ནི།
ཕཊཿ རང་གི་སྦྱི་གཙུག་མ་ཅིག་ལབ་སྒྲོན་གསལ། །སྦྱི་བོར་ལྷ་ཡི་ས་བོན་ཨོཾ་དཀར་པོ། །མགྲིན་པར་ལྷ་མིན་ས་བོན་ཨཱཿདམར་པོ། །སྙིང་གར་མི་ཡི་ས་བོན་ཎི་ལྗང་ཁུ། །ལྟེ་བར་བྱོལ་སོང་ས་བོན་དྭ་སྐྱ་བོ། །གསང་བར་ཡི་དྭགས་ས་བོན་རཿསེར་པོ། །རྐང་ཞབས་དམྱལ་བའི་ས་བོན་ཏྲིཿནག་པོ། །ཡི་གེ་དེ་དག་རང་མདོག་འོད་འཕྲོས་པས། །བདག་དང་སེམས་ཅན་མ་ལུས་ཐམས་ཅད་ཀྱི། །རིགས་དྲུག་སྐྱེ་བའི་ལས་སྒྲིབ་སྡུག་བསྔལ་བཅས། །སུབ་སེ་བསྡུས་ནས་ཡི་གེ་སོ་སོར་ཐིམ། །བདག་ལུས་ཆེར་སྐྱེས་སྲིད་རྩེའི་བར་དུ་ཁྱབ། །རྐང་མཐིལ་ཡི་གེ་འོད་ཀྱི་ཐིག་ལེ་ཞུ། །ཡུངས་འབྲུ་ཙམ་གྱུར་གསང་གནས་ཡི་གེར་ཐིམ། །དེ་ཡང་ཐིག་ལེར་གྱུར་པ་ལྟེ་བར་ཐིམ། །དེ་ཉིད་ཐིག་ལེར་གྱུར་པ་སྙིང་གར་ཐིམ། །བྱིའུ་སྒོང་ཙམ་གྱུར་མགྲིན་པའི་ཡི་གེར་ཐིམ། །དེ་ཡང་ཡར་འཕྲོས་སྤྱི་བོའི་ཨོཾ་ལ་ཐིམ། །འོད་ཀྱི་ཐིག་ལེ་བྱ་ཆེན་སྒོ་ང་ཙམ། །མ་ཅིག་ཐུགས་ཀར་ཐིམ་པས་དབྱེར་མེད་འདྲེས། །ཕུང་པོ་བདུད་རྩིར་ཞུ་བ་འཇིག་རྟེན་གང༌། །རིགས་དྲུག་ཀུན་གྱིས་བཏུངས་བས་སྒྲིབ་པ་དག། །ཐམས་ཅད་སངས་རྒྱས་རིགས་དྲུག་འཁོར་བ་སྟོང༌། །ཆོས་དབྱིངས་སྐྱེ་མེད་ངང་དུ་གནས་པར་གྱུར། །ཕཊཿ

བཤགས་པ་ནི།
།རྗེ་གསུམ་ལྡན་གྱི་བླ་མ་རིན་པོ་ཆེ། །སྐྱབས་གནས་ཡིན་པ་མ་ཤེས་ནས། །དད་འདུན་མོས་གུས་ཆུང་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །འདི་ཕྱིའི་བདེ་ལེགས་ཇི་སྙེད་པ། །རྩ་བའི་བླ་མར་འབྱུང་བ་མ་ཤེས་ནས། །དངོས་གྲུབ་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །རང་སེམས་རྩ་བ་ཆོད་པ་དེ། །ཆོས་སྐུ་ཡིན་པ་མ་ཤེས་ནས། །སངས་རྒྱས་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །རྣམ་རྟོག་རང་སར་གྲོལ་བ་དེ། །སྐྱེ་མེད་ཡིན་པ་མ་ཤེས་ནས། །གཉེན་པོ་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །རང་སེམས་ཡིད་བཞིན་ནོར་བུ་ལས། །དགོས་འདོད་འབྱུང་བ་མ་ཤེས་ནས། །འབད་རྩོལ་གཞན་དུ་བྱས་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ང་བདག་རྩ་བ་ཆོད་པ་དེ། །ཉམས་ལེན་ཡིན་པ་མ་ཤེས་ནས། །ལྷ་འདྲེ་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ཁམས་གསུམ་སེམས་ཅན་ཐམས་ཅད་དེ། །ཕ་མ་ཡིན་པ་མ་ཤེས་ནས། །གཞན་ལ་གནོད་པ་བསྐྱལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །བརྩེ་གདུང་ལྡན་པའི་མཆེད་གྲོགས་དེ། །དཔའ་བོ་མཁའ་འགྲོ་ཡིན་པ་མ་ཤེས་ནས། །རུ་ང་ཕྲག་དོག་སྐྱེས་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །གདམས་པ་བདུད་ཀྱི་གཅོད་ཡུལ་དེ། །སྣོད་ངན་ཡོད་པ་མ་ཤེས་ནས། །རྒྱལ་ཁམས་ཡོངས་ལ་སྤེལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ཚུལ་ཁྲིམས་རྣམ་དག་དྲི་མེད་དེ། །ཐར་ལམ་བགྲོད་པ་མ་ཤེས་ནས། །འཆལ་བའི་མངོན་ལྐོག་ཤོར་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དེས། །ཚོགས་གཉིས་རྫོགས་པ་མ་ཤེས་ནས། །རློམ་སེམས་སེར་སྣ་བྱས་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ཟབ་མོ་མཁའ་འགྲོའི་ཚོགས་གྲལ་དེ། །གསང་གནས་ཡིན་པ་མ་ཤེས་ནས། །ཉམས་གྲིབ་ཅན་དང་འདྲེས་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་དེ། །དངོས་གྲུབ་ཡིན་པ་མ་ཤེས་ནས། །ལོག་ལྟ་ཅན་ལ་སྤེལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ལུས་ཆགས་མེད་སྦྱིན་པ་གཏོང་བ་དེ། །སྒྲིབ་གཉིས་བྱང་བ་མ་ཤེས་ནས། །ལུས་ལ་གཅེས་འཛིན་བྱས་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །མཐོལ་ལོ་བཤགས་སོ་ཡེ་ཤེས་མཁའ་འགྲོ་མ། །གནོང་ངོ་འགྱོད་དོ་གཅོད་ཡུལ་བརྒྱུད་པ་རྣམས། །དག་ཚངས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ལམ་སྣ་མ་ནོར་ཆོས་ཀྱི་དབྱིངས་སུ་དྲོངས། །མི་ལྡོག་བདེ་ཆེན་ས་ལ་འགོད་གྱུར་ཅིག། །ཕཊཿ ཕཊཿ ཅེས་སྟོང་ཉིད་ཀྱི་ངང་ལ་ཡུད་ཙམ་བཞག་གོ། །བཤགས་པ་འདི་བོད་ཀྱི་པཎྜི་ཏ་དོན་ཡོད་རྡོ་རྗེས་མཛད་པའོ།

དེ་ནས་ཚོགས་སྤེལ་ལ་མཆོད་གཡོག་པས། །ལག་པ་གཡས་སུ་ཐབས་ཀྱི་རྫས་ཤ་དང་ཟན། །གཡོན་ཤེས་རབ་ཀྱི་རྫས་བདུད་རྩི་ཐོགས་ལ།

༈ །གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང༌། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ལེན་པ་པོས་ཀྱང༌།

།བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འདོད་ཆགས་དྲི་མ་དང་བྲལ་བས། །གཟུངས་དང་འཛིན་པ་རྣམ་པར་སྤངས། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཞེས་པད་སྐོར་དང་བཅས་ཏེ་བླངས་ལ་ཕུད་བཅད་ནས།

།ཨོཾ་ཨ་གྲ་པཎྜི་ཨ་ཤི་བྷྱཿསྭཱ་ཧཱ། །ཞེས་ཕུད་ལ་དབང་བའི་འབྱུང་པོར་བསྔོས། །རང་ཡེ་ཤེས་ཀྱི་ཌཱཀྐི་མ་ཞིག་ཏུ་གསལ་ཞིང་ཉམས་ལེན་དང་མ་བྲལ་བ་རོལ་ནས། །མང་མའི་ལྷག་མ་སྣོད་གཅིག་ཏུ་བླུགས་པར་ཆུས་བྲན་ལ། །སྔར་ལུས་སྦྱིན་དམིགས་པ་མང་དུ་བྱས་པའི་ལྷག་མར་བསྔོས་ཏེ།

།ཕཊཿ ཕཊཿ ཕུང་པོ་ཚོགས་ཀྱི་ལྷག་རོལ་ལ། །དཀར་གསུམ་མངར་གསུམ་འོ་མའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྂ། །ཁས་ཞན་དབང་ཆུང་བ་ཞ་བོ་ལོང་བ་འོན་པ། །ལྐུག་པ་མ་ཐོབ་པ་མ་ཐེངས་པ། །ལྷག་མ་ལ་རེ་བ་འོང་མི་ཉན་པ་མི་ཁོམ་པ་བང་བུལ་བ་འབྱུང་པོ་ལྷག་སྡུད་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྂ། །ཕཊཿ ཕཊཿ གཙོ་མོ་རྣམས་ཀྱི་རྗེས་འབྲང་བ། །འབྱུང་པོ་ལྷག་སྡུད་འདིར་འདུས་ཚོགས། །འདོད་ཡོན་ལྷག་མ་འདི་བཞེས་ལ། །མ་ལུས་སོ་སོར་ཚིམས་གྱུར་ཅིག། །ཕཊཿ ཁ་རེག་པ་ཙམ་གྱིས་ཚིམས་པར་གྱུར་ཅིག། །ཕཊཿ ཕཊཿ ཅེས་སྒོ་རྒྱབ་སྲང་མདོ་གཅིག་ཏུ་བླུགས་སོ།

།དེ་ནས་རྣལ་འབྱོར་པ་དམ་ཚིགས་དང་ལྡན་ངེས་པའི་ལྷག་མ་དང་སྔར་ཚོགས་སྤེལ་དུས་ནས་གཙང་ལྷག་བཞག་པ་སྣོད་གཅིག་ཏུ་བླུགས་ལ། །སྟེང་དུ་རང་གི་ཕུད་མཆོད་དེ་ཡང་བཞག་ལ་བདུད་རྩི་བྲན། །སྐབས་འདིར་རྣལ་འབྱོར་པ་ལ་དགྲ་ཡོད་ན་མཚོན་ཆ་ལྟ་བུའི་གདམས་ངག་དམིགས་རིམ་ཟབ་མོ་ཞིག་ཡོད་ཀྱང་དྲུང་བ་རིན་པོ་ཆེས་སེམས་ཅན་ལ་གནོད་པའི་གཞི་གྱུར་དོགས་ནས། །བཀའ་རྒྱ་ཤིན་ཏུ་དམ་པས་འདིར་མ་བྲིས་ལ། །རིམ་གྲོ་སྐབས་ལ་འདིས་ཆོག

ཨོཾ་ཀརྨཱ་ཌཱཀྐི་ནི་ཧཱུྂ་ཕཊཿ ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཾ་ཨཱརྻ་ནུར་བན་ཏོ་ཏ་ཨོཾ་ཨཱཿཧཱུྂ་ཕཊ་སྭཱ་ཧཱཿཕཊཿ བནྡྷའི་སྣོད་དུ་ལྷག་གཏོར་ཤ་ཁྲག་གི། །ཕུང་པོ་འདོད་ཡོན་ལྔ་ལྡན་རྒྱ་མཚོར་གྱུར། །ལས་བྱེད་མོ་ཡི་སྤྲུལ་པ་ཀེང་རུས་ཀྱི། །གཟུགས་ཅན་མཁའ་འགྲོ་མང་པོས་ལྷག་གཏོར་ཁྱེར། །ལྷག་སྡུད་འཇིག་རྟེན་རིགས་ལྔའི་ཌཱཀྐི་ལྔ། །རང་རང་མདོག་མཚུངས་ཐོར་ཚུགས་རལ་པ་ཅན། །ལག་ན་རང་རྟགས་གྲི་གུག་ཐོད་ཁྲག་བསྣམས། །ཤ་ཟ་ཞིང་སྐྱོང་ལྷག་མགྲོན་འཁོར་བཅས་ལ། །སོ་སོར་ཅི་འདོད་སྦྱིན་པས་དགྱེས་པར་རོལ། །དགྲ་བགེགས་བསྒྲལ་བའི་ཕྲིན་ལས་སྒྲུབ་པར་གྱུར། །ཕཊཿ ཕཊཿ ཧཱུྂ། །ཕྱོགས་བཞི་འཇིགས་པའི་དུར་ཁྲོད་ནས། །རིགས་ལྔའི་མཁའ་འགྲོ་དཔལ་འབར་མ། །དཀར་སེར་དམར་ལྗང་མཐིང་ནག་རལ་པ་ཅན། །ཁྱོད་དོན་གྱི་སངས་རྒྱས་ཡིན་མོད་ཀྱང༌། །བདག་སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་པས། །ལྷག་མའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ཡི་འཁོར་དུ་གཏོགས་པ་ཡི། །མཁའ་ལ་འགྲོ་བའི་མཁའ་འགྲོ་དང༌། །ཤུགས་ལ་འགྲོ་བའི་ཤུགས་འགྲོ་དང༌། །བར་སྣང་བགྲོད་པའི་མཁའ་འགྲོ་དང༌། །དེ་འོག་ཞིང་སྐྱོང་མཁའ་འགྲོའི་ཚོགས། །བྲན་གྱི་ཚུལ་དུ་ཁས་བླངས་པས། །ལྷག་མའི་གཏོར་མ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །སངས་རྒྱས་བསྟན་པ་བཤིག་པ་དང༌། །དཀོན་མཆོག་དབུ་འཕང་སྨད་པ་དང༌། །བླ་མའི་སྐུ་ལ་བསྡོ་བ་དང༌། །རྣལ་འབྱོར་བདག་གི་དགྲ་བོ་དང༌། །སློབ་མ་དམ་ལས་ལོག་པ་དང༌། །བྱང་ཆུབ་བསྒྲུབ་ལ་བར་ཆད་བྱེད་པའི་བགེགས། །ལྷག་མའི་གཏོར་མ་འདི་དང་མཉམ་དུ་བཞེས། །ཕཊཿ ཨོཾ་ཨུ་ཙིཥྚ་བྷཀྵ་བྷཀྵ་ཀ་སྭཱ་ཧཱ། །ཞེས་ཕྱི་རོལ་གཙང་སར་བླུགས་བཤལ་ཆུ་ཡང་སྟེང་དེར་བླུགས་སོ།

།ལྷག་མ་འོག་མ་འདི་དང་གཏོར་འབུལ་ལ་རང་དང་བསྲུང་བྱའི་ཤ་ཁྲག་བསྲེ་མི་རུང་ངོ༌། །དེ་ནས་དམར་གཏོར་མཁའ་འགྲོ་ལ་གཅིག། །ཆོས་སྐྱོང་ལ་གཅིག། །ཕྱི་རྒྱུད་པ་ལ་དཀར་གཏོར་གཅིག་དང་གསུམ་བཤམས། །བསྡུ་ན་དམར་གཏོར་གཅིག་དང་དཀར་གཏོར་གཅིག་གིས་ཆོག། །ཕུད་རྒོད་ཀྱིས་བྲན་ལ།

།ན་མོ། །དྲིན་ཆེན་གཅོད་ཡུལ་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང༌། །དཀོན་མཆོག་གསུམ་གྱི་བདེན་པ་དང༌། །ཡི་དམ་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔ། །བདུད་འདུལ་ཁྲོས་མ་ནག་མོའི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང༌། །མ་ཅིག་ལབ་ཀྱི་སྒྲོན་མ་མཁའ་འགྲོ་བྱེ་བ་འབུམ་སྡེ་བཀའ་སྲུང་ཆོས་སྐྱོང་དང་བཅས་པའི་བདེན་པ་དང་བདེན་པ་ཆེན་པོའི་མཐུས། །སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ། །ཁྱད་པར་དུ་རྣལ་འབྱོར་པ་བདག་གི་བཀའ་དང་དམ་ལ་མི་གནས། །འགྱུར་ལོག་འཕར་ལྡང་མགོ་གཡོག་མགོ་བསྐོར་བྱེད་པའི་གདོན་བགེགས། །བསམ་ངན་འཆང་བའི་བྱད་མ། །དོ་བསྡོ་ཞིང་ཕོད་གཙུག་པའི་དགྲ་བོ་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་སྐད་ཅིག་རང་དབང་མེད་པར་དྲག་པོ་དམར་གྱི་གཏོར་མ་འདིའི་ནང་དུ་ཁུག་ཅིག། །ཛཿཧཱུྂ་བཾ་ཧོཿ བྷནྡྷ་ལྕང་ལོ་ཅན་གྱི་ནང་དུ་དགྲ་བགེགས་ཀྱི་ཤ་ཁྲག་དོན་སྙིང་ངོ་བོ་བདུད་རྩིའི་རང་བཞིན་དུ་གྱུར། །ཨོཾ་ཨཱཿཧཱུྂཿ ཨོཾ་བཛྲ་ཌཱཀྐི་ནི་སརྦ་རྡྷརྨ་པཱ་ལ་ས་པཱ་རི་ཝཱ་ར་དགྲ་བགེགས་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི། །རཀྟ་ལ་ཁཱ་ཧི། །ཙིཏྟ་ལ་ཁཱ་ཧི། །གོ་རོ་ཙ་ན་ལ་ཁཱ་ཧི། །ཀི་ནི་རི་ཏི་ལ་ཁཱ་ཧི། །བ་སུ་ཏ་ཁཱ་ཧི། །བྷ་ལིང་ཏ་ཁཱ་ཧི་ཁཱ་ཧི།

དེ་ནས་མཁའ་འགྲོ་འབུམ་བསྐུལ་ནི།
།ཧཱུྂ་བྷྱོཿ ཕྱོགས་ཕྱོགས་དག་ནི་ཕ་གི་ན། །ཉི་མ་ནུབ་ཕྱོགས་ཕ་གི་ན། །རྡོ་རྗེ་གདན་གྱི་ནུབ་བྱང་མཚམས། །ཨོ་རྒྱན་ཡུལ་གྱི་དུར་ཁྲོད་ན། །རི་བོ་ཐམས་ཅད་རུས་པའི་རི། །རྩི་ཤིང་ཐམས་ཅད་མདའ་དང་མདུང༌། །ཆུ་རྣམས་ཐམས་ཅད་ཁྲག་དང་རྣག། །སྒྲ་སྐད་ཐམས་ཅད་ངུར་མའི་སྒྲ། །ཕྱག་ན་རྡོ་རྗེ་འཇིགས་པའི་ས། །ཁྲོ་བཅུ་རྒྱུ་བར་མི་ནུས་ཤིང༌། །རིགས་ལྔའི་སངས་རྒྱས་བཞུགས་པའི་གནས། །དེ་ན་སུ་བཞུགས་སུ་མི་བཞུགས། །དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །རྡོ་རྗེ་ཕག་མོ་དེ་ན་བཞུགས། །འཁོར་གྱི་ལྷ་མོ་དེ་ན་བཞུགས། །མ་གཡས་ཀྱི་ཕག་ཞལ་ནག་པོ་ཁྲོས་པ་ནི། །ཆོས་ཉིད་འགྱུར་བ་མེད་པའི་མཁའ་འགྲོ་འབུམ། །གཡོན་གྱི་ཁྲོ་ཞལ་དམར་པོ་བརྗིད་པ་ནི། །བདེ་གཤེགས་ལས་ལ་འགྱེད་པའི་མཁའ་འགྲོ་འབུམ། །ཞལ་གདངས་མཆེ་བ་རབ་ཏུ་གཙིགས་པ་ནི། །བདུད་བཞི་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ། །སྤྱན་དྲུག་རབ་ཏུ་དམར་ཞིང་འཁྲུག་པ་ནི། །མངོན་ཤེས་དྲུག་དང་ལྡན་པའི་མཁའ་འགྲོ་འབུམ། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ་ནི། །རིགས་ལྔའི་འགྲོ་དོན་མཛད་པའི་མཁའ་འགྲོ་འབུམ། །དབུ་སྐྲ་སིལ་མས་སྐུ་རྒྱབ་གྲོལ་བ་ནི། །ཐུགས་རྗེ་ཆར་ལྟར་འབེབས་པའི་མཁའ་འགྲོ་འབུམ། །ཕྱག་གཡས་གྲི་གུག་ནམ་མཁར་འཕྱར་བ་ནི། །སྲོག་གཅོད་དབུགས་ལེན་བྱེད་པའི་མཁའ་འགྲོ་འབུམ། །ཕྱག་གཡོན་ཐོད་པ་ཁྲག་གིས་བཀང་བ་ནི། །ཁྲག་ནད་རྒྱུ་གཟེར་གཏོང་བའི་མཁའ་འགྲོ་འབུམ། །ཁ་ཊྭཱཾ་རྩེ་གསུམ་རབ་ཏུ་འབར་བ་ནི། །ཁམས་གསུམ་དབང་དུ་སྡུད་པའི་མཁའ་འགྲོ་འབུམ། །ཡུ་བ་དྲང་ཤིང་དཀར་པོ་ལྡེམ་པ་ནི། །ལྷ་མིན་གཡུལ་ལས་རྒྱལ་བའི་མཁའ་འགྲོ་འབུམ། །རྡོ་རྗེ་རྩེ་ལྔས་རབ་ཏུ་བརྒྱན་པ་ནི། །སྐུ་ལྔ་ཡེ་ཤེས་དག་པའི་མཁའ་འགྲོ་འབུམ། །ཐོད་པ་བརྩེགས་གསུམ་རབ་ཏུ་བརྒྱན་པ་ནི། །སྲིད་གསུམ་ཟིལ་གྱིས་གནོན་པའི་མཁའ་འགྲོ་འབུམ། །དར་གྱི་འཕུར་ལྕེས་རབ་ཏུ་བརྒྱན་པ་ནི། །བདུད་ཀྱི་རྒྱལ་མཚན་བསྙིལ་བའི་མཁའ་འགྲོ་འབུམ། །དྷ་རུར་གསེར་གྱི་དྲིལ་ཆུང་བརྒྱན་པ་ནི། །སྙན་བརྒྱུད་གདམས་ངག་འཛིན་པའི་མཁའ་འགྲོ་འབུམ། །བདུད་རྩིའི་བུམ་པས་རབ་ཏུ་བརྒྱན་པ་ནི། །ཡོན་ཏན་ཡོངས་སུ་རྒྱས་པའི་མཁའ་འགྲོ་འབུམ། །སྣ་ཚོགས་རྡོ་རྗེ་རྒྱ་གྲམ་བརྒྱན་པ་ནི། །ཕྲིན་ལས་ཐོགས་པ་མེད་པའི་མཁའ་འགྲོ་འབུམ། །མི་མགོ་ལྔ་བཅུའི་དོ་ཤལ་བྱས་པ་ནི། །འདུ་བྱེད་ལྔ་བཅུ་དག་པའི་མཁའ་འགྲོ་འབུམ། །རུས་པའི་རྒྱན་དྲུག་རབ་ཏུ་བརྒྱན་པ་ནི། །ཕ་རོལ་ཕྱིན་དྲུག་རྫོགས་པའི་མཁའ་འགྲོ་འབུམ། །གཅེར་བུ་བསྐྱང་བསྐུམ་གར་གྱི་རོལ་པ་ནི། །བདེ་ཆེན་ཉམས་དང་ལྡན་པའི་མཁའ་འགྲོ་འབུམ། །རྟོག་མེད་རོ་ཡི་གདན་ལ་བཞུགས་པ་ནི། །འགྲོ་དྲུག་གནས་ནས་འདྲེན་པའི་མཁའ་འགྲོ་འབུམ། །པདྨ་ཉི་ཟླའི་གདན་ལ་བཞུགས་པ་ནི། །ཐབས་ཤེས་ཟུང་དུ་འཇུག་པའི་མཁའ་འགྲོ་འབུམ། །བསྐལ་པའི་མེ་རི་རབ་ཏུ་འབར་བ་ནི། །ཐ་དད་རྟོག་པ་བསྲེག་པའི་མཁའ་འགྲོ་འབུམ། །ཧོཿ ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་འབུམ། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་འབུམ། །ནུབ་ཕྱོགས་པདྨའི་རིགས་ཀྱི་མཁའ་འགྲོ་འབུམ། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་འབུམ། །སྐུ་ཡི་རིགས་ཀྱི་མཁའ་འགྲོ་དཀར་མོ་འབུམ། །གསུང་གི་རིགས་ཀྱི་མཁའ་འགྲོ་དམར་མོ་འབུམ། །ཐུགས་ཀྱི་རིགས་ཀྱི་མཁའ་འགྲོ་ནག་མོ་འབུམ། །ཡོན་ཏན་རིགས་ཀྱི་མཁའ་འགྲོ་སེར་མོ་འབུམ། །ཕྲིན་ལས་རིགས་ཀྱི་མཁའ་འགྲོ་ལྗང་མོ་འབུམ། །བདུད་རྩིའི་གཏོར་མ་འདི་བཞེས་ལ། །ཕྲིན་ལས་གཅིག་ཏུ་མ་ངེས་ཏེ། །སྐལ་ལྡན་རྣམས་ལ་ཡེ་ཤེས་སྤོར། །སྐལ་མེད་རྣམས་ལ་མོས་པ་སྐྱེད། །ཉམས་པའི་དགྲ་བགེགས་རྣམས་ལ་ཆད་པ་ཆོད།

།དབྱིངས་ཀྱི་མཁའ་འགྲོའི་བསྐུལ་བ་ནི།
ཧཱུྂ་བྷྱོཿ མཁའ་དབྱིངས་བདེ་བ་ཆེན་པོ་ན། །ཡེ་ཤེས་མཁའ་འགྲོ་བྱེ་བ་འབུམ། །རྡོ་རྗེ་མཁའ་འགྲོ་བདུད་འདུལ་མ། །རིན་ཆེན་མཁའ་འགྲོ་དངོས་གྲུབ་དཔལ། །པདྨ་མཁའ་འགྲོ་བདེ་ཆེན་མ། །ལས་ཀྱི་མཁའ་འགྲོ་ཕྲིན་ལས་བདག། །ཀུན་ཀྱང་མི་བཟད་འདི་འདྲ་སྟེ། །སྐུ་མདོག་གཅིག་ཏུ་མ་ངེས་པར། །དཀར་སེར་དམར་དང་ལྗང་གུའི་མདོག། །ལ་ལ་མཐིང་ནག་མུན་པའི་མདོག། །ལ་ལ་སྔོ་ནག་ནམ་མཁའི་མདོག། །ཕྱག་མཚན་གཅིག་ཏུ་མ་ངེས་པར། །ལ་ལས་གྲི་གུག་ཐོད་ཁྲག་བསྣམས། །ལ་ལས་ཁ་ཊྭཱཾ་རྔེའུ་ཆུང་བསྣམས། །ལ་ལས་བརྡེགས་པའི་མཚོན་ཆ་བསྣམས། །ལ་ལས་བདུད་རྩིའི་བུམ་པ་བསྣམས། །ལ་ལས་མཛེས་པའི་མེ་ཏོག་བསྣམས། །དུར་ཁྲོད་རྒྱན་ལྡན་མཛེས་པའི་སྐུ། །སྐ་རགས་དྲིལ་བུ་གཡེར་ཁས་བརྒྱན། །སྙན་པའི་སྒྲ་སྒྲོག་སི་ལི་ལི། །དབུ་ལ་དར་གྱི་ཅོད་པན་ཅན། །རླུང་གིས་བསྐྱོད་ཅིང་པུ་རུ་རུ། །རྐང་པ་རྡོ་རྗེའི་འགྲོས་སྟབས་ཅན། །མཁའ་ལ་ཐོགས་མེད་བུན་ནེ་བུན། །ལག་པ་མཉེན་ལྕུག་གདུ་བུ་ཅན། །སྣ་ཚོགས་གར་བྱེད་ཁྱུགས་སེ་ཁྱུག། །བདུད་རྩིའི་གཏོར་མ་འདི་བཞེས་ལ། །ཕྲིན་ལས་གཅིག་ཏུ་མ་ངེས་པ། །སྐལ་ལྡན་རྣམས་ལ་ཡེ་ཤེས་སྤོར། །སྐལ་མེད་རྣམས་ལ་མོས་པ་སྐྱེད། །ཉམས་པའི་དགྲ་བགེགས་རྣམས་ལ་ཆད་པ་ཆོད།

།གནས་ཉི་ཤུ་རྩ་བཞིའི་མཁའ་འགྲོའི་བསྐུལ་བ་ནི།
ཧཱུྂ་བྷྱོཿ གནས་མཆོག་ཉི་ཤུ་རྩ་བཞི་ན། །མཁའ་འགྲོ་གཙོ་མོ་ཉི་ཤུ་བཞི། །མཁའ་འགྲོ་བྱེ་བའི་ཚོགས་དང་བཅས། །གཙོ་མོ་མི་མངོན་དབྱིངས་ན་བཞུགས། །འཁོར་ནི་མཁའ་འགྲོ་བྱེ་བ་འབུམ། །ལ་ལ་བུད་མེད་རྒན་མོ་ལ། །རོ་ཆས་རྙིང་པའི་ན་བཟའ་གསོལ། །སྣུམ་དང་ཁྲག་གི་ཐིག་ལེས་བརྒྱན། །ཐལ་ཆེན་བསྐུས་པས་སྔོ་སྐྱའི་མདོག། །དབུ་སྐྲ་སེར་མོ་ལྟག་པར་བཅིངས། །མེ་ཏོག་རྙིང་པའི་དབུ་རྒྱན་ཅན། །ཁ་ན་སོ་མེད་ཧ་ཧ་རྒོད། །རྐང་པ་ས་ལ་འཁྱོར་ཞིང་འགྲོ། །དེ་འདྲའི་ཆ་བྱད་སྟོན་པ་ཡང༌། །སྐལ་ལྡན་རྣམས་ལ་བརྡ་ཆོས་སྟོན། །འཕྲད་པ་ཙམ་གྱིས་བྱིན་གྱིས་རློབས། །བདུད་རྩིའི་གཏོར་མ་འདི་བཞེས་ལ། །ཕྲིན་ལས་གཅིག་ཏུ་མ་ངེས་ཏེ། །ཉམ་ང་མེད་པའི་བརྟུལ་ཞུགས་སྐྱེད། །རྣམ་རྟོག་མེད་པའི་ཉམས་མྱོང་སྤོར། །ལ་ལ་བུད་མེད་གཞོན་ནུ་མ། །སྣ་ཚོགས་རྒྱན་གྱིས་བརྒྱན་པ་མོ། །རིགས་ཀྱི་ཁ་དོག་སོ་སོ་ལ། །སྤྱོད་པ་སོ་སོའི་རིགས་དང་མཐུན། །ལ་ལ་དཀར་མོ་མདོག་བཟང་མ། །རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་མོ། །བྱང་ཆུབ་སེམས་ཀྱི་བསྐུལ་མ་འདེབས། །ལ་ལ་སེར་སྐྱ་དཔལ་འདྲེན་མ། །རིན་ཆེན་རིགས་ཀྱི་ཕྱག་རྒྱ་མོ། །མཆོག་གི་དངོས་གྲུབ་བསྐུལ་མ་འདེབས། །ལ་ལ་དམར་མོ་དབྱིབས་མཛེས་མ། །པདྨ་རིགས་ཀྱི་ཕྱག་རྒྱ་མོ། །ཟག་མེད་བདེ་བའི་བསྐུལ་མ་འདེབས། །ལ་ལ་སྔོ་སངས་ཁྲོ་གཉེར་ཅན། །ལས་ཀྱི་རིགས་ཀྱི་ཕྱག་རྒྱ་མོ། །འགྲོ་བའི་དོན་ལ་བསྐུལ་མ་འདེབས། །ལ་ལ་དཀར་ཤམ་ནམ་མཁའི་མདོག། །དེ་བཞིན་རིགས་ཀྱི་ཕྱག་རྒྱ་མོ། །ཡང་དག་དོན་ལ་བསྐུལ་མ་འདེབས། །ཀུན་ཀྱང་མི་བཟད་འདི་འདྲ་སྟེ། །མཛེས་པའི་ཞལ་ལ་གཟི་མདངས་ཅན། །གཞོན་ནུའི་སྐུ་ལ་འགྱིང་བག་ཅན། །དབུ་ནི་རིན་ཆེན་ཅོད་པན་ཅན། །རང་རང་སོ་སོའི་ཡབ་ལ་འཁྱུད། །རྐང་པ་གསེར་གྱི་དྲིལ་ཆུང་ཅན། །སིལ་སིལ་སྒྲོགས་ཤིང་སྐུ་ལ་སྦྱོར། །ཞལ་ནི་པདྨའི་དུང་སོ་ཅན། །འཛུམ་པའི་གསུང་ནི་སྙན་པར་སྨྲ། །སྐད་སྙན་ཚངས་པའི་དབྱངས་དང་ལྡན། །རྡོ་རྗེའི་གླུ་ལེན་ཡིད་འཕྲོག་མ། །བདུད་རྩིའི་གཏོར་མ་འདི་བཞེས་ལ། །ཕྲིན་ལས་གཅིག་ཏུ་མ་ངེས་ཏེ། །ཟག་བཅས་ལུས་ལ་བདེ་བ་སྐྱེད། །ཟག་མེད་སེམས་ཀྱི་ཉམས་མྱོང་སྤོར། །ལ་ལ་བུད་མེད་ཐ་མལ་གཟུགས། །འཇིག་རྟེན་སྤྱོད་པ་སྣ་ཚོགས་ལ། །ཁྱེད་ཀྱིས་མི་སྤྱོད་གང་ཡང་མེད། །ལ་ལ་འགྱུར་བྱེད་ཚོས་མཁན་མ། །གཞན་སེམས་རང་དབང་བསྒྱུར་བྱེད་མ། །ཐ་མལ་ཤེས་པ་སྒྱུར་བྱེད་མོ། །ལ་ལ་མྱོས་བྱེད་ཆང་ཚོང་མ། །ལོག་པའི་ཤེས་པ་མྱོས་བྱེད་མོ། །ལ་ལ་སྦྱོར་བྱེད་སྨད་འཚོང་མ། །ཐབས་དང་ཤེས་རབ་སྦྱོར་བྱེད་མ། །ལ་ལ་དག་བྱེད་ཁྲུས་མཁན་མ། །བག་ཆགས་དྲི་མ་དག་བྱེད་མ། །ལ་ལ་གསོད་བྱེད་ཤན་པ་མོ། །རྣམ་རྟོག་དབྱིངས་སུ་གསོད་བྱེད་མ། །ལ་ལ་གནོད་བྱེད་ཆོམ་རྐུན་མ། །གཞན་སེམས་རང་དབང་མྱོས་བྱེད་མ། །ལ་ལ་དཀའ་ཐུབ་བྲམ་ཟེ་མོ། །འཁོར་བའི་རྒྱུན་ཐག་གཅོད་བྱེད་མ། །དེ་ལ་སོགས་པ་མཐའ་ཡས་པའི། །རི་རབ་ལྷོ་ཡི་འཛམ་གླིང་གི། །གནས་མཆོག་ཉི་ཤུ་རྩ་བཞི་ན། །འགྲོ་བའི་དོན་ལ་བཞུགས་པ་རྣམས། །ཐབས་རྣམས་སྣ་ཚོགས་དུ་མ་ཡིས། །སྤྱོད་པ་སྣ་ཚོགས་ཐབས་ཀྱིས་འདུལ། །བདུད་རྩིའི་གཏོར་མ་འདི་བཞེས་ལ། །ཕྲིན་ལས་གཅིག་ཏུ་མ་ངེས་པ། །བདག་ཅག་རྣལ་འབྱོར་ལ་སོགས་པའི། །སྒྲུབ་པ་བྱེད་པའི་གང་ཟག་རྣམས། །འཇིག་རྟེན་ཆོས་བརྒྱད་ཉམས་པ་དང༌། །འགྲོ་དོན་ཕྱོགས་མེད་ལྷུན་གྲུབ་ཤོག། །མཁའ་འགྲོའི་བསྐུལ་བ་ཚན་གསུམ་པོ་འདི་མཁའ་འགྲོ་སྙིང་ཐིག་ནས་དྲུང་རྨ་སེང་གིས་བཏུས་ནས། །སྙན་བརྒྱུད་ཀྱི་གཏོར་འབུལ་ལ་སྦྱར་བ་ཡིན་ཀྱང༌། །གཅོད་ཚོགས་ལ་སྔར་ནས་སྦྱར་སྲོལ་འདུག་ཅིང་འབྲེལ་ཤིན་ཏུ་ཆགས་ཤིང་བྱིན་རླབས་ཆེའོ།

ཧཱུྂ་བྷྱོཿ རབ་ཏུ་འཇིགས་པའི་དུར་ཁྲོད་ནས། །འཇིག་རྟེན་མཁའ་འགྲོ་མཐུ་མོ་ཆེ། །ཤིན་ཏུ་མི་བཟད་འཇིགས་པའི་གཟུགས། །བུད་མེད་ལུས་ལ་མགོ་བརྙན་ཅན། །ཐོད་པ་བཟུང་ཞིང་ཁྲག་ཆེན་འཐུང༌། །མི་རོ་ཟ་ཞིང་ཤུ་གླུ་ལེན། །ཏིང་འཛིན་ཉུལ་ཞིང་ཚོགས་ཁང་འགྲིམ། །དེ་དག་མ་ལུས་ཐམས་ཅད་ཀྱིས། །བཀའ་ཡི་གཏོར་མ་འདི་བཞེས་ལ། །སྔོན་གྱི་དམ་བཅས་ཇི་བཞིན་དུ། །དམ་ཚིག་བསྲུངས་ལ་ཕྲིན་ལས་མཛོད། །འཇིག་རྟེན་མཁའ་འགྲོའི་བསྐུལ་བ་ལ། །དབང་ཕྱུག་ཉེར་བརྒྱད་དོན་གྱིས་ཚང་པས་གཅོད་ཀྱི་བཀའ་སྲུང་ཡིན་ནོ།

།དེ་ནས་གཅོད་ཡུལ་བཀའ་སྲུང་རྣམས་ལ་འབུལ་ཏེ།

ཧཱུྂ། །མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བི་ན་ཡ་ཀ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །དང་པོས་གྲི་གུག་བར་པས་ཕྲེང་བ་འཛིན། །ཐ་མས་ཌཱ་མ་རུ་ནི་དྲག་ཏུ་འཁྲོལ། །གཡོན་པས་ཐོད་པ་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པ་འཛིན་པས་འཆིང་བར་མཛད། །དྲག་པོའི་ཞལ་གདངས་མཆེ་བ་རྣམ་པར་གཙིགས། །སྤྱན་གསུམ་བསྒྲད་པའི་དབུ་སྐྲ་གྱེན་དུ་བརྫེས། །དཔྲལ་བར་སིནྡྷུ་ར་ཡིས་ལེགས་པར་བརྒྱན། །སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་ནས། །ཤིང་ལས་བྱོན་ནས་གཏོར་མ་ལེན་པར་མཛོད། །དེ་ཡན་ཤ་བ་རིའི་རྒྱ་གཞུང་ངོ༌།

།མྱུར་མཛད་མགོན་པོའི་ཡུམ་ཆེན་རེ་མ་ཏི། །གནོད་སྦྱིན་བཞི་དང་དཔལ་མགོན་བདུན་ཅུའི་ཚོགས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །བསོད་ནམས་བླ་མས་བཀའ་བསྒོས་དམ་བཞག་བཞིན། །ཞི་བྱེད་གཅོད་ཡུལ་བསྟན་པ་དར་བ་དང༌། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །རྐྱེན་ངན་བར་ཆད་ཐམས་ཅད་བསལ་དུ་གསོལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྂ། །སྐུ་མདོག་མཐིང་ནག་ཁྲོ་གཉེར་བརྗིད་པའི་ཞལ། །དབུ་སྐྲ་ཁམ་ནག་ཐོར་ཚུགས་གྱེན་དུ་བཅིངས། །དར་དཔྱང་ཅོད་པན་རིན་ཆེན་འབར་བས་བརྒྱན། །རིགས་ལྔས་དབུ་ལ་བརྒྱན་ལ་བདག་བསྟོད་དོ། །སྤྱན་གསུམ་ལྡོག་ཅིང་ཞལ་གདངས་མཆེ་བ་གཙིགས། །སྨིན་མ་ཨག་ཚོམ་དམར་སེར་མེ་ལྟར་འབར། །ལྗགས་འདྲིལ་ཧ་ཧ་བཞད་པའི་ང་རོ་སྒྲོགས། །འཇིགས་བྱེད་ནག་པོ་ཁྱོད་ལ་བདག་བསྟོད་དོ། །ཕྱག་གཡས་ཙནྡན་བེང་ཆེན་སྨུག་པོ་ལས། །ལྷ་དམག་ཉིས་ཁྲི་ཆིག་སྟོང་སྤྲུལ་པ་འགྱེད། །ལྷ་མིན་གྲོང་ཁྱེར་བརླག་པར་མཛད་པ་པོ། །བསྟན་པའི་ཕྲིན་ལས་སྐྱོང་ལ་བདག་བསྟོད་དོ། །ཕྱག་གཡོན་ཐོད་པ་བདུད་རྩིས་བཀང་བ་འཐུང༌། །ཐུན་རྫས་མཚོན་ཆ་གཟས་པའི་སྙིང་ལ་བརྡེགས། །དཔའ་བོ་སྲིད་གསུམ་བདག་པོ་ཆེན་པོ་སྟེ། །མ་རུངས་འཇོམས་མཛད་ཁྱོད་ལ་བདག་བསྟོད་དོ། །ཞབས་གཉིས་གར་སྟབས་བསྒྲད་པའི་འགྱིང་བག་ཚུལ། །སྟག་ཤམ་བེར་ནག་མི་མགོའི་ཕྲེང་བ་འཕྱང༌། །བདུད་དཔུང་རྩད་ནས་གཅོད་མཛད་ཚོགས་ཀྱི་བདག། །ཟློག་བྱེད་མ་དང་བཅས་ལ་བདག་བསྟོད་དོ།

།བསྟོད་པ་འདི་རྒྱུད་ཁྲག་མཚོ་ཁོལ་ཆེན་ནས་ཕྱུང་བའོ།
ཧཱུྂ། །དཔལ་ལྡན་མ་ཧཱ་ཀཱ་ལ་ཨ་གྷོ་ར། །ཡུམ་ཆེན་ཟློག་བྱེད་མ་དང་ནོར་རྒྱུན་མ། །རིག་བཞི་ཌཱཀྐི་བདུན་དང་ཌཱཀྐིའི་ཚོགས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཕ་ཅིག་དམ་པས་ཇི་ལྟར་བཀའ་བསྒོས་བཞིན། །ཞི་བྱེད་གཅོད་ཡུལ་བསྟན་པ་དར་བ་དང༌། །རྣལ་འབྱོར་བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི། །རྐྱེན་ངན་བར་ཆད་ཟློག་པའི་ཕྲིན་ལས་མཛོད། །ཧཱུྂཿ རབ་འཇིགས་དུར་ཁྲོད་ཀུན་གྱི་བདག་པོ་སྟེ། །ཁྱད་པར་སོ་ས་གླིང་གི་ཞིང་སྐྱོང་བ། །ཀེང་རུས་ཆེན་པོ་གར་བྱེད་མཆེ་བ་གཙིགས། །རང་འདྲའི་ཡུམ་འཁྱུད་ཁྲོ་བོ་ཁྲོ་མོའི་སྐུ། །རབ་གཏུམ་ཐོད་དབྱུག་ཕྱར་ཞིང་ཐོད་ཁྲག་འཛིན། །དར་དང་རིན་ཆེན་རྒྱན་གྱིས་ལེགས་པར་བརྒྱན། །ཤ་ཟ་ཕོ་མོའི་ཁྲོམ་གྱིས་ལེགས་པར་བསྐོར། །མཚན་བཞིན་དུར་ཁྲོད་ཉུལ་ལ་ཕྱག་འཚལ་བསྟོད། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྒྱ་གར་ཡུལ་གྱི་དུར་ཁྲོད་གནས་བརྒྱད་དུ། །ཕ་ཅིག་དམ་པའི་སྤྱན་སྔར་ཁས་བླངས་བཞིན། །བདག་ཅག་མི་ནོར་གཞི་བྱེས་ཐམས་ཅད་ལ། །དགྲ་རྐུན་གཅན་ཟན་གནོད་པ་ཐུབ་པར་སྲུངས། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོཿ འཇིགས་སུ་རུང་བའི་དུར་ཁྲོད་ཆེན་པོའི་ཀློང༌། །དུག་གསུམ་ཁྲོས་པ་མེ་རླུང་མཚོན་ཆ་འཚུབས། །མི་རྟ་ཁྱི་མགོ་བརྩེགས་པའི་མཁར་ནང་ནས། །རྡོ་རྗེ་ཕག་མོའི་བཀའ་ཉན་མཐུ་མོ་ཆེ། །བུད་མེད་ནག་མོ་གྲི་ཐོད་སྙིང་བཅས་བསྣམས། །ཆིབས་སུ་ལྕགས་ཀྱི་སྤྱང་མོ་མགོ་དགུ་ཆིབས། །གཡས་ན་བུད་མེད་དམར་མོ་བཙན་ཞགས་འཕེན། །ཆིབས་སུ་མཚལ་སྟག་དམར་མོ་མགོ་དགུ་ཆིབས། །གཡོན་ན་བུད་མེད་སྔོན་མོ་བདུད་ཞགས་འཕེན། །ཆིབས་སུ་ཟངས་ཀྱི་འཕར་མ་མགོ་དགུ་ཆིབས། །གསུམ་ཀ་གཅེར་བུ་རལ་པས་སྟོང་ཁམས་ཁྱབ། །སྤྱན་གསུམ་ཞལ་གདངས་མཆེ་བ་ཟངས་ཡག་གཙིགས། །ལྗགས་དམར་གློག་འཁྱུག་མེ་འབར་རླུང་ནག་འཚུབས། །མ་རྒྱུད་ཡོངས་ཀྱི་ལས་མཁན་ཆེན་མོ་སྟེ། །སྤྱང་ཞོན་ལྷ་མོ་མཆེད་གསུམ་འཁོར་དང་བཅས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །བདག་དང་བསྲུང་བྱ་མི་ནོར་འཁོར་བཅས་ཀྱི། །ནད་རིམས་དལ་ཁ་ཐམས་ཅད་ཞི་བ་དང༌། །བདག་ལ་སྡང་བར་བྱེད་པའི་དགྲ་བོ་ལ། །སྔོ་དམར་ནད་ཀྱི་ཆར་པ་འབེབས་པ་དང༌། །དལ་དང་ཡམས་ཀྱི་ས་བོན་གདབ་པར་མཛོད། །བྷྱོཿ ཕྲིན་ལས་རྣམ་པ་སྣ་ཚོགས་པ། །ཐམས་ཅད་བུབ་པའི་བདག་ཉིད་མ། །མཚན་མོ་སྟོང་གསུམ་ཁྱབ་པར་རྒྱུག། །ཧཱུྂ་ཕཊ་བྷྱོ་ཡི་སྒྲ་ཆེན་སྒྲོགས། །གཅེར་བུ་རལ་པ་ས་ལ་དྲུད། །ལག་ན་གྲི་གུག་ཐོད་ཁྲག་བསྣམས། །སྐུ་མདོག་མ་ངེས་ཅི་ཡང་བསྒྱུར། །སོ་སོའི་ལས་ཀྱི་ཁ་དོག་སྟོན། །རྣལ་འབྱོར་ཀུན་གྱི་ཕྲིན་ལས་བསྒྲུབ། །དམ་ཚིག་ཅན་གྱི་སྟོངས་གྲོགས་བྱེད། །དམ་ཉམས་རྣམས་ལ་ཆད་པ་ཆོད། །ལས་བདག་མཚན་མོ་སྒྲ་སྒྲོགས་མ། །བཀའ་ཡི་གཏོར་མ་འདི་བཞེས་ལ། །མ་ཅིག་སྤྱན་སྔར་ཁས་བླངས་བཞིན། །བདག་གིས་བཅོལ་བའི་ཕྲིན་ལས་ཀུན། །ད་ལྟ་ཉིད་དུ་འགྲུབ་པར་མཛོད། །ཧཱུྂ། །ཁྱབ་འཇུག་ཆེན་པོ་ར་ཧུ་ལ། །ལུས་གཅིག་མགོ་དགུ་འཇིགས་པའི་གཟུགས། །རྩ་བའི་ཞལ་ནི་གཟའ་བདུད་གདོང༌། །མགོ་བརྒྱད་ལྷ་སྲིན་སྡེ་བརྒྱད་སྟེ། །བྱ་རོག་མགོས་ནི་བསྟན་པ་བསྲུངས༌། །ཁོག་སྟོད་སྲིན་པོ་ཕ་ཡི་ལུས། །ཁོག་སྨད་སྦྲུལ་མཇུག་ཀླུ་མོ་མ། །ཕྱོགས་བཞི་སྲིན་མོ་གདོང་མོ་བཞི། །སྤྱན་སྟོང་སྲིད་གསུམ་བྱ་ར་བྱེད། །སྡེ་བརྒྱད་འདུས་པའི་དྲག་རྩལ་ཅན། །ཆུ་སྲིན་རྒྱལ་མཚན་མདའ་གཞུ་བསྣམས། །མེ་འབར་འོད་འཁྱུག་ཐོག་སེར་འབེབས། །སྤྲུལ་པའི་གཟའ་བརྒྱད་ཕྱོགས་ཀུན་འཛོམས། །གདོང་མོ་བཞིས་ནི་ཀིང་ཀང་འབེབས། །གཟའ་བདུད་མ་རུང་གདུག་པ་ཅན། །ཤམ་པོ་གངས་ཀྱི་ར་བ་རུ། །མ་ཅིག་ལབ་སྒྲོན་སྤྱན་སྔ་རུ། །ཁས་བླངས་དམ་བཅས་དྲན་མཛོད་ལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །གནམ་ནད་དལ་གཟེར་མ་བཏང་ཞིག། །གཅོད་ཡུལ་བསྟན་དང་བདག་ཅག་ལ། །སྡང་བར་བྱེད་པའི་དགྲ་བོ་རྣམས། །ཧུར་ཐུམས་ལྐུག་རིང་ནད་ཀྱིས་སོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྂ། །བཙན་རྒོད་འབར་བ་མི་བསྲུན་པོ། །མི་དམར་རྟ་དམར་དམག་ཆས་ཅན། །བ་དན་དམར་པོ་མེ་ལྟར་འབར། །བཙན་རྟ་དམར་པོ་རླུང་ལྟར་མགྱོགས། །ཟངས་རི་འབར་བ་སྤུན་བདུན་པོ། །བཙན་འཁོར་སུམ་བརྒྱ་དྲུག་ཅུ་བཅས། །འབྲུག་ལྟར་ལྡིར་ཞིང་གློག་འོད་འཁྱུག། །ཐོག་སྒྲ་ཆེམས་ཆེམ་སེར་ཆེན་འབེབས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །མ་ཅིག་ལབ་སྒྲོན་སྤྱན་སྔ་རུ། །ཁས་བླངས་དམ་བཅས་དྲན་མཛོད་ལ། །གཅོད་ཡུལ་བསྟན་པ་བསྲུང་བ་དང༌། །གཅོད་མཁན་བདག་གི་སྡོང་གྲོགས་མཛོད། །ཡིད་ལ་བརྣག་པའི་དགྲ་བོ་ལ། །མི་སྡུག་རྟགས་དང་ཆོ་འཕྲུལ་སྟོན། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད།

༈ བྷྱོཿ འཇིག་རྟེན་བོད་ཀྱི་ཞིང་ཁམས་འདིར། །སྐྱོང་མཛད་ཞིང་སྐྱོང་མཁའ་འགྲོ་མ། །གནོད་སྦྱིན་མོ་བཞི་བདུད་མོ་བཞི། །སྨན་བཙུན་ཆེན་མོ་མཆེད་སྡེ་བཞི། །ལྷབ་ལྷུབ་ན་བཟའི་རྒྱན་དང་བཅས། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །བྲན་གཡོག་མང་པོའི་འཁོར་དང་བཅས། །ནམ་མཁའི་མཐོང་ནས་འདིར་གཤེགས་ལ། །དམ་རྫས་བདུད་རྩིའི་མཆོད་པ་དང༌། །ཤ་ཁྲག་དམར་གཏོར་འདི་བཞེས་ལ། །མ་ཅིག་ལབ་སྒྲོན་སྤྱན་སྔ་རུ། །ཁས་བླངས་དམ་དུ་བཅས་པ་བཞིན། །བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །གཞིས་བྱེས་ལམ་གསུམ་གར་འདུག་ཀྱང༌། །བསམ་པ་བསྒྲུབ་ལ་རེ་བ་སྐོངས། །དལ་ཡམས་འཁྲུག་རྩོད་ཞི་བ་དང༌། །བོད་ཁམས་བདེ་བའི་ཕྲིན་ལས་མཛོད།

།དེ་ནས་དཀར་གཏོར་ཕུད་རྒོད་ཀྱིས་བྲན་ལ།
།ཨོཾ་ཀརྨ་ཌཱཀྐི་ནི་ཧཱུྂ་ཕཊཿ ཨོཾ་སྭཱ་བྷཱ་ཝ་སོགས། །སྟོང་པའི་ངང་ལས་བྷྲུཾཿལས་རིན་པོའི་སྣོད་དུ་ཁཾཿཞུ་བ་ལས་གཏོར་མ་དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྂཿ ཨོཾ་སརྦ་ལོ་ཀ་པཱ་ལ་ཨི་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི།

༈ ཧཱུྂ། །གོས་སྔོན་འཆང་བ་ལག་ན་རྡོ་རྗེའི་སྲས། །གཏེར་བདག་བྱེ་བའི་ཅོད་པན་གྱིས་བཏུད་པ། །ཞང་བློན་བེར་ཆེན་རྡོ་རྗེ་བདུད་འདུལ་ཏེ། །གནོད་སྦྱིན་ནག་པོ་ཁྲག་རལ་ཅན་ཞེས་བྱ། །འཇིག་རྟེན་འདས་དང་མ་འདས་ལས་རྣམས་ཀུན། །ཐོགས་མེད་བསྒྲུབ་ལ་རྫུ་འཕྲུལ་མཛད་པའི་སྐུ། །དུས་མཐའི་ཆར་སྤྲིན་འཁྲུགས་འདྲ་ཆེར་གནག་ཅིང༌། །ཐུང་ཞིང་སྦོམ་ལ་ཡན་ལག་རགས་པ་ཅན། །ཁྲོས་པའི་མིག་དམར་ཞལ་གདངས་གད་རྒྱངས་ཅན། །སྨིན་མ་ཨག་ཚོམ་དམར་སེར་འབར་ལ་འཁྱུག། །བསྒྲུབ་པའི་རེ་སྐོང་ཡིད་བཞིན་ནོར་བུ་དང༌། །ལུས་ཅན་ནད་འཇོམས་བདུད་རྩིའི་བུམ་པ་འཛིན། །པྲོག་ཞུ་རིན་ཆེན་རྒྱན་དང་ཟ་འོག་བེར། །གསེར་སྐེད་སག་ལྷམ་གསོལ་ནས་འདོར་སྟབས་ཀྱི། །སྲིན་པོ་རྡོ་རྗེ་ཀུན་གྲུབ་མར་བཅས་ནས། །ས་གསུམ་རྣམ་པར་གནོན་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་བདུད་འདུལ་གནོད་སྦྱིན་ནག་མོ་ཡུམ། །ཛམ་ལྷ་ལ་སོགས་ནོར་ལྷ་ཆེན་པོ་བརྒྱད། །འབྲོག་གནས་མཆེད་ལྔ་ལ་སོགས་གཡུ་ཁྲབ་ཅན། །ཞི་བའི་ལས་མཛད་ཉིས་ཁྲི་ཆིག་སྟོང་དང༌། །ཉི་མའི་གཟི་བརྗིད་ལ་སོགས་བསེ་ཁྲབ་ཅན། །རྒྱས་པའི་ལས་མཛད་ཉི་ཁྲི་ཆིག་སྟོང་དང༌། །ཧ་ལ་འབར་བྱེད་ལ་སོགས་ཟངས་ཁྲབ་ཅན། །དབང་གི་ལས་མཛད་ཉིས་ཁྲི་ཆིག་སྟོང་དང༌། །ནག་པོ་འབར་བ་ལ་སོགས་ལྕགས་ཁྲབ་ཅན། །དྲག་པོའི་ལས་མཛད་ཉིས་ཁྲི་ཆིག་སྟོང་སོགས། །ནོར་ལྷ་གནོད་སྦྱིན་བྱེ་བའི་ཚོགས་བཅས་ཀྱིས། །དམ་རྫས་དཀར་གསུམ་གཏོར་མ་འདི་བཞེས་ལ། །གྲྭ་པ་མངོན་ཤེས་ཅན་གྱི་བཀའ་བསྒོས་ལྟར། །ཡུམ་ཆེན་བསྟན་པ་དར་ཞིང་རྒྱས་པ་དང༌། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་པ་དང༌། །སད་སེར་མུ་གེ་གོད་ཁ་ཞི་བ་དང༌། །མངའ་ཐང་ཆོས་སྲིད་རྒྱས་པའི་ཕྲིན་ལས་མཛོད། ཧཱུྂཿ ཤར་ཕྱོགས་སྐྱོང་མཛད་རྒྱལ་ཆེན་ཡུལ་འཁོར་བསྲུངས། །དུང་མདོག་ཕྱག་ན་སྒྲ་སྙན་པི་ཝང་འཛིན། །ལྷོ་ཕྱོགས་སྐྱོང་མཛད་རྒྱལ་ཆེན་འཕགས་སྐྱེས་པོ། །མཐིང་མདོག་ཕྱག་ན་གསོད་བྱེད་རལ་གྲི་འཛིན། །ནུབ་ཕྱོགས་སྐྱོང་མཛད་རྒྱལ་ཆེན་སྤྱན་མི་བཟང༌། །མཚལ་མདོག་ཕྱག་ན་མཆོད་རྟེན་སྦྲུལ་ཞགས་འཛིན། །བྱང་ཕྱོགས་སྐྱོང་མཛད་རྒྱལ་ཆེན་རྣམ་ཐོས་སྲས། །གསེར་མདོག་ཕྱག་ན་རྒྱལ་མཚན་ནེའུ་ལེ་འཛིན། །ཀུན་ཀྱང་དར་བེར་བསེ་ཁྲབ་རྨོག་ཞུ་ཅན། །རང་རང་བཙུན་མོ་སྲས་དང་དམག་དཔུང་བཅས། །འདིར་གཤེགས་དཀར་གསུམ་བརྒྱན་པའི་གཏོར་མ་བཞེས། །མ་ཅིག་ལབ་སྒྲོན་སྤྱན་སྔར་ཁས་བླངས་བཞིན། །གཅོད་ཡུལ་བསྟན་པ་ཕྱོགས་བཞིར་རྒྱས་པ་དང༌། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །དཔལ་དང་བསོད་ནམས་མངའ་ཐང་དར་བ་དང༌། །ཕྱོགས་བཞི་དགྲ་དཔུང་འཇོམས་པའི་ཕྲིན་ལས་མཛོད། །ཧཱུྂ། །ས་བརྒྱད་ནོན་པའི་སེམས་དཔའ་ཆེན་པོ་སྟེ། །དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་ལྡན་པ། །ཀླུ་ཡི་རྒྱལ་པོ་ནེའུ་ལེ་ཐོད་དཀར་ཞེས། །བོད་ཁམས་གནས་ཆེན་བརྒྱད་ཀྱི་བདག་པོ་སྟེ། །གཉན་ཆེན་ཐང་ལྷ་ཡར་བཞུད་ཞེས་སུ་གྲགས། །མི་དཀར་མཛེས་པ་གཡུ་ཡི་ཟུར་ཕུད་ཅན། །དར་དཀར་བེར་གྱོན་དབུ་ལ་དུང་ཞུ་གསོལ། །གཡས་པས་སྦ་ལྕག་གཡོན་པས་དར་མདུང་ཕྱར། །རྟ་དཀར་གཟི་མིག་གཡུ་རྔོག་འཕུར་ཤེས་ཆིབས། །ཐང་ལྷ་ལྷ་འཁོར་སུམ་བརྒྱ་དྲུག་ཅུར་བཅས། །བདུད་འཁོར་བཙན་འཁོར་སྨན་འཁོར་སུམ་བརྒྱའི་ཚོགས། །བརྒྱ་བྱིན་སྲས་མོ་གནམ་མཚོ་ཡུམ་དང་བཅས། །འདིར་གཤེགས་དཀར་གསུམ་བརྒྱན་པའི་གཏོར་མ་བཞེས། །མ་ཅིག་ལབ་སྒྲོན་སྤྱན་སྔར་ཁས་བླངས་བཞིན། །གཅོད་ཡུལ་བསྟན་པ་དར་ཞིང་རྒྱས་པ་དང༌། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །ཁ་འཛིན་རྒྱབ་རྟེན་སྟོངས་གྲོགས་མ་གཡེལ་ཅིག། །ཧཱུྂ། །སྲིད་པའི་ལྷ་རབ་ཤམ་པོ་བོད་རྗེའི་ལྷ། །དུང་མདོག་རབ་བརྗིད་དར་དཀར་བེར་ཆེན་གསོལ། །དར་མདུང་དཀར་པོ་ཕྱར་བས་ལྷ་དམག་སྡུད། །ཆིབས་སུ་ལྷ་གཡག་དཀར་པོ་རི་ལོག་ཙམ། །ཁ་རླངས་སྣ་རླངས་བུ་ཡུག་འཚུབས་པར་ཆིབས། །ཡུམ་ཆེན་གནམ་སྨན་ཐོག་གི་བུ་ཡུག་སོགས། །སྲིད་པའི་ལྷ་དམག་བྱེ་བ་འབུམ་དང་བཅས། །འདིར་གཤེགས་དཀར་གསུམ་བརྒྱན་པའི་གཏོར་མ་བཞེས། །མ་ཅིག་ཡུམ་སྲས་སྤྱན་སྔར་ཁས་བླངས་བཞིན། །གཅོད་ཡུལ་བསྟན་པ་བསྲུང་ཞིང་སྐྱོང་བ་དང༌། །བདག་གི་མཐུན་རྐྱེན་ཀུན་སྒྲུབ་འགལ་རྐྱེན་སོལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྂ། །སིང་ག་ལ་ཡི་ཡུལ་རྒྱུད་ཆུ་ཡི་ཡུལ། །གངས་དཀར་རིན་ཆེན་ཤེལ་གྱི་གཞལ་ཡས་ནས། །སྐུ་ལྷ་མཁའ་རི་མ་སང་སྤྲུལ་པའི་སྐུ། །མི་དཀར་ཤེལ་ཁྲབ་ཤེལ་རྨོག་དར་བེར་ཅན། །ཕྱག་གཡས་མདུང་དར་གཡོན་ན་སྤྱང་ཐོད་འཛིན། །ཆིབས་སུ་རྟ་དཀར་འཕུར་ཤེས་གཟི་མིག་ཆིབས། །སྐྱེས་བུ་ཞུབ་ཆེན་མཚོན་ཐོགས་འབུམ་གྱིས་བསྐོར། །ལྕམ་མོ་ཤེལ་བཟའ་ཤ་བ་ཡུ་མོར་བཅིབས། །རིན་ཆེན་རྒྱན་ལྡན་མཛོ་མོ་དཀར་མོ་ཁྲིད། །མཁའ་རི་མིང་སྲིང་འཁོར་དང་བཅས་པ་རྣམས། །འདིར་གཤེགས་དཀར་གསུམ་བརྒྱན་པའི་གཏོར་མ་བཞེས། །མ་ཅིག་ལབ་སྒྲོན་སྤྱན་སྔར་ཁས་བླངས་བཞིན། །གཅོད་ཡུལ་གཏེར་ཆོས་བསྟན་པ་དར་བ་དང༌། །བདག་ཅག་བསམ་པ་བསྒྲུབ་ལ་རེ་བ་སྐོངས། །འཁོར་བསྲུང་རྐྱེན་བཟློག་བར་ཆད་ཐམས་ཅད་སོལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་བར་མཛོད། །ཧཱུྂ། །རི་མཐོ་ས་གཙང་གངས་རི་གཉན་པོའི་རྩེར། །རང་སྣང་རིན་ཆེན་འཕྲུལ་གྱི་ཁང་བཟང་ནས། །སྲིད་པའི་ལྷ་རྒན་འོད་དེ་གུང་རྒྱལ་ཞེས། །མི་བོ་ཆེན་པོ་དར་གྱི་ལ་ཐོད་ཅན། །དར་ཟབ་བེར་གསོལ་གཡུ་ཆེན་མགུལ་པར་བརྒྱན། །མདུང་དར་སྦ་ལྕག་བསྣམས་ནས་ཅང་ཤེས་ཆིབས། །ཕ་མཚུན་མ་སང་དགྲ་ལྷའི་ཚོགས་དང་བཅས། །འདིར་གཤེགས་དཀར་གསུམ་བརྒྱན་པའི་གཏོར་མ་བཞེས། །མ་ཅིག་ལབ་སྒྲོན་སྤྱན་སྔར་ཁས་བླང་བཞིན། །གཅོད་ཡུལ་བསྟན་པ་བསྲུང་ཞིང་རྒྱས་པ་དང༌། །བདག་གི་ཕྲིན་ལས་འགྲུབ་པའི་སྡོང་གྲོགས་མཛོད། །ཧཱུྂ། །ཤིང་གཅིག་སྡོང་པོ་གསེར་སླག་ཅན་གྱི་དྲུང༌། །ཆུ་མིག་དྲག་པོ་གནམ་དུ་འཕྱུར་བའི་ནང༌། །ཡིད་ལས་གྲུབ་པའི་རིན་ཆེན་ཁང་བཟང་ན། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀུན་གྱི་གཙོ། །ཀླུ་ཡི་རྒྱལ་པོ་ཆེན་པོ་མཐུ་བོ་ཆེ། །དྲག་པོ་ཟླ་བ་སྐྱོང་ཞེས་མཚན་གྲགས་པ། །སྐུ་མདོག་དཀར་ལ་འཇའ་ཚོན་འོད་ཟེར་འཕྲོ། །སྦྲུལ་མགོ་འབར་བ་བདུན་གྱི་གདེངས་ཀ་འཕྱོ། །ཡིད་བཞིན་རིན་ཆེན་འབར་བས་དབུ་གཙུག་བརྒྱན། །ཕྱག་གཉིས་ཐལ་སྦྱར་ཡིད་བཞིན་ནོར་བུ་འཛིན། །དར་དང་རིན་ཆེན་དུ་མས་སྐུ་ལ་བརྒྱན། །སྐུ་སྨད་ལྟོ་འཕྱེ་གདུག་པ་སྦྲུལ་དུ་འཁྱིལ། །རྒྱལ་རིགས་རྗེ་རིགས་དམངས་རིགས་བྲམ་ཟེའི་རིགས། །གདོལ་པ་ཀླུ་རིགས་བྱེ་བ་འབུམ་དང་བཅས། །འདིར་གཤེགས་དཀར་གསུམ་བརྒྱན་པའི་གཏོར་མ་བཞེས། །མ་ཅིག་ལབ་སྒྲོན་སྤྱན་སྔར་ཁས་བླངས་བཞིན། །གཅོད་ཡུལ་བསྟན་པ་བསྲུང་ཞིང་སྐྱོང་བ་དང༌། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །ཀླུ་དང་ས་བདག་ནད་རྣམས་ཞི་བ་དང༌། །ཀླུ་གཡང་དངོས་གྲུབ་རྒྱ་ཆེན་འབབས་པ་དང༌། །བདག་ལ་སྡང་བའི་དགྲ་བོ་དམ་ཉམས་ལ། །མཛེ་ནད་ལྷོག་རྒོད་འབེབས་པའི་ཕྲིན་ལས་མཛོད། །ཧཱུྂ། །སྤྲུུལ་སྐུ་མ་ཅིག་ལབ་ཀྱི་སྒྲོན་མ་ཡིས། །གངས་རི་གཉན་པོ་ཉི་ཤུ་རྩ་གཅིག་དང༌། །གཉན་ས་བརྒྱ་དང་རྩ་བརྒྱད་བཅད་པའི་ཚེ། །བཀའ་དང་དམ་ལ་བཏགས་པའི་ལྷ་འདྲེ་རྣམས། །འདིར་གཤེགས་དཀར་གསུམ་བརྒྱན་པའི་གཏོར་མ་བཞེས། །གཞན་ཡང་གཅོད་ཡུལ་བརྒྱུད་པའི་བླ་མ་ཡིས། །བཀའ་དང་དམ་ལ་བཏགས་པའི་ལྷ་འདྲེ་རྣམས། །ཐམས་ཅད་དཀར་གསུམ་གཏོར་མ་འདི་བཞེས་ལ། །གཅོད་ཡུལ་བསྟན་པ་ཕྱོགས་བཅུར་རྒྱས་པ་དང༌། །བདག་གི་ཕྲིན་ལས་བསྒྲུབ་པའི་སྡོང་གྲོགས་མཛོད།

དེ་ནས་གཏོར་མ་ལ་དཔལ་འབར་བཙུག་ནས་ཐོགས་ཏུ་བཅུག་ལ།
༈ ཕཊཿ དེ་ལྟར་དམར་གཏོར་དཀར་གསུམ་གཏོར་མ་རྣམས། །སོ་སོར་གང་འདོད་ཕུལ་བས་མཉེས་ཤིང་ཚིམས། །ཕྲིན་ལས་གང་འདོད་བསྒྲུབ་པར་ཞལ་གྱིས་བཞེས། །བསྟན་དང་བདག་ལ་གནོད་པའི་དགྲ་བགེགས་ལ། །ཡེ་ཤེས་མཁའ་འགྲོ་རྣམས་ཀྱང་ཐུགས་ཁྲོས་ནས། །ཆོས་སྐྱོང་ཤ་ཟ་འཇིག་རྟེན་མཁའ་འགྲོའི་ཚོགས། །རང་དབང་མེད་པར་ཁྲོས་འཁྲུགས་ང་རོ་སྒྲོགས། །ཡང་འཁོར་ལྷ་སྲིན་སྡེ་བརྒྱད་དམག་དང་བཅས། །མེ་དཔུང་རླུང་ནག་ཐོག་སེར་འབྲུག་སྒྲ་སྒྲོགས། །མགོ་བརྙན་སྤྲུལ་པ་གློག་ལྟར་འཁྱུག་བྱེད་ཅིང༌། །དགྲ་བགེགས་ཐམས་ཅད་རྡུལ་དུ་བརླག་པར་གྱུར།

ཀྱཻ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །དབུས་ཕྱོགས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །མ་འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །དམ་རྫས་བརྒྱན་པའི་གཏོར་མ་བཞེས། །ཤ་ཁྲག་དམར་གྱི་གཏོར་མ་བཞེས། །ད་རེས་སྡང་བའི་དགྲ་ལ་ཡཱ། །ད་རེས་གནོད་པའི་བགེགས་ལ་ཡཱ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད།

།རྒྱས་པར་འགྲེས་ཡིན་ཀྱང་བསྡུ་ན།
།ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ། །བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །སྟེང་མཁའ་སྤྱོད་རིགས་ཀྱི་མཁའ་འགྲོ་མ། །འོག་ས་སྤྱོད་རིགས་ཀྱི་མཁའ་འགྲོ་མ། །མཚམས་བཞིའི་འཇིག་རྟེན་རིགས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར། །མ་འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །དམ་རྫས་བརྒྱན་པའི་གཏོར་མ་བཞེས། །ཤ་ཁྲག་དམར་གྱི་གཏོར་མ་བཞེས། །ད་རེས་སྡང་བའི་དགྲ་ལ་ཡཱ། །ད་རེས་གནོད་པའི་བགེགས་ལ་ཡཱ། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཅེས་གནོད་པའི་ཕྱོགས་སམ་ཕྱི་རོལ་ཏུ་ཕུལ་ལ།

།དེ་ནས་བྲོ་བརྡུང་བ་ནི། །ལྷག་མའི་སྣོད་དང་གཏོར་འབུལ་སྣོད་ཐམས་ཅད་གཅིག་ཐོག་ཏུ་གཅིག་སྦུབ། །སྟེང་དུ་རྡོ་རྗེ་རྒྱ་གྲམ་དུ་བཞག།

།གནོད་བྱེད་དམ་སྲི་མི་མིན་མི་རུ་བརྫུ་བ། །ལྷ་མིན་ལྷ་རུ་བརྫུ་བ། །མགོ་གཡོག་མགོ་བསྐོར་བྱེད་པ་ཐམས་ཅད། །གཏོར་གཞོང་རི་རབ་འབར་བའི་འོག་ཏུ་ཁུག་ཅིག། །ཛཿཧཱུྂ་བཾ་ཧོཿ ཧཱུྂ། །ཕྱོགས་བཞི་འཁོར་ལོའི་རྩིབས་སྟེང་ན། །རྟོག་མེད་རོ་ཡི་གདན་སྟེང་ན། །རིགས་བཞིའི་མཁའ་འགྲོས་བྲོ་བརྡུངས་པས། །དཔའ་བོའི་བྲོ་བརྡུངས་ཁྲིགས་སེ་ཁྲིག། །དཔའ་མོའི་གར་བྱེད་ཁྱུགས་སེ་ཁྱུག། །ད་ལན་བྲོ་ཞིག་བརྡུངས་པ་ནི། །ཕྱོགས་བཞིའི་དགྲ་བགེགས་རྡུལ་དུ་བརླག་པའི་བྲོ། །ཡ་བདུད་རྒྱལ་པོ་ཐལ་བར་བརླག་པའི་བྲོ། །མ་བདུད་རྒྱལ་མོ་ཐལ་བར་བརླག་པའི་བྲོ། །དམ་སྲི་དམ་ལ་བཏགས་པའི་བྲོ། །རྐྱེན་ངན་བར་ཆད་བཟློག་པའི་བྲོ། །བེ་ཐེལ་རྡུལ་དུ་བརླག་པའི་བྲོ། །དབེན་གནས་དུར་ཁྲོད་ཆེན་པོ་འདིར། །རྟོག་མེད་རོ་ཡི་གདན་སྟེང་ན། །རྡོ་རྗེ་ཕག་མོས་བྲོ་བརྡུངས་པས། །དཔའ་བོའི་བྲོ་བརྡུངས་ཁྲིགས་སེ་ཁྲིག། །དཔའ་མོའི་གླུ་ལེན་ཀྱུ་རུ་རུ། །དབེན་གནས་དུར་ཁྲོད་ཆེན་པོ་འདིར། །ཡ་བདུད་རྒྱལ་པོ་ཐལ་བར་བརླག་པའི་བྲོ། །མ་བདུད་རྒྱལ་མོ་ཐལ་བར་བརླག་པའི་བྲོ། །དམ་སྲི་དམ་ལ་བཏགས་པའི་བྲོ། །རྐྱེན་ངན་བར་ཆད་ཟློག་པའི་བྲོ། །བེ་ཐེལ་རྡུལ་དུ་བརླག་པའི་བྲོ། །བྲོ་འདི་གང་དང་གང་གི་བྲོ། །བྲོ་འདི་ཕ་རོལ་ཕྱིན་དྲུག་བྲོ། །ཕ་རོལ་ཕྱིན་དྲུག་བྲོ་བརྡུངས་པས། །དགྲ་ཉོན་དྲུག་མགོ་ལ་ཆེམས་སེ་ཆེམ། །དུག་གསུམ་མགོ་ལ་ནེམས་སེ་ནེམ། །དུག་ལྔའི་མགོ་ལ་ད་རོལ་ཅིག། །བྲོ་འདི་གང་དང་གང་གི་བྲོ། །བྲོ་འདི་ཡུམ་སྲས་གཉིས་ཀྱི་བྲོ། །ཡུམ་སྲས་གཉིས་ཀྱིས་བྲོ་བརྡུངས་པས། །དགྲ་རྒྱལ་འགོང་མགོ་ལ་ཆེམས་སེ་ཆེམ། །དུག་གསུམ་མགོ་ལ་ནེམས་སེ་ནེམ། །དུག་ལྔའི་མགོ་ལ་ད་རོལ་ཅིག། །བྲོ་འདི་གང་དང་གང་གི་བྲོ། །བྲོ་འདི་རྣལ་འབྱོར་བདག་གི་བྲོ། །རྣལ་འབྱོར་བདག་གིས་བྲོ་བརྡུངས་པས། །དགྲ་དམ་སྲིའི་མགོ་ལ་ཆེམས་སེ་ཆེམ། །དུག་གསུམ་མགོ་ལ་ནེམས་སེ་ནེམ། །དུག་ལྔའི་མགོ་ལ་ད་རོལ་ཅིག། །ཨོཾ་ལཾ་ཧཱུྂ་ལཾ་སྟྭཾ་བྷ་ཡ་ནན། །ཕཊཿ ཕཊཿ

དེ་ནས་གདོན་རྣམས་འཁོན་སེམས་སྦྱང་ཞིང་ཆོས་བཤད་པ་ནི།
།ཕཊཿ བདག་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར། །ཞལ་གཅིག་ཞི་འཛུམ་ཕྱག་གཡོན་པད་དཀར་འཛིན། །སྐུ་ཡིས་ཁམས་གསུམ་སྲིད་རྩེའི་བར་དུ་ཁྱབ། །ཞབས་གཉིས་སྐྱིལ་ཀྲུང་དར་དང་རིན་ཆེན་བརྒྱན། །ཐུགས་ཀར་ཟླ་སྟེང་ཧྲཱིཿལ་ཡིག་དྲུག་བསྐོར། །དེ་ལས་བདུད་རྩི་བབས་པས་སྐུ་ལུས་གང༌། །ཕྱག་གཡས་མཆོག་སྦྱིན་མཛད་པའི་ཕྱག་སོར་ནས། །བདུད་རྩི་འོ་མ་ལྟ་བུའི་ཆུ་རྒྱུན་བབས། །མགྲོན་རྣམས་འཐུང་ཞིང་ཁྲུས་བྱས་སྡུག་བསྔལ་ཞི། །སྡང་སེམས་གདུག་རྩུབ་ཞི་ནས་བྱང་སེམས་ལྡན། །ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས། །ཐམས་ཅད་མགྲིན་གཅིག་ཡིག་དྲུག་འདོན་པར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱིཿ ཅེས་ཅུང་ཟད་བཟླས་ནས།

།ལུས་ཤ་ཁྲག་གི་མཆོད་སྦྱིན་ཚོགས་མཆོད་འདི་བསྔོས་པ་ལ་བརྟེན་ནས་བདག་དང་བསྲུང་བྱ་འཁོར་དང་བཅས་པའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསད་བསད་བཅད་བཅད་ཚེ་ཐུང་བའི་ལན་ཆགས་བྱང་བར་གྱུར་ཅིག། །བརྡུངས་བརྡུངས་བཙོག་བཙོག་ནད་མང་བའི་ལན་ཆགས་བྱང་བར་གྱུར་ཅིག། །འཕྲོག་འཕྲོག་བཅོམ་བཅོམ་ནོར་དབུལ་བའི་ལན་ཆགས་བྱང་བར་གྱུར་ཅིག། །བཟང་དར་ཟབ། །དབྱིག་གསེར་དངུལ། །འབྲུ་བང་མཛོད། །གྲོགས་ཁྱིམ་ཐབ། །རྟ་མ་ཧེ་ལ་སོགས་པ་མདོར་ན་ཚེ་དང་སྲོག་གི་ལན་ཆགས་པའི་བུ་ལོན་འཁོར། །ལན་ཆགས་བྱང། །ཤ་འཁོན་དག་ནས་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག། །ཕཊཿ ཕཊཿ ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཚེ་རབས་འཁོར་བ་ཐོག་མེད་ཀྱི། །བུ་ལོན་འབྲེལ་ཐག་ཆོད་གྱུར་ཅིག། །ཤ་འཁོན་སྡིག་སྒྲིབ་དག་གྱུར་ཅིག། །སེམས་འགྱུ་བ་དངོས་མེད་སྟོང་པ་འདི། །འདྲེ་ཁྱོད་བས་ངས་ཀྱང་མཐོང་མ་མྱོང༌། །དུས་གསུམ་རྒྱལ་བས་གཟིགས་མ་མྱོང༌། །དངོས་སུ་གྲུབ་ཅིང་མཐོང་བའི་ཆོས། །ལུས་གཟུགས་ཕུང་ཤ་ཁྲག་མཆོད་པར་བཞེས། །དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག། །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག། །རིགས་དྲུག་འདོད་པ་ཚིམས་གྱུར་ཅིག། །ལན་ཆགས་བུ་ལོན་བྱང་གྱུར་ཅིག། །རྣམ་བཞིའི་མགྲོན་གྱི་ཚོགས་རྣམས་ལ། །ཚད་མེད་མཆོད་སྦྱིན་འདི་བསྔོས་པས། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང༌། །ཀུན་ཀྱང་སངས་རྒྱས་ཐོབ་པར་ཤོག། །ཕཊཿ ཕཊཿ ཕཊཿ ན་མོ་ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོགས་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བར་ཆད་མེད་པའི་ལམ་བགྲོད་ནས། །མ་ཡུམ་ཆེན་གྱི་གོ་འཕང་ཐོབ་པར་ཤོག། །ཕཊཿ ཕཊཿ བདག་གི་ལུས་ཤ་ཁྲག་གི་མཆོད་སྦྱིན་འདི་ཁ་རག་པ་ཙམ། །དྲི་ཚོར་བ་ཙམ་གྱིས་ན་བ་ལ་ཕན། །ཤི་བ་སོས། །རྒས་པ་དར། །ཕོ་ཐམས་ཅད་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག། །མོ་ཐམས་ཅད་རྗེ་བཙུན་སྒྲོལ་མའི་གོ་འཕང་ཐོབ་པར་ཤོག། །ཕཊཿ ཕཊཿ ལན་ཆགས་གདོན་བགེགས་དང་རིགས་དྲུག་སྙིང་རྗེའི་མགྲོན་ཐམས་ཅད་མགྲོན་པོ་རང་ཁྱིམ་དུ་སོང་བ་ལྟར་རང་རང་གི་གནས་སུ་སོང་བར་གྱུར། །ཕཊཿ ཕཊཿ འབྱུང་པོ་ས་འོག་རྒྱུ་བ་དང༌། །གང་ཡང་ས་སྟེང་འཁོད་པ་དང༌། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷུ་ཏ་གཙྪ་གཙྪ།

།དེ་ནས་དཀོན་མཆོག་སྲིད་ཞུའི་མགྲོན་དང༌། །མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ལ་རྗེས་ཆོག་བྱ་བ་ནི།
།ཨོཾ་གུ་རུ་དེ་ཝ་ཌཱཀྐི་ནི་སརྦ་དྷརྨ་པཱ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་་་་་་་ཤཔྟ་པྲ་ཏིཙྪཱ་ཧཱ།

།ནང་མཆོད་སྲིན་ལག་གིས་གཏོར་ཞིང༌།
།བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་པཉྩ་ཨམྲྀཏ་ཁཱ་ཧི། (PanchAmrita) །དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་པཉྩ་ཨམྲྀཏ་ཁཱ་ཧི། །ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨམྲྀཏ་ཁཱ་ཧི། །བཀའ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་བསྟོད། །ཆད་པ་དང་ནི་ལྷག་པ་དང༌། །ཆོ་གའི་ཡན་ལག་མ་ཚང་དང༌། །བདག་གིས་བགྱིད་ནོངས་ཅི་མཆིས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ། །ཨོཾ་བཛྲ་ས་ཏྭ་ས་མ་ཡཱ། །མ་ནུ་པཱ་ལ་ཡ་བཛྲ་སཏྭ། །ཏེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། །སུ་ཏོ་ཥྱོ་མེ་བྷ་ཝ། །སུ་པོ་ཥྱོ་མེ་བྷ་ཝ། །ཨ་ནུ་རཀྟོ་མེ་བྷ་ཝ། །སརྦ་སིདྡྷི་མེ་པྲ་ཡཙྪ། །སརྦ་ཀརྨ་སུ་ཙ་མེ། །ཙིཏྟཾ་ཤྲི་ཡཾ་ཀུ་རུ། །ཧཱུྂ། །ཧ་ཧ་ཧ་ཧ། །ཧོཿབྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ། །བཛྲ་མཱ་མེ་མུཉྩ། །བཛྲི་བྷ་ཝ། །མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ མདུན་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་བསྔོ་བའི་དཔང་པོ་དང༌། །མཐུན་འགྱུར་མཛད་པར་གྱུར། །ཡུམ་ཆེན་སྲས་དང་སློབ་མ་བཅས་པ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཟབ་མོ་གཅོད་ཡུལ་བརྒྱུད་པ་ལ་སོགས་པ་འཕགས་པ་དང་སོ་སོའི་སྐྱེ་བོའི་དགེ་བའི་རྩ་བ་ཅི་མཆིས་པ་དེ་དག་ཐམས་ཅད་ལ་བདག་དགའ་ཞིང་གུས་པས་རྗེས་སུ་ཡི་རང་ངོ༌། །དེ་ལྟར་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དང༌། །ལུས་ཚོགས་མཆོད་དུ་བསྔོས་པའི་དགེ་བའི་རྩ་བ་འདི། །ཡུམ་ཆེན་མོ་སྲས་དང་བཅས་པའི་སྤྱན་སྔར་འབུལ་བར་བགྱིའོ། །དེ་ལྟར་ཕུལ་བའི་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ་དུས་གསུམ་རྒྱུན་ཆད་མེད་པར་འབྱུང་བར་གྱུར་ཅིག། །དེའི་དགེ་བ་གནས་གདོན་ལུས་གདོན་གྱི་ཐོག་དྲངས་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བར་བགྱིའོ། །བསྔོས་པ་བཞིན་ཐོབ་ནས་བདེ་བ་ཐམས་ཅད་དང་ལྡན། །སྡུག་བསྔལ་ཐམས་ཅད་དང་བྲལ་ནས། །མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག། །དེའི་དགེ་བའི་རྩ་བ་བདག་དང་བསྲུང་བྱའི་རྒྱུད་ལ་ད་ལྟ་ཉིད་དུ་ཡོངས་སུ་སྨིན་པར་གྱུར་ཅིག། །དེ་ལྟར་སྨིན་པ་ལ་བརྟེན་ནས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ད་ལྟ་ཉིད་དུ་བྱང་ཞིང་དག་པར་གྱུར་ཅིག། །ཚེ་དང་བསོད་ནམས་ཉམས་དང་རྟོགས་པ་ཐམས་ཅད་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག། །གཅོད་ཡུལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ་ཐོབ་པར་གྱུར་ཅིག། །ནམ་འཆི་བའི་ཚེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བསུས་ནས། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་བགྲོད་ནུས་པར་གྱུར་ཅིག། །དེར་མེ་ཏོག་པདྨའི་སྙིང་པོ་ལ་བརྫུས་ཏེ་སྐྱེ་བར་གྱུར་ཅིག། །སྐྱེས་མ་ཐག་ཏུ་མེ་ཏོག་པདྨའི་ཁ་འབྱེད་དེ་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མངོན་སུམ་དུ་མཐོང་བར་གྱུར་ཅིག། །དེར་ས་བཅུ་ལམ་ལྔ་མཐར་ཕྱིན་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག། །སངས་རྒྱས་ནས་ནམ་མཁའ་ཇི་སྲིད་འགྲོ་བ་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག། །བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་དང༌། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག། །གཅོད་ཡུལ་ཉམས་སུ་ལེན་པའི་གང་ཟག་ལ། །རང་སེམས་བདུད་དུ་མི་སྡང་ཞིང༌། །སྙེམས་རྟོག་མ་ལུས་ཆོད་པར་ཤོག། །བཟང་པོའི་ཡོན་ཏན་ཅི་བྱུང་ཡང༌། །དེ་ལ་རློམ་སེམས་མེད་པར་ཤོག། །ངན་པའི་རྣམ་རྟོག་ཅི་བྱུང་ཡང༌། །དེ་ལ་སྙེམས་རྟོག་མེད་པར་ཤོག། །དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི། །མཁའ་ལ་ཉི་མ་ཤར་བ་ལྟར། །ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག།

།མདུན་གྱི་ལྷ་ཚོགས་ཐམས་ཅད་ཀྱི་མགྲིན་གཅིག་དབྱངས་གཅིག་གིས་བཀྲ་ཤིས་བརྗོད་པར་བསམ་ལ།
།མེ་ཏོག་ཆར་པ་འབེབས་པར་གྱུར། །ཆོས་དབྱིངས་ལྷུན་གྱིས་གྲུབ་པ་ཡི། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་བཀྲ་ཤིས་ཤོག། །འགྱུར་བ་མེད་པ་རྡོ་རྗེ་མཁའ་འགྲོའི་བཀྲ་ཤིས་ཤོག། །དགོས་འདོད་ཀུན་འབྱུང་རིན་ཆེན་མཁའ་འགྲོའི་བཀྲིས་ཤོག། །སྐྱོན་གྱིས་མ་གོས་པདྨ་མཁའ་འགྲོའི་བཀྲིས་ཤོག། །ཐམས་ཅད་ལྷུན་གྲུབ་ལས་ཀྱི་མཁའ་འགྲོའི་བཀྲིས་ཤོག། །དམ་ཚིག་ལ་གནས་འཇིག་རྟེན་མཁའ་འགྲོའི་བཀྲིས་ཤོག། །བར་ཆད་ཀུན་སེལ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲིས་ཤོག། །ལས་དང་འཇིག་རྟེན་མཁའ་འགྲོའི་ཚོགས། །ཤ་ཟ་དམ་ཚིག་མཁའ་འགྲོ་མ། །འཇིག་རྟེན་ཆོས་སྐྱོང་སྲུང་མ་རྣམས། །ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སོ་སོའི་ཡུལ་དུ་གཤེགས་སུ་གསོལ། །སོ་སོའི་ཡུལ་དུ་གཤེགས་ནས་ཀྱང༌། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཾཿ

དེ་ནས་སྔར་སྤར་བའི་རྣམ་ཤེས་དབབ་པ་ནི།
།ཕཊཿ མདུན་གྱི་ཡུམ་ཆེན་མ་ཅིག་ཐུགས་ཀ་ནས། །རང་དང་བསྲུང་བྱའི་རྣམ་ཤེས་ངོ་བོ་དེ། །འོད་ཀྱི་གོང་བུའི་དབུས་སུ་མ་ཅིག་ནི། །དཀར་གསལ་འཛུམ་མཛེས་གར་སྟབས་ཁྱུགས་ཁྱུག་ཅིག། །ཚངས་བུག་ནས་ཞུགས་དབུ་མའི་ལམ་ནས་བརྒྱུད། །སྙིང་དབུས་པདྨ་འདབ་བརྒྱད་དབུས་སུ་བཞུགས། །གྱེན་དུ་ཁ་ཟླུམ་བུམ་སྐུའི་རྣམ་པར་གྱུར།

།དེ་ནས་བྱིན་རླབས་ཞུ་བ་ནི།
།མ་ཅིག་ཡུམ་ཆེན་ལྷ་ཚོགས་འཁོར་བཅས་ཀྱིས། །བདག་དང་བསྲུང་བྱའི་ལུས་ངག་ཡིད་གསུམ་ལ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལྟར་གསོལ་བ་བཏབ་པས་ལྷ་རྣམས་ཀྱི། །སྐུ་གསུང་ཐུགས་ལས་འོད་ཟེར་སྣ་ཚོགས་འཕྲོས། །ཡུམ་ཆེན་འོད་ཟེར་འཕྲོས་པས་མ་ཅིག་བསྐུལ། །མ་ཅིག་སྐུ་ལས་འོད་ཟེར་འཕྲོས་པ་ཡིས། །གཡོན་ཕྱོགས་རིགས་ཀྱི་མཁའ་འགྲོ་སྡེ་ལྔ་བསྐུལ། །ཀུན་གྱི་བྱིན་རླབས་མཁའ་འགྲོ་ལྔ་ལ་བསྡུས། །སྡེ་ལྔའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀུན། །འོད་ཟེར་དཀར་དམར་མཐིང་ཀའི་རྣམ་པར་བྱོན། །བདག་དང་བསྲུང་བྱའི་ལུས་ངག་ཡིད་གསུམ་ལ། །སིབ་སིབ་ཐིམ་ནས་བྱིན་རླབས་དངོས་གྲུབ་ཐོབ། །ཕཊཿ ཕཊཿ ཕཊཿ

དེ་ནས་དབང་བླང་བ་ནི།
།མ་ཅིག་ཡུམ་ཆེན་ལྷ་ཚོགས་ཐམས་ཅད་ཀྱིས། །བདག་ཅག་དཔོན་སློབ་བསྲུང་བྱ་ཐམས་ཅད་ལ། །དབང་བཞི་རྫོགས་པར་བསྐུར་བར་མཛད་དུ་གསོལ། །གསོལ་བ་བཏབ་པས་ལྷ་ཚོགས་ཐམས་ཅད་ཀྱི། །དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། །བདག་དང་བསྲུང་བྱའི་ཚངས་པའི་བུག་ནས་ཞུགས། །ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག། །འོད་ཟེར་དཀར་པོས་ལུས་རྣམས་མེར་གྱིས་གང༌། །བུམ་པའི་དབང་ཐོབ་སྤྲུལ་སྐུའི་ས་བོན་བཞག། །མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། །བདག་དང་བསྲུང་བྱའི་མགྲིན་པའི་གནས་སུ་ཞུགས། །ངག་གི་སྒྲིབ་དག་དིག་ལྐུག་ཐམས་ཅད་བྱང༌། །ལུས་ནང་འོད་ཟེར་དམར་པོས་གང་བ་ཡིས། །གསང་བའི་དབང་ཐོབ་ལོངས་སྐུའི་ས་བོན་བཞག། །ལྷ་ཚོགས་ཐུགས་ཀའི་ཧཱུྂ་ཡིག་སྔོན་པོ་ལས། །འོད་སྔོན་བདག་གཞན་བསྲུང་བྱའི་སྙིང་ཁར་ཐིམ། །སེམས་ཀྱི་སྒྲིབ་པ་སྨྱོ་འབོག་ཐམས་ཅད་དག། །འོད་ཟེར་སྔོན་པོས་ལུས་རྣམས་ལྟེམས་ཀྱིས་གང༌། །ཤེར་ཡེའི་དབང་ཐོབ་ཆོས་སྐུའི་ས་བོན་བཞག། །ལྷ་རྣམས་གནས་ནས་འོད་ཟེར་སྣ་ཚོགས་འཕྲོས། །བདག་དང་བསྲུང་བྱའི་ལུས་ཀུན་ལ་ཐིམ་པས། །སྒོ་གསུམ་ཆ་མཉམས་སྒྲིབ་པ་ཐམས་ཅད་དག། །ནད་གདོན་སྡིག་སྒྲིབ་དུད་ཁུ་སོལ་ཁུ་དང༌། །ཉ་ལྕོང་སྦལ་སྦྲུལ་རྣམ་པར་ཉིལ་གྱིས་བུད། །ལུས་ཀུན་འོད་ཟེར་ཁ་དོག་དུ་མས་གང༌། །དབང་བཞི་ཡོངས་སུ་རྫོགས་པ་ཐོབ་གྱུར་ནས། །ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །ཡུམ་ཆེན་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་རྣམས། །འོད་དུ་ཞུ་ནས་མ་ཅིག་ཉིད་ལ་ཐིམ། །མ་ཅིག་བདག་དང་བསྲུང་བྱའི་གྲངས་མཉམ་པའི། །ཁ་དོག་ལྔ་ལྡན་གྱུར་ནས་བདག་ཉིད་དང༌། །བསྲུང་བྱའི་སྦྱི་བོར་བཞུགས་ནས་བྱིན་གྱིས་བརླབས། །ཀྱཻ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །མ་ཤར་ནས་གོམ་གསུམ་བྱོན་ཙ་ན། །སྐུ་ཤ་ཆུང་ལ་སྐུ་མདོག་དཀར། །རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས། །ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ། །བྱིན་རླབས་ཆར་རྒྱུན་སི་ལི་ལི། །མ་སྦྱི་གཙུག་རྒྱན་འདིར་བཞུགས་སུ་གསོལ། །སྤྱི་གཙུག་རྒྱན་དེར་བཞུགས་ནས་ཀྱང༌། །མས་བྱིན་གྱིས་བརླབས་པར་མཛད་དུ་གསོལ། །མས་བྱིན་གྱིས་རློབས་ཤིག་མ་ཅིག་མ། །བར་ཆད་སོལ་ཅིག་མ་ཅིག་མ། །རྟོགས་པ་སྐྱེད་ཅིག་མ་ཅིག་མ། །དབང་མཆོག་བསྐུར་ཅིག་མ་ཅིག་མ། །ཐུགས་རྗེས་ཟུངས་ཤིག་མ་ཅིག་མ། །ཕཊཿ ཕཊཿ ཕཊཿ།

།རྒྱས་པ་འགྲེས་ཡིན་ཀྱང་བསྡུ་ན།
།མ་ལྷོ་ནས་གོམ་གསུམ་བྱོན་ཙ་ན། །སྐུ་ཤ་ཆུང་ལ་སྐུ་མདོག་སེར། །རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར། །མ་ནུབ་ནས་གོམ་གསུམ་བྱོན་ཙ་ན། །སྐུ་ཤ་ཆུང་ལ་སྐུ་མདོག་དམར། །པདྨ་མཁའ་འགྲོ་འབུམ་གྱིས་བསྐོར། །མ་བྱང་ནས་གོམ་གསུམ་བྱོན་ཙ་ན། །སྐུ་ཤ་ཆུང་ལ་སྐུ་མདོག་ལྗང༌། །ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །མ་དབུས་ནས་གོམ་གསུམ་བྱོན་ཙ་ན། །སྐུ་ཤ་ཆུང་ལ་སྐུ་མདོག་ནག། །ཡེ་ཤེས་མཁའ་འགྲོ་འབུམ་གྱིས་བསྐོར། །ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས། །ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ། །བྱིན་རླབས་ཆར་རྒྱུན་སི་ལི་ལི། །མ་སྤྱི་གཙུག་རྒྱན་འདིར་བཞུགས་སུ་གསོལ། །སྤྱི་གཙུག་རྒྱན་དེར་བཞུགས་ནས་ཀྱང༌། །མས་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བྱིན་གྱིས་རློབས་ཤིག་མ་ཅིག་མ། །བར་ཆད་སོལ་ཅིག་མ་ཅིག་མ། །རྟོག་པ་སྐྱེད་ཅིག་མ་ཅིག་མ། །དབང་མཆོག་བསྐུར་ཅིག་མ་ཅིག་མ། །ཐུགས་རྗེས་ཟུངས་ཤིག་མ་ཅིག་མ། །ཕཊཿ ཕཊཿ ཕཊཿ བདག་དང་བསྲུང་བྱའི་སྦྱི་བོར་མ་ཅིག་རིགས་ལྔ་འོད་དུ་ཞུ་ནས། །བདག་དང་བསྲུང་བྱ་ལ་ཐིམ་པས། །སྐུ་དང་ལུས་དབྱེར་མེད་དུ་འདྲེས། །གསུང་དང་ངག་དབྱེར་མེད་དུ་འདྲེས། །ཐུགས་དང་སེམས་དབྱེར་མེད་དུ་འདྲེས། །བདག་དང་བསྲུང་བྱ་རྣམས་མ་ཅིག་དང་དབྱེར་མེད་པ། །ཆོས་ཀྱི་སྐུར་ལམ་གྱིས་སོང་བར་གྱུར། །ཕཊཿ ཕཊཿ ཕཊཿ ཅེས་སྤྲོས་བྲལ་སྟོང་ཉིད་ངང་ལ་ཡུན་རིང་དུ་བཞག་གོ།

སླར་ཡང་རང་ཉིད་ཌཱཀི་དམར་མོ་རྒྱན་མེད་པ་སྒྱུ་མའི་སྐུར་གྱུར།

སྤྱོད་ལམ་ལ་འཇུག་གོ། །དེ་ཡང་ཤིན་ཏུ་རྒྱས་པར་འདོད་ན་འགྲེལ་དང་བསྡུས་པ་རྣམས་རྒྱས་པར་བཤད་ལ་འདོན། །དེ་ནས་བསྡུ་ན་འདིར་ཡོད་ལྟར་ལ་གདོན་ཚོགས་དགུ་མ་སྦྱར། །དེ་བསྡུ་ན་གདོན་ཚོགས་དགུ་མ་མི་དགོས། །དེ་ལས་བསྡུ་ན་སེར་མ་རྣམས་བསྐྱུར་ནས་དམིགས་པ་ཡིད་ཀྱི་བསྒོམ་ལ་གཞུང་རྣམས་འདོན། །བདུད་རྩི་བྱིན་རླབས་ཀྱང་དང་པོ་གཅིག་བྱས་ནས་རྒྱུན་དུ་མི་དགོས། །དབང་སྡུད་ཞི་དྲག་གང་རུང་རེ་རེས་ཆོག། །དེ་ལས་བསྡུ་ན་བསྐང་བ་བསྐྱུར། །གཏོར་འབུལ་འབུལ་བསྐུལ་རྐྱང་པ་དང་གཅོད་ཀྱི་གཏོར་འབུལ་མཁའ་འགྲོ་སྡེ་དྲུག་ཙམ་གྱིས་ཆོག། །དེ་བས་བསྡུ་ན་གཏོར་བསྔོ་སྔགས་བསྔོ་བྱེད། །བསྐང་བ་བསྐྱུར། །གཏོར་འབུལ་གཅོད་ཀྱི་མཁའ་འགྲོ་སྡེ་དྲུག་གིས་ཆོག་གོ། །འདི་ཚར་རེའམ་ཞག་རེ་ལའང་རུང༌། །ལྔ་བདུན་དུ་སོགས་རྟགས་ཐོན་བྱེད་ན། །གཅོད་ཚོགས་ཚར་གསུམ་མམ་གཉིས་རེ་ལུས་སྦྱིན་གསུམ་མམ་གཉིས་ཏེ། །ཐུན་བཞི་དྲུག་བྱ། །ཐུན་མཚམས་སུ་སྨྱོན་འདུལ་ལ་སོགས་གང་དགོས་ཀྱི་དམིགས་པ་གསེབ་མིག་ཏུ་བཏང་བ་ཡིན་ནོ། །

༈ ཨེ་མ། །ཡུམ་ཆེན་ཐུགས་སྤྲུལ་མ་ཅིག་གཅོད་ཚོགས་འདི། །མདོ་ལུགས་སྔགས་ལུགས་ཟུང་འཇུག་ལུགས་གསུམ་ལས། །རྒྱ་ཆེར་འཕེལ་ནས་ཧ་ཅང་འཆལ་དྲག་པས། །མི་འདྲ་མི་མཐུན་ནམ་མཁའི་སྐར་ཚོགས་ཙམ། །དེང་སང་གཅོད་པ་ཕལ་གྱིས་གང་རྙེད་འདོན། །མཛད་བྱང་རྩོམ་བྱང་ཕལ་ཆེར་མི་སྣང་བས། །རྣམ་པ་དག་དང་གཅོད་ལོག་འབྱེད་པ་དཀའ། །ཐོད་སྨྱོན་གངས་པ་རྨུག་སངས་ལྷུན་གྲུབ་ནས། །གྲུབ་ཆེན་ཀརྨ་པ་ལ་གཅོད་ཚོགས་བརྒྱུད། །གཉན་རས་པ་ནས་རང་བྱུང་པ་ལ་བརྒྱུད། །འོན་ཀྱང་དེ་ཉིད་སྔགས་ལུགས་གཙོ་ཆེ་བས། །བརྒྱུད་པ་ཧ་ཅང་མི་འཕེལ་རྟེན་འབྲེལ་གཟིགས། །གནམ་མཚོ་བ་ནས་མདོ་ལུགས་བརྒྱུད་པ་དང༌། །མདོ་སྔགས་ཟུང་འཇུག་བརྒྱུད་པ་གསན་མཛད་ནས། །གཅོད་ཚོགས་གསལ་དག་རང་བྱུང་རྒྱལ་བས་མཛད། །འོན་ཀྱང་དར་ཆེ་ཕྱག་ལེན་མང་དུ་དར། །ལ་ལས་རྒྱས་འདོད་ཚིགས་ལྷད་མང་དུ་བཅུག། །ལ་ལས་བསྡུས་འདོད་བཀའ་བརྒྱུད་ཚོགས་ལས་འཕྲི། །དེ་སོགས་མི་འདྲ་མང་དུ་དར་ན་ཡང༌། །འདི་ཡི་དམིགས་རིམ་བཤད་པ་མཐའ་དཔྱོད་བཅས། །དབོན་པོ་རཏྣ་སེང་ཧས་མཛད་པ་དང༌། །དེ་ཡི་དོན་བསྡུས་ཀུན་དགའ་རྣམ་རྒྱལ་གསུངས། །གཞན་ཡང་མན་ངག་མང་དུ་མཐོང་ཞིང་ཐོས། །ཟུར་མང་ལུགས་དང་རྒྱ་སྟོན་ཞགས་གཅོད་ལུགས། །ཚད་ལྡན་ཚད་ལྡན་མིན་པ་མང་པོ་ཡི། །ཕྱག་ལེན་མང་པོ་མཐོང་ཞིང་ཐོས་པ་དང༌། །ཆོས་ཀྱི་དབང་ཕྱུག་ཀུན་དགའ་རྣམ་རྒྱལ་ལའང༌། །ལུས་སྦྱིན་གཅོད་ཚོགས་འབྲེལ་བ་བྱིན་རླབས་ཐོབ། །གཞན་ཡང་ཡོངས་འཛིན་ལྔ་ལས་གཅོད་ཁྲིད་ཐོབ། །དབང་ལུང་དམིགས་རིམ་སོ་སོར་ཅི་རིགས་ཞུས། །ཆར་འབོད་དང་ནི་ནད་གཅོད་དམིགས་རིམ་ལ། །ལན་གྲངས་འགའ་འགར་ཚར་ལྷོངས་རེ་ཙམ་བྱུང༌། །དམ་པ་མ་ཅིག་ལ་སོགས་རྨི་ལམ་དུ། །བྱིན་གྱིས་བརླབས་པའི་མཚན་མ་ཅུང་ཟད་མཐོང༌། །དབོན་པོ་ཆོས་འཕེལ་ཞེས་བྱས་ཡང་ཡང་དུ། །འདི་ཉིད་བསྒྲིགས་དགོས་ནན་ཏན་ཆེར་བྱས་ཏེ། །གཅོད་ཡུལ་བརྒྱུད་པའི་བླ་མ་ཡི་དམ་ལ། །གསོལ་བ་བཏབ་པས་རུང་ངམ་མི་རུང་བརྟགས། །འདི་ཉིད་མ་རྒྱུད་ཌཱཀྐིའི་སྲོག་སྙིང་ཕྱིར། །རང་གི་ཚེ་ལ་ཅུང་ཟད་གཟན་པ་དང༌། །རང་ཉིད་ཡོངས་ལ་མ་གྲགས་མཁོས་དམན་པས། །ཚད་ལྡན་སྟོབས་ཆེན་སུ་ལ་མི་ཕན་ཡང༌། །ཉམ་ཆུང་རྨོངས་པ་འགའ་ལ་ཕན་པའི་ལྟས། །སྐུ་ཡི་རྣམ་པ་གསལ་བར་མ་མཐོང་ཡང༌། །བཅོམ་ལྡན་ཤཱཀ་ཐུབ་དངོས་སུ་བྱོན་ནས་ཀྱང༌། །ཤེར་ཕྱིན་རྒྱས་པའི་ཆོས་འཁོར་བསྐོར་འདུག་པས། །དེ་ཡི་ཁྲི་ནས་ཆོན་ཐག་དཀར་པོ་བཞི། །བདག་གིས་ཕྱོགས་བཞིར་འཐེན་ཅིང་དེ་ཡི་རྒྱུད། །དར་ཅོག་དཀར་པོ་ཆུང་ཆུང་མཐོ་རེ་ཙམ། །གྲངས་མེད་ཕྱོགས་བཞིར་ཀུན་ཏུ་བཙུགས་པ་རྨི། །རང་ལ་གནོད་ཀྱང་བཟོད་བྱས་གཞན་ཕན་གྱིས། །བསམ་པ་བཟང་པོས་ཀུན་ནས་བསླང་སྟེ་བྲིས། །དེ་ཕྱིར་ཕྱིན་ཆད་འདི་ལ་སུ་ཡིས་ཀྱང༌། །བསྣོན་འབྲི་བཅོས་སླད་གཅིག་ཀྱང་མི་མཛད་ཞུ། །མཚན་མོ་སྒྲ་སྒྲོགས་ཤམ་པོའི་གཟའ་བདུད་དང༌། །ཟངས་རི་སྤུན་བདུན་དྲག་པོ་ཟླ་སྐྱོང་སོགས། །བཀའ་སྲུང་རྣམས་ལ་གཏད་དོ་ཐུབ་པར་བསྲུང༌། །མ་ཅིག་དམ་ལས་མ་འདའ་ས་མ་ཡཱ། །བདག་གིས་མི་ཤེས་སོ་སྐྱེའི་དབང་གྱུར་པས། །མ་རྟོགས་ལོག་རྟོགས་སྦ་འོས་གསལ་བཀོད་སོགས། །འགལ་འཁྲུལ་ཉེས་པའི་ཚོགས་རྣམས་ཅི་མཆིས་པ། །མ་ཅིག་ཆོས་བདག་སྲུང་མའི་ཚོགས་ལ་བཤགས། །དེ་ཕྱིར་སྒྲིབ་པར་མ་གྱུར་དངོས་གྲུབ་སྩོལ། །འདི་ཉིད་བྲིས་བཞེངས་རྩོམ་པའི་དགེ་བ་དེས། །བདག་དང་བདག་ལ་འབྲེལ་བ་ཐོགས་པ་དང༌། །འདི་ཉིད་མཐོང་ཐོས་འབྲེལ་ཐོབ་འགྲོ་བ་རྣམས། །ཚེ་འདིའི་བར་ཆད་བདུད་བཞི་གཡུལ་ལས་རྒྱལ། །ནམ་ཞིག་འཕོ་ཚེ་ཌཱཀྐིའི་ཚོགས་རྣམས་ཀྱིས། །མེ་ཏོག་ཆར་འབེབ་རོལ་མོའི་དང་བཅས། །བདེ་བ་ཅན་གྱི་ཞིང་དེར་འཁྲིད་བྱེད་ཅིང༌། །ཆོས་སྐུ་འོད་དཔག་མེད་པའི་ཞལ་མཐོང་ནས། །བྱང་ཆུབ་སྤྱོད་པ་རྒྱ་ཆེན་སྤྱོད་གྱུར་ཅིག། །དེ་སྐད་སྨྲས་པ་རཱ་གའི་མིང་ཅན་དེས། །ཤིང་རྟ་གྲོ་ཞུན་ཟླ་བར་རྫོགས་པར་བཀོད། །གཅོད་ཡུལ་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག།

ཨོཾ་སྭ་སྟི། །ཚོགས་ལས་རིན་ཆེན་ཕྲེང་བ་ཞེས་བྱ་བ། །རྩ་བ་སྙན་བརྒྱུད་དགོངས་པ་ཇི་བཞིན་དུ། །རང་བྱུང་རྒྱལ་བས་མཛད་པ་ཆགས་མེད་ཀྱིས། །ཞལ་ཤེས་མན་ངག་གབ་པ་མངོན་ཕྱུང་སྟེ། །ཆོག་བསྒྲིགས་བཀོད་དོན་གང་གིས་གསུངས་པ་ལྟར། །མི་འདྲ་མི་མཐུན་ནམ་མཁའི་སྐར་ཚོགས་ཙམ། །དཔེ་ངན་རྒྱུན་འབྱམས་འདྲ་མིན་སྣ་ཚོགས་མཐོང༌། །བཙོ་མའི་གསེར་ལ་སླར་ཡང་ལྷད་ཞུགས་ལྟར། །རྣམ་དག་ཆོ་གའི་གཟུགས་སུ་འཁྲུལ་ལ་དོགས། །ལྷད་མ་ཞུགས་པའི་ཕྱི་མོ་དཀོན་ན་ཡང༌། །རང་བྱུང་རྒྱལ་བའི་ཡིག་རྙིང་རྩ་བར་བཟུང༌། །ཁམས་དབུས་གཅོད་པོད་དྲུག་ཙམ་ཞལ་བསྡུར་ཏེ། །དེ་ཕྱིར་འདི་ཉིད་དག་པའི་ཁུལ་དུ་བྱས། །རྒྱས་བསྡུས་འབྲིང་གི་འགྲོ་ཚུལ་གཞུང་ན་གསལ། །དེ་སྐབས་སེར་མ་བསྐྱུར་ཞེས་གསུངས་པའི་དོན། །སེར་རྟགས་དབུ་མཇུག་ཉི་ཟླའི་མཚན་མ་ཡོད། །སྔོན་ཆད་རེ་འགས་ག་ཏེའི་སྔགས་མཇུག་ཏུ། །ཧ་རི་ནི་ས་བཏགས་པ་གཞུང་ན་མེད། །རེ་འགས་ཐུབ་པའི་ཐུགས་ཀར་རང་འདོད་ཀྱི། །བླ་མ་གསལ་ཡང་བླ་མ་དེ་ཉིད་ནི། །བརྒྱུད་ཚུལ་ནང་མེད་རང་འདོད་ཁོ་ནར་ཟད། །རེ་འགས་བསྟོད་པར་དཀྱིལ་འཁོར་ཡོངས་རྫོགས་ལྷར། །ཕྱག་འཚལ་ཞེས་དང་བླ་བརྒྱུད་ཁ་བསྐང་བྱེད། །ཁ་བསྐང་མི་དགོས་ཕྱིར་ན་འདི་སྐད་གསུངས། །གཅོད་ཁྲིད་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཞེས་དང་སོགས་ཁོངས་རྣམས་སུ་བསྡུས་ཕྱིར་རོ། །དེ་ལས་ལྷག་ན་མུ་མཐའ་མེད་པར་འགྱུར། །རེ་འགས་གཏེར་གཞུང་འགའ་ནས་ཁ་བསྐང་བྱེད། །མི་དགོས་གཞུང་འདིར་རང་རྐང་ཚང་ཕྱིར་རོ། །རེ་འགས་བཀའ་བརྒྱུད་ཕག་མོར་བདག་བསྐྱེད་བྱེད། །མི་དགོས་དགོས་ཚེ་སྐད་ཅིག་དྲན་རྫོགས་ཡོད། །ཕལ་ཆེར་ཐ་མལ་གནས་ལས་ལྷ་གསལ་ན། །ལུས་སྦྱིན་སྐབས་སུ་ལྷ་བསད་ཉེས་པ་ལྕི། །ཡང་ནི་མགོན་པོ་ཕྱག་དྲུག་བསྟོད་པ་ལ། །ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །རིན་ཆེན་ཐོད་སྐམ་ཟེར་བའི་ཚིག་ཟུང་འདི། །རྒྱ་འགྱུར་ནང་དུ་མེད་པས་བཞག་ན་མཐུས། །མཁའ་འགྲོ་འབུམ་བསྐུལ་དུག་གཞུག་སྤར་ཆོག་ཀྱང༌། །དཔེ་གཞན་རྣམས་ལ་མེད་པས་དཔྱད་པར་རིག། །དེ་སོགས་ཚིག་སྦྱོར་འདྲ་མིན་སྣ་ཚོགས་འཆོས། །རྡོ་རྗེའི་གསུང་གི་བྱིན་རླབས་དབྱིངས་སུ་ཡལ། །མ་བཟོད་གཞུང་འདི་རང་འདོད་མ་ཡིན་པའི། །ཚད་ལྡན་སོར་བཞག་ཡིག་སྐྱོན་སྣ་ཚོགས་བཅོས། །དོན་ལ་གཞུང་འདི་བླ་མའི་རྣལ་འབྱོར་ཡིན། །དེ་ལ་གཅོད་ལུགས་ཚོགས་བསགས་སྒོ་ཀུན་ཚང༌། །ཚོགས་རྫོགས་བྱིན་རླབས་ཚན་ཁ་ཁྱད་པར་འཕགས། །འདི་ཉིད་གྲུབ་ཐོབ་རྣམས་ཀྱི་མགུར་དབྱངས་དང༌། །བསྟོད་ཚོགས་སྐོར་ཡིན་ཚིག་ལ་རིང་ཐུང་སོགས། །ཡོད་ཀྱང་དོན་ལ་དགོངས་ཕྱིར་ཚིག་ཕྱིར་མིན། །ཕྱིན་ཆད་མཁས་བླུན་མཐོ་དམན་གང་ཡིན་གྱིས། །བཅོས་ལྷད་མི་བྱ་རང་སོར་བཞག་པ་ཞུ། །གལ་སྲིད་རྩོམ་དགོས་རང་སྟོབས་ཀྱིས་བསྐྲུན་པའི། །ཞུང་ཆེན་མང་པོ་མཛོད་དང་ཡི་རང་ངོ། །འདི་ཉིད་སྐྱོན་བྲལ་བཅོས་ལྷད་དགོས་པ་མེད། །གཏེར་ཆོས་ཕལ་ཆེར་བཅོས་དྲག་བྱིན་རླབས་ཡལ། །སྔོན་ཆད་གཞུང་འདིར་བཅོས་པའི་མཁས་བླུན་འགའ། །གཟའ་ཡིས་སྲོག་རྩ་བཅད་པར་མཐོང་ཐོས་མང༌། །དེ་ཕྱིར་བག་ཡོད་རང་སྲོག་གཅེས་པར་བྱ། །འདི་ན་རྒྱལ་སྲས་སྤྱོད་པའི་ལམ་ཆེན་ལས། །ལྟོ་གོས་དང་ནི་འདྲེ་འདུལ་ཕྱིར་མ་ཡིན། །འདི་ཉིད་དང་ནི་ཆར་འབེབ་གཙོ་བོར་བཟུང༌། །གཞན་རྣམས་འཁོར་འདས་རོ་སྙོམས་ཆེན་པོ་ཡི། །རྣམ་ཐར་གསུམ་ལྡན་ཕྲིན་ལས་འགོག་མེད་ཕྱིར། །མཐའ་གཏད་རིགས་དང་གཤེད་འདུལ་རོ་བཤའ་དང༌། །མེ་མཆོད་སྐོར་རྣམས་སྙན་བརྒྱུད་ཆད་ཀྱི་དོགས། །ཆོག་བསྒྲིགས་མཛད་ལས་ལྟོ་གོས་ཕྱིར་མ་གསུང༌། །གཅིག་ཕན་གཅིག་གནོད་བྱེད་པའི་ལག་ཆ་མིན། །གཅོད་ཡུལ་གྲོང་ཆོག་གོལ་བའི་དུས་སྐབས་འདིར། །མཐའ་གཏད་སྐོར་སོགས་དེ་ཙམ་དགོས་གལ་ཆུང༌། །བདེན་མིན་སོ་སོའི་སྐབས་ནས་གསལ་ལ་ལྟོས། །དེ་ཕྱིར་གཞུང་རྐྱང་འདི་ཉིད་གསར་བསྐྲུན་བྱས༎ ༎


དགེ་བས་ལྷ་འདྲེས་གཙོ་བྱས་ཡིད་ཅན་ཀུན། །ཡུམ་ཆེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག། །གཅོད་བྱ་གཉིས་སུ་འཛིན་པའི་ཆོས་རྣམས་ཀུན། །གཅོད་བྱེད་བདག་མེད་ཤེས་རབ་རལ་གྲི་ཡིས། །གཅོད་ཚེ་རྣམ་ཐར་གསུམ་ལྡན་སྟོང་པ་ཉིད། །མི་མཐོང་མཐོང་བའི་མཆོག་འདི་མཐོང་བར་ཤོག།

།འདི་ལྟར་དགོས་ཞེས་གཞན་ཕན་གྱིས་བསྐུལ་ངོར། །གཅོད་སྨྱོན་དྷརྨ་སེང་གེས་བྲིས་པས་དགེ། དགེའོ། དགེའོ། དགེའོ། ༎

ཨོཾ་ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝཿཧེ་ཏུནྟཥཱནྟ་ཐཱ་ག་ཏོ་ཧྱ་བ་ད་ཏཿ ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་སྭཱ་ཧཱ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༎ ༎