༈ དག་ཡིག་ཉེར་མཁོ་བསྡུས་པ།

མཛད་པ་པོ། ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། (1059-1109)

༈ ན་མོ་གུ་རུ། དག་ཡིག་ཉེར་མཁོ་བསྡུས་པ་བཞུགས་ཞེས་བྱ་བ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། འདིར་ཉེ་བར་མཁོ་བའི་ཡི་གེ་འདིའི་མིང་འདི་ཞེས་བྱ་ཞིང༌། དོན་འདི་བརྗོད་པ་ལ་ཚིག་འདི་དང་འདི་འཇུག་གོ་ཞེས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་བསྟན་བཅོས་འདི་རྩོམ་མོ།

དེ་ལ་བསྟན་བཅོས་འདིའི་སྡོམ་ཚིག་ནི། སྤྱིར་བསྟན་གྲངས་ངེས་ཚིག་ཕྲད་དང༌། ། འཕུལ་དང་བརྟེན་པའི་སྤང་བླང་དང༌། ། དམིགས་བསལ་སོ་སོར་དབྱེ་བ་སྟེ། ། རྣམ་པ་ལྔ་ཡིས་བསྡུས་པ་ཡིན། ཞེས་བྱའོ༎

དེ་ལ་དང་པོ་ནི། ཡི་གེ་སུམ་ཅུ་བུ་ནི་བཞི། ། ཡ་བཏགས་བདུན་དང་ར་བཏགས་བཅུ། ། དེ་བཞིན་འོག་ཏུ་ལ་བཏགས་དྲུག། ཝ་བཏགས་རྣམ་པ་བཅུ་གཉིས་དང༌། ། ར་ལ་བཏགས་པ་བཅུ་གསུམ་དང༌། ། ལ་ལ་བཏགས་པ་བཅུ་དང་ནི། ། ས་ལ་བཏགས་པ་བཅུ་གཉིས་དང༌། ། འཕུལ་ཡིག་ལྔ་དང་མཐའ་རྟེན་བཅུ། ། སྟེང་འོག་ཡི་གེ་མུ་བཞི་སྟེ། ། འཕུལ་དང་རྟེན་ལ་མུ་གསུམ་ཡིན། ། ཞེས་པ་ནི། བསྟན་བཅོས་འདིའི་བརྗོད་བྱ་གཙོ་ཆེ་བ་སྤྱིར་བསྟན་པའོ།

ད་ནི་སྤྱིར་བསྟན་པ་དེ་དག་རིམ་པ་བཞིན་དུ་གྲངས་ངེས་པའི་ཚུལ་འདི་དག་ཡིན་ནོ། ། ཞེས་བཤད་པར་བྱ་སྟེ། ཡི་གེ་སུམ་ཅུ་དཔེར་བརྗོད་ནི། ཨ་ཕ་ཁོ་ནི་ཇ་ཆང་ཤ། གཅིག་པུ་ཟ་འཛུ་དེ་ལ་ཧེ། ། ཉེ་ཝ་ཚོ་ཡི་ཏི་ཀ་རེ། ། ཐོབ་ཙམ་ཞུ་ཞེས་བྱ་བ་ཡིན།

གི་གུ་ཞབས་ཀྱུ་ན་རོ་འགྲེང་བུ་རྣམས་ནི་བུ་བཞི་སྟེ། ཡི་གེ་ཀུན་ལ་སྦྱར་རུང་དཔེར། ། ཚིག་འདི་ཡིད་ཀྱིས་འདྲིས་བགྱིའི་ཕྱིར། ། བུ་ཚུར་མྱུར་དུ་ཟུང་དུ་ཟུངས། ། གཡེལ་མེད་བཤེས་གཉེན་ཉེར་བསྟེན་ཏེ། ། ཆོས་ནོར་ལོངས་སྤྱོད་ཡོངས་ཐོབ་མཛོད།

ཡ་བཏགས་བདུན་དང་ར་བཏགས་ནི། ། བཅུ་ཉིད་བཤད་པ་དེ་དག་དཔེར། ། ཀྱེ་མ་གྲོགས་ཁྱོད་ཆང་ལ་དགྱེས། ། རྟོག་དཔྱོད་ཕྱོགས་བཅུར་བྱེད་ཅིང་མྱོང༌།

། བཀྲ་ཤིས་འཁྲིགས་པའི་གྲྭ་ས་འདིར། ། དྲ་སྒོས་སྤྲས་པའི་འཕྲེད་སྒོ་ཅན། ། ཕོ་བྲང་ནང་ན་སྨྲ་མཁན་བྱ། ། སྐེ་བ་བསྲིང་ནས་ཧྲིག་གེ་བལྟ།

། ལ་བཏགས་དྲུག་གི་དཔེར་བརྗོད་ནི། ཀླ་ཀློ་གླན་པ་བླུན་པོ་རྣམས། ། ཟླ་བོ་བརླག་གོ་བྱ་བ་སློབ།

། ཝ་བཏགས་བཅུ་གཉིས་དེ་ཡང་དཔེར། ། ཀྭ་ཡེ་ཁྭ་མཁོན་གྲྭ་པ་འདི། ། ལན་གྲངས་བཅྭ་བརྒྱད་རྩྭ་ཁུ་འབྱུགས། ། ལན་ཚྭ་ཟོས་ནས་འཕྲུག་ཞྭ་གྱོན། ། ཟྭ་ཐུག་རྭ་གཟར་དག་གིས་བཅུས། ། ཤྭ་ཆུ་བསྭག་ལམ་འཛེམ་མེད་རྒོལ། ། ཕུ་ཐུང་ཧྭ་གདོད་གོས་རྣམས་གྱོན།

། ར་ལ་བཏགས་པ་བཅུའི་དཔེར། མཐུན་རྐྱེན་རྒྱགས་ཆུ་རྔམ་པོ་ཆེ། ། རྗེ་ཡི་སྲོལ་རྙིང་བརྟེན་པ་ཡི། ། མཚོ་ཆེན་རྡོལ་བ་རྣམས་ཀྱི་རྦ། ། རྨངས་ན་རྩེ་མོའི་རྫོང་ཞེས་ནི། ། རླུང་གིས་བསྐྱོད་འདྲ་ཐོབ་པར་འགྱུར།

། ལ་ལ་བཏགས་པ་བཅུ་པོའི་དཔེར། ། ལྐུགས་པ་འདི་ཡི་ལྒང་གྲོ་ལྔ། ། ལྕུག་ཕྲན་ལྗོན་པའི་ལྡངས་ནས་རྙེད། ། བལྟས་ན་ཟོས་པའི་ལྤགས་པ་ངེས། ། ལྦོས་པའི་ལྷུམས་དག་བདེ་བར་འགྱུར།

། ས་ལ་བཏགས་པ་བཅུ་གཉིས་ནི། ། ཟས་སྙོམ་སྒྲིམས་པའི་སྔ་རོལ་ཏུ། ། སྙན་བརྒྱུད་སྟེར་བའི་སྡོམ་བརྩོན་ཏེ། ། སྣ་ཚོགས་སྤེལ་ཞིང་སྦྱར་བ་ཡིས། ། མདོ་དང་སྨོན་ལམ་བཀའ་སྩལ་ཏེ། ། སླད་ནས་ཟས་ཀྱི་བྱ་བ་བྱས།

ག་ད་བ་མ་འ་དང་ལྔ། ། འཕུལ་ཡིག་ལྔ་ཡིས་འཕུལ་བ་ན། ། ག་ཡིས་འཕུལ་བ་བཅུ་གཅིག་དཔེར། ། གཏན་དུ་གདན་སར་གནས་པའི་ཚེ། ། ལན་གྲངས་གཅིག་དང་གཉིས་མིན་པར། ། གཙུག་ལག་གཞུང་རྣམས་བློ་ལ་བཟུངས། ། གཡེལ་མེད་བདེ་གཤེགས་གསུང་རབ་བལྟས།

། ད་ཡིས་འཕུལ་བ་དྲུག་གིས་དཔེར། དཀར་པོ་དགེ་བའི་དངོས་གྲུབ་ཏུ། ། དཔལ་འབྱོར་དབང་ཕྱུག་མི་དམན་ཐོབ།

། བས་འཕུལ་བཅུ་ཡི་དཔེར་བརྗོད་ནི། བཀྲ་ཤིས་བགྲང་བས་བཅོམ་ལྡན་བཏུད། ། བདུག་གིས་བཙུན་ཚུགས་ཚུལ་བཞིན་བཟུངས། ། སྡིག་པ་བཤགས་ནས་དགེ་བ་བསགས།

། མ་ཡིས་འཕུལ་བ་བཅུ་གཅིག་དཔེར། ། མཁས་པ་མགོན་པོའི་མངོན་སུམ་དུ། ། མཆི་ནས་མཇལ་བར་མཉེས་གྱུར་ཏེ། ། མཐོ་བའི་མདུན་མ་གྲུབ་བམ་མནོ། ། མཚན་མོའི་རྨི་ལྟས་མཛེས་པ་རྨིས།

། འས་འཕུལ་བཅུ་ཡི་དཔེར་བརྗོད་ནི། འཁུན་ཅིང་འགུལ་བའི་ལུས་འཆང་སྟེ། ། འཇའ་མོ་འཐད་པར་འདུག་ཅེས་ཏེ། ། འཕྱོན་མ་འབོད་པར་འཚལ་ནས་འཛུད། །

ག་ང་ད་ན་བ་མ་འ། ། ར་ལ་ས་བཅུ་མཐའ་རྟེན་ཏེ། ། ཕྱོགས་ཙམ་རིམ་བཞིན་དཔེར་བརྗོད་ན། ། བདག་ཀྱང་ཁྱེད་བཞིན་གྲུབ་བསམ་དགའ། ། མྱུར་དུ་འཇལ་ཞུས་ལྟ་བུ་སྟེ།

། ཀ་ནས་ཨ་ཡི་བར་དག་ལ། ། ཕལ་ཆེར་འཇུག་སྟེ་སྐབས་ཀྱིས་ཤེས། ། རྐྱང་པ་འཕུལ་བ་འ་མཐའ་དགོས། ། བརྩེགས་དང་བུ་དྲུག་ཅན་ལ་སྤང༌། ། དེ་ཕྱིར་འ་ནི་མཐའ་རྟེན་ཕྱེད། ། འི་དང་འང་སོགས་ཚེག་བར་མིན། ། སྟེང་འོག་དག་གི་ཡི་གེ་ལ། ། གཉིས་ཀ་ཡིན་དང་གཉིས་ཀ་མིན། ། སྟེང་ཡིག་ཡིན་ཡང་འོག་ཡིག་ནི། ། མིན་ཞེས་བྱ་བའི་མུ་བཞི་སྟེ། ། རིམ་པས་ཀ་ཁ་ས་ཧ་བཞིན། ། འཕུལ་ཡིག་མཐའ་རྟེན་གཉིས་ཀ་མིན། ། གཉིས་ཀ་ཡིན་དང་མཐའ་རྟེན་ནི། ། ཡིན་ཡང་འཕུལ་ཡིག་མིན་པ་གསུམ། ། ཀ་དང་ག་དང་ང་བཞིན་ནོ། ། ཞེས་པ་ནི་གྲངས་ངེས་རྒྱས་པར་བསྟན་པའོ། །

ད་ནི་ཡི་གེ་སྔ་མའི་ཤུགས་ཀྱིས་དེའི་རྗེས་འཇུག་ཏུ་ཚིག་འདི་དང་འདི་འཇུག་གོ་ཞེས་ཇི་ལྟར་ཐོབ་ཚུལ་རིམ་པ་བཞིན་བཤད་པ་ནི།

ད་བ་ས་ཀྱི་ག་ང་གི། ན་མ་ར་ལ་གྱི་སྟེ་དཔེར། ། ཁྱོད་ཀྱི་རྒྱབ་ཀྱི་ངོས་ཀྱི་ཆ། ། བདག་གི་གདོང་གི་ངོས་ན་མཆིས། ། མདུན་གྱི་རུམ་གྱི་སྐོར་གྱི་ནི། ། མངལ་གྱི་སྒོ་དེ་བདག་ལ་སྟོན། ། འ་དང་རྐྱང་པ་འདོགས་ཅན་གྱི། ། རྗེས་སུ་འི་འཐོབ་ཚིགས་བཅད་ཀྱི། ། ཡི་གེ་མ་ཚང་ཡི་ཐོབ་དཔེར། ། རྩེ་དགའི་དགའ་བས་བདེ་བའི་མཆོག། དེ་སུས་མྱང་བ་དགའ་ཡི་དཔལ། ། ས་ཡི་བདག་པོ་དེ་ཡི་གཞན།

ག་དང་བ་ཡི་རྗེས་སུ་ཏུ། ། ང་ད་ན་མ་ར་ལ་དུ། ། ས་སུ་འ་དང་འདོགས་ཅན་དང༌། ། རྐྱང་པ་རུ་སྟེ་དཔེ་རིམ་བཞིན། ། རྟག་ཏུ་རབ་ཏུ་འབྱུང་དུ་དེ། ། སྣོད་དུ་རྒྱུན་དུ་ཞིམ་དུ་ཟོ། ། མྱུར་དུ་མཇལ་དུ་འོང་དུས་སུ། ། བཟའ་རུ་ཡོད་པའི་གནས་འདི་རུ། ། ཁ་རུ་ཞིམ་རྒྱུའི་ཟས་འདི་བྱིན། །
ད་དེ་ན་ར་ལ་ས་ཏེ། ། བཏུད་དེ་བཟླན་ཏེ་བྱིན་པ་ཡིས། ། བསྐྱད་དེ་འཐུལ་ཏེ་འཇིགས་ཏེ་བྱུང༌། ། ག་ང་བ་མ་འ་རྣམས་དང༌། ། འདོགས་ཅན་རྐྱང་མཐར་ས་སྟེ་སྟེ། ། སྐྲག་སྟེ་གསང་སྟེ་གནས་པ་ཡིས། ། ཐུབ་སྟེ་འཛུམ་སྟེ་དགའ་སྟེ་གདའ། ། བདེ་སྟེ་ཤ་ཆང་ཟ་སྟེ་སྣང༌། །

ག་ད་བ་སའི་རྗེས་སུའང་ཀྱང༌། ། སྐབས་འགར་ནའི་རྗེས་སུའང་ཀྱང༌། ། བདག་ཀྱང་འབད་ཀྱང་འབྲེལ་མེད་པའི། ། བྱ་བ་ཐོབ་ཀྱང་དེས་ཀྱང་ཅི། ། འོན་ཀྱང་འཕྲལ་གྱི་འཚོ་བ་འབྱུང༌། ། ང་འ་ན་མ་ར་ལ་ཡང༌། ། ཡང་ཡང་སྐྱེས་བུ་འགའ་ཡང་ནི། ། བྱོན་ཡང་ནམ་ཡང་མ་ཕྲད་དེ། ། སླར་ཡང་མཇལ་ཡང་སྤྱན་མ་དྲོངས། ། འདོགས་ཅན་རྐྱང་མཐར་ཕལ་ཆེར་འང༌། ། ཚིག་རྐང་མ་ཚང་ཡང་སྟེ་དཔེར། ། ཅི་ཡང་ཡོད་པའི་ཕྱུག་པོ་ཡང༌། ། དེ་འདྲ་བདག་ལ་འབྱུང་དུའང་རེ། །

ག་ད་བ་ཅིང་ས་མཐར་ཤིང༌། ། ཕྱུག་ཅིང་བླུན་པ་རྒུད་ཅིང་འགྲོ། སློབ་ཅིང་ནུས་པ་མཁས་ཤིང་ཕྱུག། ང་འ་ན་མ་ར་ལ་དང༌། ། འདོགས་ཅན་རྐྱང་པ་རྣམས་ཞིང་དཔེར། ། དྲང་ཞིང་བདེ་བ་རབ་དགའ་ཞིང༌། ། སྙན་ཞིང་འགྱུར་བ་འཇམ་ཞིང་མཛེས། ། དར་ཞིང་རྒྱས་པར་འཚལ་ཞིང་བདག། བདེ་ཞིང་སྐྱིད་ནས་ཟ་ཞིང་སྣང༌། ། ག་ད་བ་ཅེས་ང་འ་དང༌། ། ན་མ་ར་ལ་ས་དང་ནི། ། འདོགས་ཅན་རྐྱང་པ་ཞེས་ཏེ་དཔེར། ། རྟག་ཅེས་བྱ་བའི་བདག་ཡོད་ཅེས། ། སྨྲ་བ་ཟབ་ཅེས་བྱུང་ཞེས་ཐོབ། ། གདའ་ཞེས་འདི་ལྟ་ཡིན་ཞེས་པའམ། ། འདི་ཙམ་ཞེས་པ་འགྱུར་ཞེས་པར། ། འཁྲུལ་ཞེས་སྟོན་པས་ལེགས་གསུངས་ཞེས། ། མི་མཁས་པ་ཞེས་སྨྲ་ཞེས་བཤད། ། ཁ་ཅིག་ས་མཐར་ཤེས་ཞེས་ཟེར། ། མི་འཐད་པར་མཐོང་ཁོ་བོས་འདོར། ། ག་ད་བ་ཅིག་ས་མཐར་ཤིག། རྐྱང་པའི་རྗེས་སུའང་ཡིན་ཏེ་དཔེར། ། ཤོག་ཅིག་སོད་ཅིག་རྒྱོབ་ཅིག་ཅེས། ། གྱིས་ཤིག་ཅེས་ནི་ཁ་ཅིག་སྨྲ། ། ང་འ་ན་མ་ར་ལ་དང༌། ། འདོགས་ཅན་རྣམས་ཀྱི་མཐར་ཞིག་དཔེར། ། ཅུང་ཞིག་སྡོད་ལ་འགའ་ཞིག་ལ། ། ཕྲིན་ཞིག་ནམ་ཞིག་བསྐུར་ཞིག་ཅེས། ། ངལ་ཞིག་གསོས་ལ་མདོ་ཞིག་སྨྲོས། ། ན་ར་ལ་གསུམ་རྗེས་སུ་ནི། ། སྒྲ་བསྒྱུར་སྔ་མས་ད་དྲག་བཞེད། ། དེ་ཚེ་ཅིང་ཅེས་ཅིག་འཐོབ་ཀྱང༌། ། ཕྱི་མ་རྣམས་ཀྱིས་ད་དྲག་དོར། ། འོན་ཀྱང་ན་ར་ལ་གསུམ་གྱི། ། རྗེས་སུ་ཞིང་ཞེས་ཞིག་ཡིན་ནའང༌། ། ད་དྲག་ངེས་པར་ཐོབ་པ་དེར། ། ད་དྲག་སྦྱོར་རམ་མི་སྦྱོར་ཡང༌། ། ཅིང་ཅེས་ཅིག་ཅེས་ཞེས་ཏེ་དཔེར། ། མཁས་པར་མཁྱེན་ཅིང་ཡོན་ཏན་གྱིས། ། བརྒྱན་ཅེས་ཐོབ་ཀྱི་སྟོན་ཅིག་ཅེས། ། ཟེར་ཅིང་མཐོང་ནས་མཚར་ཅེས་ཏེ། ། བདག་ཀྱང་འདི་འདྲར་གྱུར་ཅིག་ཅེས། ། སྨོན་ལམ་བཙལ་ཅིང་སློབ་པར་ནི། ། འཚལ་ཅེས་ཟེར་གྱིས་མྱུར་རྩོལ་ཅིག། ག་ད་བ་མཐར་ཅེ་ན་དང༌། ། ས་མཐར་ཤེ་ན་སྦྱར་ཏེ་དཔེར། ། སུ་འདུག་ཅེ་ན་བླ་མ་བཞུགས། ། ཅི་འཆད་ཅེ་ན་གདམས་པ་སྟེ། ། གང་ཟབ་ཅེ་ན་སྤྲོས་བྲལ་ཆོས། ། སུས་ཐོས་ཤེ་ན་བདག་གིས་ཐོས། ། ང་འ་ན་མ་ར་ལ་དང༌། ། འདོགས་ཅན་རྐྱང་པ་ཞེ་ནས་དཔེར། ། གང་བྱུང་ཞེ་ན་ཧོར་འདྲ་སྟེ། ། དུ་གདའ་ཞེ་ན་མང་པོ་འོ། ། སུ་ཡིན་ཞེ་ན་དབེན་པ་སྟེ། ། ཁྲིམས་ཀྱིས་དབེན་ནམ་ཞེ་ན་དབེན། ། ཅི་སྐོར་ཞེ་ན་རྒྱལ་ཁམས་ཏེ། ། གང་བཙལ་ཞེ་ན་ནོམ་པའོ། ། ཅི་སྐྱེས་ཞེ་ན་བུ་སྐྱེས་ཏེ། ། སུ་ལ་ཞེ་ན་སྨད་ཚོང་ལའོ།

ག་ད་བ་ས་ན་མ་ནི། ། ཟག་པ་མེད་པའི་བྱ་བ་ནི། ། ཐོབ་པ་ཉེས་པ་ལས་གྲོལ་ནས། ། འགྲོ་ལ་ཕན་པའི་བསམ་པས་གནས། ། ང་འ་ར་ལ་འདོགས་ཅན་དང༌། ། རྐྱང་པའི་རྗེས་སུ་བ་ཕྱེད་ཝར། ། འབོད་པ་རྣམས་ལ་ཝ་སྦྱར་ཞིང༌། ། གཞན་ལ་པ་ཉིད་སྦྱར་ཏེ་དཔེར། ། བཏུང་བ་དགའ་བ་མྱུར་བར་འཐུང༌། ། མཇལ་བ་ཞི་བ་ཚ་བར་འདོད། ། ལུང་པ་མདའ་པ་འབྱོར་པ་ཆེ། ། ཡུལ་པ་ཕུ་པ་བྱ་བ་མང༌། །

དྲི་བའི་དགག་ཚིག་སྐབས་སུ་ནི། ། མཐའ་རྟེན་རྣམས་ལ་མ་སྦྱར་ཞིང༌། ། སྐབས་འགར་ར་ལ་ཏམ་དང་ནི། ། འདོགས་ཅན་རྐྱང་པ་འམ་སྟེ་དཔེར། ། འདུག་གམ་བྱུང་ངམ་ཡོད་དམ་དང༌། ། ཡིན་ནམ་གྲུབ་བམ་སྒོམ་མམ་དང༌། ། གདའ་འམ་འགྱུར་རམ་འཚལ་ལམ་དང༌། ། ཤེས་སམ་ཟེར་ཏམ་གོའམ་དང༌། ། ཁ་འམ་ཞེས་པ་ལྟ་བུའོ། །

རྫོགས་ཚིག་སྐབས་སུ་ན་ར་གཉིས། ། མ་གཏོགས་མཐའ་རྟེན་བརྒྱད་པོ་ལ། ། རང་ལ་ན་རོ་སྦྱར་ཏེ་དཔེར། ། ཁྱོད་ནི་ཕྱུག་གོ་གཤིས་བཟང་ངོ༌། ། གཏོང་ཡང་ཕོད་དོ་ཆོས་གྲུབ་བོ། ། འཁོར་ཡང་འཛོམ་མོ་བཞུགས་གདའོ། ། ཐུགས་ཀྱང་དལ་ལོ་ཞེས་ཐོས་སོ། ། ན་ར་གཉིས་ལ་ན་རོ་དང༌། ། ཏོ་ཞེས་རྣམ་གཉིས་སུ་འགྱུར་དཔེར། ། བཞིན་ནོ་ཞེས་ནི་ངས་བསྟན་ཏོ། ། ངོ་མཚར་རོ་ཞེས་གཞན་ཟེར་ཏོ། ། རྐྱང་པ་འདོགས་ཅན་འོ་སྟེ་དཔེར། ། ཤ་ནི་ཟ་འོ་སྐྱིད་དེའོ། ། དེ་རྣམས་ཕལ་ཆེར་ཉིས་ཤད་དང༌། ། ལེའུའི་མཚམས་སོགས་བཞི་ཤད་འཐོབ། ། རྐྱང་ཤད་དང་ནི་ཚིག་ཤད་དག། ཐོབ་ཚུལ་སྐབས་དང་སྦྱར་ལ་དཔྱད། ། ག་ཡི་རྗེས་སུ་ཆིག་ཤད་དང༌། ། ཤད་གོང་ཕལ་ཆེར་ཕྱི་ཚེག་སྤང༌། ། ཞེས་པ་ནི་ཚིག་ཕྲད་རྒྱས་པར་བཤད་པའོ།

ད་ནི་འཕུལ་ཡིག་དང་མཐའ་རྟེན་སྦྱར་དུ་རུང་བ་དང༌། མི་རུང་བ་རྣམ་པར་དབྱེ་བ་བསྟན་པའི་ཕྱིར་སྨྲས་པ། ཚོགས་པས་ཆོས་གསུམ་(ཚོམས་སུ)བྱོན་པ་ནི། ། ཕལ་པའི་ཆང་གིས་བཟི་བ་ཡི། ། ཕུན་ཚོགས་ཕྲིན་ལས་རིམ་གྲོ་པ། ། སྐུ་ཁམས་ཁྲོས་དང་ཁྲོ་བ་དང༌། ། ཕྲ་མ་ཁོན་འཛིན་ཅན་དང་ཕྲད། ། ཕྲ་ལ་ཕྲག་པར་ཕྱུང་བ་ཡི། ། ཕྲེང་བས་ཚོན་གྱི་ཁ་བསྒྱུར་བ། ། ཕྲ་མོ་ཕལ་ཆེར་ཁྲོན་པར་ལྷུང༌། ། ཐུར་དུ་བབས་ཏེ་ཕྱིན་པ་ཡིས། ། ཕྲན་ཚེགས་ཙམ་ལས་མ་རྙེད་ཕམ། ། སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག། ཤོག་ཅིག་སྡོད་ཅིག་ཁ་ཅིག་ཟེར། ། ཞེས་སོགས་རྣམས་ལ་འཕུལ་ཡིག་སྤང༌། ། ལྷ་བཙུན་བཟའ་བཏུང་མེད་པ་དང༌། ། ཆེ་བཙུན་ན་བཟའ་ཧྲུལ་བ་དང༌། ། ལྷ་རྗེ་ང་རྒྱལ་ཆེ་བ་དང༌། ། བྱ་རྒོད་རྡོ་རྗེ་བཅོམ་པ་རྣམས། ། མེ་ཏོག་རྒྱ་མཚོར་ལྷུང་བ་འདྲ། ། ཞེས་སོགས་མཐའ་རྟེན་མེད་ཕྱིར་སྤང༌། ། བདུད་རྩི་ཐུགས་རྗེ་བྱང་ཆུབ་སོགས། ། མཐའ་རྟེན་མེད་ཀྱང་ནོར་བས་སྤང༌། ། ལྷ་རྫས་རྒྱ་ཆེར་ཡོངས་འཐོར་ཏེ། ། མྱང་འདས་ཐོབ་པའི་རྒྱུར་གྱུར་ནས། ། ཕར་ཕྱིན་རྫོགས་ཏེ་ཉེར་ཞི་ཞིང༌། ། དབྱེར་མེད་སོགས་ལ་མཐའ་རྟེན་ནི། ། ལྷུག་པའི་ཚེ་ན་མི་འཐོབ་ཀྱང༌། ། ཚིགས་བཅད་སྡེབ་སྦྱོར་དགོས་པའང་ཡོད། ། ཏིང་ངེ་འཛིན་དང་འགྱུར་རོ་དང༌། ། གཞོན་ནུས་ཆུང་ངུ་ཉུང་ངུ་སོགས། ། ཕྱི་མའི་ཚིག་གིས་ཤུགས་དག་གིས། ། ཅུང་ཟད་ཕན་པས་ངེས་པར་སྦྱོར། ། ཞེས་པ་ནི་འཕུལ་ཡིག་དང་མཐའ་རྟེན་རྣམ་པར་ཕྱེ་ནས་བསྟན་པའོ།

ད་ནི་འདིར་དོན་འདྲ་བ་གཅིག་ཉིད་ལ་ཡང་ཚིག་བརྗོད་ཚུལ་མི་འདྲ་བ་དུ་མས་ནོར་བར་བྲི་བ་དང༌། འཁྲུལ་བར་ཀློག་པར་མང་མཐོང་ཞིང༌། དོན་མི་འདྲ་བ་དུ་མ་ཡང་ཚིག་མི་འདྲ་བ་གཅིག་ཉིད་ཀྱིས་འབྲི་ཞིང་ཀློག་པ་ཡང་མཐོང་བས། དེ་དག་བསལ་བའི་ཕྱིར་ཚིག་འདི་ནི་དོན་འདི་བརྗོད་པ་ལ་འཇུག་ལ། དོན་འདི་བརྗོད་པ་ལ་མི་འཇུག་གོ། ཞེས་ཁྱད་པར་རྣམ་པར་ཕྱེ་བས་བསྟན་པའི་ཕྱིར།

དམིགས་ཀྱིས་བསལ་ཏེ་སྨྲས་པ། ར་རྐ་ད་དཀའ་ས་སྐ་རྣམས། ། ཆུ་ལམ་མི་ནུས་ལྕེ་ཡི་ཡུལ། ། བ་འོག་བཀའ་ནི་རྒྱལ་བའི་གསུང༌། ། ར་རྒོ་ས་སྒོ་བ་བགོ་རྣམས། ། རི་དྭགས་སྒོ་བསྲུངས་གོས་གྱོན་ཏེ། ། བ་འོག་ས་བསྒོ་བཀའ་བསྒོའོ། ། ལ་ལྐལ་ས་སྐལ་བ་སའི་བསྐལ། ། མེད་དང་ཐོབ་དང་དུས་ཡིན་ནོ། ། ར་རྒ་ས་སྒ་ད་དགའ་རྣམས། ། ན་ཚོད་རྟ་སྒ་ཡིད་དགའ་སྟེ། ། ལ་ལ་ལྒ་བཏགས་སྨན་གྱི་མིང༌། ། ས་སྔ་ལ་ལྔ་ར་རྔ་རྣམས། ། དུས་དང་གྲངས་དང་བརྡུང་བྱ་སྟེ། ། མ་འོག་མངའ་ནི་ཞེ་སའོ། ། ཉེ་དུའི་གཉེན་ནི་གས་འཕུལ་ཏེ། ། རེག་བྱ་མཉེན་པ་མས་འཕུལ་ལོ། ། བ་འོག་ས་བསྙེན་དྲུང་དུ་བཏུད། ། ས་བདག་གཉན་ནི་གས་འཕུལ་ལོ། ། རྣ་བར་སྙན་པ་ས་སྙན་ཡིན། ། ཆོས་མཉན་མ་ཡིས་ཉ་འཕུལ་ཏེ། ། བ་འོག་ར་བརྙན་གཟུགས་བརྙན་ནོ། ། ག་གཏར་ཉིད་ནི་ཁྲག་འབྱིན་པ། ། བ་འོག་ས་བསྟར་ཆས་གཟབ་བོ། ། ཏར་ལ་བརྒྱུས་པ་ཏར་རྐྱང་ཡིན། ། ག་གཏན་ས་སྟན་བ་སའི་བསྟན། ། རྒྱུན་དུ་བཏིང་བྱ་གཞན་བསྟན་ཏེ། ། བ་འོག་ར་བརྟན་མི་འགྱུར་བ། ། ག་འོག་གདའ་དང་བ་འོག་བདའ། ། ཞེ་ས་དང་ནི་ཟས་སྐོམ་ཞིམ། ། བ་འོག་ར་བརྡ་ལག་བརྡ་ཡིན། ། བ་བདུག་ག་གདུག་ས་སྡུག་རྣམས། ། སྤོས་དང་སྦྲུལ་དང་མཛེས་ཉོན་མོངས། ། ག་གཅིན་ས་ལ་པ་བཏགས་སྤྱིན། ། མི་གཙང་བ་དང་འབྱར་བྱེད་དོ། ། དས་འཕུལ་དཔྱད་དང་ས་བཏགས་སྤྱད། ། ཤེས་པའི་ཡུལ་དང་ལོངས་སྤྱོད་དོ། ། བས་འཕུལ་བཅད་པ་དུམ་བུར་རོ། ། ར་རྦ་ས་སྦ་ལ་ལྦ་རྣམས། ། ཆུ་དྲག་མི་མངོན་མགུལ་པའི་རྒྱན། ། མིག་དང་དམིག་ར་རྨིག་པ་རྣམས། ། དབང་པོ་བུ་ག་དུད་འགྲོའི་ལྷམ། ། དས་འཕུལ་དགྲ་དང་ས་བཏགས་སྒྲ། ། གནོད་པ་བྱེད་དང་རྣ་བའི་ཡུལ། ། འབུབས་སྦྲ་ས་ལ་བ་བཏགས་སོ། ། ཚལ་དང་འ་ཡིས་འཕུལ་བའི་འཚལ། ། ནགས་ཚལ་དང་ནི་ཞེ་ས་སྟེ། ། སྨན་གྱི་མཚལ་ནི་མ་ཡིས་འཕུལ། ། ས་སྦས་མི་མངོན་གབ་པ་སྟེ། ། ལ་ལྐུགས་ལྕེ་ཡིས་སྨྲ་མི་ཤེས། ། ཆང་ནི་མྱོས་བྱེད་བཏུང་བྱ་སྟེ། ། འཛིན་པའི་འཆང་ནི་འ་ཡིས་འཕུལ། ། ཐུར་དུ་ཕྱུང་བ་ཕ་ཕྱུང་ཡིན། ། ཡུ་མར་ཇ་ནི་ཇ་རྐྱང་སྟེ། ། བ་བྱ་མཁའ་ལ་འཕུར་བའི་བྱ། ། མ་མགོ་ཡན་ལག་དམ་པ་སྟེ། ། འ་འགོ་ནད་དང་སྐྱོན་ལ་སོགས། ། མ་མགུལ་མགྲིན་པའི་ཞེ་ས་སྟེ། ། འ་འགུལ་གཡོ་བའི་བྱེ་བྲག་རྣམས། ། ད་དྲིན་ཕན་པས་བསྐྱངས་པ་སྟེ། ། བ་བྲིན་ཉོ་ཚོང་སྐྱེན་པའི་མིང༌། ། ག་གྲགས་ཕྱོགས་བཅུར་ཁྱབ་པ་སྟེ། ། ད་དྲགས་ཚར་གཅོད་ཐལ་བར་རོ། ། དས་འཕུལ་དངུལ་ནི་རིན་ཆེན་ཏེ། ། ར་རྔུལ་ལུས་ཀྱི་དྲོད་ལངས་ཆུ། ། སྔོན་པོའི་སྔོན་ནི་ས་སྔོན་ཏེ། ། མས་འཕུལ་མངོན་ནི་མིག་གིས་མཐོང༌། ། ར་རྔོན་རི་དྭགས་གསོད་པ་འོ། ། ངེས་པ་སྒྲོ་འདོགས་ཆོད་པ་སྟེ། ། ཉེས་པ་མ་ལེགས་པ་ཡི་མིང༌། ། དབེན་པ་དགོན་པའམ་སྟོང་པ་ཉིད། ། དབྱེན་ནི་མཐུན་པ་འབྱེད་པའོ། ། ས་སྙེད་མང་པོའི་སྒྲ་ཡིན་ཏེ། ། ར་རྙེད་གསར་དུ་རྙེད་པའོ། ། བ་བློ་སེམས་དང་སེམས་བྱུང་སྟེ། ། ག་གློ་ལུས་ཀྱི་བྱེ་བྲག་ཡིན། ། ར་རྟོགས་དང་ནི་ག་གཏོགས་གཉིས། ། གོ་དང་ཁོངས་སུ་གཏོགས་པའོ། ། ལ་ལྟོགས་བཀྲེས་པའི་མིང་ཡིན་ནོ། ། ག་གནོན་འོག་ཏུ་འཛུད་པ་སྟེ། ། ས་སྣོན་མང་དུ་བཏང་བའོ། ། ར་རྣོ་མཚོན་རྩེ་ལྟ་བུ་སྟེ། ། མ་མནོ་བསམ་པའི་གཞིག་མ་གཏོང༌། ། ད་དཔྱི་ལུས་ཀྱི་བྱེ་བྲག་སྟེ། ། ས་སྤྱི་ཐུན་མོང་བ་ལ་འཇུག། ག་གཉུག་རང་བཞིན་སྟོང་པ་ཉིད། ། ས་སྙུག་ཤིང་གི་བྱེ་བྲག་གོ། ག་གསོད་སྲོག་ནི་གཅོད་པ་སྟེ། ། བ་བསོད་ཞིང་གི་བསོད་ནམས་སོ། ། གཉིད་དུ་མནལ་བ་མས་འཕུལ་ཏེ། ། སྣམ་བུའི་སྣལ་མ་ས་བཏགས་སོ། ། རྣལ་འབྱོར་པ་ནི་ར་རྣལ་ཡིན། ། འོད་གསལ་བ་ནི་ག་གསལ་ཡིན། ། སྐྱོན་བསལ་བ་ནི་བ་བསལ་ཏེ། ། ག་གྲན་རན་པ་ལ་སོགས་ཏེ། ། ད་དྲན་སྔར་བྱས་སེམས་ལ་ཤར། ། བ་བྲན་ཞེས་པ་གཡོག་གི་མིང༌། ། ནུས་པ་རྟུག་པ་ར་རྟུག་སྟེ། ། ཕུབ་པའི་གདུགས་ནི་ག་གདུགས་སོ། ། གཞན་ལ་རྡེག་པ་ར་རྡེགས་ཏེ། ། ཁང་པའི་གདུང་ནི་ག་གདུང་ཡིན། ། ལོག་འདྲེན་བདུད་ནི་བས་འཕུལ་ཏེ། ། དབང་དུ་སྡུད་པ་ས་སྡུད་ཡིན། ། བཟང་ངན་མཉམ་པ་མས་འཕུལ་ཏེ། ། ཡིན་ནམ་སྙམ་པ་ས་སྙམ་ཡིན། ། གནོད་པའི་གཙེ་བ་ག་གཙེ་སྟེ། ། རྩེད་མོ་རྩེ་བ་ར་རྩེ་ཡིན། ། བ་འོག་ར་བརྩེ་སྙིང་བརྩེའོ། ། ས་སྟེར་གཞན་ལ་སྟེར་བའོ། ། ག་གཏེར་མི་འཛད་པ་ཡི་མཛོད། ། ས་སྨག་མུན་རུམ་འཐིབས་པ་སྟེ། ། ད་དམག་གོ་ཆ་དམག་དཔུང་བཅས། ། ད་དྲག་སྟོབས་དང་རྩལ་ཡིན་ཏེ། ། ག་གྲག་རྣ་བའི་ཡུལ་གྱི་སྒྲ། ། བ་བྲག་རི་རྡོའི་བྱེ་བྲག་ཡིན། ། ས་སྟག་གཅན་གཟན་ཁྲ་བོ་སྟེ། ། ར་རྟག་ནམ་ཡང་མི་འགྱུར་བ། ། བ་བཏགས་ཕྱེ་མར་འཐག་པ་སྟེ། ། བ་འོག་ར་བརྟག་བརྟག་དཔྱད་དོ། ། བྱ་བ་མངགས་པ་མས་འཕུལ་ཏེ། ། སྐྲག་པའི་དངང་པ་དས་འཕུལ་ལོ། ། སྔགས་བཟླས་པ་ལ་ང་བཏགས་སོ། ། བ་བཤོལ་བྱ་བ་འཇོག་པ་སྟེ། ། ག་གཤོལ་ཡུལ་ལུགས་ཐོང་པའི་གཤོལ། ། དུས་ཀྱི་སྔ་ཕྱི་ག་གཟོད་དེ། ། བཟོད་བསྲན་ཆེ་བ་བ་བཟོད་ཡིན། ། རླན་གྱི་འདྲུལ་བ་ད་འདྲུལ་ཏེ། ། ལམ་གྱི་འགྲུལ་པ་ག་འགྲུལ་ལོ། ། ཐུར་དུ་ཟབ་པ་ག་གཏིང་སྟེ། ། རྗེས་མའམ་རྐང་རྟིང་ར་རྟིང་ཡིན། ། བ་བརྟིང་གདན་མ་ལ་སོགས་ཏེ། ། བ་བཏོང་བཞག་པ་ལ་སོགས་ཏེ། ། ག་གཏོང་སྦྱིན་པ་གཏོང་བ་ཡིན། ། ས་སྟོང་མེད་པའི་སྟོང་པའོ། ། དུམ་བུར་གསིལ་བ་གས་འཕུལ་ཏེ། ། གྲང་བའི་བསིལ་བ་བས་འཕུལ་ལོ། ། ཞེ་སའི་མཛད་ནི་མས་འཕུལ་ཏེ། ། ཟད་པའི་འཛད་ནི་འས་འཕུལ་ལོ། ། ས་སྣང་མངོན་སུམ་སྣང་བ་སྟེ། ། ག་གནང་གཞན་ལ་སྟེར་བའོ། ། ར་རྣམ་རྣམ་པའི་གྲངས་ཡིན་ཏེ། ། དྲི་མ་མནམ་པ་མས་འཕུལ་ཡིན། ། ག་གནམ་ནམ་མཁའ་སྔོན་པོ་སྟེ། ། ས་སྣམ་ཞེས་བྱ་གོས་ཀྱི་རྒྱུ། ། ས་སྙིང་ནང་གི་དོན་སྙིང་སྟེ། ། ར་རྙིང་རྒས་ནས་ཟད་པའོ། ། ག་གླ་ལས་ཀྱི་རྔན་པ་སྟེ། ། བ་བླ་བླ་མེད་བླ་མའོ། ། ས་སླ་ཆུ་མང་ཚེགས་མེད་དེ། ། བ་འོག་ར་བརླ་ལུས་ཀྱི་ཆ། ། ར་རྣམས་བ་འོག་ས་བསྣམས་ནི། ། གྲངས་དང་ཕྱག་ན་བསྣམས་པའོ། ། ས་བཏགས་སྟེའུ་ར་བཏགས་རྟེའུ། ། གཅོད་པའི་གྲི་དང་རྟ་ཡི་བུ། ། ག་གྲ་ད་དྲ་བ་བྲ་མ། ། སྙེ་རྩེ་ཡ་རབས་ཚེར་མ་ཅན། ། ག་གྲལ་ད་དྲལ་བ་བྲལ་རྣམས། ། སྒྲིག་པ་རལ་པ་གྱེས་པའོ། ། ག་གྲྭ་ད་དྲ་བ་བྲ་རྣམས། ། ཚོགས་པ་གོས་བཟོ་སེམས་སྟོར་རོ། ། ག་གྲེད་ད་དྲེད་བ་བྲེད་རྣམས། ། འགྱེལ་བ་དུད་འགྲོ་བྱེར་པའོ། ། ག་གྲོད་ད་དྲོད་བ་བྲོད་རྣམས། ། ཟས་སྣོད་ཚ་བ་བློ་བྲོད་དོ། ། ག་གྲི་ད་དྲི་བ་བྲི་རྣམས། ། མཚོན་དང་སྣའི་ཡུལ་ཟད་པའོ། ། ག་གྲངས་ད་དྲངས་རིམ་བཞིན་དུ། ། གཅིག་གཉིས་གསུམ་དང་ཟས་སྦྱིན་པའོ། ། ག་གྲོགས་ད་དྲོགས་རིམ་བཞིན་དུ། ། ལམ་མཐུན་སྐྲགས་ནས་བྲོས་པའོ། ། ར་རྩལ་ས་སྩལ་བ་སའི་བསྩལ། ། སྟོབས་དང་བཀའ་སྩལ་བསྩལ་དུ་གསོལ། ། ར་རྒྱུ་ས་སྒྱུ་རྐྱེན་ཟླ་དང༌། ། སྐྱེས་བུ་གཡོ་སྒྱུ་ཆ་ཅན་ཉིད། ། ར་རྒྱུ་མ་དང་ས་སྒྱུ་མ། ། ནང་གྲོལ་(ཁྲོལ་)དང་ནི་མི་བདེན་དཔེར། ། ས་སྐྱེན་ར་རྐྱེན་མྱུར་བ་དང༌། ། རྒྱུ་ཟླ་མྱ་ངན་བྱུང་ལའང་འཇུག། ས་སྐུ་ལུས་ཀྱི་ཞེ་ས་སྟེ། ། ར་རྐུ་མ་བྱིན་ལེན་གྱི་མིང༌། ། ད་དཀུ་ལུས་ཀྱི་བྱེ་བྲག་ཡིན། ། ས་སྐར་སྐར་མ་ད་དཀར་མདོག། ། བ་བཀར་ལོགས་སུ་བཀར་བའོ། ། ས་སྨན་འཚོ་བྱེད་ད་དམན་ངན། ། ག་གསུང་ཞེ་ས་བ་བསུང་དྲི། ། ག་གྲོ་འབྲུ་ཡིན་ད་དྲོ་དྲོད། ། བ་བྲོ་རོལ་མོ་རོ་བྲོ་བ། ། ག་གྲང་རེག་བྱ་ད་དྲང་སྲོངས། ། བ་བྲང་ལུས་ཀྱི་མདུན་ཕྱོགས་ཡིན། ། ར་རྩང་གནོད་བྱེད་ག་གཙང་ཆུ། ། ག་གཞོན་ན་ཚོད་བ་བཞོན་རྟ། ། ར་རླུང་གཡོ་བ་ཀ་ཀླུང་ཆུ། ། ཀ་ཀློག་གསུང་སྒྲོགས་ག་གློག་འགྱུ། ། ག་གླ་རི་དྭགས་ས་སླ་མྱུར། ། བ་བྲིས་ཡི་གེ་ད་དྲིས་གཏམ། ། ས་སྐྲགས་འཇིགས་པ་བ་བཀྲག་འོད། ། ད་དཔའ་བརྟུལ་ཕོད་ས་སྤ་མཛེས། ། ཚིག་ཕྲད་པ་རྣམས་རྐྱང་པ་ཡིན། ། བ་བཙོན་ཁྲིམས་མུན་བཅུག་པ་སྟེ། ། བ་འོག་ར་བརྩོན་དགེ་ལ་སྤྲོ། ། ཚོན་རྩི་ལ་ནི་འཕུལ་མེད་དེ། ། གྲི་མཚོན་རྟགས་མཚོན་མས་འཕུལ་ལོ། ། མཆོད་པའི་རྟེན་ནི་ར་རྟེན་ཡིན། ། བ་འོག་ས་བསྟེན་བླ་མའོ། ། རིགས་འདྲ་སྦྱོར་བ་ག་འགྲེ་སྟེ། ། གནོད་བྱེད་འདྲེ་ནི་ད་འདྲེ་ཡིན། ། ཟླ་བོའི་གྲོགས་ནི་ག་གྲོགས་ཏེ། ། ཁུར་བའི་དྲོགས་ནི་ད་དྲོགས་ཡིན། ། ནད་ཀྱི་རྣག་ནི་ན་རྣག་སྟེ། ། ཁ་དོག་གནག་པ་ག་གནག་ཡིན། ། ཟས་ཀྱི་རྣངས་པ་ར་རྣངས་ཏེ། ། དུས་ཀྱི་གནངས་ནི་ག་གནངས་ཡིན། ། ལུས་ཀྱི་རྔོ་ནི་ར་རྔོ་ཡིན། ། ཁ་དོག་སྔོ་བ་ས་སྔོ་ཡིན། ། བ་འོག་ས་བསྔོ་དགེ་བའོ། ། ས་རྡོའི་རྡོ་ནི་ར་རྡོ་ཡིན། ། བ་བདོ་དར་ལ་བབ་པ་ཡིན། ། ད་དཀོར་དཀོན་མཆོག་རྫས་ཡིན་ཏེ། ། བ་འོག་ས་བསྐོར་འཁོར་གྱིས་ཡོད། ། ནོར་འཇལ་འ་ཡིས་ཇ་འཕུལ་ཏེ། ། རྟེན་མཇལ་མ་ཡིས་ཇ་འཕུལ་ལོ། ། ཆུ་ལ་རྒལ་བ་ར་རྒལ་ཏེ། ། ཟས་ཀྱི་སྐལ་བ་ས་སྐལ་ལོ། ། ངོ་མཚར་རྨད་བྱུང་ར་རྨད་དེ། ། སྟོད་སྨད་སྨད་ནི་ས་སྨད་དོ། ། ཀ་ཀླུ་གནོད་པའི་ས་བདག་སྟེ། ། ག་གླུ་སྙན་པའི་དབྱངས་བརྗོད་དོ། ། བ་བླུ་རིན་གྱིས་ཉོ་བ་སྟེ། ། ས་སླུ་གཞན་གྱིས་སླུས་པའོ། ། པྲ་ཕབ་པ་ལ་ར་བཏགས་ཏེ། ། བས་འཕུལ་གཞན་ཡང་དེ་ལ་སོགས། ། བརྟགས་ན་ནོར་བ་མི་སྲིད་པས། ། འཁྲུལ་པར་འབྱུང་བ་མི་སྲིད་ཀྱང༌། ། འདྲའོ་སྙམ་ནས་ནོར་བར་བྲིས། ། ཀློག་མཁན་རྣམས་ཀྱིས་ནོར་བར་ཀློག། རྟོག་དཔྱོད་མཁན་པོས་ལོག་པར་གོ། དེ་ནས་དོན་རྣམས་འཆུགས་པ་སྲིད། ། དེ་ཕྱིར་འཁྲུལ་པ་བསལ་བྱའི་ཕྱིར། ། ཉེར་མཁོའི་བསྟན་བཅོས་འདི་ཉིད་ཀྱིས། ། དབྱེ་བ་སོ་སོར་བཤད་པ་འདི། ། མ་འདྲེས་སོ་སོར་ཤེས་པར་བྱ། ། དེ་ནི་འདིར་དམིགས་བསལ་གྱི་སྒོ་ནས་འདྲ་འོ་སྙམ་པ་རྣམས་མི་འདྲ་བར་སོ་སོར་དབྱེ་བའོ། ། འདི་ནི་སྔོན་གྱི་སྒྲ་བསྒྱུར་རྣམས། ། སྦྱོར་ཚུལ་མཐུན་པའི་བརྡ་ལ་ནི། ། ཅུང་ཟད་ཕལ་ཆེར་མ་མཐུན་ནའང༌། ། ཕལ་ཆེར་གསར་བཅད་དབང་དུ་བྱས། ། འདི་ནི་མཁས་རྨོངས་འབྱེད་པ་སྟེ། ། དོན་འདི་ཁོང་དུ་ཆུད་པའི་མིས། ། མང་པོ་འདུས་པའི་དཀྱིལ་དག་ཏུ། ། མཁས་པའི་གདན་ལ་འདུག་པར་དབང༌། ། དེ་སླད་བློ་གྲོས་གསལ་རྣམས་ཀྱི། ། དྲི་མེད་གཞུང་ལུགས་འདི་ཉིད་ལ། ། རྣམ་དཔྱོད་བློ་གྲོས་གོམས་པ་ཡིས། ། ཚིག་གིས་སྡེབ་སྦྱོར་ལེགས་པར་བྱས། དག་ཡིག་ཉེར་མཁོ་བསྡུས་པ་ཞེས་བྱ་བ། ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཕྱོགས་གཅིག་ཏུ་སྡེབས་པའོ། །སརྦ་མངྒ་ལཾ༎ ༎


རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།

༈ བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཡོད་པའི་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ནི། རབ་བྱུང་དང་པོའི་ས་ཕག་ཕྱི་ལོ་ ༡༠༥༩ ལོར་འཁྲུངས་ཤིང༌། རབ་བྱུང་གཉིས་པའི་ས་གླང་ཕྱི་ལོ་ ༡༡༠༩ ལོར་སྐུ་གཤེགས། རྔོག་ནི་རུས་ཀྱི་མིང་ཡིན། རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ་ཀྱི་གཅུང་པོ་ཆེ་ཆུང་བཞིའི་ནང་ནས་གསུམ་པ་ཆོས་སྐྱབས་ཀྱི་སྲས་ཡིན། ཆུང་དུས་སྐུ་ངལ་ཤིན་ཏུ་ཆེ་བས་དགུང་ལོ་བཅུ་བདུན་སྐབས་ཁུ་བོ་རྔོག་ལེགས་པའི་ཤེས་རབ་ཀྱི་དྲུང་དུ་བྲོས་ནས་ལོ་གཅིག་ཙམ་བཞུགས། དེའི་ཕྱི་ལོ་ཁུ་བོས་བཀའ་སློབ་དང་མཐུན་རྐྱེན་གནང་སྟེ་རྒྱ་གར་དུ་སློབ་གཉེར་ལ་བརྫངས་པ་ལྟར་མངའ་རིས་བརྒྱུད་ནས་རྒྱ་གར་དུ་བྱོན། ལམ་གྲོགས་སུ་རྒྱ་གར་དུ་ཆོས་སློབ་པར་ཕེབས་པའི་ལོ་ཙཱ་བ་བཙན་ཁ་བོ་ཆེ། ཁྱུང་པོ་ཆོས་བརྩོན། རྭ་ལོ་ཙཱ་བ། གཉན་ལོ་ཙཱ་བ་རྣམས་མཉམ་དུ་བྱུང༌། རྒྱ་གར་ཡུལ་དབུས་དང་ཁ་ཆེ་(Kashmir)བཅས་སུ་ལོ་བཅུ་བདུན་རིང་མདོ་དང༌། སྔགས། སྒྲ་རིག་པ། ཚད་མ་རིག་པ་སོགས་ལ་དཀའ་སྤྱད་འབད་བརྩོན་བློ་ཡུལ་དུ་མི་ཤོང་བ་གནང་ནས་སྦྱངས་པ་མཐར་ཕྱིན་ཏེ་ཕྱི་ལོ་ ༡༠༩༢ ལོར་བོད་དུ་ཕྱིར་ཕེབས། ཚད་མ་རིག་པ་དང་ཕར་ཕྱིན་སོགས་གཞུང་རིགས་མི་འདྲ་བ་སྟོང་ཕྲག་ཁ་ཤས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བར་མཛད་པས། བོད་ཀྱི་ལོ་ཙཱ་བའི་ནང་ནས་གཞུང་བསྒྱུར་མང་ཤོས་དང་མཁས་ཤོས་ཡིན། འོན་ཀྱང་ང་རྒྱལ་དང་ཁེངས་པ་མ་གནང་བར་སྔོན་བྱོན་བོད་ཀྱི་ལོ་ཙཱ་བ་མཁས་པ་ཉི་ཟླ་ལྟ་བུའི་དྲུང་ནས་རང་ཉིད་རྒྱུ་སྐར་ཆུང་ཆུང་ཞིག་གི་གྲས་སུ་ཚུད་པ་ཙམ་ཡིན་ཞེས་གསུངས། ཆོས་གསུངས་པ་ལ་ཤིན་ཏུ་མཁས་པས་ཆོས་ཐེངས་རེ་གསུང་དུས་ཉན་མཁན་ཁྲི་ཕྲག་དང་ཉུང་མཐར་སྟོང་ཕྲག་མི་ཉུང་བ་འདུས། ཟུར་ཁྲིད་ཀྱི་འཆད་ཉན་བྱེད་ཐུབ་པའི་སློབ་མ་རྐྱང་པ་ཡང་ཆིག་སྟོང་བརྒྱད་བརྒྱ་ཙམ་ཡོད་ཟེར། དགུང་ལོ་ང་གཉིས་བཞེས་པ། རབ་བྱུང་གཉིས་པའི་ས་མོ་གླང་སྟེ། ཕྱི་ལོ་༡༡༠༩ལོར་སྐུ་གཤེགས། འདི་ལས་ལོ་རྒྱུས་ཅུང་ཟད་རྒྱས་པ་ཉི་ཐང་སྤྲུལ་སྐུ་ངག་དབང་གཞོན་ནུས་མཛད་པའི་གསང་ཕུའི་དཀར་ཆག་ཏུ་གསལ༎ ༎

Ref: Sherig Office, Dharamsala.