༈ རྫོགས་པ་ཆེན་པོ། འཇིགས་མེད་བསྟན་པའི་ཉི་མ། ་་་་་་ཤིང་སྤར་ནས་སྤར་བསྐྲུན་ཞུས། ཤོག་གྲངས། ༢༠༡

༈ རྣམ་རྟོག་ངོ་ཤེས་པ་དང་རིག་པ་ངོ་ཤེས་པ་གཉིས་ཁ་ཁ་ཁུ་ཁུ་རེད། །རྣམ་རྟོག་གི་ངོ་འཚོ་བ་ལ་དགོས་པ་ཅི་ཡང་མེད། །འདི་སྒོམ་ཟེར་རྒྱུའི་ངོ་བོ་ངོས་བཟུང་མེད་རུང་གསལ་སྟོང་བརྗོད་མེད་ཀྱི་ངོ་བོ་ཧ་གོ་བཞིན་དེའི་ངང་མ་ཤོར་བར་བསྡད་ན་རེད་ཡོད། །དེ་ཡང་རང་ངོ་རང་གི་ཧ་གོ་བ་ཙམ་མ་གཏོགས་གོ་རྒྱུ་དང་གོ་མཁན་གཉིས་ཡོད་ལེ་མ་རེད། །རིག་པ་ཧུར་བྱུང་ཟེར་བ། །བྱིང་རྨུགས་འཕྲོ་རྒོད་ཡོང་ཤོམ་བྱེད་དུས་དེ་ལ་ཕར་སྤང་བླང་མི་བྱེད་པར། །རྕ་བ་བརྗོད་མེད་ཀྱི་རིག་པ་རང་ཉིད་གཟིང་བསྟོད་གསལ་ངར་བཏོན་ནས་ཚུར་རང་ས་འཛིན་པ་དེ་ལ་ཟེར།

༈ འོ་དེ་ཡིན། །རྣམ་རྟོག་ངོ་ལ་བལྟ་བ་སོགས་དེ་འདྲའི་རིག་ཐམས་ཅད་བཟོ་བཅོས་ཤ་སྟག་རེད། །བཟོ་བཅོས་ཐམས་ཅད་དང་བྲལ་བའི་རིག་པ་ཁོ་རང་གཅེར་བུར་ཕུད་དེ་བསྐྱང་བའི་སྐྱོང་བྱེད་ཀྱི་དྲན་པ་ཡང་སྐྱོང་རྒྱུའི་རིག་པ་ཁོ་རང་གི་ཀློང་དུ་ལན་ཚྭ་ཆུར་ཞུ་བ་ལྟར་ཐིམ་འགྲོ། །དེ་ལྟར་བསྐྱང་ན་ནོར་ས་གཞན་མེད། །གེགས་སེལ་བོག་འདོན་ཐམས་ཅད་བླ་མའི་རྣལ་འབྱོར་ལས་ཟབ་པ་མེད་པས་རང་གི་ལག་གི་ཡིད་བཞིན་ནོར་བུ་ཐང་ལ་མ་འཕེན་ཨང་དགེ། །

རག་པ་མངོན་ཞེན་དང་འཕྲ་བ་གཤིས་ཤོར་སོགས་ཀྱི་སྐོར་རྣམས་རིག་པ་ལས་གཞན་དུ་གོལ་བའི་སེམས་འཛིན་མཁན་གྱི་སྐད་ཆ་རེད། །རིག་ཐོག་ན་དེ་འདྲའི་གོལ་ས་མང་པོ་ཡོད་ན་རིག་པ་ཀུན་ཏུ་བཟང་པོ་ཅི་ལ་ཟེར། །དེའི་ཕྱིར་རིག་ངོ་སྐྱོང་དུས་འདི་ལ་མངོན་ཞེན་ཨེ་ཡིན་གཤེས་ཤོར་གྱི་དོགས་པ་ཨེ་ཡོད་སྙམ་ནས་རེ་དོག་ཙབ་ཙུབ་མང་པོ་སྤེལ་བ་ནི་ཆུ་དྭངས་བའི་ནང་དུ་ཟླ་གཟུགས་དཀར་ལྷག་གེ་འོང་དུས་ཆུ་དབྱུག་མདོང་གིས་བསྙོག་ནས་ད་ཟླ་བ་་རེད་ཟེར་བ་དང་འདྲ་བར་གོ་ལགས། ལུས་རླུང་འཁྲུགས་པ་དང་། །སེམས་ཁ་དྭངས་དུབ་རྣམ་རྟོག་མང་ཉུང་སོགས་སྣ་ཚོགས་འོང་བ་ནི་རིག་ངོ་ཧ་ལམ་ཙམ་མཐོང་ཡང་ཉམས་ལེན་རྩལ་མ་རྫོགས་ཤིང་རིག་ཐོག་ཏུ་བརྟན་པ་མ་ཐོབ་པའི་ལན་པས་རེ་དོགས་བྱེད་གི་མི་འདུག་པར་ག་ལེར་སོས་བརྡལ་ནས་བསྒོམ་ན་རིམ་གྱིས་སྐྱེ་རྒྱུ་རེད། །དཔེར་ན་ལྷ་སར་འགྲོ་དུས་ལམ་མ་ནོར་བ་ཞིག་ཤེས་དགོས། །དེ་ཤེས་རུང་མགྲོན་པོ་འགྲུལ་པ་གར་མཐོང་གི་རྗེས་སུ་འཁྱམ་གིན་བསྡད་ན་སྷ་སར་རིག་དུས་ཡོད་རྒྱུ་མ་རེད་པས་རང་ལམ་ནག་དེད་བྱེད་པ་གལ་ཆེ་བ་འདྲ། །གདང་མངོན་གྱུར་གྱི་ཆ། །རྣམ་རྟོག་དང་བྲལ་བ་འོད་གསལ་བའི་རྣམ་པ་ཅན་དེ་རིག་པ་ཨེ་རེད་ཟེར་བ་ནི་གཤིས་རང་བབས་བརྗོད་མེད་ཀྱི་ངང་དེ་ལ་བཅོས་བསྒྱུར་གཏན་ནས་མ་ཕོག་ན་ཡིན་འདུག། །མཚན་མོ་ཡང་རིག་པ་རང་བབས་སུ་བཞག་བཞིན་དུ་གཉིད་ལོག་ན་རིམ་གྱིས་ཉམས་ལེན་གཉིད་དང་འདྲེས་འགྲོ་རྒྱུ་རེད་ཀྱང་ཉིན་མོའི་རྣལ་འབྱོར་ལ་མ་བརྟན་བར་དུ་དཀའ་བར་སྣང་ངོ། །ཐུང་མྱུར་དུ་དགེ་སྦྱོར་གཉིད་རྨི་དང་བསྲེ་ཨེ་ཐུབ་བསམ་ན་ཉིན་པར་གྱི་དུས་སུ་ད་ལྟ་གཉིད་སྐབས་ཡིན། ཅིར་སྣང་ཅི་བྱེད་འདི་ཐམས་ཅད་རྨི་ལམ་དངོས་ཡིན་སྙམ་པའི་དྲན་འཛིན་ཤུགས་གྲགས་རྒྱུན་ཆགས་སུ་བརྟེན་ནས་ཉམས་ལེན་དང་བསྲེ་བ་དང་། །ཉལ་ཁའང་གཉིད་ཀྱི་རིང་ལ་ཉམས་ལེན་སྐྱོང་དགོས་སྙམ་པའི་འཕེན་པ་དྲག་པོ་བཏང་ན་ཟབ་པར་གསུང་། །ཧ་ཤང་གི་ལྟ་བ་དང་། །ཞི་གནས་རྟོག་མེད་དང་། །སེམས་ཧད་པོ་གསུམ་གྱི་ཁྱད་པར་གང་ཡིན་ཟེར་བར། །དང་པོ་ནི་ཅི་ཡང་མི་བསམ། །ཡིད་ལ་མི་བྱེད་པ་ཁོ་ན་ཟབ་མོའི་ལམ་དུ་འདོད་པ་ཞིག་རེད། །གཉིས་པ་ལ་བཤད་རྒྱུ་མང་ཡང་མདོ་རྩ་བྱིང་རྒོད་ཀྱི་སྐྱོན་གཉིས་བཅད་ནས་སེམས་གསལ་དྭངས་གི་སྟེང་དུ་བརྟན་ཆ་ཐོབ་པ། །གསུམ་པ་འདི་ལ་མཆོག་དམན་བར་མ་སྣ་ཚོགས་ཡོེད་པས་ཟེར་ཚོད་མེད་དེ་ཐ་ན་སྤྲང་པོ་ཁྱི་མང་གི་རུབ་དུས་ཀྱང་སེམས་ཧད་དེ་བ་དེ་ཨི་མི་འོང་ཧ་ཧ། །དེ་ཐམས་ཅད་གློ་བུར་འཁོར་བའི་སེམས་ཁོ་ནས་སྟེང་ནས་འགྲོ་བ་རེད་མ་གཏོགས་སེམས་རིག་པ་ལ་ཤན་ཕྱེས་ཏེ་རིག་པ་སྐྱང་འདེད་བྱེད་པ་ནི་གཅིག་ཀྱང་ག་ལ་ཡོད། །

༈ རྣམ་རྟོག་ལ་དགག་སྒྲུབ་རྗེས་འབྲང་གང་ཡང་མ་བྱས་པར་སེམས་རང་བབས་སུ་བཞག་པ་འདི་ཡིན་གྱི་ངོས་བཟུང་མེད་ཀྱང་ཡེ་ནས་བཅོས་བསླད་ཀྱི་དྲི་མ་ཞུགས་པའི་སེམས་ཀྱི་རང་གཤིས་རིག་ཆ་སང་ངེ་བ་དེའི་སྟེང་ནས་མ་གཡོས་ན་དེ་གའི་ཆོག། །དེའི་ཚེ་རྣམ་རྟོག་བདག་མེད་དུ་བསྐྱུར་བ་ལ་སྐྱོན་ཅི་ཡང་མེད། །དེ་འདྲའི་རྣམ་རྟོག་ཤར་ཡང་མི་གནོད་པ་ཡིན། །བླ་མ་ལ་མོས་གུས་བཅོས་མིན་ཡོད་རུང་ད་དུང་བླ་མ་ལ་ཡང་ཡང་གསལ་བཏབ། །ཡང་ཡང་བཀའ་དྲིན་དྲན་ནས་མོས་གུས་ཀྱི་རྒྱུན་གོང་འཕེལ་དུ་སྤེལ་ན་བཟང་། །ཀུན་གཞི་ནི་གློ་བུར་བའི་ཡིད་ཤེས་ཕྲ་མོ་རྣམ་རྟོག་རགས་པ་མ་མཆེད་པའི་གནས་ཆ་སྟེང་པོ་ཡིན་ལ། །རིག་པ་ནི་གློ་བུར་བའི་བསླད་ཆ་ལས་འདས་པའི་རང་བབས་གཤིས་ཀྱི་བཞུགས་ཚུལ་རྗེན་པའི་ངོ་བོ་ཡིན་པས་ཀུན་གཞི་ལས་སད། །རྣམ་རྟོག་རགས་པའི་སྟེང་དུ་མ་ཤོར་བའི་བར་དེར་ངོས་འཛིན་དགོས། །

༈ རྣམ་རྟོག་གི་འཕྲོ་བ་འཕྲ་རགས་ངོས་ཟིན་མི་ཟིན་གྱིས་རིག་པ་དང་ཀུན་གཞིའི་ཁྱད་ཕྱེ་མི་ཐུབ། །སེམས་རྟོག་མེད་ཀྱི་ངང་ལ་འཕྲོ་ཆ་ཕྲ་རགས་ངོས་ཟིན་པ་ཙམ་སྒོམ་གྱི་མཐིལ་དུ་འཛིན་མཁན་མང་ཡང་དེའི་ཀུན་གཞིའི་གཡའ་མི་ཆོད། །གནས་ཆ་ལྟེམ་མེ་བ་ལྟ་བུ་དང་གློ་བུར་བའི་གསལ་ཆ་དྭངས་ཆ་སོགས་ཡོད་རུང་རྒྱ་ཆད་ཕྱོགས་ལྷུང་ཅན་གྱི་འཛིན་ཆ་ཐུམ་ཐུམ་འདྲ་བ་དེ་ཀུན་གཞི་དང་ཀུན་གཞིའི་རྣམ་ཤེས་ལས་མི་འདའ། །གནས་ཆ་སྟེང་པོ་ལས་སད། །འགྱུ་ཆ་ཕྲ་རགས་སུ་མ་མཆེད་པའི་བར་རང་བབས་ཀྱི་ཤེས་པ་སང་ངེ་བ་འཛིན་ཆ་གང་གིས་ཀྱང་མ་བཅིང་ཞིང་སྟོང་མི་སྟོང་དང་གསལ་མི་གསལ་སོགས་ཀྱི་རྕིས་གདབ་དང་བྲལ་བ། །རྟེན་མེད་ཟང་ཐལ་རྗེན་པའི་ངོ་བོ་ཞིག་འཆར་རྒྱུ་དེ་རིག་པ་ཡིན། །དེ་ངོས་ཟིན་ཕན་ཆད་རྣམ་རྟོག་ཤར་རམ་གནས་སམ་ཇི་ལྟར་ཡང་གནས་འགྱུའི་རྗེས་མི་དེད་པར་རྩ་བའི་རིག་པ་ཁོ་རང་སྐྱང་པ་རྗེན་ལ་ཕུད་དེ་སྐྱོང་བ་འདི་སྒོམ་ཆེན་མཆོག་རྣམས་ཀྱི་ལམ་སྲོལ་མ་ནོར་བ་ཡིན། །མིག་སོགས་དབང་པོའི་ཡུལ་གང་སྣང་ཡང་དེར་འཛིན་མ་ཞུགས་པ་ཙམ་ཞིག་ཀུན་གཞི་དང་རིག་པ་གཉིས་ཀ་ལ་ཡོད་ཀྱང་ཀུན་གཞི་ལུང་མ་བསྟན་ཁོལ་བུར་ལུས་པ་དང་། །རིག་པ་ཕྱོགས་མེད་རྒྱ་གྲོལ་ཆེན་པོ་གཉིས་གོང་སྨོས་ལྟར་ཆེས་མི་མཚུངས་པ་ལགས། །

༈ རང་གི་སེམས་ས་ལེ་ཧྲིག་གེ་བ་དེའི་སྟེང་དུ་དྲན་པ་བརྟེན་ནས་གྲིམ་ལྷོད་རན་པར་བསྒྲིམ་ཏེ་བསྐྱང་བས་རིམ་གྱིས་སེམས་ཇེ་བརྟན་དུ་འགྲོ་བ་ཞིག་འོང་ཡང་དེ་རྫོགས་ཆེན་མ་རེད། །དེ་འདྲའི་སེམས་ས་ལེ་བ་དེ་ལའང་། །ཕྱིའི་ཡུལ་རྐྱེན་དང་ནང་བཞག་ཐབས་སོགས་ཀྱིས་རྐྱེན་ལས་དྭངས་ཆ་དང་གསལ་ཆ་ཐོབ་པའི་གློ་བུར་བའི་ཆ་ཞིག་དང་། །དེ་འདྲའི་རྐྱེན་དབང་གིས་བྱུང་བ་མིན་པའི་སེམས་རང་གི་གཉུག་མའི་འདུག་ཚུལ་བཟོ་བཅོས་གང་ཡང་ཕོག་མ་མྱོང་བ་ཞིག་སྟེ། །དེ་གཉིས་ཆུ་དང་འོ་མ་འདྲེས་པ་བཞིན་གནས་པས་དེ་ལྟར་རང་བབས་གཉུག་མའི་བཞུགས་ཚུལ་གློ་བུར་བའི་སེམས་ཀྱི་དུག་དང་མ་བྲལ་བར་ཅི་ཙམ་བསྐྱང་ཡང་རྟོགས་པ་མཆོག་ལ་རེག་མི་ནུས། །གློ་བུར་བའི་སེམས་ནི་ཁོལ་བུ་པ་དང་བཟོ་བཅོས་དང་དམིགས་གཏད་ཅན། །གཉུག་མའི་རིག་ཆ་ནི་གང་གིས་ཀྱང་ཁོལ་བུར་མ་བཅིང་བས་ཕྱོགས་དང་རིས་སུ་མ་ཆད་ཅིང་། །དམིགས་གཏད་དང་འཛིན་ཞེན་བཅོས་བསྒྱུར་གང་ཡང་མེད་པ། །དེ་ལྟར་མེད་ཀྱང་ཅི་ཡང་མི་གོ་མི་ཤེས་པའི་རྨོང་ཆ་གཏན་ནས་མ་ཞུགས་པ། །མཐོ་ཟང་ངེ། །ཡངས་ཁྲོལ་ལེ་བ་ཞིག་ཡིན། །དེ་གཉིས་མི་ནོར་བར་རིག་ཆ་སྐྱང་བ་དེ་སྐྱོང་རྒྱུ་ཡིན། །དེའང་རིག་པ་ངོ་ཤེས་ནས་དེ་ལས་གཞན་པའི་གནས་ཆ་འགྱུ་ཆ་གང་གི་ཕྱོགས་སུའང་མ་ཤོར་རིག་ཆ་ཁོ་རང་བཟོ་མེད་དུ་འཇོག་པ་གོམས་པས་གནས་འགྱུ་གཞན་ཆེད་དུ་མ་བཀག་ཀྱང་གར་སོང་ཆ་མེད་ཀྱི་ངང་ནས་རིག་པ་གཅེར་བུར་བུད་སོང་བ་ཞིག་འབྱུང་བས་དེ་ལ་རིག་ཆ་རྗེན་པར་བུད་ཟེར་བ་ཡིན། །ཤེས་རིག་རང་ཚུགས་མ་ཤོར་ན། །དེ་ལས་ལྷག་པ་གཞན་མི་དགོས་གསུངས་པའང་དེ་རེད། །དེས་ན་ཁྱེད་ཀྱི་ཡི་གེའི་ནང་གི་དོན་གཉིས་པོ་འདིའི་སྔ་མ་དེ་བཟང་བ་འདྲའང་། །ཉམ་རྟོགས་ཨི་སྐྱེ་སྒྲུབ་sཚུག་ལ་རག་ལས། །སྒྲུབ་ཚུག་ཨི་ཟིན་སྙིང་རུས་ལ་ཐུག་ཏེ་བློ་སྣ་མི་མང་བར་ཞེ་བཅད་གཅིག་གི་སྟེང་དུ་འདུག་ཐུབ་པ་ཞིག་གལ་ཆེ་བས་དེ་ལྟར་རེམ་རེམ་ཐོ་ཐོ་སྤྲུལ་སྐུ་ཚང་། །

༈ དང་པོར་འཁྲུལ་ཚུལ། །གང་ཚེ་ཐུགས་རྗེའི་རིག་གདངས་རྣམ་པའི་ཡུལ་སོགས། །ཞིབ་པར་དཔྱོད་དང་ཀུན་གཞིའི་གཏད་ཞེན་གཟའ་གཏད་དམིགས་གཏད་ཅི་བྱས་ཀྱང་དེ་བདེན་ཞེན་གྱི་རྩ་བའི་གླེང་གཞི་རེད། །འདི་ལྟར་གཏད་ཞེན་དེས་ཡུལ་གྱིས་ཤེས་པ་བསླུས་ཤིང་ཁྲིད། །ཤེས་པ་ཡུལ་ཐོག་ཏུ་ཤོར་ནས་ཡུལ་སྣང་གིས་ཤེས་པ་མགོ་རྨོང་། །རྨོང་ནས་བདེན་ཞེན་སྐྱེ། །དེས་ཡུལ་སྣང་མཐུ་ཇེ་ཆེར་མཆེད་དེ་ཇེ་རགས་ཇེ་རྒྱས་རེད་ནས་ཁམས་གསུམ་དུ་འཁོར། །

༈ དེ་ལྟར་ན་གཏད་ཞེན་གྱི་ཆ་རྣམས་ཀུན་གཞིའི་མུན་ཆ་ལས་བྱུང་བས་ཀུན་གཞིའི་སྨག་སང་རིམ་ལྟར་གཏད་ཞེན་ཆགས་ཐོག་གི་སྐྱོན་དག་ནས་རིག་པ་ཐོགས་མེད་ཟང་ཐལ་དུ་འབུད་ཅིང་། །ཡུལ་སྣང་གི་ཆ་ཐམས་ཅད་སྟོང་གཟུགས་ལྟ་བུའི་བན་མ་བུན་དུ་འཆར། །ཀུན་གཞིའི་བསླད་ཆ་མཐའ་དག་སང་ཚེ། །ཡུལ་གྱི་སྣང་ཆ་གཏན་ལོག་ཏུ་འགྲོ་སྟེ། །བཏགས་གྲོལ་གྱི་ཀུན་བཟང་ཡབ་ཡུམ་ཀྱི་དགོངས་པ་སོ་སོའི་བཤད་པ་ལྟར་རང་སྣང་དུ་ཤེས་པས་ནང་དབྱིངས་སུ་ཐིམ་པ་རེད། །བདེན་སྣང་གི་ཆ་ཐམས་ཅད་གཟའ་གཏད་ཀྱི་སྤྲོས་པའི་རང་མདངས་ཡིན་པས་ཀུན་གཞི་དང་དེ་ལས་བྱུང་བའི་འཛིན་ཞེན་དང་གཟའ་གཏད་ཀྱི་སྤྲོས་པ་ཐམས་ཅད་ནུབ་པའི་ཚུལ་ཀྱིས་ངོ་བོའི་རིག་དབྱིངས་མངོན་དུ་གྱུར་ཚེ། །

༈ ཤུན་པ་བཤུས་པས་སྙིང་པོའི་གནས་ཚུལ་རྗེན་ཅེར་གྱིས་མཐོང་བ་ལྟར་ངོ་བོ་ཉིད་མེད་པའི་དབྱིངས་སམ། །གཤིས་ཀྱི་བཞུགས་ཚུལ་སྒྲིབ་མེད་དུ་མཐོང་འོང་སྟེ། །ལུང་རིགས་ལ་ཅི་ཙམ་སྦྱང་བ་ལས་དེ་ཁྱད་པར་འཕགས། །རིག་ཐོག་ཏུ་ཀུན་གཞིའི་སྨག་མུན་སང་ཐབས་ནི་རིག་ཆ་ཧུར་བྱུང་སྟེ་སྒོམ་པ་རང་རེད་པས་ཅོག་བཞགས་ལ་ངེས་པ་འདྲོང་། །ཆོས་དབྱིངས་མཛོད་འགྲེལ་ན། །རྣལ་འབྱོར་པ་ལ་ཡུལ་སྣང་ཕྱི་རོལ་དུ་མི་འཆར་བར་མེ་ལོང་ལ་གཟུགས་བརྙན་ལྟར་རིག་ཀློང་དུ་ཚུར་འཆར་གསུངས་པའང་སྣང་སེམས་རྒྱང་ཆད་ཀྱི་འཆར་ཚུལ་ཀུན་གཞིའི་གཏད་ཞེན་ལས་བྱུང་བས་གཏད་མེད་རྒྱ་ཡན་གྱི་རིག་པ་རང་འགྲོས་སུ་བཞག་པའི་ལག་རྗེས་རེད། །མཁའ་འགྲོ་ཡང་ཏིག་ཏུ་ཁྲེགས་ཆོད་དུས་ཀྱང་བཞག་སྟོབས་ཁོ་ནས་ཡུལ་སྣང་ཐམས་ཅད་རང་སྣང་སྒྱུ་མ་ལྟ་བུར་འཆར་ཏེ་ཤེར་སྒྲོན་གྱི་མཐུ་ཡིན་གསུངས་པའང་ཤེར་སྒྲོན་ནམ་རིག་ཆ་ཧུར་ཐོན་ཚེ་ཡུལ་གྱི་སྣང་ཆ་ཀུན་གཞིའི་མུན་པ་དང་འདྲེས་པ་དེ་སོ་སོར་སོང་ནས་སྣང་ཙམ་བཏགས་ཙམ་གྱི་རང་སྣང་རྐྱང་བར་མཐོང་བའི་དོན་རེད་པས། །རིག་པ་ངོ་སྤྲོད་ཀྱི་བླ་མ་ཚད་ལྡན་ཞིག་རྙེད་ན། །སྟོང་ཉིད་སྟོན་པའི་བླ་མ་ལོགས་ནས་ཚོལ་མི་དགོས་པར་བཞེད་དེ། །མིག་འབྱེད་པའི་སྨན་པ་རྙེད་ན། །གཟུགས་སྟོན་མཁན་གཞན་མི་དགོས་པ་ལྟ་བུ། །ཞི་གནས་ཐུན་མོེང་བ་གྲུབ་དུས་ཀྱང་རྗེས་ཀྱི་ཡུལ་སྣང་བུན་ལོང་དུ་འཆར་བ་ཙམ་ཡོད་ཀྱང་། །དེ་ནི་ཡུལ་སྣང་རང་དབང་བའམ་རང་རྒྱུད་པར་འཁྲུལ་བའི་རྨོངས་ཆའི་བསླད་པ་ལོག་སྟོབས་ཀྱིས། །རང་བབས་གཉུག་མའི་རིག་ཆའམ་མཁྱེན་ཆའི་གསལ་སྣང་ཆེར་མཆེད་དེ་ཡུལ་སྣང་གཞི་མེད་རྩ་བྲལ་དུ་མཐོང་བའི་ཕྱོགས་ན་གཏན་མེད་དོ། །དེ་ལྟར་ན་དང་པོའི་གཞི་ཐོག་ནས་གཞི་སྣང་ཡེ་ཤེས་ཀྱི་རླུང་གིས་རིག་ཆ་སང་རྗེས་སུ། །དེ་ཉིད་ལ་ཀུན་གཞིའི་གཡའ་བཅད་དེ་རང་རྕལ་རྫོགས་སུ་བཅུག་ནས་དབྱིངས་ཐོག་ཏུ་བཙན་ས་འཛིན་པ་འདི་ནི་རྫོགས་ཆེན་ཁོ་ནའི་གསང་གཏམ་ཆེན་པོ་སྟེ། །ཀུན་བཟང་ཆོས་དྲུག་ཐད། །གཞི་ཉིད་འབྲས་བུར་སྨིན་བྱེད་ཤེས་རབ་སྟེ། །སོགས་འཁོར་འདས་སམ་འཁྲུལ་གྲོལ་གྱི་གྱེས་མཚམས་བཤད་པས་ཤེས་སོ། །འདི་ལ་གནད་མང་འདུ། །

༈ དེ་ལྟར་བཤད་པ་འདི་དཔྱད་བཟོད་པ་འདྲ་བས་ད་དུང་དེ་ཀ་བཤད་ན། །ཆོས་ཉིད་བར་དོའི་སྣང་ཆ་ཤར་དུས་རང་སྣང་དུ་ངོ་ཤེས་ཞེས་པའི་དོན་ནི། །སྣང་བ་དེ་མེད་སྣང་སྟོང་གཟུགས་སུ་ངོ་ཤེས་པའི་དོན་རེད། །དེ་དུས་ཀྱང་སྣང་བ་དེ་ལ་ཕར་སྤུ་རིས་ཕྱེ་ན་ཡུལ་སྣང་རང་རྒྱུད་པར་སོང་ནས་ཀུན་གཞིའི་འཛིན་ཆ་སླེབས་ཡོད། །དེ་ལྟར་མ་ཕྱེ་བར་བཞག་པས་གྲོལ་བའི་དོན་ནི། །མེད་སྣང་སྟོང་གཟུགས་དང་ངོ་བོའི་གཤིས་ལ་གྲུབ་མ་མྱོང་བའི་སྣང་བ་གཉིས་གོ་རྒྱུ་གཅིག་རེད་པས་སྔ་མར་མཐོང་བ་དེ་ཕྱི་མར་མཐོང་བའང་རེད་ལ། །དེའི་སྟེང་ནས་གཤིས་ལ་གྲུབ་མ་མྱོང་ཞེས་པའི་གཤིས་ངོ་བོ་སྟོང་པའི་དབྱིངས་དེར་རིག་པ་གཏད་དེ་བཞག་པས་སྣང་བ་དེ་གཤིས་ལ་མ་གྲུབ་པར་རྟོགས་པའི་ཤུགས་ཇེ་ཆེར་འགྲོ། །དེ་སོང་བ་ལྟར་སྣང་ཙམ་དེའང་དག་ཐིམ་བསྡུས་ཅི་ཟེར་ཡང་འདྲ་སྟེ་གཤིས་ཐོག་ཏུ་ཚུལ་འཁྱིལ་ཡོང་བ་རེད། །དེས་ན་རང་སྣང་དུ་མཐོང་ཚུལ་འདི་ཐལ་འགྱུར་བའི་ཐ་སྙད་ཀྱི་འཇོག་མཚམས་ཕྲ་མོ་དང་ཡང་གཅིག་ངོ་མ་ཡིན་པ་གོ་སླ། །དེ་ཐམས་ཅད་ད་ལྟའི་འཁྲུལ་སྣང་རགས་པ་ལའང་ཇི་བཞིན་སྦྱར་དགོས་ཏེ། །འདིར་སྣང་དང་སྣང་ཡུལ་ཕྱེད་དགོས། །ཡིད་བཞིན་མཛོད་ཀྱི་བཅོ་བརྒྱད་པ་སོགས་ན་ཀུན་རྫོབ་མ་བརྟགས་ཉམས་དགའ་དང་། །རིག་པས་བརྟགས་ན་མི་རྙེད་དང་། །གང་སྣང་འདི་དང་པོ་དང་ཐ་མའི་དབྱིངས་ན་མེད་ཀྱང་ད་ལྟ་རྨི་ལམ་ལྟར་སྣང་ཞེས་དང་། །བརྟགས་ན་ངོས་བཟུང་མེད་ཅེས་ཀུན་མཁྱེན་བླ་མས་མང་དུ་གསུངས་པ་ཐམས་ཅད་འདི་ཁོ་ན་ལྟར་རེད་པས་ཐུན་མོང་ལྟར་མ་བྱེད། །དེ་ལྟར་གཟུང་འཛིན་འཁྲུལ་བའི་ཡོ་ལང་མཐའ་དག་བཏགས་ཙམ་དང་མེད་སྣང་སྟོང་གཟུགས་རྐྱང་བ་དང་། །ཡེ་སྟོང་རང་སྟོང་དུ་ཀ་ནས་སམ་གདོད་ནས་དག་པར་མཐོང་བ་སྟོབས་སུ་གྱུར་ཏེ། །རིག་པ་གཟུང་འཛིན་གྱི་རྒྱས་མ་བཅིང་བའི་རྒྱ་གྲོལ་རང་ཡན་དུ་སོང་བ་ན། །གཟུང་འཛིན་བདེན་པར་མེད་པར་འཛིན་པའི་འཛིན་སྟངས་དམ་སྒྲིང་ངེ་བ་ཞིག་མ་བཞག་རུང་རིག་པས་དང་པོའིི་རང་མལ་ལམ་གཏན་ཡུལ་རྙེད་པས་དེ་ཁོ་ན་ཉིད་རྟོགས་པའི་རྩལ་མེ་ལྕེ་མཆེད་པ་བཞིན་ཤུགས་ཇེ་ཆེ་ཇེ་འབར་དུ་འགྲོ་ཡི་ཤུགས་ཞན་དུ་མི་འགྲོ་སྟེ། །སེམས་ལམ་བྱེད་ཀྱིས་གནས་ལུགས་སྒོམ་དུས་ཀྱི་སྐད་ཆ། །རིག་སྟོང་སྒོམ་པའི་སྟེང་དུ་མ་འཁྱེར་ཅིག། །ཚུལ་དེས་གཟུང་འཛིན་གྱི་སྤྲོས་པ་ཞི་བ་ན་ཤུལ་དུ་འོད་གསལ་ཟེར་རྒྱུའི་དམིགས་གཏད་ཀྱི་རྟེན་ནི་ཅུང་ཟད་ཀྱང་མི་འཆར་གྱི། །རིག་པ་ནམ་མཁའ་ལ་མདུང་བསྐོར་བ་བཞིན་དུ་གཏད་མེད་རྒྱ་ཡན་གྱི་ངང་གཅིག་ལ་གནས་སོ། །སེམས་ཅན་འཁོར་བར་འཕྱན་པ་ནི་གློ་བུར་བའི་སྤྲོས་པ་འདི་ལ་བདེན་པར་བཟུང་བས་ཡིན་གྱི། །འོད་གསལ་བདེན་པར་བཟུང་ནས་མིན་པས་སྟོང་ཉིད་སྒོམ་དུས་ཀྱང་གློ་བུར་བའི་སྣང་སེམས་ཀྱི་གཞི་རྩ་གཅོད་པ་གཙོ་བོའི་དོན་དུ་བཟུང་ངོ་། །འོད་གསལ་བདེན་པར་མེད་ཚུལ་ཀྱི་སྟེང་ནས་མཉམ་བཞག་གི་འགྲོ་ལུགས་འཚོལ་བ་རྩལ་འདོན་མེ་བྱེད་ཀྱི། །ད་ལྟ་རང་རེ་རྣམས་ཀྱིས་གང་དུ་བདེན་པར་ཞེན་ནས་ཐག་འཁྲུགས་པ་དང་། །དྲུ་གུ་འཛིང་བ་དང་། །བལ་བ་ཛ་འཛིང་བ་ལྟར་འཁྲུལ་བའི་དྲ་བ་གཅད་དཀའ་དབྱེ་དཀའ་བར་སོང་སྟེ་མགོ་རྨོངས་ཕྱོགས་བསླད་པར་གྱུར་པའི་གཟུང་འཛེན་གྱི་ཆོས་འདི་དག་གཞི་རྩ་གཅོད་པ་རྣམ་གྲོལ་སྒྲུབ་པའི་ལམ་གྱི་ཁོག་དོན་རེད་ཅེས་པའོ། །དེ་ལྟར་བྱས་ཚེ་དོན་གྱིས་འོད་གསལ་གཉུག་མའི་བཞུགས་ཚུལ་གློ་བུར་ཀྱི་སྤྲོས་པས་སྟོང་ཚུལ་སྒོམ་པར་སོང་ཡོད་པས། །ཀུན་མཁྱེན་གྱིས་གཞན་སྟོང་སྒོམ་ཚུལ་ལ་བསྔགས་པ་འདྲ་མོ་དང་། །བརྒྱུད་པའི་གསུང་སྒྲོས་ལ། །ལྟ་བ་རྟོགས་ཚུལ་ལ་ལྟོས་ཏེ་སྟོང་ཉིད་མེད་དགག་དང་། །སྒོམ་པ་སྐྱོང་ཚུལ་ལ་ལྟོས་ཏེ་མ་ཡིན་དགག་གི་ཕྱོགས་བཙན་པར་བྱ་ཞེས་གསུངས་པ་ཐམས་ཅད་དེ་ལ་དགོངས་པར་སེམས། སྣང་བའི་སྤྲོས་པ་ཐམས་ཅད་ནི་གཤིས་ལ་མ་གྲུབ་པ་དང་། །ངོ་བོ་ཉིད་མེད་པ་གཉིས་ཆར་ཡིན་ལ། །གཤེགས་སྙིང་ནི་ངོ་བོ་ཉིད་མེད་པ་ཡིན་ཀྱང་། །གཤིས་ལ་མ་གྲུབ་པ་མིན་ཏེ། །འདི་ནི་དབུ་སེམས་སྐབས་དོན་དམ་འཇོག་ཚུལ་གཉིས་འབྱུང་བ་ལྟ་བུར་གོ། །ཆོས་དབྱིངས་མཛོད་འགྲེལ་སོགས་ཐམས་ཅད་ན་ལྟ་བ་དབུ་མ་ཐལ་འགྱུར་བའི་ལུགས་ཁོ་ན་ལ་བསྔགས་ཡོད་པས། །དགག་བྱའི་མཚམས་འཛིན་སོགས་ཐལ་འགྱུར་ལུགས་ལྟར་ངེས་པར་དགོས་ཀྱང་། །སྣང་སྟོང་གི་སྤུ་རིས་འབྱེད་པའམ། །སྟོང་པ་གུད་དུ་གཅད་པ་ཞེས་སྣང་སྟོང་གི་ལྡོག་ཆ་སོ་སོར་ཕྱེ་སྟེ་མེད་དགག་གི་སྟོང་པ་ཁོ་ན་འཛིན་པ་ནི་རྟོག་པས་སྐྱོང་ཚུལ་གཞིར་བཞག་གི་འགྲོ་ལུགས་ཡིན་ལ། །དང་པོ་རྟོག་ངོར་དེ་ལྟར་ཕྱེ་བའི་སྟེང་ནས་བསྒོམས་པ་གོམས་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་པ་ལྟར་འོང་བའང་འདོད་མོད་ཀྱི། །དང་པོ་ནས་རིག་པ་ལམ་བྱེད་དམ་རིག་པ་རྐྱང་འདེད་བྱེད་པའི་རྫོགས་ཆེན་རང་ལུགས་ལ་རྟོག་པ་ལ་ལས་ཀ་མི་འཚོལ་ཏེ། །རྟོག་པ་དེ་སེམས་ཡིན་ལ། །འདིར་སེམས་རིག་ཕྱེ་ནས་སྒོམ་པའི་ཕྱིར་རོ། །དངོས་པོ་ལ་རང་ངོས་ནས་གྲུབ་པ་གཅད་རྒྱུ་དགག་རྒྱུ་གཏན་མེད་ཀྱང་། །དགག་བྱ་དེ་བཅད་པའི་མེད་དགག་སྒོམ་པ་ནི་བློ་ངོའི་དགག་སྒྲུབ་ཀྱི་རྣམ་བཞག་ལ་བརྟེན་པ་ཀུན་རྟོག་གཞིར་བཞག་གི་འགྲོ་ལུགས་ཡིན་ལ་ཞེས་སོགས་ཀྱང་དེ་བཞིན་ནོ། །

༈ དབུ་མའི་ལྟ་ཁྲིད་དུས། །སྟོང་ཉིད་མེད་དགག་ངེས་པའི་ངེས་ངོར་སྟོང་གཞི་དང་དགག་བྱ་མི་འཆར་ཡང་། །དགག་བྱ་བཅད་ལྡོག་ཙམ་ངེས་པའི་ངེས་ཤེས་ཀྱི་ཤུགས་ཇེ་ཞན་དུ་འགྲོར་མི་སྟེར་བར་ཡང་ཡང་དཔྱད་པ་ཕྲ་མོའི་ཟུར་གསོས་གཏོང་དགོས། །ངེས་ངོ་དེར་རང་བཞིན་བརྩལ་བས་མ་རྙེད་པ་ཙམ་ལ་སྟོང་ཉིད་རྙེད་ཟེར་བ་མ་གཏོགས། །རྙེད་རྒྱུའི་སྟོང་ཉིད་ཟུར་བ་མེད། །དང་པོ་ཟུར་གསོས་འཕྲལ་འཕྲལ་མ་བྱས་ན་མ་ཡིན་དགག་ཏུ་འཆོར་ཉེན་སོགས་ཡོད། །གོམས་ནས་མེད་དགག་གི་ངེས་ཤེས་རྐྱང་བའང་ཡུན་འཚམས་པ་རེ་སྐྱོང་ནུས་གསུངས། །འདིར་སྣང་སེམས་བྱ་བྱེད་རྒྱུ་འབྲས་སོགས་ཐམ་ཅད་བདེན་རྫུན་ལ་སོང་ན་མེད་པ་གསལ་སྣང་རྐྱང་བ་ཙམ་དུ་རིག་པ་རང་གནས་ཀྱི་ཤེས་རབ་ཟབ་མོའི་འཕྲུལ་གྱིས་ངོ་ཤེས་ཐག་ཆོད་གདེང་འཆོས་ཏེ། །སྣང་བ་ལ་བཀྱེད་ནས་མི་ལྟ་བར་གཤིས་ཐོག་ཏུ་བཏུད་ནས་བཞག་པས་རང་སར་དག་དུས་སྣང་ཆ་དངོས་རང་མེད་ཀྱང་དེ་ཐམས་ཅད་གདོད་ནས་སྟོང་པར་རྟོགས་པའི་ཤུགས་ཡར་ལྡན་དུ་ཡོད་ལ། །དེ་ལ་ཟུར་གསོས་གང་ཡང་བྱར་མི་རུང་། །མི་དགོས་ཀྱི་རང་བབས་སུ་བསྐྱང་བས་ངང་འབྱམས་ལྷུན་འབྱམས་ཀློང་རྡོལ་དུ་འགྲོ། །མདོར་ན་རིག་པས་སྣང་སེམས་མེད་སྣང་སྟོང་གཟུགས་སུ་མཐོང་བའི་ཤུགས་སམ་རྩལ་རྫོགས་ཐོག་ནས་འོད་གསལ་ཅིར་ཡང་མི་རྟོག་པའི་རང་འགྲོས་སྐྱོང་བ་རེད། །དེ་ལྟར་བསྐྱང་བས་རྩལ་ཤུགས་དེ་ཇེ་ཞན་ལ་འགྲོ་རྒྱུ་མེད་པར་ཇེ་ཆེར་མཆེད་འོང་ཞིང་། །དེ་མཆེད་པ་ལྟར་མི་རྟོག་པ་ཤུགས་ཆེར་ཡོང་རྒྱུ། །དེ་གཉིས་རྟ་ཤིག་ཕྲུག་འདྲ། །ཆར་བ་ཆུ་འདྲ་རེད། །

༈ །དེ་ལྟར་མང་པོ་བཤད་ཀྱང་། །དོན་ཕོ་ནི། །སྣང་བ་དང་སྣང་ཡུལ་མ་འཛིང་བ་གཞིར་ཞོག། །ཡེ་ཤེས་རང་ངོ་ལ་ཀུན་གཞིའི་བསླད་ཆ་མ་ཞུགས་པས་སྣང་ཆ་གང་ཡང་ཡེ་ཤེས་སམ་རིག་ངོར་སོང་བ་ན་རིག་པ་ཉིད་སྣང་ཆ་དེ་དང་དེར་ཤར་བར་འཆར་གྱི། །ཐ་དད་དུ་མི་འཆར། །དེའི་སྣང་ཆ་ཐམས་ཅད་རིག་པ་ཉིད་ཀྱིས་ཡིན་བསྡུས་ཀྱང་ཡིན་ཏེ། །གཞི་སྣང་དང་པོ་བཞིན་ནོ། །ཀུན་གཞིའི་ལྷད་ཕོག་རིམ་བཞིན་སེམས་ཀྱི་གཡའ་བྱུང་སྟེ་ཡེ་ཤེས་ཀྱི་སྣང་ཆ་དེ་སེམས་ཀྱི་སྣང་བ་རྒྱང་ཆད་གཉིས་སྣང་ཅན་དང་འདྲེས་ནས་གསེར་ལ་དངུལ་ཆུའི་ཟོལ་ཡོད་པ་ལྟ་བུར་འགྱུར་ཡང་ཡེ་ཤེས་དང་དེའི་སྣང་བའི་ཆ་ལ་གོས་མ་མྱོང་། །དེ་ལྟར་སྣང་བ་གང་དང་གང་རིག་ཐོག་ཏུ་སོང་ཡང་སྣང་བ་དེས་རིག་པ་བཏུམ་རྒྱུའམ། །གཡོགས་རྒྱུའམ། །འགེབ་རྒྱུ་མེད་པར་སྣང་བ་དེ་ཉིད་རིག་པ་རང་དུ་ཧྲིལ་གྱིས་འགྲོ་བ་ནི་རིག་པ་ཡུལ་ལ་མི་ཐོགས་པའི་དོན་ཏེ། །རིག་པ་ཟང་ཐལ་ཟེར་དོན་དེ་རེད། །དེ་ལྟར་རིག་པ་རང་སྣང་གི་སྣང་བ་ཐམས་ཅད་སྣང་དུས་ཉིད་ནས་ངོ་བོའི་དབྱིངས་ཐོག་ཏུ་གྲུབ་མ་མྱོང་བས་མེད་སྣང་སྟོང་གཟུགས་རྐྱང་པ་ཙམ་ལས་ངོ་བོ་ཉིད་མེད་པར་རིག་པའི་རང་སྟོབས་ཀྱིས་ཐག་ཆོད་པར་འགྱུར་ལ། །དེའི་ཚེ་རང་སྣང་ལ་མ་ཞེན་པར་དེ་རྣམས་རང་གི་ངོ་བོས་མ་གྲུབ་པའི་སྟོང་ཉིད་ངོ་ཤེས་པའི་ངང་ནས་ངོ་བོའི་དབྱིངས་སུ་མཉམ་པར་བཞག་པས་རང་སྣང་རང་བཞིན་མེད་པའི་མེད་དགག་གི་སྟོང་བ་དང་། །སྤྲོས་མཚན་ཀ་ནས་དག་པའི་ངོ་བོའི་དབྱིངས་གཉིས་རོ་གཅིག་པའི་ཚུལ་དུ་འདྲེས་ནས་མཐོང་བ་ནི་ཆོས་དབྱིངས་མཛོད་ཀྱི་ལེའུར་ཆོས་ཉིད་དང་སེམས་ཉིད་ཐ་མི་དད་པར་བཤད་པ་ལྟར་རེད་སྙམ། །བཏགས་གྲོལ་གྱི་ཀུན་བཟང་ཡབ་ཡུམ་ཀྱི་དགོངས་པའང་དེ་ལྟར་རེད། །མདོར་ན་རིག་པའི་རང་སྣང་དེ་རིག་པ་རང་གི་ངོ་བོར་ཡང་ཤེས། །དེ་རིག་པའི་ངོ་བོར་རིག་པའི་གཤིས་ཐོག་ནས་གྲུབ་མ་མྱོང་བར་ཡང་ཤེས་ཚེ་ཐལ་འགྱུར་བའི་ལྟ་བའི་གནད་ཀྱང་འདུ་ཡོད

༈ རྫོགས་ཆེན་འདིར། །གཏད་མེད། །འཛིན་མེད། །ཞེན་མེད་རྣམས་གཅེས་པར་མཛད། །ཐོད་རྒལ་ལུག་རྒྱུད་སོགས་ལ་གཏད་དགོས་པར་ཡང་བཤད་པ་ནི། །དཔྱད་སྒོམ་གྱིས་གཏད་མི་རུང་བ་དང་། །འཇོག་སྒོམ་གྱིས་གཏད་ནས་བཞག་པ་ལ་སྐྱོན་མེད་པའི་དོན་ཏེ། །དཔྱད་སྒོམ་འཛིན་ཞེན་དུ་སོང་ནས་ཀུན་གཞིའི་སྒྲིབ་ཆ་འདྲེན་པས་ཡིན་ཏེ། །ཡེ་ཤེས་བླ་མས། །དཔེར་ན་རི་མཐོང་བའི་སྐད་ཅིག་སོགས་གཟུང་འཛིན་གྱི་ཐད་སོགས་ལས་ཤེས། །

།ཀུན་རྟོག་ལ་གང་སྣང་རིག་པ་ལའང་སྣང་ཟེར་ཚེ། །བེམ་པོའི་ས་རྡོ་སོགས་ཀྱང་རིག་ངོར་སྣང་དགོས། །དེ་ལྟར་སྣང་བ་དེ་མ་ཡིན་ལ་དེར་སྣང་བའི་འཁྲུལ་ཆ་མིན་ཟེར་དགོས་ན་རིག་པ་ཉིད་ཡིན་པར་འཆར་ཟེར་མི་ལོ། །ལོ་ན་ས་རྡོ་ཡེ་ཤེས་སུ་ཐལ་ལོ། །ཡེ་ཤེས་ཀྱི་ངོར་ས་རྡོ་བེན་པོ་མིན། །ཀུན་རྟོག་ངོར་བེམ་པོ་རེད་ཟེར་ན། །ཁྱད་པར་སྦྱོར་རྒྱུ་སྐྱུར་དང་སྤྱིར་ས་རྡོ་བེམ་པོ་ཡིན་ནམ་ཡེ་ཤེས་ཡིན་ཟེར་ན་ཅི་སྨྲ། །ཀུན་རྟོག་ལ་ཐ་མལ་བའི་ས་རྡོ་སྣང་། །ཡེ་ཤེས་ལ་དེའི་རང་སྣང་གི་ས་རྡོ་སྣང་བས་ས་རྡོ་ཐ་དད་རེད་ཟེར་ན། །རིག་ངོར་ཚོགས་དྲུག་གི་ཡུལ་དངོས་གཏན་ནས་མེད་དགོས་པས་རང་གཞུང་དང་འགལ་ལོ་སྙམ་ན། །འདི་མདུད་ལོག་ཅིག་རེད་ཀྱང་། །གསར་མའི་གཞུང་ན་གང་སྣང་བདེ་བར་འཆར་ཚུལ་ཐད། །གང་སྣང་ལམ་གྱི་ངོ་བོར་གྱུར་བའི་བདེ་སྟོང་གི་རྣམ་འཕྲུལ་ཡིན་ནམ་མིན། །ཡིན་ན་དམྱལ་བའང་རྣམ་མཁྱེན་དུ་གྱུར་པའི་འོད་གསལ་ཀྱི་སྤྲུལ་པར་ཡང་འདོད་དགོས་ཐུག་ཡོང་། །མིན་ན་དེ་ལྟར་ཤར་བ་དེ་ཕྱིན་ཅི་ལོག་ཏུ་ཐལ་ལོ་ཟེར་ན་ཅི་སྨ། །འདི་ལ་གསར་མ་འགས་ཕུང་པོ་ལ་བརྟེན་ནས་གང་ཟག་ཏུ་བཏགས་པ་ལྟ་བུར་བཤད་དེ། །གང་སྣང་གི་སྟེང་དུ་བདེ་བའི་རོལ་པར་སྣང་བའི་སྣང་ཆ་རེ་ཕར་བཞག་ཟེར་རམ་དཔྱད། །རང་རེས་སེམས་རིག་དེ་གཉིས་སྣང་བ་ཐ་དད། །སྣང་ཡུལ་གཅིག་རེད་འདྲ་ཟེར་རམ། །དེ་ཟེར་ན་སྣང་ཡུལ་དེ། །སྣང་བ་ཐམས་ཅད་རང་སྣང་ཡིན། །ཞེས་པའི་སྒོ་ནས་དག་པ་རབ་འབྱམས་སུ་ཇི་ལྟར་སྒྲུབ་སོགས་ཤིན་དུ་དཔྱོད། །

༈ ལར་ཀ་དག་ལྷུན་གྲུབ་འབྲལ་མི་ཤེས། །གཙོ་ཆེ་བའི་དབང་དུ་གཞི་དང་གཞི་སྣང་གི་ཟླས་ཕྱེ་བའི་གཞི་དེ་ཀ་དག། །གཞི་སྣང་གི་རིག་པ་ལྷུན་གྲུབ། །ལྷུན་གྲུབ་ཀྱི་སྦུབ་ལ་གསུམ་སྟེ། །དང་པོ་གཞིའི་དུས་ཕྱི་རྒྱ་མ་རལ་བས་ནང་གསལ་སྐབས་ཏེ་གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཟེར་ཏེ་གཞོན་ནུ་བུམ་སྐུ། །ཕྱིར་གསལ་དུས་ལམ་ལྷུན་གྲུབ་སྦུབས། །འདི་དུས་ཀྱི་སྣང་བ་རྣམས་ཕྱིར་གསལ་བས་ནང་མ་ཡིན། །འོད་གསལ་ལས་ངོ་བོ་གཞན་མིན་པས་ཕྱི་མིན་གསུངས། །མཐར་གཞི་སྣང་གྲོལ་སའི་ཀ་དག་ཏུ་ཐིམ་ནས་ནང་གསལ་སྐབས་འབྲས་བུ་ལྷུན་གྲུབ་སྦུབས་སོ། །གཞི་སྣང་གཞི་ལ་ཐིམ་ཚུལ་ལ། །རང་ངོ་ཤེས་་གྲོལ་སྟོབས་ཀྱིས་ཐིམ་ལ། །མ་ཤེས་ན་འཁྲུལ་སྟོབས་ཀྱིས་ཐིམ་སྟེ། །གང་ཡང་ཡེ་གདངས་ནང་དུ་ལོག་པ་ཞེས་བྱ། །

༈ ཐུགས་རྗེའི་རིག་པ་དཔྱོད་བྱེད་ལྟར་ཤར་བ་རིག་པ་ལ་ལྟོས་པའི་མ་རིག་ཅན་གྱི་ཆ་བཟུང་ཞེས་པ་མ་ངེས་པའི་སྣང་བ་ཆེན་པོར་གནས་ཞེས་དང་། །རིག་གདངས་མ་རིག་པར་ལྡོག་པའི་དུས་ཞེས་སོགས། །འདི་རིག་པ་ཉིད་དང་གཞི་མཐུན་རེད་པས་མ་རིག་པ་དངོས་མིན་འདྲ། །

༈ གཤིས་ཀྱི་བཞུགས་ཚུལ་ཡེ་གྲོལ། །རྩལ་སྣང་ཐམས་ཅད་རང་ལས་ཤར་ཞིང་རང་སྟེང་དུ་བཞག་སྟོབས་ཀྱིས་གཉེན་པོ་མེད་པར་རང་གྲོལ། །མཐོང་སར་ཡལ་བའམ་སྐད་ཅིག་དང་པོ་རང་ལ་ངོ་བོ་ཉིད་མེད་པའི་རིག་དབྱིངས་སུ་སྣང་སེམས་འདྲེས་པས་སྣང་དུས་དེ་ཉིད་དུ་སྟོང་པའི་རང་མདངས་སུ་འཆར་བས་ཅེར་གྲོལ་ཏེ། །ཅེར་གྲོལ་ངོ་བོ་མེད་དེ་བདེན་པས་སྟོང་། །ཞེས་སོ། །རྟག་ཆད་དང་གཅིག་དང་དུ་མའི་མཐའ་ལས་གྲོལ་བས་མཐའ་གྲོལ། །ཟང་ཐལ་ཀྱི་རིག་པ་གཅིག་པུ་རྗེན་ལ་བུད་པས་འཁོར་འདས་ཐམས་ཅད་རྒྱ་གྲོལ་དུ་འགྲོ་བས་གཅིག་གྲོལ་ཏེ་ལྔའོ། །

༈ སྙིང་ཀའི་ཏི་ལ་ཀ་ལས་འོད་ཟེར་སེར་པོ་ཀུན་ནས་བཀྲག་ཆེ་བ་ཟེར་རྣོན་པོའི་རྣམ་པར་འཕྲོས། །རང་གི་ཤ་ཁམས་ལ་ཕོག། །ཤ་ཁམས་ཀྱི་སྙིགས་མ་སྦྱང་། །འོད་ཟེར་སེར་ལ་འཚེར་བའི་རྣམ་པའི་དྭངས་མ་ཆེན་པོར་གྱུར། །དེ་བཞིན་དུ་དཀར་པོས་ཆུ། །དམར་པོས་མེ་སོགས་ལ་ཁ་སྒྱུར་བ་གྲོལ་ཏིག་ལས་ཏེ། །འདི་ཚེ་ཡུམ་ཛབ་དགོངས་སོགས་ལ་མཁོ། །

༈ དབྱིངས་སྒྲོན་ཀྱི་བརྡས་མཚོན་པའི་ནང་དབྱིངས་མཐར་ཐུག་ནི་རྗེས་སྟོང་བཞིའི་མཐའི་སྟོང་པ་ལ་བདེ་སྟོང་གི་སྟོང་པར་བཞེད་པ་དང་། །མི་རྟོག་པའི་ཆ་ལ་ངོ་བོའི་རིག་པར་བྱས་ནས། །ངོ་བོ་སྟོང་པའི་དབྱིངས་ནི་ཞེས་པའི་དབྱིངས་ཀུན་འགྲོས་གཅིག་རེད། །དབྱིངས་ཀྱི་ར་བར་ལུ་གུ་རྒྱུད་འཛུད་དགོས་དོན་ནི་ལུག་རྒྱུད་ཤེས་རབ་བམ་ཐུགས་རྗེའི་རིག་པར་བཤད་པས་རྩལ་ཀྱི་རིག་པ་ངོ་བོའི་རིག་དབྱིངས་སུ་བཙན་ས་བཟུང་དགོས་པས་རེད། །རྩལ་ངོ་བོའི་དབྱིངས་སུ་ཇི་ལྟར་བཙན་ས་ཟིན་པ་གཟེར་ཐེབ་པ་དེ་ལྟར་ལུ་གུ་རྒྱུད་དབྱིངས་ཀྱི་ར་བར་བརྟན་ཡོང་། །མཐར་ཤེས་རབ་ངོ་བོའི་སྟོང་ཆར་རོ་གཅིག་ཏུ་རྩལ་རྫོགས་ཤིང་། །ངོ་བོའི་དབྱིངས་ཀྱི་སྙིང་པོ་ཤེས་རབ་ཀྱི་བཅུད་དུ་སྨིན་པ་ན་ལུ་གུ་རྒྱུད་ལྷ་སྐུར་འཆར་བ་རེད། །དོན་དུ་ཤེས་རབ་ངོ་བོའི་དེ་ཉིད་དང་རོ་གཅིག་ཏུ་ཞུགས་ཤིང་འདྲེས་པའམ། །ཤེས་རབ་ཀྱིས་ངོ་བོའི་དེ་ཉིད་མངོན་དུ་བྱས་པའམ། །ངོ་བོའི་དབྱིངས་སྤྲིན་མེད་ཀྱི་ནམ་མཁའ་ལྟར་མངོན་དུ་གྱུར་བའི་རྟགས་སུ་ལྷ་སྐུ་འཆར་བ་སྟེ། །འོ་མ་ལས་མར་དཀྲོག་པ་ལྟར་མི་རྟོག་པའི་དྭངས་བཅུད་རིག་ཆར་འདྲིལ་ཞིང་སྨིན་པའོ། །ཉམ་གོང་འཕེལ་དུས་ཤེས་རབ་ཀྱི་སྒྲོན་མེས་གདངས་ཀྱི་རིག་པའམ་རང་བཞིན་གསལ་བའི་ཆ་ལ་རང་ཡིན་གྱི་ཚུལ་གྱིས་གསལ་སྣང་ཆེན་པོས་རང་ས་བཟུང་སྟེ་སྤྱོད་ནུས་ཀྱང་། །དེའི་གཏིང་མཐར་ཐུག་མི་རྟོག་པའི་ངོ་བོའི་དབྱིངས་ཀྱི་ཆ་ལ་དེ་ལྟར་གསལ་སྣང་མ་ཐོབ་པས་རྒྱ་ཆེ་བའི་རིག་པ་ལ་དབང་ཐོབ་ཀྱང་། །ཟབ་མོའི་དབྱིངས་ལ་དབང་མ་ཐོབ་པ་རེད་ལ། །ཚད་ཕེབས་དུས་ཤེས་རབ་ཀྱི་སྣང་བས་ངོ་བོའི་དབྱིངས་ལ་རྗེན་ལ་བུད་དེ་རྟོགས་བྱ་རྟོགས་བྱེད་སོ་སོའོ་ཚུལ་དུ་མེད་པར་ཤེས་རབ་དེ་ཉིད་ངོ་བོའི་རང་བཞིན་དུ་གྱུར་པའི་རྟགས་སུ་སྐུར་ཤར་བའོ། །འདི་ནི་ཁྲིད་ཡིག་ཆེན་མོར་ཚད་ཕེབས་དུས། །སེམས་ཡིད་རྣམས་ཤེས་ནུབ་ནས་ཆོས་དབྱིངས་དྲི་མེད་དུ་རང་གསལ་ཞེས་སོགས་དང་ཡང་ཤིན་ཏུ་འབྱོར། །

༈ རིག་པའི་རང་ངོ་མཐར་གཏུག་པ་ལ་འགྲོ་བ་རིགས་དྲུག། །ལས་ཉོན་སྡུག་བསྔལ། །སྐྱེ་ཤི་བར་དོ་སོགས་ཡེ་ནས་མ་གྲུབ་པའི་གནད་ཀྱིས་རིག་ངོི་རྒྱུན་དུ་བལྟས་ན་འགྲོ་བ་དྲུག་དང་སྡུག་བསྔལ་གྱི་བྱེ་བྲག་དང་སྐྱེ་འཆི་སོགས་ཀྱི་སྣང་ཞེན་ཐམས་ཅད་བྱ་ལམ་རྗེས་མེད་དུ་དག་འགྲོ་ཞིང་། །གཉུག་མ་ཀ་དག་གི་རྒྱལ་ས་ཟིན་པར་གསུངས། །

༈ ཕྱེད་སྐུར་འཆར་བའི་ཐད་སྐུ་ལྟེ་བ་ཡན་ཆད་འཆར་བ་སྟེ། །རྒྱུ་དོན་དམ་དྭངས་མའི་འབྱུང་བ་བཞི། །རྐྱེན་ཡེ་ཤེས་ལམ་བྱེད་ཀྱིས་ཉམས་སུ་བླང་བས་འབྲས་བུ་དོན་དམ་གྱི་སྐུར་སྨིན་ལ། །རྒྱུ་ཀུན་རྫོབ་སྙིགས་མའི་འབྱུང་བཞི། །རྐྱེན་སྐྱེ་བ་བཞིས་བསྐྱེད་དེ་རགས་ལུས་སུ་སྨིན་ཏེ། །སྐུ་སྔ་མ་ནི་རིག་པས་བཟུང་བའི་འོད་ལུས་ཆུ་ཟླ་ལྟ་བུ། །ལུས་ཕྱི་མ་ནི་འཁྲུལ་པས་བཟུང་བ་སྙིགས་མའི་ལུས་སོ། །དེ་ལ་ཐོད་རྒལ་ཉམས་ལེན་གྱི་སྟོབས་ཀྱིས་སྙིགས་མའི་ནུས་པ་ཕྱེད་བསྐུམ།

།དྭངས་མའི་རང་རྩལ་ཕྱེད་རྫོགས་དུས་དེའི་རྟགས་སྣང་ཕྱེད་སྐུར་འཆར་བ་སྟེ། །གྲོལ་ཐིག་གི་དགོངས་པའོ། །དོན་དམ་དྭང་མའི་འབྱུང་བ་ནི་མི་ཤིགས་པའི་རླུང་ཐིག་སོགས་ཏེ། །དྭངས་མ་ལྔ་འདུས་ཞེས་བྱ་ལ། །རྫོགས་ཆེན་རང་སྐད་ལ། །ད་དུང་ཐེག་མཛོད་འབྱུང་ལེ་དང་། །དགོངས་འདུས་ན་དུམ་ལྟོས་དང་ཡོད། །དེ་འདྲའི་དྭངས་མའི་གནད་དེ་ཐོད་རྒལ་ཉམས་ལེན་གྱིས་བསྐུལ་ནས་སད་པར་བྱས་ཏེ། །འབྱུང་བ་དྭངས་སྙིགས་ཕྱེད། །དྭངས་མའི་སྟོབས་འཕེལ། །དྭངས་མས་སྙིགས་མ་ཟིལ་གྱིས་མནན། །སྙིགས་མའི་ནུས་པ་བསྐུམ། །དྭངས་མའི་ཡོན་ཏན་མཐའ་ནས་རྒྱས་ཤིང་ཀློང་དུ་གྱུར་ནས་འབྱིངས་སུ་བརྟེན་པ་ནི་འཆི་མེད་འཕོ་ཆེན་སྒྲུབ་པའི་ཟབ་གནད་རེད། །དྭངས་མའི་སྣང་ཆ་ལྷུན་གྲུབ་དག་པའི་འོད་ཐིག་རིག་སྐུ་རེད། །སྙིགས་མའི་སྣང་ཆ་འཁྲུལ་སྣང་རགས་པ་རེད། །དྭངས་མ་ཚད་ལ་ཕེབས་དུས་འཁྲུལ་པའི་སྣང་བ་རང་འགག་ལ་འགྲོ། །དྭངས་མའི་ནུས་པ་ཚད་ལ་ཕེབས་པ་དང་། །དྭངས་མའི་རྟགས་སྣང་ཚད་ལ་ཕེབས་པ་ལ་རིག་པ་ཚད་ཕེབས་ཟེར། །ལར་ཏིག་པ་ལུ་གུ་རྒྱུད་བཅུད་དུ་སྨིན་པའི་ཚད་ནི་ལྷ་སྐུར་ཤར་བ་ཡིན་ལ། །དེའང་རིག་པ་སྐུ་གསུམ་དུ་རྩལ་རྫོགས་པའམ། །སྐུ་གསུམ་ལམ་སྣང་དུ་རྫོགས་པའི་ཚད་དོ། །དེ་མཚན་ཉིད་ཡོངས་སུ་རྫོགས་པའི་དབང་དུ་བྱས་ན་ཡབ་ཡུམ་ཟུང་འབྲེལ་ནས་འཇོག། །རིག་པ་ལྷར་ཚད་ལ་ཕེབས་པའི་ཚད་ཕེབས་ཙམ་པོ་བའི་དབང་དུ་སྐུ་ཕྱེད་པ་དང་། །དབུ་ཉུག་ཙམ་སོགས་ཀྱང་དེར་འཇོག། །སྔ་མ་ལྟར་ན་སྐུ་རྐྱང་ཤར་བའི་སྐོར་ཉམ་གོང་འཕེལ་ཁྱད་པར་བར་འཇོག་དགོས། །འདི་ལྟར་བྱས་ནས་ཚད་ཕེབས་ཙམ་པོ་བ་དང་། །གོང་འཕེལ་ཁྱད་པར་བ་མི་འགལ་བྱས་ན་སློབ་དཔོན་རྣམ་གཉིས་དགོངས་པ་གཅིག་ཏུ་བཤད་ཐུབ། །འདི་དུས་ཕྱི་ས་རྡོ་རི་བྲག་གི་འཁྲུལ་བའི་སྣང་བ་འོད་ལྔར་དེང་བར་གསུངས་པ། །སྣང་ཡུལ་ས་རྡོ་སོགས་འོད་ལྔར་དེངས་ཟེར་བ་མིན་པས་ཕྱེད་དགོས། །ལར་ཀུན་མཁྱེན་གྱིས་སྣང་བ་དང་སྣང་ཡུལ་མི་གཅིག། །སྒོས་ཀྱི་སྣང་བ་སྦུབ་འཕོ་དུས་ལོག་ཀྱང་། །སྤྱི་མཐུན་ཀྱི་སྣང་ཡུལ་མི་ལྡོག་གསུངས་པ་འདི་ལྟར་ཁས་མ་བླང་ན། །བློ་ངོར་མྱུ་གུ་བདེན་གྲུབ་ཏུ་སྣང་བའི་སྣང་ལུགས་དང་། །སྣང་ཡུལ་བདེན་པར་གྲུབ་པའང་གཅིག་ཏུ་ཐལ་ཉེན་ཆེ་བས་གནད་ཆེན་ཡོད། །བླ་མེད་སྤྱིའི་འོད་གསལ་འཆར་དུས་ཀྱང་རི་ར་བ་ཁང་ཁྱིམ་སོགས་ཀྱི་སྣང་བ་ནང་དུ་བསྡུས་འགྲོ་ཡང་། །རི་ར་བ་སོགས་ནང་དུ་བསྡུས་འགྲོ་བ་མིན་པས་སྣང་བ་ཐིམ་ཡང་སྣང་ཡུལ་མི་ཐིམ་ཟེར་བ་ལས་མི་འདའ།

༈ རྫོགས་ཆེན་དང་བསྟུན་ནས་བསྐྱེད་རིམ་ཏོང་འཛིན་རྣམ་གསུམ་སྒོམ་དུས། །དེ་ཏིང་ཀ་དག་གཞིའི་སྐབས། །ཀུན་སྣང་རང་བཞིན་ལྷུན་གྲུབ་གཞི་སྣང་གི་ཡེ་ཤེས། །རྒྱུ་ཏིང་ཀ་དག་ལྷུན་གྲུབ་ཟུང་འཇུག་ཐུགས་རྗེའི་རིག་པ་ཤེས་རབ་ཀྱི་ཆ་ཐོད་རྒལ་བའི་རྡོ་རྗེ་ལུ་གུ་རྒྱུད་དུ་འོང་རྒྱུ་དེ་རེད། །དཀྱིལ་འཁོར་ལྷ་བསྐྱེད་ཤེས་རབ་སྐུར་སྨིན་པའི་ཞིང་སྐུ་ཕོ་བྲང་སོགས་ལ་སྦྱོར་སྙམས། །ཤེས་རབ་སྐུར་སྨིན་པ་འདི་ལ་སྤུལ་སྐུ་ལོངས་སྐུ་གཉིས་ཀ་ཡོད་པས། །སྒྱུ་འཕྲུལ་ལྟར་ལྷ་བསྐྱེད་ཀྱི་ལྷ་སོ་དྲུག་ཆོས་སྐུ་ལོངས་སྐུ། །དྲུག་སྤྲུལ་སྐུར་བྱས་ནས་སྒོམ་པ་ལྟ་བུར་ཡང་སྦྱར་བཏུབ།

༈ གཞི་དང་གཞི་སྣང་གི་ཟླས་ཕྱི་བའི་གཞི་ཡིན་ན་ངོ་བོའི་རིག་པས་ཁྱབ། །ངོ་བོའི་རིག་པ་ཡིན་ན་གཞི་དེས་མ་ཁྱབ། །གཞི་དེ་ཡིན་ན་གཞི་སྣང་གི་རིག་པ་མིན་པས་ཁྱབ། །རྩལ་ཀྱི་རིག་པ་ཡིན་ན་གཞི་སྣང་གི་རིག་པ་མཚན་ཉིད་ཚང་བ་ཡིན་པས་མ་ཁྱབ་ཀྱང་གཞི་སྣང་གི་རིག་པ་ཙམ་ཡིན་པས་ཁྱབ། །གཞི་སྣང་གི་རིག་པ་ལ་རྩལ་ཀྱི་རིག་པས་ཀྱང་ཁྱབ་བམ་དཔྱད། །ད་ལྟ་ཡུལ་ཐོག་ཏུ་འཆར་དུས་ཀྱི་རིག་པ་ལ་ཡང་ངོ་བོའི་ཆ་འབྲལ་མི་ཤེས་པར་ཡོད་ཀྱང་གཙོ་ཆེ་བའི་དབང་གིས་རྩལ་ཀྱི་རིག་པ་ཡིན་གྱི་ངོ་བོའི་རིག་པར་མི་འཇོག། །གཞི་དང་གཞི་སྣང་གི་ཟླས་ཕྱེ་བའི་གཞི་ལ་རྩལ་ཀྱི་རིག་པ་མིན་པས་ཁྱབ་པ་བཤད་མ་ཐག་པས་ཤེས། །རྩལ་ཀྱི་རིག་པ་ཡིན་ན་ངོ་བོའི་རིག་པ་མིན་པས་མ་ཁྱབ་སྟེ་ཚད་ཕེབས་དུས་གཞི་སྣང་ཡིན་པས་རྩལ་རིག་ཡིན་དགོས་ཤིང་ངོ་བོའི་སྟེང་དུ་བཙན་ས་ཟིན་པ་ཡིན་པས་སོ། །རིག་པ་ཡིན་ན་གཞི་དང་གཞི་སྣང་གི་རིག་པ་གང་རུང་གིས་མ་ཁྱབ་སྟེ་གྲོལ་ས་ལྷུན་གྲུབ་སྦུབས་ཀྱི་རིག་པ་དེ་གཞི་མིན་ལ་གཞི་སྣང་དབྱིངས་སུ་ཐིམ་པའི་རིག་པ་ཡིན་པའི་ཕྱིར། །འབྲས་བུའི་ལྷུན་གྲུབ་སྦུབ་འདི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཀར་འདོད་དགོས་སམ་སྙམ་པས་རང་བཞིན་གསལ་བ་ལ་གཞི་སྣང་གི་རིག་པས་མ་ཁྱབ། །སྐུ་དང་ཞིང་ཁམས་ཀྱི་སྣང་བ་ཅན་གྱི་རིག་པ་ལ་གཞི་སྣང་གི་རིག་པས་མ་ཁྱབ་པའང་དེས་ཤེས། །ལམ་དུས་སྙིང་ཀའི་དྷུ་ཏིར་རླུང་བསྡུས་སྟོབས་ཀྱིས་འཆར་བའི་རིག་པ་ལ་ངོ་བོའི་རིག་པས་ཁྱབ་ཀྱང་ངོ་བོའི་རིག་པ་འཆར་ན་དྷུ་ཏི་ཁོ་ནར་འཆར་དགོས་པས་མ་ཁྱབ་སྟེ། །ཚད་ཕེབས་དང་ཆོས་ཟད་དུས་བཞིན་ནོ། །ལར་ནི་འོད་གསལ་ལུས་ཐམས་ཅད་ལ་ཁྱབ་པར་འཆར་བ་དང་། །ཁྱབ་པར་གནས་པ་ཆེས་མི་གཅིག་སྟེ། །ད་ལྟའི་གསོན་པོ་ཐ་མལ་བ་ཚོའི་ལུས་ལ་འོད་གསལ་ཁྱབ་པར་གནས་ཀྱང་། །དེར་འོད་གསལ་ཤར་བ་མིན་པའི་ཕྱིར། །

༈ ཐེག་བརྒྱད་བློའི་གྲུབ་མཐའ་ཟེར་བ་མི་རིགས་ཏེ། །ཕ་མའི་རྒྱུད་ལ་འོད་གསལ་ལམ་བྱེད་གཙོ་བོར་བྱེད་པའི་ཕྱིར་ན་མ་ཁྱབ། །སེམས་ལམ་བྱེད་མེད་པར་ཡེ་ཤེས་ཁོ་ན་ལམ་དུ་བྱེད་མི་ནུས་པའི་དོན་ཡིན་པར་རྣམ་མཁྱེན་ཤིང་རྟར་གསུང་བའི་ཕྱིར་ཏེ། །རྩ་རླུང་ཐིག་ལེའི་སེམས་འཛིན། །རིག་མ་བྱིན་རླབ། །ཡུལ་སྣང་གི་ཐོག་ཏུ་བདེ་ཆེན་དྲན་པའི་རྒྱས་འདེབས། །ལྷའི་ང་རྒྱལ་དང་འོད་ཟེར་སྤྲོ་བསྡུ་བཟླ་དམིགས་སོགས་ཐམས་ཅད་རླུང་སེམས་ལ་ལས་བཅོལ་བ་ཡིན་པས་སོ། །དེ་དག་གི་རྫོགས་རིམ་དུ་རླུང་སེམས་རྩ་ཐིག་ལས་རུང་སྒྲུབ་ཚུལ་ཕུལ་ཕྱིན་ཡོད་ཀྱང་། །རྩ་ཐིག་རླུང་སེམས་དེ་རྣམས་དྷུཏིའི་དབྱིངས་སུ་འདུ་སླ་བ་འདུ་མ་རག་པའི་མཉེན་འཇམ་ཡང་གསུམ་ཁྱད་པར་ཅན་འདུ་བྱེད་པས་དྷུཏི་ཁོ་ནར་འོད་གསལ་འཆར་ཐབས་སུ་འགྱུར། །འདིར་དེ་རྣམས་ལས་རུང་གི་དོན་རྩ་ཐིག་རླུང་གསུམ་སྙིགས་མའི་ཆ་གར་ཡོད་སོ་སོའི་སྟེང་ན་ཡེ་ཤེས་དྭངས་མའི་རླུང་རིག་གི་ཆ་རེ་ཡོད་པ་རྣམས་རྗེན་ལ་བཏོན་ནས་དེའི་མཐུས་རྩ་རླུང་ཐིག་ལེའི་སྙིགས་རྣམས་དྭང་མར་གྱུར། །དྭངས་མ་རྣམས་ཤིན་ཏུ་དྭངས་མའི་ཁམས་སུ་སྒྱུར་ནས་རྟེན་རྩ་ཁམས་དྭངས་བ་བཞིན་བརྟེན་པ་རིག་པ་དྭངས་བ་སྟེ། །སྔ་མའི་རླུང་ལས་སུ་རུང་ཡང་ལས་རླུང་རང་རེད། །ཕྱི་མའི་ལས་རུང་དུས་ཡེ་ཤེས་ཀྱི་རླུང་དུ་སོང་བ་རེད། །སྡ་མར་དྷུ་ཏིར་མ་འདུས་བར་དུ་འོད་གསལ་མི་འཆར། །དེར་འདུས་ཚེ་འཆར་བ་རེད། །ཕྱི་མར་རངརངགི་གནས་ན་ཡོད་དུས་འཆར་བས་སྔ་མའི་འོད་གསལ་འཆར་བའི་གནས་ལ་དྷུ་ཏི་དང་། །རྟེན་ལ་དྷུ་ཏིའི་ནང་གི་ཐིག་ལེར་ངེས། །ཕྱི་མའི་གནས་སུ་རྩ་གནས་སོགས་ཤེས་པས་གར་ཟིན་འགྱུར། །རྟེན་དུའང་ཐིག་ལེ་སོགས་ཤ་ཁྲག་རྐང་ཚིལ་ཐམས་ཅད་འོང་། །དེས་ན་སྔ་མའི་འོད་གསལ་ཀྱི་མཉམ་བཞག་རེ་འགའ་བ་དང་ཁོལ་བུ་པ་ཡིན་པས་རྩོད་ལྡན་དུས་སུ་ཆོས་ཀྱི་རྒྱལ་པོ་མཐུ་ཆེན་ལྟ་བུའི་མཐུས་བདེ་སྐྱིད་ཀྱི་ཉི་མ་ཁོལ་བུར་ཤར་བ་དང་འདྲ། །ཕྱི་མ་དུས་ཐམས་ཅད་པ་ཡིན་ཅིང་ལུས་ཐམས་ཅད་ལ་ཁྱབ་ཁ་སྤྱོར་ཡན་ལག་བདུན་པས་རྒྱ་ཆེ་བ་ཞེས་པ་ལྟར་ཡིན་པས་རྫོགས་ལྡན་ཀྱི་ཕུན་ཚོགས་ལྟར་རྒྱ་ཆེ་ལ་མཐའ་བརྟན་པའོ། །དེས་ན་རྟག་འགྲུས་གཉིས་ཀྱི་རྟག་ལ་རྒྱུན་ཆགས་པའི་ཁྱད་པར་གྱིས་རྟོགས་པ་འཕགས་ཤིང་། །འབྲས་བུའི་ཁྱད་པར་གྱིས་འཕགས་ལུགས་ནི་གཞན་གྱི་འོད་གསལ་འཆར་དུས་རྩལ་ཀྱི་རིག་པའམ་ཤེས་རབ་ཀྱི་ཆ་ཕལ་ཆེར་བསྡུས་འགྲོ་ཞིང་། །རིག་ཆ་དེ་འོད་གསལ་ཀྱི་བཞུགས་ཚུལ་གསལ་བར་ངེས་བྱེད་ཐམས་ཅད་ཀྱི་ནང་ནས་དམ་པ་ཡིན་པས་དེ་བསྡུས་སོང་དུས་བདེ་བའི་གཟི་བྱིན་ཆེར་ཆུག་ཀྱང་འདི་ལྟ་བུའི་སྟོབས་མེད་པར་བཞེད། །རིག་ཆ་དེས་འོད་གསལ་རང་ཉིད་ངེས་པ་ནི་ཆེས་ཁྱད་པར་དུ་འཕགས་ཏེ། །འཕགས་ཚུལ་ཡང་འོད་གསལ་ལ་མངོན་དུ་ཕྱོགས་ཚབས་ཆེ་བའམ་འོད་གསལ་ཀྱི་བཞུགས་ཚུལ་རིགས་པའམ་བཞུགས་ཚུལ་གསལ་བར་རྟོགས་པའི་སྟོབས་ཀྱིས་འོད་གསལ་རང་སྟེང་དུ་ས་ཟིན་ཕུལ་ཆེ་བ་ཡིན་པས་མཉམ་བཞག་གསལ་བརྟན་གཉིས་ཆར་ཁྱད་ཞུགས་སོ། །

༈ ཕ་རྒྱུད་དུ་རླུང་དབང་དུ་བསྡུས་སྟོབས་ཀྱིས་འོད་གསལ་དམར་འབྱིད་བྱེད་པའམ་འོད་གསལ་དབང་དུ་གྱུར་བར་བྱེད་དེ་རླུང་འདུ་ཕུལ་ཅི་ཙམ་ཆེ་བ་ཙམ་དུ་འོད་གསལ་འཐུག་ཅིང་བརྟན་ནོ། །མ་རྒྱུད་དུ་ཐིག་ལེ་ལས་སུ་རུང་སྟོབས་ཀྱིས་འོད་གསལ་ཀྱི་རྣལ་འབྱོར་དབང་དུ་གྱུར་པར་བྱེད་དེ། །འབར་འཛགས་ཅི་ཙམ་སྟོབས་ཆེ་བ་ཙམ་དུ་འོད་གསལ་གཟི་བྱིན་རྒྱས་ནས་འཆར་ཤུགས་ཆེའོ། །རླུང་ཅི་ཙམ་འདུས་པ་དང་། །བདེ་བ་ཅི་ཙམ་འབར་བ་ཙམ་དུ་རྣམ་རྟོག་གཅོད་ཕུལ་ཆེ། །འོད་གསལ་དམིགས་རྣམ་གསལ་བར་འབྱིན་ཚབ་ཆེའོ། །གཙོ་བོར་བྱེད་ལུགས་སམ་རྩལ་དུ་འདོན་ཕྱོགས་ཙམ་ལས་གཉིས་ཀར་གཉིས་ཀ་ཡོད་དོ། །འདིར་ནི་འོད་གསལ་ཁོ་རང་གི་སྟེང་ན་ཁོ་རང་གི་བཞུགས་ཚུལ་སལ་ལེར་ངེས་བྱེད་ཀྱི་རིག་ཆའམ་མཁྱེན་ཆ་ཀུན་རྟོག་གིས་འོད་གསལ་ལ་མགོ་རྨོང་པའི་ཤན་ནམ་བསླད་ཆ་དང་བྲལ་བ་གསར་རྐྱེན་གྱིས་བསྒྲུབ་པ་མིན་པར་དང་པོ་ནས་ཡོད་པ་དེ་འོད་གསལ་རང་གི་རླུང་གིས་ཕྱིར་བསྐུལ་ནས་སད་པར་བྱས་ཡོད་པ་དེ་མི་བསྡུ་བར་དམར་འབྱིན་བྱས་ནས་རྐྱང་དེད་བཏང་བས། །དབྱིངས་དང་ཡེ་ཤེས་ཀྱི་འདུག་ཚུལ་གསལ་བར་མཐོང་བྱེད་ཀྱི་ཤེས་པའི་གནད་མཐར་ཐུག་དེ་ཀ་ཡིན་པའི་གནད་ཀྱིས་འོད་གསལ་ཀྱི་རྟོགས་པ་ལ་དེས་གཟི་མདངས་བྱུང་ཏེ་ཉི་མ་བྱེ་བ་བརྒྱ་ལྟར་གསལ་དུ་འགྲོའོ། །རླུང་རགས་པ་དབུ་མར་འདུ་བ་དང་། །ཐིག་ལེ་དཀར་དམར་གྱི་འབར་འཛགས་ནི་རེས་འཇོག་ལས་མེད་ཅིང་། །འདི་ནི་འོད་གསལ་ཁོ་རང་གི་རང་འགྲོས་ལ་ཉི་མ་དང་ཟེར་བཞིན་མི་འབྲལ་བར་ཡོད་པས་འདིའི་སྒོ་ནས་གཉུག་སེམས་ལ་གཟི་མདངས་འདོན་ཐུབ་ན་མཉམ་བཞག་གི་འོད་གསལ་བྲི་གང་འཆར་ནུབ་མེད་པར་སྐྱོང་ནུས་སོ། །འདི་ནི་ད་ལྟ་རང་རེའི་སེམས་སྟེང་འདི་ཀར་འོད་གསལ་ངོ་སྤྲད་དེ་སྐྱོང་ཟེར་བ་ཙམ་མིན་པར་འོད་གསལ་གྱི་རིག་ཆའམ་རྩལ་གྱི་རིག་ཆ་དམར་དེད་བྱས་པས་འོད་གསལ་ཀྱི་གཏིང་ལ་ཇེ་ཟུག་ཏུ་སོང་སྟེ་དྲོད་འཐོབ་ཟེར་བ་རེད་པས་མ་རྒྱུད་སོགས་སུ་རྩ་རླུང་ཐིག་ལེར་གནད་དུ་བསྣུན་ནས་འོད་གསལ་ཀྱི་རྣལ་འབྱོར་ལ་རྩལ་སྦྱོང་བའི་དོད་དུ། །འདིར་འོད་གསལ་གྱི་རིག་ཆ་ཡུལ་ལ་འཆར་འཆར་འདྲ་ཡང་ཡུལ་ཐོག་ཏུ་མི་འདྲེ་བ་དེ་ཧུར་ཕྱུངས་ཏེ་དེའི་སྟེང་ནས་རྩལ་འབྱོང་བར་བྱེད་པས་འདི་ནི་རྩ་རླུང་སྒོམ་པའི་དོད་ཐུབ་ལྷག་དང་བཅས་པའང་རེད་དོ། །གཞི་ཉིད་འབྲས་བུར་སྨིན་བྱེད་ཤེས་རབ་སྟེ། །ཞེས་སོགས་དང་། །རིག་པའི་ལམ་ནི་ཤེས་རབ་ཁྱད་པར་ཅན། །ཞེས་སོགས་ཡང་ཡང་འབྱུང་བས་ཤེས་ཏེ་ད་དུང་ཡང་དཔྱོད། །འདི་བས་རྩ་རླུང་བསྒོམ་ནས་སྲོག་དྷུ་ཏིར་ཞུགས་གནས་ཐིམ་གསུམ་གྱིས་དྲང་བའི་བདེ་ཆེན་སྐྱེས་དུས་ཀྱང་། །དེ་ལ་རིག་ཆ་ཡང་ཡང་བཏོན་ནས་དེ་གཙོ་བོར་སྐྱོང་བར་ཡིད་བཞིན་མཛོད་འགྲེལ་སོགས་ན་ཡོད་སྙམ་ཡང་དེ་བདེ་བས་ཐབས་བྱས་པའི་དཔེའི་ཡེ་ཤེས་ཞེས་བདེ་བས་དྲང་བའི་སྟོང་པ་ཞེས་བདེ་བས་རྟོག་པ་དང་སྣང་གསུམ་གྱི་རླུང་སེམས་བཅད་པའི་ཐམས་ཅད་སྟོང་པ་སྐྱོང་ལུགས་སུ་ཀློང་སྙིང་འཁྲུལ་འཁོར་སྦས་གསལ་དུ་སྣང་བས་ཞིབ་དཔྱོད་དགོས་ཏེ། །རིག་ཆ་ཅི་ཙམ་ཐོན་པ་ཙམ་གྱིས་ཐམས་ཅད་སྟོང་པ་ལ་སྲེ་ཐུབ་པ་ཡིན་ནམ་རྡོ་རྗེའི་གནས་ལ་ཧང་འགྲོས་མི་རུང་། །ཐུགས་རྗེའི་རིག་ཆ་དེ་ནི་དང་པོ་གཞི་ལས་གཞི་སྣང་དུ་གཡོ་དུས་ཤེས་རབ་སྲོག་ཏུ་གྱུར་པའི་རླུང་ལྔ་ཞེས་ཤིན་ཏུ་ཕྲ་བའི་རླུང་གིས་འོད་གསལ་ཀྱི་མཁྱེན་ཆ་ཕྱིེར་གསལ་དུ་བསྐུལ་ནས་སད་པ་ཡིན་པས། །རླུང་སེམས་རགས་པའི་བྱེད་ལས་ཀྱིས་བསྒྲུབ་པའི་ཡོན་ཏན་ཁོལ་བུ་པ་ཙམ་དང་མི་འདྲ་བར་ཚད་འདི་ཙམ་ཞེས་བྱར་མེད་ཅིང་། །རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཡིན་ཕྱིར་རྒྱ་ཤིན་ཏུ་ཆེ་ལ། །རྩ་ཁམས་རགས་པའི་ལག་རྗེས་འོད་གསལ་ལ་ཚུར་བཞག་པའི་བདེ་ཉམས་སོགས་དང་མི་འདྲ་བར། །གཉུག་མ་རང་གཤིས་ཀྱི་མཁྱེན་ཆ་རླུང་འོད་ཟེར་ལྔ་པས་གཏིང་ནས་ཕར་གཡོས་ཏེ་སྤྲོས་པ་ཡིན་ཕྱིར། །རྣམ་པར་མི་རྟོག་པའི་དབྱིངས་ལ་གཏུགས་པ་མེད་པར་འཇུག་པའི་ཟབ་ཕྲ་རྣོ་གསུམ་སོགས་ཀྱི་མཐུ་དཔག་པར་དཀའ་བའི་མཐར་ཐུག་གོ། །དེའང་ཁ་ཕྱིར་མ་བལྟས་པས་གཟུང་འཛིན་གྱི་རྗེས་སུ་མི་འབྲང་ལ། །ཡུལ་སྣང་ཅི་སྣང་ཡང་མིག་ཤེས་ཀྱིས་རི་ཕར་མཐོང་བ་ལྟ་བུའི་རྒྱང་ཆད་ཀྱི་ཚུལ་དུ་མི་འཆར་བར་མེ་ལོང་ལ་གཟུགས་བརྙེན་ཚུར་ཤར་བ་ལྟར་རིག་པའི་ཀློང་དུ་ཚུར་མཉམ་བརྡལ་དུ་ཤར་ནས་རང་སྣང་གཞན་དུ་མགོ་རྨོང་པའི་ནག་ནོག་མ་ཞུགས་པར་རྩ་བའི་དབྱིངས་ཐོག་ཏུ་གསལ་སྣང་བརྟན་པའི་ལྷག་མཐོང་གི་ཏིང་ངེ་འཛིན་སྒྲོན་མེ་རླུང་གིས་མི་གཡོ་བ་ལྟ་བུ་གཞན་ལས་ཕུལ་ཕྱིན་འོང་ལ། །དེས་ནང་ཀ་དག་གི་བཞུགས་ཚུལ་ལ་བསམ་གཏན་བྱས་རིམ་བཞིན་བཞུགས་ཚུལ་དེ་གསལ་པོར་འཐོན་པའམ་མངོན་དུ་གྱུར་འོང་བ་སྟེ། །དབྱིངས་ལ་གསལ་སྣང་ཐོན་པའི་དོན་ཡང་གསལ་ངར་དམིགས་གཏད་ཅན་མིན་གྱི། །རིག་པ་རང་གནས་ཀྱི་བསམ་གཏན་འོད་གསལ་ཀྱི་ངོ་བོ་སྟོང་པ་དམིགས་གཏད་དང་བྲལ་བའི་བརྗོད་མེད་ཟང་ཐལ་དུ་འདྲེས་ཕུལ་ཆེ་བའི། །ཁ་ཕྱིར་ལྟ་ནང་ལྟའི་ཁྱད་ཀྱིས་མ་རིག་པ་དང་རིག་པར་འཇོག་པ་འདི་གཞི་སྣང་དུས་ཐུགས་རྗེའི་རིག་པ་མ་རིག་པར་ལྡོག་པ་དང་། །མ་རིག་ལ་རིག་པར་ལྡོག་ནས་འཁྲུལ་གྲོལ་བྱེད་ལུགས་དང་ཀུན་གཞི་དང་ཆོས་སྐུའི་ཁྱད་སོགས་ཀྱིས་ཤེས་ཤིང་། །ཡུལ་སྣང་རང་རྒྱུད་དུ་བཟུང་ནས་ཕར་ཞེན་ན་ཀུན་རྟོག་ལུ་གུ་རྒྱུད་དུ་འགྲོ་ཞིང་། །གང་སྣང་འོད་གསལ་ཀྱི་རོལ་པར་བལྟས་ནས་ཁ་ཚུར་བསྐོར་ན་འོད་གསལ་ཀྱི་ཐོག་ཏུ་ཐོན་ཡོང་བ་ནི་སྔགས་བླ་མེད་སྤྱིའི་ལུགས་སོ། །མདོར་ན་རྕ་བའི་འོད་གསལ་ཐུགས་རྗེའི་རིག་པར་དྲུང་མཆེད་པ་ནི་ཤེས་རབ་རྐྱང་པའང་མིན་པར་ཏིང་ངེ་འཛིན་དང་ཤེས་རབ་མཐར་ཐུག་གཉིས་འབྲལ་མི་ཤེས་པའི་ལྷག་མཐོང་གི་མིག་ཐུན་མོང་མ་ཡིན་པ་ཡིན་ལ། །དེའི་གནད་ཀྱིས་དེ་འོད་གསལ་རང་ཉིད་ལ་རྩེ་གཅིག་ཏུ་དམིགས་ནས་སམ་གཏད་ནས་བཞག་པས་འོད་གསལ་གྱི་ངོ་བོ་གསལ་འབར་བཀྲག་གསུམ་དུ་ཇེ་མངོན་ཇེ་ཆེ། །འོད་གསལ་ཀྱི་རྩལ་ཁ་རང་སྣང་རིས་མེད་དུ་རྒྱས་པས་རྒྱ་ཇེ་ཆེ། །མཐའ་ཇེ་རྒྱས་ལ་འགྲོ་བས་གདོད་མའི་རྒྱལ་བ་ཡང་དང་ཡང་དུ་སྐུལ་བྱེད་ཀྱི་ལྕགས་ཀྱུ་མཐར་ཐུག་ནི་ཐུགས་རྗེའི་རིག་པ་སྟེ། །དད་པས་ཤེས་རྒྱུད་འཁུལ་ཟེར་བ་ལྟར་སྐུལ་བྱ་སྐུལ་བྱེད་ངོ་བོ་ཐ་མི་དད་པའོ། །བླ་མེད་རྒྱུད་གཞན་ལྟར་ན། །གང་སྣང་བདེ་སྟོང་དུ་ལྟ་དུས་རྣལ་འབྱོར་པའི་བློ་ཁྱད་ཀྱིས་སྣང་བ་དེ་བདེ་བར་འཆར་ཕུལ་ཆེ་ཆུང་མང་ལ། །དེ་འཆར་སྟོབས་ཇི་ལྟར་ཆེ་བ་ལྟར་ཡུལ་སྣང་ཟིལ་གྱིས་ནོན་ཚབས་དང་། །འོད་གསལ་འདྲེན་ཕུལ་ཆེ། །རྣལ་འབྱོར་བའི་བློ་ཁྱད་ཅེས་པའང་གང་སྣང་བདེ་སྟོང་གི་རོལ་པར་མཐོང་བའི་ཤེས་རབ་ཀྱི་རྩལ་འབྱོང་མ་འབྱོང་ལ་བྱེད། །དེ་ནི་གློ་བུར་བའི་སེམས་གཞན་ཅིག་གིས་གང་སྣང་ལྷན་སྐྱེས་ཀྱི་རོལ་བར་བཅོས་ཤིང་རྒྱས་བཏབ་ནས་སེམས་རང་ཉིད་ལྷན་སྐྱེས་ཀྱི་ངང་དུ་འགྲོ་བའི་ལམ་སྦྱོང་བ་ཡིན་ལ། །འདིར་ནི་གཉུག་སེམས་རང་གི་ཆར་གྱུར་པའི་ཤེས་རབ་ཀྱིས་གཉུག་སེམས་རང་ཉིད་ངོ་ཤེས་མ་ཐག། །ངོ་བོ་དང་ཐུགས་རྗེ་གཅིག་གིས་གཅིག་གསལ་བར་རྗེན་ལ་ཕྱུངས་སྟེ། །གང་སྣང་ཐམས་ཅད་རང་གི་ཚོས་མདོག་ཏུ་བཅོས་མིན་ཤུགས་འབྱུང་དུ་འཆར་ཞིང་། །དེ་ཇི་ལྟར་ཤར་བ་ལྟར་ཐུགས་རྗེ་ངོ་བོའི་དབྱིངས་སུ་བརྟན་ཚབ་ཆེ་སྟེ། །ཡང་ཡང་འོད་གསལ་ཀྱི་དབྱིངས་སུ་འགྲོ་བའི་ལམ་སྦྱོང་མི་དགོས་པར་རིག་པ་རང་མལ་དུ་རྒྱལ་པོ་གདན་དང་མ་བྲལ་བར་བསྡད་པ་རང་གིས་ཆོག་པས་རྩོལ་མེད་ཀྱི་ཐེག་པ་ཞེས་བྱའོ། །

༈ ཐིག་ལེ་སྟོང་སྒྲོན་ནི་འཆར་བའི་རྣམ་པ་རྩོལ་བྱེད་ཀྱི་རྟེན་ཡིན་ཞེས་པ། །འགབ་ན་རྩོལ་བཅས་ཀྱི་དམིགས་རྟེན་ཡིན་ཏེ་རྒྱུད་ལས། རྩོལ་བཅས་རྣམས་ཀྱི་རེ་གནས་འཐོབ། །ཅེས་དྲངས་ནས་བཤད་དེ། །ལུ་གུ་རྒྱུད་དབྱིངས་ཀྱི་ར་བར་འཛུད་པ་ལ་ལྷ་སྟངས་དང་རིག་པ་དབྱིངས་སྒྲོན་ལ་གཡོ་མེད་དུ་གཏད་ནས་སྒོམ་དགོས། །དེའང་དབྱིངས་སྒྲོན་གྱི་མཐའ་དབུས་གར་ཡིན་དུ་ངེས་ཤེས་ཏིག་ཏིག་མ་བྱས་པར་གཏད་པ་ཙམ་གྱིས་ལུ་གུ་རྒྱུད་འགུལ་འཕྲིག་དང་འགྲོ་འོེང་མེད་པར་བརྟན་པ་ཡོང་མི་ནུས་པས། །ས་དཔྱད་མཁན་ཚོས་ས་བཟང་བས་མི་ཆོག་ས་མིག་ནོན་དགོས་ཟེར་བ་ལྟར། །གང་དུ་ལུ་གུ་རྒྱུད་བརྟན་པོར་གཟེར་ལ་ཐེབ་པའི་གནད་དམིགས་དངོས་ནི་ཐིག་ལེ་སྟོང་སྒྲོན་ཡིན་པས་དེའི་ནང་དུ་རྒྱང་ཞགས་གཟིར་དགོས་པ་གནད་ཆེན་པོའོ། །དེའང་ནང་དབྱིངས་བདེ་གཤེགས་སྙིང་པོའི་རང་གདངས་དབྱིངས་སྒྲོན་དང་། །དབྱིངས་ཀྱི་གསལ་ཆ་ཡེ་ཤེས་ཀྱི་གདངས་ཐིག་སྒྲོན་ཡིན་པས་སྟོང་པའི་ཆོས་ཉིད་མ་དང་། །སྣང་བའི་ཆོས་ཉིད་ཕ་ཞེས་རྣམ་མཁྱེན་ཤིང་རྟ་རང་ན་རྩལ་རྫོགས་ཀྱི་ལུང་དོན་བརྡ་འགྲོལ་མཛད་སྐབས་ཡོད་པས་ངོ་བོའི་དབྱིངས་དང་ཐུགས་རྗེའི་རིག་པ་གཉིས་རང་བཞིན་གསལ་བའི་ཡེ་ཤེས་ཀྱི་གཟེར་བུ་བརྒྱབ་ནས་སྦྱར་དགོས་པའི་བརྡ་རེད་དམ་སྙམ། །

༈ ལུག་རྒྱུད་དབྱིངས་སུ་འཛུད་སྐོར་ལ། །ནང་དབྱིངས་བདེ་གཤེགས་སྙིང་པོའི་ཀློང་དུ་ལྷག་མཐོང་གི་རིག་པ་བཅུག་སྟེའམ་བཞག་སྟེ་བསྒོམ་ན་ནང་དབྱིངས་དེ་ལ་སྒྲིབ་བྱེད་ཀྱི་ལས་རླུང་དང་རྣམ་རྟོག་རང་སང་ལ་དག་ནས་དབྱིངས་དེ་རྒྱ་ཇེ་ཆེར་མངོན་དུ་འགྱུར་བའི་གནད་ཀྱིས། །དེའི་རང་མདངས་སུ་ཡང་དབྱིངས་སྒྲོན་གྱི་ནང་དུ་ལུ་གུ་རྒྱུད་བཞག་ནས་བལྟས་པས་དབྱིངས་སྣང་ཇེ་གསལ་དང་རྒྱ་ཇེ་ཆེར་འགྲོ་བ་ཡིན་པས་ལུ་གུ་རྒྱུད་ནི་དབྱིངས་སྒྲོན་བྱི་དོར་བྱེད་པའི་ཆུ་དྭངས་ནོར་བུ་ལྟ་བུ་ཡིན་སྣང་། །གཤེགས་སྙིང་ཇི་ལྟར་མངོན་དུ་གྱུར་བ་དེ་ལྟར་ལྷག་མཐོང་གི་རིག་པའང་ནང་དབྱིངས་གཤེགས་སྙིང་དེ་ཉིད་ཀྱི་ཡོན་ཏན་ཡིན་པས་ཇེ་འཕེལ་ཇེ་བརྟན། །ནང་དབྱིངས་སུ་ཇེ་ཞུགས་རེད་ནས་མཐར་ནང་དབྱིངས་རྗེན་ཅེར་དུའམ་མངོན་སུམ་དུ་མངོན་དུ་བྱེད་ལ། །དེའི་རྟགས་སུ་ལུ་གུ་རྒྱུད་ཀྱིས་དབྱིངས་སྣང་རྒྱ་བསྐྱེད་དུས་དབྱིངས་སྣང་ཅི་ཙམ་འཕེལ་བ་ཙམ་ཏུ་སླར་ལུ་གུ་རྒྱུད་ཇེ་འཕེལ་ཇེ་རྫོགས་རེད་ནས། །མཐར་ངོ་བོའི་རྟགས་སུ་སྐུ་འཆར་ཞེས་པ་དེ་འོང་བ་ཡིན་ནོ། །དབྱིངས་སྒྲོན་གྱི་དབྱེ་བའི་ཐད། །གཞིའི་དབྱིངས་ཀྱིས་ཙིཏྟར་སྐུ་དང་ཡེ་ཤེས་འཛིན་ཞེས་པ་ནི་གཤེགས་སྙིང་རྣམ་པར་མི་རྟོག་པའི་དབྱིངས་ཀྱིས་ཁམས་སམ་དབྱིངས་སམ་རིགས་ཀྱི་ཚུལ་དུ་བཞུགས་པའི་ཡོན་ཏན་གྱི་ཆ་རྣམས་འཛིན་པ། །ལམ་ལ་སྣང་བའི་དབྱིངས་ཀྱིས་འོད་ལྔའི་འཆར་གཞི་བྱེད་ཅེས་པ་ནི་ནང་དབྱིངས་གཞི་ལ་བཞུགས་པའི་བཞུགས་ཚུལ་མཐའ་དག་ལམ་དུས་དང་པོ་ནས་མཐོང་མི་ནུས་ཀྱི། །དེའི་ཆ་ཤས་ཅི་རིགས་ཙམ་ནས་རིམ་གྱིས་མཐོང་འོང་བས་རྣལ་འབྱོར་བ་གོང་འོག་ལ་ནང་དབྱིངས་མཐོང་རྒྱ་ཆེ་ཆུང་གི་ཁྱད་ཆེས་ཆེར་ཡོད་ལ། །ནང་དབྱིངས་ཅི་ཙམ་ཤར་བའི་ཚད་དུ་འབྲས་བུ་ཡུལ་ལ་སྣང་བའི་དབྱིངས་སྒྲོན་གསལ་ཆ་དང་རྒྱ་ཇེ་ཆེར་འོང་བ་སྟེ། །མདོར་ན་རྣལ་འབྱོར་པའི་ཉམ་མྱོང་གིས་ངོ་བོའི་བཞུགས་ཚུལ་ཅི་ཚམ་ངེས་པའི་ནང་དབྱིངས་ཀྱི་རྟོགས་པ་དེ་ལ་ལམ་སྣང་གི་དབྱིངས་ཞེས་བྱའོ། །ལུ་གུ་རྒྱུད་ལྷ་སྐུར་སྨིན་པ་དབྱིངས་སྒྲོན་གྱི་མཐུ་ཡིན་ཞེས་པ་དང་། །དབྱིངས་སྒྲོན་སྟོང་ཁམས་ཁྱབ་པར་མཆེད་པ་ལུ་གུ་རྒྱུད་ཀྱི་མཐུ་ཡིན་ཞེས་པ་གཉིས་གོ་བ་ལེན་ཕྱོགས་ཐ་དད་རེད་པས་སྔར་བཤད་དང་འདི་གཉིས་ཀ་ཤེས་དགོས་ཏེ། །བྱ་དང་སྒོ་ང་གང་སྔ་དཔྱོད་པ་བཞིན་ནོ། །

༈ ངོ་བོའི་དབྱིངས་ཀྱི་བཞུགས་ཚུལ་རྟོགས་པའི་ཤེས་རབ་ལ་ལྟ་བ་ཟེར་བ་དང་། །ཤེས་རབ་དེ་ཕུལ་ཕྱིན་རིག་པར་གསུངས་པས་ལུགས་འདིར་ཐུན་མིན་གྱི་ལྟ་བ་ནི་ལྷག་མཐོང་། རིག་པ་ཉིད་ལ་འཇོག་པ་འདྲ་སྟེ་དཔྱོད། །

༈ རིག་པ་ཟང་ཐལ་ཞེས་པ་རིག་ངོ་དེར་ཡུལ་གང་སྣང་ཡང་སྣང་ཆ་དེས་ངོ་བོའི་དབྱིངས་སྒྲིབ་མི་ནུས་པར་སྣང་བ་དེ་ཐལ་བྱུང་དུ་ཕྱུངས་ཏེ་རིག་པ་ངོ་བོའི་དབྱིངས་ཐོག་ཏུ་འགྲོ་བ་དང་། །ཡུལ་ཅན་རྟོག་པ་ཅི་ཤར་ཡང་དེས་རིག་པའི་མིག་འགེབ་མི་ཐུབ་པར་དམིགས་གཏད་ཀྱི་སྤྲོས་པ་ཞིག་པའི་དབྱིངས་སུ་རིག་པ་རང་ཉིད་སྲེ་ཐུབ་པ་སྟེ། །ཀུན་གཞི་ལུང་མ་བསྟན་ནི་སྣང་སེམས་ལ་ཐོགས་ནས་ཐུམ་གྱིས་གནས་ཤིང་། །རིག་པ་ནི་དམིགས་གཏད་བྲལ་བའི་དབྱིངས་ལ་རྟེན་མེད་གནས་མེད་དུ་སང་ངེར་རྒྱ་ཡན་ཆེན་པོར་སྤྱོེད་དོ། །མདོར་ན་རིག་ཐོག་ཏུ་གནས་དུས་སྣང་སེམས་གང་ཤར་ཐམས་ཅད་དབྱིངས་ལས་མི་གཞན་པར་རྟོགས་ནས་གང་ལའང་མངོན་ཞེན་གྱི་ཐོགས་རྡུགས་མི་འབྱུང་བར་ངོ་བོའི་སྟེང་དུ་ཐལ་གྱིས་སམ་ཐལ་མར་འགྲོ་བ་སྟེ། །བཏགས་གྲོལ་ཀྱི་ཡབ་ཡུམ། །གཉིས་མེད་ཀྱི་དགོངས་པ་གསུམ་ཡང་དེ་ལྟར་རེད༎

༈ དབྱིངས་ཀ་དག་གི་ཆ་ནི་གཞི་སྣང་མ་ཤར་གོང་གི་གཞི་དང་། །ད་ལྟ་འཁྲུལ་སྐབས་ཀྱི་ངོ་བོའི་དབྱིངས་ཀྱང་ཡིན་མོད། །མི་གསལ་བས་ངེས་ཤིན་ཏུ་དཀའ། །དེ་ཉིད་རང་བཞིན་གསལ་བའི་ཡེ་ཤེས་ཀྱི་ངོ་བོར་མཆེད་པ་ན་རྟོགས་སླ་བ་ནི་བླ་མེད་གཞན་དུ་བདེ་བའི་སྟོབས་ཀྱིས་འོད་གསལ་དམིགས་རྣམ་ཤིན་ཏུ་གསལ་བར་འབྱིན་པ་དང་འདྲའོ། །ཁྲེགས་ཆོད་དུ་གཞི་སྣང་འཁྲུལ་སྟོབས་ཀྱིས་ནང་དུ་ལོག་རྗེས་ཀྱི་དབྱིངས་དེ་རིག་པའི་སྟོབས་ཀྱིས་རྗེན་ཕུད་བྱེད་པ་ཙམ་ལས་གསལ་ཆ་འདོན་ལུགས་འདི་མེད་པས་འདི་རྩལ་འདོན་བྱེད་པ་ནི་ཐོད་རྒལ་གྱི་ཁྱད་ཆོས་ཆེ་ཤོས་རེད། དེའི་གནད་ཀས་ནང་དབྱིངས་བདེ་གཤེགས་སྙིང་པོ་རྫོགས་པར་མངོན་དུ་བྱེད་པ་ལ་ཐོད་རྒལ་ལམ་མྱུར་རོ། །དབྱིངས་དང་རིག་པའི་གདངས་དབྱིངས་སྣང་དང་ལུ་གུ་རྒྱུད་དུ་འཆར་བའི་གནད་ཀྱང་རང་བཞིན་གསལ་བའི་ཡེ་ཤེས་ལ་ཐུག་ཅིང་། །ཡེ་ཤེས་དེའི་རང་གདངས་ཀྱི་སྣང་ཆ་ཐུན་མིན་ནི་ཐིག་སྒྲོན་ཡིན་པས་དབྱིངས་སྒྲོན་དང་ལུ་གུ་རྒྱུད་གཉིས་ཀའི་འཆར་བའི་གཞི་ཐིག་ལེའི་སྒྲོན་མ་ཡིན་པར་བཤད་པ་རེད་སྙམ། །རྟོགས་བྱ་ནང་དབྱིངས་བདེ་སྙིང་ལྷུན་གྲུབ་ཀྱི་གསལ་མདངས་སུ་མཆེད་པ་དེ་དབྱིངས་དང་ཐིག་ལེའི་སྒྲོན་མ་རོ་གཅིག་པར་སྣང་ཞིང་། །རྟོགས་བྱེད་སྒོམས་པའི་ཤེས་རབ་ལྷག་མཐོང་གི་རིག་པ་དེ་ལུ་གུ་རྒྱུད་དུ་ཤར་བ་རེད་དོ། །ད་དུང་རྣམ་མཁྱེན་ཤིང་རྟར་ལམ་ལ་སྣང་བའི་དབྱིངས་ཀྱིས་འོད་ལྔའི་འཆར་གཞི་བྱེད་ཅིང་། །རིག་པའི་དྭངས་མ་བསམ་གཏན་གྱི་ཐིག་ལེར་སྡུད། །བྱ་བ་ཡོད་པས་དཔྱད་དགོས། །

༈ ཆོས་ཉིད་བར་དོའི་ལྷུན་གྲུབ་ཀྱི་གཞི་སྣང་འཆར་བ་ལ་ནི་ཕུང་ཁམས་རགས་པ་མཐའ་དག་ཐིམ་པའི་གཞིའི་འོད་གསལ་ངེས་པར་སྔོན་དུ་འགྲོ་བས་གཞི་དང་གཞི་སྣང་གི་རིམ་པ་ངེས་ལ། །ད་ལྟ་ཐོད་རྒལ་བའི་ལམ་སྣང་འཆར་བ་ལ་ནི་དེ་ལྟར་མི་དགོས་པས་གཞི་སྣང་སྔ་མ་དང་ཕྱི་མ་གཉིས་ལ་སྟོབས་ཆེ་ཆུང་གི་ཁྱད་ཆེས་ཆེ་བས་དཀྱུས་གཅིག་པོ་དེར་ལྷ་སྐུར་རྫོགས་ནས་མཐར་བྱིན་པ་སོགས་འོང་མི་འོང་བྱུང་བ་སྟེ། །གཞིའི་འོད་གསལ་འཐུག་པོ་སྔ་མ་བཞིན་སོང་ན། །ཕུང་ཁམས་གློ་བུར་བའི་སྒྲིབ་བྱེད་མེད་པས་སྟོན་ཀའི་ཉི་མ་སྤྲིན་བྲལ་ལྟ་བུའི་གཞི་སྣང་ཤུགས་ཆེར་འཆར་ལ། །ཕྲ་རགས་འབྲེལ་བ་མ་ཆད་སྐབས་དེ་ཙམ་གྱི་རྩལ་རྫོགས་མི་ཐུབ་པའམ། །གཞི་སྣང་གི་ནུས་པ་དེ་ཙམ་མྱུར་པོར་རྒྱས་མི་ནུས་ཏེ། །ཚད་ཕེབས་ཐད་ཕྱེད་སྐུར་འཆར་བའི་གོ་བ་གོང་སྨོས་ལ་དཔྱད་ཀྱང་ཤེས་སོ། །འདིའི་རྩ་ཐོ་ཐེག་མཆོག་མཛོད་ན་ཡོད། །འདི་ལྟར་བྱས་ཚེ་ཐོད་རྒལ་གྱི་སྒྲ་བཤད་ཀྱང་། །འཁྲུལ་སྣང་དང་ཡེ་ཤེས་རང་སྣང་གི་བར་དུ་ཐོག་མའི་ཀ་དག་གི་གཞི་དབྱིངས་འཆར་བརྒྱུད་མི་དགོས་པར་འཁྲུལ་སྣང་ལས་གཞི་སྣང་ལ་ཐོད་རྒལ་དུ་འཇུག་པ་ཟེར་རམ་དཔྱད། །

༈ ཤེས་རབ་ཀྱི་མིག་གིས་མཐོང་ན་ཅིག་ཆར་དུ་ཟད་པ་སྟེ། །སྣང་བཞིའི་རྟགས་སྣང་མཐའ་དག་མ་རྫོགས་ཀྱང་ཆོས་ཟད་དུ་འགྲོ་བ་ཡོད་གསུངས་པ་ནི། །ཤེར་སྒྲོན་སྟོབས་ཤིན་ཏུ་ཆེ་ན་སྣང་བ་མ་རྫོགས་གོང་ནས་གྲོལ་སར་ཐིམ་ནུས་པའམ་ལྷུན་གྲུབ་ཀྱི་སྦུབས་སུ་ཐིམ་ནུས་པ་སྟེ། །ཆོས་ཉིད་བར་དོར་ཡེ་ཤེས་བཞི་སྦྱོར་ནས་ངོ་ཤེས་ཏེ་གྲོལ་བ་དང་ཚོམ་བུའི་སྣང་བ་ལ་རང་སྣང་དུ་ངོ་ཤེས་ནས་གྲོལ་བ་སོགས་གང་དང་གང་གི་ཐད་དུ་ཤེར་སྒྲོན་རྩལ་རྫོགས་ཀྱང་དེ་ཐད་ཉིད་དུ་སྒྲོལ་བར་བཤད་པ་དང་ཚུལ་འདྲའོ།

།གཞི་སྣང་གི་འོད་གསལ་ལ་རང་བཞིན་དང་ཐུགས་རྫེ་གཉིས་ཀ་འཇོག་མི་འཇོག་དཔྱོད། །

༈ བྱིང་རྒོད་སོགས་སྒོམ་སྐྱོན་གཅད་ཚུལ་ནི། །བྱིང་རྨུགས་འཕྲོ་རྒོད་གང་ཡང་རིག་པ་རང་མལ་ནས་གཡོས་ཏེ་རྩལ་ཐོག་ཏུ་ཤོར་བ་ཁོ་ན་ལས་བྱུང་གིས། །རིག་ཐོག་དངོས་ན་དེ་ཐམས་ཅད་དྲི་ཙམ་ཡང་མེད་པས་རིག་ཐོག་ནས་མ་གཡོས་བ་ཁོ་ནས་ཆོད་པར་ཀུན་བྱེད་ཀྱི་ལུང་དྲངས་ནས་ཆོས་བྱིངས་མཛོད་འགྲེལ་ལས་གསུངས་ཏེ། རྣམ་མཁྱེན་ཤིང་རྟར་ཆོས་སྐུའི་རང་མལ་ནས་མ་གཡོས་པའི་རིག་པའི་ཡེ་ཤེས་སམ་རོལ་པ་ཆོས་ཉིད་དུ་ཤེས་པའི་ཤེས་རབ་ལ་ཡུལ་ཐོག་ཏུ་མི་འཆོར་བར་རང་ངོའི་སྟེང་དུ་གསལ་སྣང་མཆེད་པའི་མཐུ་ཡོད་པས་སོ་སོ་རང་རིག་ཡེ་ཤེས་ཟེར་ཚུལ་དང་། །དེས་རྣམ་རྟོག་གཟུང་འཛིན་ཐམས་ཅད་ཟ་བས་མེ་དང་འདྲ་ཚུལ། །རིག་པ་རླུང་གིས་སྤུར་བའི་རང་རྩལ་ལས་བྱང་བའི་བྱིང་རྒོད་སོགས་ཐམས་ཅད་དེ་ཉིད་ཀྱིས་སེལ་ཚུལ། །ཁྲེགས་ཆོད་ལམ་ནི་ཤར་གྲོལ་དུས་མཉམ་སྟེ། །ཞེས་པའི་ཐད་དང་ཀུན་གཞི་ཆོས་སྐུའི་ཐད་སོགས་ན་ཅི་རིགས་སུ་ཡོད་དོ། །

༈ ཕར་ཕྱིན་ཐེག་པར་ཡང་། །ལྷག་མཐོང་སྒོམ་བྱུང་གི་ཤེས་རབ་ཀྱིས་སྟོང་ཉིད་ལ་དམིགས་ནས་ཇི་ལྟར་བསྒོམ་པ་དེ་ལྟར་ཤེས་རབ་དེ་གསལ་རྣོ་ཆེ་ཟབ་ཇེ་བཟང་དུ་འགྲོ་ལ། །དེ་ལྟར་ལྷག་མཐོང་གི་ཤེས་རབ་ནར་སོན་ནས་མཐར་སྟོང་ཉིད་དང་ཆུ་ལ་ཆུ་ཐིམ་ལྟར་སོང་དུས་འཕགས་པའི་ཤེས་རབ་ཏུ་སོང་བ་རེད། །དེ་བཞིན་དུ་དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད་བཞག་པས་ལུ་གུ་རྒྱུད་རིམ་གྱིས་འཕེལ་ནས་མཐར་ངོ་བོའི་རྟགས་སུ་ལྷ་སྐུར་འཆར་ཞེས་གུང་བསྒྲིགས་དུས་ཤིན་ཏུ་ཡག་པོ་ཡོད། །

༈ རིག་པའི་རྩལ་ངར་གྱི་ཤུགས་ནི་ཚད་བཟུང་དུ་མེད་དེ་དེ་མཆེད་པ་ལས། །འོད་ཟེར་གྱི་ཚུལ་དུ་གཟུང་འཛིན་གྱི་སྤྲོས་པ་མཐའ་མེད་དུ་ཤར་ཞིང་འཕྲོས་པ་རེད་ལ། །དེས་ན་གཟུང་འཛིན་གྱི་རྣམ་རྟོག་ཅི་ཙམ་འབར་བ་ཙམ་དུ་རིག་རྩལ་གསལ་འབར་དུ་སོང་བ་ཡིན་ཏེ། །ཆོས་དབྱིངས་མཛོད་ཀྱི་ལེའུ་བཅུ་གཅིག་པར་ཆགས་སྡང་འབར་དུས་རིག་རྩལ་ལྷོད་བར་བཤད་པ་འཞིན་ནོ། །འོན་ཀྱང་རྩལ་ཀྱི་རིག་པ་ཡུལ་ཐོག་ཏུ་མི་འཆོར་བས་ཁ་ཕྱིར་བལྟས་ཀྱི་རོལ་བ་རྣམས་ཀྱིས་བསྒྲིབ་ནས་རྟོགས་དཀའ་འོ། །དེའི་དུས་སུ་རིག་པ་སྣང་སེམས་ཀྱིས་གོས་ན་སྣང་སེམས་ཁོལ་བུར་ཆད་པ་ལྟར་རིག་རྕལ་ཡང་རྒྱ་ཆད་ཕྱོགས་ལྷུང་ཅན་དུ་འགྱུར་བ་ལས། །རིག་པ་གཟུང་འཛིན་མེད་པའི་ཟང་ཐལ་ཡིན་པས་མ་གོས་ཏེ་རྒྱ་མ་ཆད་ཕྱོགས་སུ་མ་ལྷུང་བ་རེད། །དེའི་དུས་སུ་ཁ་ཕྱིར་བལྟས་ཀྱི་གཟུང་འཛིན་འཁྲུལ་པའི་ཆ་དེ་གར་འགྲོར་བཏང་ནས། །རྩལ་ཀྱི་རིག་པ་དེ་ནང་ངོ་བོའི་སྟེང་དུ་བཞག་པས་རྩལ་གྱི་འོད་ཟེར་ཉི་མ་བརྒྱའི་འོད་ལྟར་གསལ་བ་དེས་ངོ་བོའི་བཞུགས་ཚུལ་རྗེན་ལ་ཕུད་ཡོང་། །རྩལ་གྱི་རིག་པ་དེ་གཟུང་འཛིན་གྱིས་མ་གོས་པས་རྒྱ་ཆད་ཕྱོགས་ལྷུང་མེད་པ་རང་གི་གནད་ཀྱིས་དེ་ངོ་བོའི་ཐོག་ཏུ་ཕེབས་ཙ་ན་ངོ་བོ་རིས་མེད་ལ་རིག་པ་ཕྱོགས་མེད་དུ་རྒྱས་ནས་དེ་ཁོ་ན་ཉིད་ལ་བློ་རྒྱས་པ་ཟེར་བ་ལྟར་འགྲོ་སྟེ། །རྒྱ་གྲོལ་རྣལ་འབྱོར་ནམ་ལང་ཉི་ཤར་འདྲ། །ཞེས་སོ། །

༈ རིག་པ་ཆོས་སྐུ་ཡིན་ཡང་དེའི་ཐོག་ནས་གཡོས་ཏེ། །རྩལ་ཐོག་ཏུ་འཁྱམ། །སླར་རིག་ཐོག་ཏུ་ས་མི་འཛིན་པར་རྩལ་ཀྱི་སྟེང་ནས་ཤེས་རབ་དང་ཏིང་ངེ་འཛིན་སོགས་སངས་རྒྱས་ཀྱི་ཡོན་ཏན་བསྒྲུབ་ཚེ་བྱིང་རྒོད་སོགས་གོལ་སྒྲིབ་མང་སྟེ་རྙོག་པ་ཅན་གྱི་སེམས་སྒྲུབ་གཞིར་བྱས་པས་སོ། །རིག་པ་ནི་རང་བཞིན་གཤིས་ཀྱིས་དྭང་མའི་འོད་གསལ་ཡིན་པས་དེ་ཐོག་ཏུ་བསྡད་ན་གོལ་སྒྲིབ་མེད་དེ། །རང་ཁྱིམ་ནས་ཐག་རིང་དུ་འཁྱལ་ཏེ། །སླར་མཚན་འགྲོས་ཀྱིས་འོང་དགོས་ན་ལམ་ནོར་དོགས་ཆེ། །རང་ཁྱིམ་ནས་སྒོར་མ་བུད་བཞིན་དུ་རང་ཁྱིམ་ཚོལ་དགོས་དང་། །ཚོལ་ཚེ་ལམ་ནོར་དོགས་སྐྱེ་བའི་གཞི་མེད་པ་བཞིན་ཏེ། །བགྲོད་དུ་མེད་ལ་བགྲོད་པས་གོལ་ས་བྱུང་། །ཞེས་དྲངས་ནས་སྣང་། །གཉུག་མ་རང་མལ་དུ་སྐྱོང་ནུས་ཀྱང་གོལ་ས་ཡོད་ན་རྩོལ་མེད་ཀྱི་ཐེག་པར་འགལ་ཏེ། །གཉུག་མའི་སྟེང་ནས་རྩོལ་འབད་དགོས་པའི་ཕྱིར་རོ། །ཡང་རང་གནས་ཀྱི་བསམ་གཏན་ལ་གོེལ་སྒྲིབ་མི་སྲིད་ལ། །རང་བབས་རང་གནས་ཀྱི་བསམ་གཏན་མ་བསྒོམ་ཆུ་བོ་རྒྱུན་དུ་ཤེས་པ་དེ་ལ་གང་ཡང་ཆོས་ཉིད་དུ་འཆར་བས་གོལ་སྒྲིབ་དང་རྐྱེན་སྣང་གི་བར་ཆད་མེད་དེ་ཡེངས་ཡུལ་ཆོས་ཉིད་ཀྱི་རོལ་པར་ཤར་བའི་ཕྱིར་རོ་ཞེས་བཤད་དེ་བྱིང་རྒོད་སྐྱེ་བར་རྩོམ་དུས་ནས་རིག་པ་དྲི་མེད་ཀྱི་ཀློང་དུ་དག་འགྲོ་པའོ། །

༈ གཟུང་འཛིན་འཁྲུལ་པའི་ཡོ་ལང་འདི་རྣམས་དང་པོའི་གཞི་དང་། །མཐའ་གྲོལ་ས་གཉིས་ཀ་ན་མེད་ཀྱང་བར་འདིར་རྨི་ལམ་རྨིས་པ་ལྟར་ཤར་ཏེ། །དེའི་ཚེའང་སེམས་ཐོག་ནས་བལྟས་ན་མཁྲང་ཐེང་ངེ་བ་ལྟ་བུར་སྣང་ཡང་། །རིག་ཐོག་ནས་བལྟས་ན་སྟོང་གཟུགས་ཤར་བ་ལྟ་བུ་ལས་མེད་དེ། །ཟང་ཐལ་ཀྱི་སྣང་བ་ཤག་མ་ཤིག་མ་ཁྲལ་མ་ཁྲོལ་མ་ཙམ་མོ། །སྟོང་གཟུགས་ལའང་སྟོང་པའི་གཟུགས་སྒྲ་སོགས་ཡུལ་ལྔ་འདོད་པ་ལྟར། །ལུགས་འདིར་སྣོད་བཅུད་ཐམས་ཅད་སྟོང་གཟུགས་སུ་ཟད་དེ། །དཔེར་ན་རི་ཁཱ་ནག་པོའི་ནང་དུ་གསེར་དང་མེ་ཏོག་ཆར་དང་བུམ་སྣམ་རེ་ལྡེ་སོགས་ཅི་ཤར་ཡང་འོད་གསལ་ཀྱི་རང་སྣང་ཁོ་ན་ཡིན་པས་བཟང་ངན་མེད་པ་ལྟར། །སྐྱེ་ཤི་བདེ་སྡུག་སོགས་ཅི་ཤར་ཡང་རིག་པའི་ཀློང་ལས་མ་གཡོས་པས་ཐམས་ཅད་མཉམ་པ་ཉིད་དེ། །གནས་སྐབས་སུ་སེམས་ཀྱི་རང་སྣང་རེད་ཀྱང་། །མཐར་གཏུགས་ན་སེམས་དང་དེའི་རོལ་པ་ཐམས་ཅད་ཡེ་ཤེས་རང་སྣང་གི་སྟོང་གཟུགས་སུ་སངས་རྒྱས་ཟིན་པས་རིག་པ་དག་མཉམ་ལྷུན་གྲུབ་ཆེན་པོས་ཁྱབ་པའི་ཞིང་ཞེས་བྱའོ། །ཐུགས་རྗེའི་རིག་པ་མེ་ལོང་དང་འདྲ་སྟེ་འཆར་གཞི། །གཟུང་འཛིན་གཟུགས་བརྙན་དང་འདྲ་སྟེ་ཤར་ཆོས། །འཆར་གཞིའི་དབང་གིས་ཤར་བ་མེ་ལོང་མེད་ན་གཟུགས་བརྙན་གཏན་མི་འབྱུང་བ་འདྲ། །རིག་པའི་ངོ་བོ་སྟོང་བ་བརྗོད་མེད་རེད་པས། །དེའི་རོལ་པ་ཐམས་ཅད་ཀྱང་མེད་པ་གསལ་སྣང་ཁོ་ན་སྟེ། །སྟོང་པའི་རང་མདངས་རང་མཚན་གྱིས་གྲུབ་པར་འགལ་བའི་ཕྱིར་ཏེ། །གཞི་རྩ་མེད་པའི་ཕྱིར་རོ། །དེ་རྣམས་བསྒྲིགས་དུས་སྣང་སྲིད་ཐམས་ཅད་མེ་ལོང་ལ་པྲ་ཕབ་ལྟ་བུའི་སྟོང་གཟུགས་ངོ་ཏི་རང་ཡིན་ཀྱང་། །སེམས་ཀྱི་སྤྱོད་ཡུལ་དུ་སོང་བའི་ངོར་དེ་ཚེ་སྟོང་གཟུགས་ཡིན་བྱས་ན་མི་སྲིད་པའི་གཏམ་ལྟ་བུར་འཆར་བ་ནི་སེམས་སྟོང་གཟུགས་ཀྱི་དེ་ཉིད་ལ་ཚད་མ་མ་ཡིན་པས་སྟོང་གཟུགས་སྒྱུ་མའི་གྲོང་ཁྱེར་ལ་བདེན་པར་འཁྲུལ་བ་རྐྱང་བ་རེད་དོ། །དེའང་དང་པོའི་ལྷུན་གྲུབ་ཀྱི་སྣང་བ་ནི་རིག་པ་ཁོ་ནའི་སྣང་བ་ཡིན་པས་དྭངས་ཤིང་སྒྲིབ་མེད་དུ་གསལ་བ། །རང་སྣང་དུ་ཤེས་མ་ཐག་དབྱིངས་སུ་དག་འགྲོ་བའི་ལས་རུང་གི་ཡོན་ཏན་ཕུལ་བྱུང་ཅན་ཡིན་ཡང་། །ད་ལྟའི་གཟུང་འཛིན་རགས་པ་ནི་རིག་རྩལ་མ་རིག་པ་གསུམ་དུ་ལོག་སྟེ་སྣང་བ་རང་རྒྱུད་པར་ཞེན་པའི་རླུང་སེམས་ལས་ཤར་བས། །འདག་དཀའ་བ། །སྦྱང་དཀའ་བ། ཤིན་ཏུ་ངན་རེང་གི་རྣམ་པ་ཅན་ཡིན་ཏེ། །ཨ་འཐས་ཀྱི་འཁྲུལ་སྣང་ཟེར། །དེའང་རིག་པའི་རང་མལ་ནས་གཡོས་ཏེ་རྩལ་ཐོག་ཏུ་ཤོར་བའི་ཀུན་གཞི་ལུང་མ་བསྟན་གྱིས་རང་སྣང་གི་དེ་ཉིད་བསྒྲིབ། །ཡུལ་སྣང་རང་རྒྱུད་པར་སྣང་། །སྣང་བ་ལྟར་གྲུབ་པར་ཞེན། །ཞེན་པ་རྒྱུན་ཆགས་སུ་འཐས། །དེ་ལ་བརྟེན་ནས་ལས་ཉོན་སྡུག་བསྔལ་གྱི་འཁོར་བ་ཟད་མེད་འཕེལ་བ་འདི་སེམས་ཅན་བཅིང་ལུགས་ཡིན་པའི་གནད་ཤེས་ན། །གཤིས་ལྷག་མཐོང་གི་རིག་པའི་རང་སོ་བཟུང་སྟེ། །རྩལ་ཐོག་མ་ཤོར་བར་བརྐྱང་བས། །ཀུན་གཞིའི་བསླད་པ་སང་། །མ་འཁྲུལ་གཉུག་མའི་དབྱིངས་ཐོག་ཏུ་བཙན་ས་ཟིན། །རོལ་པ་ཆོས་ཉིད་དུ་ཤེས་པའི་མཁྱེན་ཆ་རྒྱས། །གཟུང་འཛིན་རང་རྒྱུད་པའི་འཁྲུལ་འཁོར་ཞིག། །སྣང་སྲིད་ཐམས་ཅད་དག་མཉམ་ཆེན་པོའི་སྟོང་གཟུགས་སུ་ཤར། །མཐར་རང་གདངས་ནང་དུ་ལོག། །རྩལ་གཞི་ལ་ཐིམ་ནས་གྲོལ་སར་ཕྱིན་འགྲོ་བ་ལ་ངེས་པ་འཐོབ་སྟེ། །འདིའི་རྒྱུ་མཚན་གྱིས་རིག་པ་སྐྱང་དེད་གཅིག་པོས་འཚང་རྒྱ་བ་རེད་པས། །འབད་མེད་གྲོལ་བའི་གནད་ཀྱི་ཉིང་ཁུ། །འོད་གསལ་རྡོ་རྗེ་རྩེ་མོའི་གསང་གཏམ་མཐར་ཐུག་པ་ལགས་སོ། །

༈ རིག་པ་ལ་ཡུལ་ཚུར་སྣང་ཡང་ཡུལ་ཐོག་ཏུ་ཕར་མི་འཆོར་བས་རིག་པ་ཟང་མ་རྗེན་པར་བུད་དེ། །གཟུང་འཛིན་འཁོར་བའི་རྩ་བ་སྟོང་། །སྣང་སྲིད་རྒྱ་གྲོལ་ལ་སང་། །གང་སྣང་ཐམས་ཅད་སྟོང་པར་གྲོལ་བས་ཁམས་གསུམ་ཡོངས་གྲོལ་ཀྱི་དགོངས་པ་ཟེར། །རྟེན་འབྲེལ་བཅུ་གཉིས་ལུགས་སུ་འཇུག་པ་འདི་དག་གོ་བཟློག་སྟེ་དང་པོའི་རིག་ཐོག་ཏུ་དེད་ནས་ཟང་ཐལ་ཀྱི་རིག་པ་རྗེན་ལ་བུད་ཙ་ན། །སྤྲིན་ཡེ་དག་གི་ནམ་མཁའི་ངོས་ལྟར་གཤིས་ལ་འཁོར་བ་ཡོད་མ་མྱོང་བའི་དྲི་མེད་རྣམ་དག་ཆེན་པོར་རྟོགས་པས་སྲིད་གསུམ་ཀ་དག་གི་དགོངས་པ་ཞེས་བྱའི། །སྲིད་གསུམ་ཀ་ནས་དག་ཚུལ་འདི་རྒྱས་པར་ཡིད་བཞིན་མཛོད་ཀྱི་ལེའུ་བཅོ་བརྒྱད་པར་ཡོད། །

༈ བདེ་གསལ་རྣམ་པར་མི་རྟོག་པའི་འོད་གསལ་ནི་བླ་མེད་ཀྱི་རྒྱུད་ཐམས་ཅད་ན་གསལ་བར་བསྟན་ཀྱང་། །ཐུགས་རྗེའམ་རྩལ་ཀྱི་རིག་པའམ་ཤེས་རབ་ཀྱི་ཆ་སྟེ་མཁྱེན་ཆ་རྗེན་འདོན་བྱེད་ཅིང་དེའི་སྟེང་ནས་འོད་གསལ་གྱི་ལམ་བསྒྲུབ་པ་གཙོ་བོར་རྩལ་འདོན་བྱེད་པ་ནི་རྡོ་རྗེ་རྩེ་མོའི་ཁྱད་ཆོས་རེད་འདྲ༎ ༎

༈ ངོ་བོའི་འོད་གསལ་ནི་ཀུན་རྟོག་གི་དུས་བག་ལ་ཞ་འགྲོ་སྟེ། །རྒྱུད་གཞན་དུ་འོད་གསལ་དང་ཀུན་རྟོག་གཅིག་ཤར་དུས་གཅིག་ནུབ་འགྲོ་བར་བཤད་པའང་འདིར་དགོངས། །ཐུགས་རྗེའི་རིག་ཆ་ནི་ཉི་འོད་མཆེད་དུས་ཚ་དྲོད་རང་འགྲོགས་སུ་མཆེད་པ་བཞིན་ཀུན་རྟོག་མཆེད་དུས་དེ་ལ་རང་འགྲོགས་སུ་མཆེད་ཡོང་སྟེ་སྙིང་ཐིག་གི་གྲུབ་མཐའ་ཐུན་མིན་རེད། །

༈ ལྗོན་ཤིང་གི་སྒྲ་དང་འཁྲུལ་འཁོར་གྱི་ཁོང་གནད་ལྟར། །འོད་གསལ་གྱི་གནད་མཐར་ཐུག་ནི་ངོ་བོའི་དབྱིངས་སམ་མི་རྟོགས་པའི་དབྱིངས་ཏེ། །དེ་ནི་འོད་གསལ་གྱི་གཏིང་ངོ་། །འདི་ལ་དབྱིངས་ཞེས་ཟེར་དོན་དམིགས་གཏད་ཁོལ་བུ་པ་ལས་སྣང་བ་རིས་མེད་མི་ཡོང་། །རྒྱ་ཡན་གྱི་སྣང་ཆ་ལ་ཕྱོགས་མེད་རིས་མེད་ཡོང་བས་ཅི་ཡང་མ་ཡིན་པ་ལས་ཅི་ཡང་འབྱུང་ཟེར་རྒྱུ་དེ་རེད་པས་ཆོས་ཐམས་ཅད་ཀྱི་དབྱིངས་ཡིན་ལ། །སྤྱི་ལྟར་འཕགས་པའི་ཆོས་ཀྱི་དབྱིངས་ཞེས་ཀྱང་བཤད་ནུས། །རིག་པ་ལྷག་མཐོང་གི་རྒྱལ་པོ་ཡིན་པས་དེས་ངོ་བོའི་བཞུགས་ཚུལ་རྗེན་ལ་འབྱིན་ཐུབ་པ་འདྲ་བ་བདེ་བ་དང་གསལ་བ་གཞན་གྱིས་མི་ཐུབ་ལ། །བཞུགས་ཚུལ་དེ་ཅི་ཙམ་རྗེན་འདོན་ཐུབ་པ་དེ་ཙམ་དུ་འོད་གསལ་གྱི་རྟོགས་པ་ལས་སུ་རུང་བ་དང་། །འོད་གསལ་ལ་དབང་སྒྱུར་ཕུལ་བྱུང་འཐོབ་པ་ནི། །ལམ་འདིའི་ཟབ་ཁྱད་དང་མྱུར་ཁྱད་མཆོག་གོ། །རིག་པས་དབྱིངས་ཀྱི་གཏིང་ལ་རེག། །ཇི་ལྟར་རེག་པ་དེ་ལྟར་དབྱིངས་ཀྱི་རིག་པ་རྣོ་ལ་ངར་བཏགས་ལྟར་བྱེད། །དེའང་རིག་པས་འོད་གསལ་གནད་ནས་སྐུལ་ཞིང་ཅི་ཙམ་འཁུལ་ནུས་པ་ལྟ་བུ་བདེ་བ་སོགས་ལ་མེད་པའི་དོན་ནོ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཡང་དང་ཡང་དུ་སྐུལ་བར་བྱ། །ཞེས་ཏེ། །སྐུལ་བ་འདི་རྣལ་འབྱོར་བླ་མེད་གྱི་སྲོག་གོ། །དེ་ལྟར་རིག་པ་ལ་འོད་གསལ་གྱི་དབྱིངས་གསལ་བར་འབྱིན་པའི་ཁྱད་ཆོས་ཆེ་བར་མ་ཟད། །དབྱིངས་ཐོག་ཏུ་བརྟན་པར་གནས་ཐུབ་པ་ལའང་ཁྱད་ཆེས་ཆེ་སྟེ་རླུང་རགས་པ་ཐིམ་པའི་གསལ་བ་དང་། །ཐིག་ལེ་རགས་པ་ཞུ་བའི་བདེ་བ་སོགས་ནི་དུས་དེར་འཕྲལ་རྐྱེན་གྱིས་འོད་གསལ་བོགས་བཏོན་པའི་ཤེས་ཉམས་ཡིན་པས་བརྟན་པར་དཀའ་ལ། །རིག་པ་ནི་དབྱིངས་ཁོ་རང་གི་རང་འགྲོས། །ཁོ་དང་གདོད་ནས་འབྲལ་མི་ཤེས་པའི་ཆོས་ཉིད་ཅན་ཡིན་ཅིང་། །ཉི་མའི་རང་གཤིས་སྣང་བ་ཡིན་པ་ལྟར་རིག་པ་དབྱིངས་ཀྱི་སྣང་བྱེད་དུ་གཤིས་ཀྱིས་གྲུབ་པས་དེའི་སྟེང་ནས་དབྱིངས་བསྒོམ་ན་དབྱིངས་ཐོག་དུ་བརྟན་སླ་སྟེ། །རྣམ་མཁྱེན་ཤིང་རྟར། །རང་བཞིན་རྫོགས་པ་ཆེན་པོ་ནི་ཆོས་ཉིད་ཀྱི་རླན་དང་མི་འབྲལ། །ཞེས་པའང་དེ་ལྟར་རེད་སྙམ། །

༈ རྩ་རླུང་ཐིག་ལེའི་རྟོག་སྒྲིབ་ཀྱིས་གཉུག་མའི་རང་ཞལ་འགེབ་ལ། །རྟོག་སྒྲིབ་དེ་སྦྱོང་བ་ནི་གཞན་ཏུ་སྒོ་གསུམ་ཕྲ་རགས་ཕྱེ་ནས་མཛད་ཀྱང་། །འདིར་རགས་པ་ཉིད་ཕྲ་བ་དང་། །ཕྲ་བ་ཤིན་དུ་ཕྲ་མོར་བསྒྱུར་ནས་མི་ཤིགས་དྭངས་མ་ཆེན་པོའི་དབྱིངས་སུ་འཇུག་པ་སྟེ། །དེ་ལྟར་རགས་པ་ཕྲ་བར་བསྒྱུར་བའི་གནད་ནི། །ཕྲ་རགས་མ་ཕྱེ་བར་རླུངས་སེམས་རགས་པ་ཉིད་ཀྱི་སྟེང་ནས་གཉུག་སེམས་བསྐྱང་བའི་ལག་རྗེས་ལ་དེ་ལྟར་འོང་བ་སྟེ། །བུད་ཤིང་མ་བསལ་བར་དུ་མེ་མི་འབར་བ་མིན་གྱི། །བུད་ཤིང་ཅི་ཙམ་མང་བ་ཙམ་དུ་མེ་མཆེད་ཡོང་བ་བཞིན། །ཀུན་རྟོག་དང་ལས་རླུང་ཅི་ཙམ་འབར་བ་དེ་ཙམ་རིག་པའི་རྩལ་ངར་མཆེད་ཡོང་བས། །དེ་ཐད་ཉིད་དུ་རིག་པ་ངོས་བཟུང་སྟེ་སྐྱོང་བ་རེད། །རྟོག་སྒྲིབ་ཀྱི་གསེབ་ནས་ཐོན་པའི་རིག་པས་རྟོག་སྒྲིབ་སྲེག་པ་ནི། །ཤིང་དྲུད་པ་ལས་བྱུང་བའི་མེས་ཤིང་ཉིད་སྲེག་པ་བཞིན་ནོ། །འདི་ལྟར་སྙིགས་མ་དྭངས་མར་སྒྱུར་ཐུབ་པ་ནི། །བྱ་བ་དགུ་ཕྲུགས་བཏང་ནས་བར་མེད་དུ་སྒོམ་པ་ལ་ལྟོས་ངེས། །

༈ ཐོད་རྒལ་ཐད། །གཏེར་ཆེན་རིན་པོ་ཆེའི་ཞལ་ནས། །དབྱིངས་ཐིག་རིག་གསུམ་གྱི་སྣང་བ་མཐོང་ཚེ། །དེ་ལ་བདག་གཉེར་གང་ཡང་མེད་པར་རིག་པ་གློད་དེ་འཇོག་པ་དེ་ཐོད་རྒལ་སྒོམ་ལུགས་ལེགས་ཤོས་མིན་པར་གོ། །ལུ་གུ་རྒྱུད་དབྱིངས་ཐིག་གི་ར་བར་གཟེར་བཏབ་པ་ལྟར་ཨར་ལ་གཏད་ནས། །དེ་འདྲའི་ལུ་གུ་རྒྱུད་དེ་ལ་ནང་གི་རིག་པ་ཙིར་བཟུང་ལྟ་བུར་མདུང་ཚུགས་སུ་གཏད་པའམ་རིག་པ་ཁ་ཡན་དུ་མི་གཏོང་བར་ལུ་གུ་རྒྱུད་ཁོ་ན་དང་བསྲེས་ནས་ཕུར་ཚུགས་སུ་ཧུར་ཐག་བྱས་ཏེ་སྒོམ་པ་འདི་ལེགས་ཤོས་ཡིན་ཏེ་འདིའི་གནད་ཀྱིས་དབང་རྣོན་སྒོམ་མེད་ཁྲེགས་ཆོད་ཀྱིས་གྲོལ་བ་དང་། །བརྩོན་འགྲུས་ཅན་སྒོམ་ཡོད་ཐོད་རྒལ་གྱི་ལམ་པ་ཞེས་བཤད་པ་ཡིན་གསུངས་ཏེ་ཟབ་གནད་ཕུལ་བྱུང་དུ་སྣང་། །ཡང་རིག་པའི་བོག་འདོན་ལ་བདེ་བ་ལས་ཀྱང་གསལ་བ་དྲག། །ཅེས་དང་། །མཉམ་བཞག་འཐུག་པོའི་དུས་སུ་ཕྱག་རྒྱའི་བདེ་བ་ལས་ལྷག་པའི་བདེ་བ་དྭངས་ཤིང་མི་གཡོ་བ་ཡོད་ཀྱང་དེ་རྩལ་འདོན་མ་བྱས་པར་རིག་ཆ་བསྐྱང་པས་མི་རྟོག་པའི་དབྱིངས་སུ་འདྲེས་ཚེ་མི་རྟོག་པས་བདེ་བ་ཟིལ་ཀྱིས་མནན་ནས་འགྲོ་གསུངས་ཏེ། །དེའི་ཚེ་བདེ་ཉམས་ཕུལ་བྱུང་ཡོད་ཀྱང་མི་མངོན་པ་འཕགས་པའི་མཉམ་བཞག་ལ་ཡུལ་ཡུལ་ཅན་ཡོད་ཀྱང་ཡུལ་ཡུལ་ཅན་དུ་སྣང་བ་ནུབ་པ་ལྟ་བུར་གསལ། །ཡང་གོང་སྨོས་ལྟར་ནང་གི་རིག་པ་ལུ་གུ་རྒྱུད་ཀྱི་ནང་དུ་བཙོན་འཛིན་བྱས་པས་རིག་ཆ་འབར་ནས་ཤེས་རབ་རང་བྱུང་གི་སྒྲོན་མར་མཆེད་དེ་དེའི་རྩལ་ལས་ཤེས་རབ་ཀྱི་ཀློང་རྡོལ་འོང་གསུངས་ཏེ། །འདི་ནི་ཤེས་རབ་སྲོག་དུ་གྱུར་བའི་རླུང་ལྔ་ལས་རུང་གི་ལག་རྗེས་སུ་གོ། །ཡང་མ་དག་པའི་རླུང་སེམས་ཀྱི་ཆ་རྣམས་དག་པ་དང་། །དབྱིངས་ལ་རིག་པ་ཕྱོགས་མེད་དུ་རྒྱས་པ་ལས་སམ་འབར་ཞིང་མཆེད་པ་ལས་སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས་འགྲུབ་ཅེས་དང་། །འཆི་ཀའི་བར་དོར་འོད་གསལ་མ་བུ་སྲེ་ནུས་པ་ཡིན་ཡང་ད་དུང་དབྱིངས་ལ་ཞུགས་ཚབ་ཆེ་ཆུང་ངམ་རྣམ་པར་མི་རྟོག་པའི་དབྱིངས་ཀྱི་གཏིང་དཔོག་ཚུལ་ཤུགས་ཆ་ཆུང་མང་པོ་ཡོད་པས་དེར་གྲོལ་ཐུབ་མི་ཐུབ་མང་པོ་བྱུང་བ་ཡིན་གསུངས་ཏེ། །འདིའི་དབང་གིས་ཆོས་ཉིད་བར་དོར་ཡང་གྲོལ་དཀའ་སླ་དང་མྱུར་བུལ་མང་པོ་བྱུང་བ་འདྲ། །དེ་དག་གཏེར་ཆེན་གསུང་སྒྲོས་སོ། །

༈ རགས་པའི་རླུང་སེམས་མ་ལུས་པ་སྟེ་ལྷག་མེད་དུ་ཐིམ་པའི་འོད་གསལ་དང་། །ཅི་རིགས་རེ་དག་པའི་འོད་གསལ་གཉིས་དཔྱིད་ཀ་དང་སྟོན་ཀའི་ནམ་མཁའ་ལྟ་བུའི་ཁྱད་ཆེ་ལ། །དེའི་གནད་ཀྱིས་དེ་ལས་ཤར་བའི་དབྱིངས་རིག་གི་སྣང་བ་ལའང་སྤྲིན་སྦུབས་ཀྱི་དང་། །སྤྲིན་བྲལ་གྱི་ཉི་མའི་འོད་ལྟ་བུའི་ཁྱད་ཆེ་བས། །ད་ལྟ་ལོ་ཟླ་འགའ་རེར་སྒྲུབ་དགོས་པའི་ཚད་ཕེབས་ཀྱི་སྣང་བ་མཐར་ཐུག་པའང་ཆོས་ཉིད་བར་དོར་ཐུན་གཅིག་ལ་རྫོགས་ནུས་པ་ཡིན། །ཡང་ཤེས་རབ་ཀྱི་མིག་གིས་མཐོང་ན་སྣང་བཞི་རིམ་གྱིས་འཆར་བ་ལ་མི་ལྟོས་ཞེས་པས་ཆོས་ཉིད་བར་དོར་བརྟན་པ་ཐོབ་པའམ་གྲོལ་སར་ཕྱིན་པ་ལ་ཆོས་ཉིད་བར་དོའི་སྣང་བ་མཐའ་དག་རྫོགས་རྫོགས་སུ་སྡོད་མི་དགོས་ལུགས་དང་རིགས་པ་འདྲའོ། །

༈ དབྱིངས་གཏིང་མཐའ་མེད་པའི་ཟབ་མོ་ལ་རིག་པ་ཅི་ཙམ་ཞུགས་ཚབ་ཆེ་བ་དེའི་ཚོད་དུ་རིག་པ་ཉིད་ཇེ་ཕྲར་འགྲོ། །ཕྲ་ཞེས་པ་ནི་སྐྲ་རྩེ་དང་ཁབ་རྩེ་ལྟ་བུ་མིན་ཏེ། །གལ་ཏེ་ཡིན་ན་རིག་པ་དེ་ཁོལ་བུ་ལས་ཀྱང་ཁོལ་བུར་འགྱུར་བས་རྒྱ་གྲོལ་གྱི་རིག་པར་ག་ལ་འགྱུར། །དེས་ན་བསམ་མི་ཁྱབ་ཀྱི་མཚན་ཉིད་ཇེ་རྫོགས་སུ་སོེང་བའམ། །དེའི་བཞུགས་ཚུལ་ལམ་ངོ་བོ་དེ་ཕལ་གྱིས་རྟོགས་ཇེ་དཀར་སོང་བའི་དོན་ནོ། །ནམ་མཁའི་ལུས་ཅན་གར་ཡང་ཐོག་མེད་ཅིང་། །ཟེར་བའི་དཔེ་ལྟར་རིག་པ་མཉེན་ལྕུགས་ཇེ་ཆེར་སོང་བའང་ངོ་། །དབྱིངས་ལ་རིག་པ་ཅི་ཙམ་སྲེ་ནུས་པའི་ཚད་དུ་རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཟེར་བ་ལྟར་རིག་པ་རྒྱ་ཇེ་ཆེ་ཇེ་ཡངས་སུ་འགྲོ་བའང་ཤེས་སླའོ། །

༈ གསང་སྔགས་གཞན་ལས། །བདེ་བ་ཅི་ཙམ་ཤུགས་ཆེ་བ་ལྟར་དེ་ཁོ་ན་ཉིད་རྟོགས་ཕུལ་ཆེ་ཞེས་འབྱུང་བ་ནི་བདེ་བས་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཀྱི་རྣོ་སོ་འདོན་པའི་དོན་རེད། །ཤེས་རབ་ཀྱང་འོད་གསལ་གྱི་ཤེས་རབ་ལ་བྱ་དགོས་པས་འདིའི་རིག་ཆ་དང་གཅིག་རེད། །དེ་ལ་རྫོགས་ཆེན་པས་བལྟས་དུས། །བདེ་བ་དང་གསལ་བའི་སྟོབས་ཀྱིས་ཆོས་དབྱིངས་རྟོགས་པ་ཁྱད་ཞུགས་པ་ནི། །དེ་དག་གི་མཐུས་རིག་པ་ལ་ངར་ཐོན་པའི་སྟེང་ནས་འཇོག་དགོས་པས་རིག་པ་བར་དུ་བརྒྱུད་དགོས་ལ། །རིག་པ་དང་ཆོས་དབྱིངས་ཀྱི་བར་དུ་གང་ཡང་བརྒྱུད་མི་དགོས་པས། །དབྱིངས་རྟོགས་བྱ། །རིག་པ་རྟོགས་བྱེད་ཀྱི་རྒྱལ་པོ། །བདེ་གསལ་རྟོགས་བྱེད་དེའི་འཁོར་ལྟ་བུར་འགྱུར་བ་འདྲ། །དེའང་གཞན་དུ་རླུང་དང་གཏུམ་མོ་དང་ལས་རྒྱ་ལ་སོགས་པའི་ཐབས་ཀྱིས་བདེ་བ་དང་གསལ་བ་ཅི་རིགས་སྒྲུབ་ལ། །བདེ་གསལ་ཀྱི་ཐབས་ལས་རིག་པ་མཚོན་པར་བྱེད་པས་དབྱིངས་ལ་འཇུག་པ་ལ་རིག་པ་དགོས་པར་མ་ཟད། །རིག་པ་ཉིད་ལའང་བདེ་གསལ་གྱི་ཐབས་ཀྱིས་འཇུག་དགོས་ཤིང་། །སྙིང་ཐིག་གི་སྐབས་སུ་དེ་འདྲ་གང་ཡང་མི་དགོེས་པར་རིག་པ་ལ་དམར་འཇུས་བྱས་པས་ཆོག་པས་འཁོར་བརྒྱུད་ནས་རྒྱལ་པོ་ལ་འདྲིས་གདགས་པ་དང་། །རྒྱལ་པོ་ཉིད་དབང་དུ་བསྡུས་ནས་འཁོར་རང་ཤུགས་ཀྱིས་འཐོབ་པའི་ཁྱད་ལྟ་བུ་ཡོད་སྙམ། །

༈ ཡང་སྒྱུ་འཕྲུལ་ཐད། །རྒྱུད་འདིའི་ལམ་ལ་ཐབས་གྲོལ་གཉིས་ཡོད་ཀྱང་། །གཙོ་བོ་གྲོལ་ལམ་རང་ཡིན་ཏེ། །གཡོ་བ་རླུང་དང་། །བདེ་བ་ཐིག་ལེའི་རྫོགས་རིམ་གཙོ་བོར་མི་བྱེད་པར་འོད་གསལ་ཡེ་ཤེས་ཀྱི་རྫོགས་རིམ་གཙོ་བོར་བྱེད་པས་མ་ཧཱའི་ཨ་ཏིར་བཞག་པའི་ཕྱིར། །

༈ རྫོགས་ཆེན་ཐད། །ཀུན་གཞི་ཆོས་སྐུ་ངོ་བོ། སེམས་དང་ཡེ་ཤེས་རང་བཞིན། ཡིད་དང་ཤེས་རབ་ཐུགས་རྗེ། །ཨེ་ཡིན་དཔྱོད། །

༈ ངོ་ཤེས་རྩལ་རྫོགས་ཐད་ཕྱག་རྒྱ་པ་སོགས་ཀྱི་ཆོས་སྐད་ཤན་མ་ཤོར་བ་ནི། །ད་ལྟ་རྣམ་རྟོག་གི་སྟེང་ན་རིག་ཆ་གཙོ་ཆེར་ཡོད་དེ། །དེ་དུས་རིག་ཆ་དེ་བསླད་ཡོད་ཅིང་། །རིག་པའི་རྩལ་ལམ་ཤུགས་སམ་ཤེད་སྟོབས་ཀྱི་ཆ་རྣམས་རྣམ་རྟོག་ཏུ་ཕར་སོང་བས་རྣམ་རྟོག་ཚོལ། །རིག་པ་ཤེད་ཞན་ཅིང་ལྗིད་པར་སོང་བ་སྟེ། །རྣམ་རྟོག་བཀྲག་ཆེ་ལ། །རིག་པ་བཀྲག་ཆུང་། །དེའི་དུས་སུ་རྣམ་རྟོག་ཐད་ཀར་བཅད་ནས་རིག་པ་རྐྱང་འདེད་དམ་རྗེན་འདོན་བྱས་པས་རྣམ་རྟོག་གི་རྩལ་ཤུགས་རིག་པ་ལ་ཚུར་ཞུགས་ཤིང་འདུས་ནས་རིག་ཆ་ཧུར་ཐོན་ཅིང་རྗེན་ལ་ཅེར་གྱིས་བུད་ཡོང་། །

༈ རིག་ཆ་ཡེ་ཤེས་ཀྱི་རླུང་གིས་སྤུར་བའམ་གཞི་ཐོག་ནས་ཕྱིར་འཕགས་ཤིང་སད་པའི་རྟགས་སུ་སྟོང་གཟུགས་ཀྱི་དབྱིངས་ཐིག་སོགས་འཆར། །དེའང་ལས་རླུང་སེམས་བཅས་ཀྱི་བསླད་ཆ་མཐའ་དག་དང་པོའི་གཞི་ཐོག་ཏུ་ཐིམ་པའི་རྗེས་ཐོག་ཡིན་ན་རང་ཤུགས་ཀྱིས་འཆར་ཞིང་། །རྒྱ་ཆེ་མཐའ་ཡས་སུ་འཆར། །ཀུན་རྟོག་གི་སྟེང་ན་ཡོད་ཚེ་གནད་གསུམ་གྱིས་མ་གཅུན་ན་མི་འཆར། །གཅུན་ན་བག་ཙམ་ཉུག་ཙམ་འཆར་ཏེ། །ཐོད་རྒལ་ཐོག་མར་སྒོམ་ཚེའོ། །དེ་ལྟར་ཤར་བའི་སྣང་བ་དེ་ལ་རྩེ་གཅིག་གཟིར་ཞིང་གཏད་ན་རྟགས་སྣང་གི་རྟོད་ལ་རྟགས་ཅན་གྱི་རིག་ཆ་གཅེར་བུར་ཟིན་ནས་གོང་འཕེལ་དུ་འགྲོ། །དེས་ན་ཁྲེགས་ཆོད་ཀྱི་རིག་ཆའང་ཤེར་སྒྲོན་ཙམ་ངེས་པར་ཡིན་ཀྱང་། །ཐོད་རྒལ་བསྒོམ་སྟོབས་ཀྱིས་དེ་ནར་སོན་ནས་ཟབ་མོའི་ཚིག་དོན་འབྱེད་པའི་ཤེས་རབ་སོགས་རྩལ་རྒྱས་ཤིང་མཆེད་པའི་མགོ་ནི་ཉམས་གོང་འཕེལ་ཞེས་པའི་ཤེས་ཉམས་ནས་རྩོམ་པ་འདྲ། །ཁྲེགས་ཆོད་ཀྱི་རིག་ཆ་དེ་ལྷུན་གྲུབ་ཀྱི་གཞི་སྣང་གི་རིག་ཆ་ཕལ་བ་ཙམ་དུ་ཚིག་དོན་མཛོད་ལས་གསུངས་པ་དང་ཤེར་སྒྲོན་དུ་བཤད་པ་འདི་གཉིས་མཐུན། །

༈ འཆི་ཀ་བར་དོའི་ཐད། །འཆི་བ་འོད་གསལ་དངོས་ནི་བར་དོར་བཞག་མི་རུང་ངམ་སྙམ། །སྙིང་ཀའི་ཡེ་ཤེས་བཞིའི་རང་སྣང་རང་བཞིན་སྤྲུལ་སྐུའི་ཞིང་དང་། །དེས་ན་ད་ལྟ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ལ་གོམས་ན་དེ་དག་སྐྱེ་བགྲོད་ནུས་པ་ནི། །མ་རྒྱུད་དུ། །ཧེ་རུ་ཀའི་རྩ་གནས་རྣམས་ཡུལ་ཆེན་ཉེར་བཞིར་ཤར་ཞིང་། །དེས་ན་དེ་བསྒོམ་པས་གནས་ཡུལ་ལ་དབང་སྒྱུར་བར་བཤད་པ་ལྟ་བུར་མཐོང་ངོ་།

༈ ཡང་གོ་ལུགས་གསར་པ་ཞིག་ལ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཀ་རིག་པ་སྟེ། །ངོ་བོའི་རིག་པ། །རང་བཞིན་གྱི་རིག་པ་སོགས་སོ། །སྤྱིར་རིག་པ་ཡིན་ཕན་ཆད་གསུམ་ཀ་ཡིན་ཡང་། །གཙོ་ཆེ་བའི་ངོས་ནས་བཞག་ན་གཞི་སྣང་མ་ཤར་གོང་གི་རིག་པ་ནི་སྟོང་པ་རིག་པའི་སྙིང་པོ་ཅན་ཏེ། །མི་རྟོག་པའི་དབྱིངས་ཐོག་ནས་མ་གཡོས་པའི་ཕྱིར་རོ། །དེ་ལ་ངོ་བོ་སྟོང་པ་ཟེར། །དེ་གསལ་མདངས་ཆེར་འབར་ཞིང་རྩལ་གྱི་གཟུང་འཛིན་གྱི་ཐོག་ཏུ་མ་ཤར་བ་ནི་གསལ་བ་རིག་པའི་སྙིང་པོ་ཅན་ཏེ། །རང་བཞིན་གསལ་བ་ཟེར། །འདིའི་རིག་ཐོག་གི་གསལ་ཆ་འདི་ལ་མདངས་ནང་གསལ་གྱི་ཆ་ཟེར། །དབྱིངས་ཡེ་རིག་གསུམ་སོ་སོར་བྱེད་ཚེ་ཡེ་ཤེས་ཞེས་པའང་དེ་ཡིན་པ་འདྲ་སྙམ་པ་དཔྱོད། །རྩལ་ཐོག་ཏུ་ཤར་ནས་ཐུགས་རྗེ་ཀུན་ཁྱབ། །རང་གནས་མི་རྟོག་པའི་དབྱིངས་དེ་ངོ་ཤེས་བྱེད་དངོས་རིག་ཆ་དེ་ཁོ་ན་རེད་ཀྱང་། །ཐོག་མའི་གཞི་ལ་གནས་དུས་མི་རྟོག་པ་ཤིན་ཏུ་འཐུག་རུང་རིག་ཆ་ཕྲ་མོར་སོང་བས་རིག་ཆ་ཉིད་ཀྱང་ངོས་མི་ཟིན་ན། །དབྱིངས་ལྟ་ཅི། །དེ་ནས་གསལ་མདངས་ཆེར་མཆེད་ཚེ་རིག་ཆའམ་ཤེས་རབ་སྲོག་ཏུ་གྱུར་པའི་རླུང་ལྔས་བསྐུལ་ནས་གསལ་ཆ་རྒྱས་པ་ཡིན་ཕྱིར་རིག་ཆ་མཆེད་ཡོད་ཀྱང་ཐ་མལ་བ་ལ་འདུ་བྱེད་ཀྱི་དྲན་པ་ལྟ་བུའི་དྲན་པ་རྙེད་པའི་རྐྱེན་མ་ཚང་ཞིང་སྐར་མདའ་རྒྱུག་ཡུན་ཙམ་ལས་མེད་པས་ངོས་མི་ཟིན། །ད་ལྟ་རྣམ་རྟོག་གི་སྟེང་ན་ཡོད་དུས་ནང་གསལ་དུ་མ་གབ་པར་ཕྱིར་གསལ་དུ་ཐོན་ཏེ་མེ་སྟག་མེ་ཕུང་དུ་མཆེད་པ་ལྟ་བུའི་སྐབས་ཡིན་པས་བླ་མའི་གདམས་ངག་གི་རྐྱེན་ལས་ངོ་འཕྲོད་སླ་ཞིང་། །འདིའི་སྟེང་ནས་རིག་ཆ་རྗེན་འདོན་ནམ་རྐྱང་འདེད་བྱས་ནས་རྩེ་གཅིག་བརྐྱང་བས་ནང་དབྱིངས་ལ་གཏིང་ཕྱིན་པར་འདྲེ་སྐབས་ཀྱང་། །སྐྱོང་ལུགས་ཀྱི་གནད་ཀྱིས་རྫོགས་རིམ་གཞན་གྱི་འོད་གསལ་གྱི་རིག་ཆ་ལས་ཆེས་ལྷག་པའམ་ཤས་ཆེ་བའི་རིག་ཆ་ཕུལ་བྱུང་སད་ཅིང་འཆར་ཏེ། །ཐིག་ལེའི་རྣལ་འབྱོར་གཙོར་བྱས་བདེ་བ་ཤས་ཆེ་བ་བཞིན་ནོ། །དེ་ནི་རྩལ་ཐོག་གི་རིག་པ་བསྡུས་རྗེས་སུ་ཡང་ནང་གསལ་དུ་རིག་ཆ་རྩལ་རྫོགས་ཕུལ་གཞན་ལས་ཆེས་ཆེ་བ་འོང་བའི་ཚུལ་ཏེ། །ཐུགས་རྗེའི་རིག་པ་བསྐྱང་བས་ངོ་བོའི་རིག་པ་ཁྱད་འཇུག་ལུགས་རེད་དོ། །དེས་ན་སྟོང་གཟུགས་ཀྱང་རིག་གདངས་ཀྱི་ཕྱོགས་ནས་འཆར་རོ། །དེས་ན་ནང་གསལ་གྱི་རིག་པ་རང་བཞིན་གསལ་བ་དང་། །ཕྱིར་གསལ་གྱི་རིག་པ་ཐུགས་རྗེ་ཀུན་ཁྱབ་རེད། །ཕྱིར་གསལ་གྱི་དོན་ནི་འཛིན་ཆའི་རྣམ་རྟོག་དང་འགྲོགས་ནས་ཡུལ་ཐོག་ཏུ་ཤར་བ་སྟེ། །ཡུལ་ཐོག་ཏུ་མ་ཤར་བ་ལ་ནང་གསལ་ཟེར། །ཕྱིར་གསལ་ལའང་། །ཐུགས་རྗེའི་རིག་པ་དངོས་ནི་འཛིན་མེད་ཡིན་ལ། །དེའི་འོད་ཟེར་གྱི་ཚུལ་དུ་ཤར་བའི་འཛིན་ཆ་རྣམ་ནི་ཐུགས་རྗེའི་རིག་རྩལ་ཞེས་བྱ། །

༈ འདིར་སམ་ཊ་དཔེ་བཤུས་པ་ནི། །ལྷུན་གྲུབ་སྒོ་བརྒྱད་མ་ཤར་གོང་གི་གཞི་སྣང་དེ་རང་བཞིན་གསལ་བའི་རིག་མདངས། །ལྷུན་གྲུབ་སྒོ་བརྒྱད་ཤར་དུས་ཐུགས་རྗེའི་རིག་གདངས་ཡིན་ཏེ། །སྒོ་བརྒྱད་དུས་འཛིན་ཆ་ཕྲ་མོ་ཤར་ནས་རིག་པའང་ཕྱིར་གསལ་དུ་སོང་བ་རེད། །འདིའི་དུས་ཀུན་གཞིའི་རླུང་སེམས་ཆ་ཕྲ་མོ་ཙམ་ཐོག་མར་ཤར་ལ་རིག་ཆ་ཀུན་གཞིའི་བག་ལ་མ་ཞ་བས་རིག་མ་རིག་སྟོབས་མཚུངས་སུ་ཡོད་སྐབས་རེད། །དེའི་ཕྱིར་ལྷུན་གྲུབ་སྒོ་བརྒྱད་འཁོར་འདས་གྱེས་མདོར་བཤད། །དེའི་ཕྱིར་གཞི་སྣང་གི་སྟོད་རིག་མདངས། །སྨད་རིག་གདངས། །འདི་ཡི་གེ་མ་བལྟས་པར་བྲིས་པས་དཔྱད་དགོས། །ཞེས་འདུག། །

༈ རྫོགས་ཆེན་སྒོམ་པ་ཤི་ན་ངེས་པར་རིག་འཛིན་གྱི་རྟེན་མཆོག་འཐོབ་བམ་ཞེ་ན། །ཐོད་རྒལ་དུས་སུ་འདི་ནས་མངལ་གྱི་གྲོང་ཁྱེར་རྒྱུན་ཆོད་ཅེས་འབྱུང་བ་རྣམས་ནི་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་བགྲོད་ཁོ་ནར་མངོན། །ཁྲིགས་ཆོད་དུ་གསལ་ཁ་མི་ཆེ་ཡང་། །རིག་པ་སྐུ་གསུམ་དུ་རྩལ་རྫོགས་པའི་རྩལ་དབང་མ་ཐོབ་བར་དུ་ནི་ཐ་མལ་སྣང་ཞེན་གྱི་སྟོབས་འཕྲོག་མི་ནུས་པའམ་ཤུགས་ཟློག་མི་ཐུབ། །དེ་མ་ཐུབ་ན་ད་ལྟའི་རྗེས་ཐོབ་དང་། །གཟོད་སྐྱེ་འཆིའི་དུས་ཀྱང་སྣང་ཞེན་དེའི་ལག་རྗེས་ངན་པ་རྣམས་ཁ་གནོན་མི་ནུས་པས་ཅིར་འོང་ཆ་མེད། །རྩལ་དབང་ཐོབ་ནས་རིག་པ་གདོད་ནས་རྣམ་དག་གི་བདེན་དོན་མཐོང་ཚེ་ཐ་མལ་སྣང་ཞེན་གྱི་ལག་རྗེས་ངན་པ་ཅི་རིགས་དགག་ཐུབ་པས་སྐྱེ་འཆིའི་སྐྱོན་ཅི་རིགས་མགོ་གནོན་ནུས་སྙམ་སྟེ། །ཐུན་མོང་བ་ལྟར་ན་བྱང་སེམས་ཀྱི་བཟོད་པ་ཐོབ་ཚེ་པདྨར་སྐྱེ་བ་དང་། །བསྐྱེད་རིམ་པས་རིག་འཛིན་གྱི་རྟེན་ཁྱད་པར་ཅན་འཐོབ་པ་སོགས་གུང་སྒྲིགས། །མདོར་ན་རིག་པ་ངོས་ཟིན་ཙམ་གྱིས་ངོ་བོའི་གནས་ལུགས་མཐོང་བ་མིན། །རིག་པ་དེ་ངོ་བོའི་དབྱིངས་ཐོག་ཏུ་འཁྱོལ་ཐུབ་པ་དགོས། །དེ་འཁྱོལ་ཐུབ་ན་སྐྱེ་འཆི་སོགས་ལ་དབང་སྒྱུར་གྱི་ཡོན་ཏན་གྱི་ཆ་ཕྲ་མོ་རེ་དང་པོ་ནས་འཐོབ་པར་སེམས་ཏེ་དཔྱོད། །

༈ ཀུན་གཞིའི་དྲི་མ་གཏན་ལོག་ཏུ་མ་སོང་བར་དུ་རྩལ་དང་ངོ་བོའི་སྤྲོ་སྡུད་རེས་འཇོག་གི་ཆ་ངེས་པར་ཡོད་ལ། །དེ་བྱང་དུས་རྩལ་ངོ་བོའི་སྟེང་དུ་རྫོགས་པའམ་རྩལ་དང་ངོ་བོ་གཅིག་ཏུ་སོང་བས་རྩལ་མཆེད་དུས་ངོ་བོ་ལས་གཡོ་ཞིང་། །ངོ་བོའི་སྟེང་དུ་བརྟན་དུས་རྩལ་ཐིམ་ནས་མི་མངོན་པའི་རེས་འཇོག་གཏན་མེད་དེ། །མདོར་ན་ཀུན་གཞི་དེ་སྣང་སྟོང་ངོ་བོ་ཐ་དད་དུ་ཞེན་པའི་ཞེན་ཆ་ཞིག་རེད་པས། །དེ་ལྷག་མེད་དུ་དག་ཚེ་བདེན་གཉིས་ཅིག་ཆར་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་སྟེ། །མདོ་རྒྱུད་སྤྱི་དང་ཡང་གུང་འགྲིགས་པས་མཐུན་ལ་ཁྱད་ཆོས་ཆེ་བའོ། །རྩལ་སྣང་ཕྱོགས། །ངོ་བོ་སྟོང་ཕྱོགས། །སངས་རྒྱས་སའི་མཉམ་བཞག་ཁོ་ན་ལ་འོད་གསལ་གྱི་ཆར་གྱུར་པའི་བྱམས་བརྩེ་མངོན་ཤེས་སོགས་མངོན་གྱུར་དུ་ཡོད་ལུགས་སོ། །

༈ རྩེ་གཅིག་ཚོགས་སྦྱོར་ནས། །སྒོམ་མེད་མི་སློབ་ལམ་ཞེས་སྦྱར་བ་ནི་མོས་སྤྱོད་སོ་སྐྱེའི་ལམ་ཁོ་ན་ལ་ལམ་བཞིར་ཕྱེ་བ་འདྲ། །སྒོམ་མེད་ཆེན་པོ་ཡང་འཕགས་ལམ་དངོས་ཨེ་ཡིན་དཔྱད་དགོས། །གཏམ་ཚོགས་སུ་སྒོམ་ལམ་ཐོབ་ཀྱང་ཚོགས་ལམ་ཆེན་པོའི་རྟགས་ཚད་མེད་པ་ཡོད་གསུངས་པའང་རོ་གཅིག་སྒོམ་ལམ་དུ་བཞག་པ་དེ་རེད་དམ་སྙམ། །སྒོམ་མེད་ལ་སླེབ་པ་དང་རྣམ་སྨིན་རིག་འཛིན་དུ་ཞལ་བཞེས་མཛད་པའང་དེ་འདྲ་ཨི་ཡིན་སྙམ། །སྒོམ་མེད་པ་སངས་རྒྱས་ཀྱི་གྲལ་དུ་སྒྲིགས་ཆོག་པར་གཏམ་ཚོགས་རྔ་མ་ན་སྣང་བའང་རིག་པ་སངས་རྒྱས་སུ་སྒོམ་སྟོབས་ཀྱིས་རྟོགས་པ་བརྟན་པ་རྣམས་འབྲས་བུ་ལམ་བྱེད་ལ་བྱན་ཚུད་དབང་གིས་དེ་ལྟར་ཡིན་ཏེ། །ཕྱིར་མི་ལྡོག་པའི་བྱང་སེམས་སངས་རྒྱས་སུ་བསྡུ་བར་སྐྱབས་འགྲོ་བདུན་ཅུ་པར་བཤད་པ་བཞིན་ནོ། །ཐེག་ཆེན་འཕགས་པར་འདོད་ཅིང་འཕགས་པའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་མེད་པར་སྨྲ་བ་ལ་ནི་ཀུན་མཁྱེན་ཆོས་རྗེས་བཀའ་བཀྱོན་ཆེ་སྟེ་ནམ་མཁའ་ཀློང་ཡངས་སུ་ལྟོས། །སྒོམ་མེད་ཆེན་པོར་སླེབ་ནས་སྣང་སེམས་ཁྱབ་བདལ་དུ་འདྲེས། །ཕྱོགས་མེད་དུ་གྲོལ་ནས་འཕགས་ལམ་གྱི་དྲོད་ཚད་ཀུན་རྫོབ་སྣང་ཕྱོགས་པ་ཐམས་ཅད་ལའང་དབང་སྒྱུར་རྒྱུ་ཡིན་པར་གསལ། །ཨེ་མ་བཀའ་དྲིན་འཁོར་མེད་ཀྱི་ཀུན་མཁྱེན་ཡབ་སྲས། །

༈ རྒྱང་ཞགས་དུས་རྒྱུན་ཡོད་ཀྱང་མ་དག་པའི་ཡུལ་སྣང་རགས་པ་ལ་སྤྱོད་རིང་ལ་སྟོང་གཟུགས་མཐོང་བའི་བྱ་བ་ལ་མི་འཇུག་པ་ནི་བྱ་བ་དེ་གཉིས་ནི་གཅིག་མངོན་དུ་གྱུར་དུས་ཅིག་ཤོས་བག་ལ་ཞ་སྟེ་འགྲོ་བ་ཅིག་ཡིན་པའི་ཕྱིར་ཏེ། །དཔེར་ན་སད་རྨི་གཉིས་ཀྱི་སྣང་བ་ལྟ་བུ་སྟེ། །འདི་ནི་ལྷུན་གྲུབ་ཀྱི་ཕྱི་རྒྱ་མ་རལ་བར་ལ་ཆོས་ཉིད་བར་དོའི་སྣང་བ་མི་འཆར་བ་སོགས་ཀྱིས་ཤེས་སོ། །

༈ ལམ་མཐོན་པོར་ཆུ་སྒྲོན་ལ་མི་ལྟོས་པར་སྙིང་ཀའི་ལྷུན་གྲུབ་ཀྱི་རིག་གདངས་བརྟན་པོར་སད་པའི་དབང་གིས་འཆར་ཏེ། །དང་པོར་ཉི་ཟླ་མེ་གསུམ་གྱི་ཟེར་ལ་ལྟོས་ཀྱང་། །ཕྱིས་མི་ལྟོས་པ་ལྟ་བུའོ། །འདི་ནི་ཕྱིས་ལུས་ཀྱི་རྡུལ་ཕྲ་རབ་རེར་ཡང་དབྱིངས་ཐིག་རིག་གསུམ་འཆར་བར་བཤད་པས་སོ། །དེའང་། །མེ་དང་ཟང་མའི་ཞུ་ཉིད་བཞིན། །ཞེས་སོ། །

༈ ཡང་ཏིག་དུ། །དེ་ཕན་ཆད་ཀྱི་སྣང་བ་གང་ཡང་མེད་དོའི་དོན་བཤད་དགོས། །དགོངས་པ་དབྱིངས་ལ་གཏད་ན་སྡུད་འགྲོ་བའེ་དོན་ནོ། །བར་དོར་གྲོལ་ཞེས་པ་ནི་དེར་བརྟན་པ་ཐོབ་པ་དང་བཙན་ས་ཟིན་པ་ལ་ཡབ་སྲད་ཀྱིས་བཤད་པས་སངས་རྒྱས་པ་མིན་སྙམ། །

༈ རྒྱུད་འདིའི་ལུགས་ལ། །འོད་གསལ་གྱི་བཞོན་པ་ཉིད་ལའང་ཁྱབ་བྱེད་སོགས་རླུང་ལྔའི་ཆ་འབྱེད་ཚུལ་ཞིག་ཡོད་དམ་སྙམ་སྟེ་དེའང་གཞི་ལས་གཞི་སྣང་དུ་མ་འཕགས་བར་དུ་སྲོག་འཛིན་ཁོ་ནར་ཟད་ལ། །འཕགས་དུས་ནས་རླུང་ལྔར་སྐྱེ་སྟེ། །སྲོག་རླུང་ཡན་ལག་བཞི་ལྡན་ཕྱིར་འཕགས་པར་གསུང་པའི་ཕྱིར་རོ། །དེའང་མི་ཤིགས་པའི་རླུང་རང་ཉིད་རྩལ་ཇེ་རྒྱས་སུ་མཆེད་ནས་སོང་བས། །ཡེ་ཤེས་རྒྱ་ཆེ་བ་དང་། །བདེ་གསལ་གྱི་ངར་ཆ་ཤིན་ཏུ་སྨིན་པར་བྱེད་པ་སོགས་བྱེད་ལས་ཀྱི་ནུས་པ་ཐ་དད་སད་པའི་ལྡོག་ཆ་ནས་ཁྱབ་བྱེད་མི་མཉམ་སོགས་སུ་བཏགས་སམ་སྟེ། །རྩལ་དབང་གི་ཁྱབ་བྱེད་སོགས་རླུང་ལྔ་རིག་པར་ཚང་ཚུལ་བཞིན་ནོ། །

༈ ལུགས་འདིར། །གཙོ་ཆེ་ཆུང་ལ་ལྟོས་ན། །ཙནྡན་གྱི་སྡོང་པོ་དྲི་བཟང་གིས་ཁྱབ་ཀྱང་། །ལྷག་པར་རྐང་ལ་བཟང་བ་ལྟར། །འོད་གསལ་དང་རླུང་མི་ཤིགས་པ་སྙིང་ཀའི་རྩ་འཁོར་དུ་གནས་པ་ཡིན་ཀྱང་། །ཀུན་རྟོག་རླུང་བཅས་མཆེད་དུས་སེམས་ཀྱིས་གར་ཁྱབ་ཏུ་རིག་པ་དང་། །ལས་རླུང་གིས་གར་ཁྱབ་ཏུ་ཡེ་ཤེས་ཀྱི་རླུང་གིས་ཏིལ་འབྲུ་སྣུམ་ཁྱབ་ལྟར་ཡོད་པས། །དེའི་ཚེ་ཕལ་པའི་ཚུལ་གྱིས་ལུས་ཐམས་ཅད་ཀྱང་མི་ཤིགས་པའི་རླུང་སེམས་ཀྱིས་ཁྱབ་པར་འཕྲོ་མོད། །འོན་ཀྱང་རླུང་སེམས་རགས་པས་ཕྲ་བ་ཟིལ་གྱིས་མནན་ནས་དེའི་ངོ་བོ་དང་བྱེད་ལས་གང་ཡང་མི་མངོན་པ་ཡིན་ལ། །རྒྱུད་གཞན་གྱི་རྫོགས་རིམ་པའི་སྡུད་རིམ་ཚེ་ཡུམ་གྱི་བཅུད་སྔ་མ་བཞིའི་སྐབས་སུའང་ངོ་། །ལྟར་བྱེད་དུས་ནི། །ལུས་ཀྱི་གནས་གཞན་གྱི་རླུང་སེམས་ཕྲ་རགས་དེ་དག་ལྷན་ཅིག་ཏུ་བསྡུས་འགྲོའོ། །མན་ངག་སྡེར་རླུང་དབུ་མར་མི་སྡུད་པར་རང་བཞག་གི་གནད་ཁྱད་པར་ཅན་ཤེས་ནས་བསྐྱང་ན་དེ་དག་ན་གནས་པའི་ལས་རླུང་རྣམས་རང་དེངས་ལ་སོང་། །ཡེ་ཤེས་ཀྱི་རླུང་རིག་ཤུགས་ཇེ་ཆེར་རྒྱས་ནས་ཡོང་བས་དེ་ལ། །ལས་རླུང་ཡེ་ཤེས་ཁམས་སུ་གནས་གྱུར་བ་ཞེས་གསུངས་ཏེ། །དང་པོར་ནི་རེ་ཞིག་དང་། །ཕྱིས་ནི་གཏན་དུ་གནས་གྱུར་པའོ། །

༈ ཐོད་རྒལ་གྱི་སྣང་བ་ཁྲེགས་ཆོད་རིག་པའི་བོགས་འདོན་དུ་གསུང་བ་ནི། །རིག་པ་རྟོད་ལ་གནོན་པའང་ཡིན་མོད། །གཙོ་བོ་ནི་འདི་ཡིན་ནམ་སྟེ། །དང་པོ་རླུང་སེམས་རགས་པ་ཕར་གཞི་ལ་བསྡུས་ཏེ། །གཞི་རང་གི་སྟེང་གི་ཤེས་རབ་དང་ཏིང་ངེ་འཛིན་སོགས་ཀྱི་ནུས་པ་གསལ་བར་མ་སད་པའི་དུས་ཤིག་དང་། །ཡེ་ཤེས་ཀྱི་རླུང་ལྔ་འཕགས་པས་དེ་སད་པའི་དུས་ཤིག་སྟེ། །འདིའི་འཆི་དུས་ཀྱི་འོད་གསལ་འཆར་རིམ་གཉིས་ཡོད་པ་ལ། །གཞི་དང་གཞི་སྣང་ཟེར། །དེའི་གནད་ཀྱིས་ཡེ་ཤེས་དང་མཐའ་གྲོལ་ལྟར་ཤར་བ་སོགས་གཞི་སྣང་དུ་བཤད་པར་སྣང་། །དེ་ལྟར་ན་ཐོད་རྒལ་གྱི་སྣང་བ་རྣམས་ནི་དང་པོ་ནས་གཞི་ལ་ཡོད་པའི་ཤེས་རབ་སོགས་ཀྱི་ནུས་པ་དེ་གསལ་བར་སད་པའི་རྟགས་སྣང་ཐུན་མིན་ཡིན་པས་དེ་བརྩོན་དུ་ཟིན་ན་རིག་པའི་སྟེང་གི་ཤེས་རབ་བམ་རིག་པ་རང་གི་ཆར་གྱུར་པའི་ཤེས་རབ་སོགས་གསལ་བརྟན་དུ་བྱེད་པ་སྟེ། །དེས་ནས་གཞི་སྣང་མ་ཤར་གོང་དང་། །ཤར་རྗེས་ཀྱི་རིག་པ་ལ་ནི་ཡོན་ཏན་རྩལ་རྫོགས་མ་རྫོགས་ཀྱི་དབང་གིས་དེ་ཁོ་ན་ཉིད་ལ་འཇུག་པའི་སྟོབས་མི་འདྲ་བའི་ཁྱད་ཆེའོ། །འདི་ནི་ཆོས་ཉིད་བར་དོར་གཟུངས་དང་མངོན་ཤེས་སོགས་འཆར་ཚུལ། །སེམས་ཚད་ཕེབས་དུས་ཀྱི་ཡོན་ཏན། །ཤེས་རབ་རང་བྱུང་སྒྲོན་མ་ལ་རིག་པ་འཇོག་དོན། །ཐེག་མཆོག་མཛོད་རིམ་ཁང་(༡༧)ལུང་སྔར་དྲངས། །རྩལ་དབང་གི་ཤེས་རབ་ལྔའི་ངོ་སྤྲོད་སོགས་ཀྱིས་ཤེས་སོ། །

༈ ལུགས་འདིའི་འཆི་དུས་ཀྱི་འོད་གསལ་ལ། །དང་པོའི་གཞིའི་སྐབས་ཤིག་དང་། །གཞི་སྣང་གི་སྐབས་ཤིག །གཟུང་འཛིན་རགས་པ་འཆར་བར་རྩོམ་པའི་དབང་གིས་གཞི་སྣང་ཕར་དང་པོའི་གཞི་ལ་ཐིམ་པའི་སྐབས་ཤིག་སྟེ་རིམ་པ་གསུམ་ཡོད་ཀྱང་། །ལམ་དུས་སུ་ཕྱི་མ་འདི་ཆོས་ཉིད་ཟད་པ་དང་སྦྱར་མི་རུང་བ་འདྲ་བས། །མཉམ་བཞག་གི་རིག་ངོར་སྣང་ཆ་དེ་དག་ཟད་པའམ་མ་དམིགས་པ་ལ་བྱེད་དེ་དབུ་མའི་སྐབས། །གདོད་ནས་ཟད་པས་ཟད་ཅེས་བྱ། །ཞེས་པར་སྤྲོས་པ་དེ་གཏན་མེད་དུ་སོང་བ་མི་དགོས་པ་དང་ཧ་ལམ་ཙམ་འདྲའོ། །

༈ སྒྱུ་ལུས་སྒྲུབ་མཁན་རྣམས་ཀྱིས་ཀྱང་འབྲས་དུས་སུ་འོད་གསལ་གྱི་གཡོ་བའི་ཆ་ཐམས་ཅད་ཟད་སོང་བ་ན། །ཟུང་འཇུག་གི་སྐུ་ཟེར་སྒྱུར། །འོད་གསལ་ཀྱི་སྣང་ཆ་ཙམ་ལས་བཞག་དཀའ་ཞིང་། །དུས་འཁོར་ལྟར་རླུང་བཅུ་དབུ་མར་ཞུགས་པའི་རྟགས་སྣང་རྣམས་ཀྱང་། །འོད་གསལ་ཀྱི་སྟེང་གི་སྣང་བ་སྣ་ཚོགས་སྐྱེད་པའི་ནུས་པ་མ་ལུས་པར་གཉུག་སེམས་ཉིད་ཀྱི་སྟེང་ནས་སྨིན་པའི་སྐུ་ལ་གཞོལ་བས། །སྒྱུ་ལུས་ཀྱང་ལུགས་འདིའི་ཡེ་ཤེས་ཀྱི་སྐུ་ལ་གཞོལ་བར་སྣང་ཞིང་། །འདི་དུས་འཁོར་དང་ཆེས་མཚུངས་པས་ཀརྨ་དང་བྱུང་ཞབས། །པྲཛྙཱའི་ཞབས་སོགས་ཚད་ལྡན་གྱིས་དེ་གཉིས་ཕྱོགས་སྦྲེལ་ཡོད། །བརྗེད་ཐོའི་ནང་ནས་ཤིན་དུ་ཁྱད་འཕགས་ཀུན་མཁྱེན་ཆོས་རྗེའི་བསྟན་པ་གཞིར་བཞེད་བྱེད་ན་མེད་མི་རུང་། །

༈ ཆོས་ཉིད་ཟད་དུས་རླུང་གི་གཡོ་རྩོལ་ལས་བྱུང་བའི་སྐུ་འོད་ཐིག་ལེ་སོགས་ཀྱི་སྣང་བ་ཐམས་ཅད་འཛད་ཀྱང་། །རིག་པའི་དབྱིངས་སུ་སྣང་བ་དེ་ཐམས་ཅད་ནང་གསལ་དུ་འཁྱིལ་བའམ། །རིག་པ་དེ་སྣང་བ་དེ་ཐམས་ཅད་ཀྱི་འཆར་གཞིར་རྩལ་ལམ་ནུས་པ་རྫོགས་པ་ཡིན་པས། །སྔར་གཞི་དུས་ཀྱི་ནང་གསལ་དང་མི་འདྲའོ། །འདིར་ནི་སྣང་ཆ་དེ་དག་ལ་རིག་པ་རྩལ་བྱང་བ་མཐར་སོན་པའི་ཕྱིར་ཏེ། །རིག་པ་སྐུར་སྨིན་ཞེས་པའང་མཐར་གཏུགས་ན་འདི་ལ་གཞོལ་ཞིང་། །རིག་པའི་རྩལ་དབང་ཞེས་པའང་འདིར་གཞོལ་ལོ། །དེས་་ནང་དབྱིངས་ཆོས་སྐུ་དེ་གདུལ་བ་ཇི་ལྟ་བ་བཞིན་དུ་གཟུགས་སྐུ་རབ་འབྱམས་སྟོན་པ་ལ་ཐོགས་པ་མེད་དོ། །

༈ ད་ལྟ་རིག་པ་ལུས་ལ་སྟེ་སྙིང་ནང་ན་གནས་པ་གསོན་པོའི་དུས་ན་གནས་སྐབས་ཀྱི་གཞི་ཞེས་བརྗོད་ཀྱང་དབྱིངས་ནས་འཁོར་བར་འཕགས་ཏེ་གྲོལ་སར་མ་ཕྱིན་སྐབས་ཡིན་པས་གཞི་སྣང་གི་རིག་པར་འདོད་ཅེས་འོད་གསལ་མཛོད་གནས་དང་པོར་ཏེ། །དབྱིངས་ཀྱི་གཞི་དང་གནས་སྐབས་ཀྱི་གཞི་ལ་ཁྱད་ཆེ་བར་དེ་(༡༡)ལས་སོ། །འདི་གནས་སྐབས་ཀྱི་གཞི་ཡིན་ལུགས་ནི་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་བསྡུས་ནས་གདོད་སྲིད་པ་བར་དོར་འོང་བ་ཡིན་པ་ལ། །འདི་འང་སྐྱེས་བུ་དེ་བར་དོའི་སེམས་ཚུན་ཆད་ཀྱི་སེམས་རགས་པ་ལ་གནས་སྐབས་ཡིན་པས་གཞི་སྣང་ཞེས་འོད་གསལ་གྱི་རང་སྣང་ཕྱིར་གསལ་དུ་མེད་པར་ནང་གསལ་དུ་བསྡུས་པའི་སྐབས་ཀྱི་འོད་གསལ་ཡིན་པས་སོ། །དོན་དུ་རིག་པ་དེས་དངོས་སུ་ལྷུན་གྲུབ་ཀྱི་སྣང་བ་ལ་སྤྱོད་མི་ནུས་པས་གཞི་སྣང་གི་རིག་པའི་མཚན་ཉིད་མ་རྫོགས་ཞེས་པའོ། །འོན་ཀྱང་དེ་ལྷུན་གྲུབ་ཀྱི་ཕྱི་རྒྱ་རལ་རྗེས་ཀྱི་རིག་པ་འོད་ཀྱི་ཁང་་ན་གནས་དུས་ཡིན་པས་སྤྱིར་ནི་གཞི་སྣང་གི་རིག་པ་ཙམ་ཞིག་ཡིན་ཞེས་པ་སྟེ། །འདིས་གཞི་སྣང་གི་རིག་པ་དང་གནས་སྐབས་ཀྱི་གཞི་མི་འགལ་བ་དང་། །གཞི་སྣང་གི་རིག་པ་ཡིན་ན་དངོས་སུ་སྟོང་གཟུགས་ཀྱི་སྣང་བ་ཅན་ཡིན་མི་དགོས་པར་བསྟན་ནོ། །

༈ གཞི་ལ་འཆི་དུས་སུ་གཞི་སྣང་ལྷུན་གྲུབ་ཀྱི་སྣང་བ་འཆར་ལུགས་དང་། །ལམ་འདི་པ་འཆི་དུས་ལྷུན་གྲུབ་ཀྱི་བསྲེ་བའི་སྐབས་ཀྱི་གཞི་སྣང་འཆར་ཚུལ་གཉིས་ལས། །སྔ་མ་ནི་གཞི་དང་གཞི་སྣང་གི་ཐད་དུ་བཤད་དེ། །གཞི་ལམ་འབྲས་གསུམ་གྱི་དང་པོའི་ཐད་དུའོ། །ཕྱི་མ་ནི་དབང་འབྲིང་བར་དོར་གྲོལ་བའི་ཆོས་ཉིད་བར་དོའི་ཐད་དུ་བཤད་དེ། །དེར་བདེན་པ་མཐོང་བ་འཆི་དུས་མ་གཏོགས་ཐ་མལ་བ་འཆི་དུས་ཀྱི་འཆར་ཚུལ་ལྟར་མ་བཤད་པའང་དེའི་རྒྱུ་མཚན་གྱིས་ཡིན་ལ། །འོད་གསལ་མཛོད་གནས་དང་པོར(༡༡)། །རིག་པ་གཞི་ལས་འཕགས་ཏེ་གཞི་སྣང་དུ་ཤར་བའི་དུས་དང་། །ད་ལྟ་ལུས་ལ་གནས་དུས་དང་། །ཆོས་ཉིད་བར་དོའི་དུས་ན་འོད་ཀྱི་ཁང་པ་ན་གནས་ཏེ། །རང་རིག་གཞི་ནས་ནི་འཕགས། །མཐར་ཐུག་གིས་ནི་མ་ཟིན་པའི་བར་དེར་གཞི་སྣང་ལ་གནས་པས། །མར་མེ་རང་འོད་ཀྱི་དབུས་ན་འདུག་པའམ། །ཤེལ་ཉི་ཟེར་དང་ཕྲད་པའི་སྣང་བ་བཞིན་ནོ། །ཞེས་གཞི་སྣང་དང་། །ཆོས་ཉིད་བར་དོ་ཐ་དད་དུ་ཕྱེ་ནས་གསུངས་པའང་དེ་ལ་དགོངས་སོ། །ལུང་ཕྱི་མ་འདི་ལ་ད་དུང་དཔྱད་གཞི་ཆེ་བས་ལྷག་ཆད་བཅོས་བསྒྱར་ཡེ་མ་སོང་བར་དཔེ་བཤུ་བགྱིས་པ་ཁོ་ནའོ། །

༈ གཞི་སྣང་གི་རིག་པ་དེ་སྤྱིར་གཞི་ལམ་འབྲས་གསུམ་གྱི་ནང་གི་གཞི་རྒྱུད་ཡིན་ཡང་། །གཞི་རྒྱུད་དེ་ལ་གཞི་དང་གཞི་སྣང་གཉིས་ཀྱི་ཟླས་ཕྱེ་བའི་གཞི་མིན་ཟེར་རམ་དཔྱད། །

༈ ཐེག་མཆོག་མཛོད་དུ་སྒྲོན་བཞིའི་སྐབས། །དབྱིངས་སྒྲོན་རིག་པ་ལུག་རྒྱུད་གོ་རར་འཛུད་པའི་ར་བ་སྟེ། །འདིར་ལུག་རྒྱུད་བཙུད་ནས་མི་གཡོ་བར་བསྒོམ་ན་ཟང་ཐལ་རང་དལ་ཆེན་པོའི་བསམ་གཏན་འབེབས་གསུངས། །དབྱིངས་ཞེས་པ་སྣང་རིག་གསལ་བར་བྱེད་པའི་དོན་ཡིན་གསུང་། །འདིས་ཐིག་ལེའི་དྭངས་མ་སྡུད་གསུངས་ཏེ་སྟོང་སྒྲོན་ནོ། །ཐིག་ལེའི་མེ་ཏོག་མཐོང་བས་སྣང་བ་སྤེལ་ཞེའོ། །དབྱིངས་སྒྲོན་གྱིས་རིག་པ་མཁའ་ལ་རྗེན་ཅེར་དུ་བཏོན་ནས་གསལ་བར་བྱེད་གསུང་། །སྣང་བ་འོད། །སྨིན་པ་ཐིག་ལེ། །རྫོགས་པ་སྐུ་ཞེའོ། །དབྱིངས་རྟགས་འོད། །ཡེ་ཤེས་རྟགས་ཐིག་ལེ། །རིག་པའི་རྟགས་ལུ་གུ་རྒྱུད་ཅེས་སྨིན་གཏེར་རོ། །དབྱིངས་ཐིག་གི་སྒྲོན་མ་གཉིས་རྡོ་རྗེའི་རྫོང་ཆེན་སྐུ་དང་ཡེ་ཤེས་ཀྱི་འབྱུང་གནས་ཡིན་ཞེས་ཏེ། །གཟུང་འཛིན་གྱིས་དགྲས་མི་བརྫི་མི་ཞེའམ་དཔྱད། །ཀོ་མོའི་ཆུ་ལ་རྡོ་བོར་ལྟ་བུ་ཞེས་པ་ཟླུམ་པོ་འལ་འོལ། །ངོ་བོའི་རྟགས་སུ་སྐུ་ཞེས་གསུངས་པ་དང་། །ཤེས་རབ་སྐུར་སྨིན་ཞེས་པ་དང་། །ཤེས་རབ་ཐུགས་རྗེའི་རིག་པར་བཤད་པ་བསྒྲིགས་ལ་དོགས་སྤོང་གལ་ཆེ། །དབྱིངས་ཐིག་རིག་གསུམ་ཞིང་སྐུ་ཕོ་བྲང་དུ་མཁའ་འགྲོ་ཡང་ཏིག་ལས་སོ། །དབྱིངས་རིག་གི་སྒྲོན་མ་གཉིས་སྟོང་སྒྲོན་ལས་བྱུང་གསུངས། །སྒྲོན་མ་བཞི་ཀ་ཡེ་ཤས་ཀྱི་སྣང་བ་ཞེས་ལས་རླུང་དང་རྣམ་རྟོག་དག་པའི་མཐུས་རིག་པ་རང་སོ་ཟིན་པ་ལས་འོང་དགོས་ཏེ། །རླུང་རིག་དལ་བ་གནད་དུ་བཤད་པ་དང་། །ཉམ་གོང་འཕེལ་གྱི་སྣང་བ་རྣམས་སྔོན་འགྲོའི་དུས་རྟོག་པ་བསླང་བ་དེ་རྣམས་ཟད་པ་ལས་བྱུང་གསུངས་པ་གོ་དགོས། །ཤེར་སྒྲོན་ནི་སྒྲོན་མའི་སྣང་བ་ཐམས་ཅད་རང་སྣང་ཟང་ཐལ་དུ་འཆར་བྱེད་ཡིན་ཏེ། །དབྱིངས་རིག་གི་སྣང་བ་གཟིར་བས་རིག་པ་བྱན་ཚུད་དུས་ཀུན་རྟོག་གི་ཡིད་མེད་ཀྱང་ཤེས་རབ་ཡོད་པས་སྣང་ཤེས་ཐམས་ཅད་རང་བཞིན་མེད་པ་དང་རིག་པའི་ཡོ་ལང་དུ་རྟོགས་པའི་མཐུ་འཐོབ། །ལམ་དུས་དབྱིངས་རིག་ཞིང་སྐུར་སྨིན་པ་དང་། །མཐར་ལྷུན་གྲུབ་ཀྱི་སྣང་ཆ་ནང་དབྱིངས་སུ་ཐིམ་པ་ཐམས་ཅད་ཤེར་སྒྲོན་གྱི་ཆེ་བར་གསུངས། །རུ་ཤན་ཕྱི་ལྟར་དབྱེ་བ་ནི་རྟོག་པ་སྣ་ཚོགས་མངོན་དུ་སློང་བ་དང་། །དེ་ཐམས་ཅད་གཟའ་གཏད་མེད་པར་ཁྲོལ་ཚགས་བཞིན་གཏོང་བའི་ཆེད་དེ། །དེ་ལྟར་བྱས་ནས་དངོས་གཞི་སྒོམ་དུས་གཟུང་འཛིན་རང་གྲོལ་དུ་འགྲོ་བ་ཚེགས་མེད་དོ། །འདིར་རྨི་ལམ་སྦུབ་འཇུག་གི་ལུང་དྲན་དགོས།

༈ བི་མ་སྙིང་ཏིག་ཏུ། །དབྱིངས་ཀྱི་ནང་དུ་བཅུག་ནས་བསྒོམ་པས་ལུག་རྒྱུད་གཟི་མདང་འཐོན་གསུང་། །དེར་དབྱིངས་རིག་གི་སྒྲོན་མ་གཉིས་ཐིག་སྒྲོན་གྱི་གདངས་ཡིན་གསུངས།

མི་འགུལ་བ་གསུམ་སོགས་ཀྱི་གོ་དོན་ཁྱད་འཕགས་ཐེག་མཛོད་སྒྲོན་བཞིའི་རིམ་ཁང་གི་སྒྲོན་བཞིའི་སྤྱིར་བཤད་ཐད་ཡོད། །དང་པོར་འཁྲུལ་དུས་གཞི་སྣང་འོད་ལྔའི་རྩལ་ལས་མཆེད་པས། །ད་འཁྲུལ་བའི་སྣང་ཞེན་དུ་བཟློག་དུས་ཀྱང་དང་པོའི་མཆེད་གཞི་ལྷུན་གྲུབ་ཀྱི་སྣང་བའི་སྟེང་དུ་བསྐྱལ་ནས་དེའི་སྟེང་ནས་ཤེར་སྒྲོན་རྩལ་སྤྱང་ན་རིག་པ་བཙན་ས་ཟིན་སླ་བས་ཐོད་རྒལ་ཟབ་པ་སྟེ། །ཡལ་གའི་སྟེང་ནས་རྩ་བ་ཆོད་དཀའ། །རྩ་བ་ཕྱུངས་ན་ཡལ་ག་རང་སྐམ་བཞིན། །འདི་མཁའ་འགྲོ་ཡང་ཏིག་ཏུ་ཡོད། །འདི་ལྟར་བྱས་ཚེ་ཀུན་རྟོག་དང་དབང་ཤེས་ཀྱི་ཡུལ་སྣང་དང་སེམས་རགས་པ་བསྐྱུར་ནས་དང་པོའི་གཞི་སྣང་གི་སྟེང་དུ་མཆོངས་ཏེ་དེ་ཉིད་ལ་སྦྱོང་བས་ཐོད་རྒལ་ཟེར་ཏེ་གནད་ཟབ། །འཆི་དུས་དང་ལམ་དུས་ཀྱི་ལྷུན་གྲུབ་ཀྱི་གཞི་སྣང་གང་ཤར་ཡང་རིག་པ་རང་མལ་ནས་མ་གཡོས་པར་འཆར་ལུགས་མེད་དེ། །སྲོག་རླུང་ཡན་ལག་བཞི་བས་རིག་པ་བསྐྱོད་པའམ་སྤུར་བའི་རང་མདངས་སུ་གསུངས་པས་སོ། །དེ་འདྲའི་སྣང་བའི་སྟེང་ནས་ངེས་པར་རྩལ་སྦྱང་དགོས་ཏེ། །གཞན་དུ་སྣང་སྟོང་གི་ཕྱོགས་གཉིས་རྩལ་རྫོགས་མི་ཐུབ། །མཐར་ཟད་དགོས་ཏེ། །རིག་པ་རང་མལ་ནས་གཡོ་བའི་ཆ་མ་ཟད་པའི་སངས་རྒྱས་མི་སྲིད་པའི་ཕྱིར། །འོན་ཀྱང་རང་མལ་ནས་མ་གཡོས་བཞིན་དུ་སྐུ་གསུང་ཐུགས་མི་ཟད་རྒྱན་འཁོར་བཀོད་དུས་སངས་རྒྱས་པའོ། །གཡོ་བའི་རྒྱུས་བྱུང་གི་སྣང་ཆ་ཟད། །མ་གཡོས་པའི་སྣང་ཆ་མ་བཀོད་བར་དེར་སྣང་མེད་ཀྱི་སྐབས་ཤིག་ཡོད་འདྲ་བས་དབང་གཉིས་རྡོར་ཏིེང་རྒྱུན་མཐར་བཞག་གམ་དཔྱད། །དུས་འཁོར་དུ་ཤེས་པ་ཡུལ་ལ་འཕོ་བའི་ཆ་ཟད་དུས་སངས་རྒྱས་གསུང་པ་འདིར་ཡུལ་སྣང་འཆར་དུས་རིག་པ་མལ་ནས་གཡོ་དགོས་པའི་ཆ་ཟད་དུས་སངས་རྒྱས་སུ་གསུངས་པ་ཆེས་མཐུན་པར་གོ༎ ༎

༈ མཁས་པ་མི་བཞིའི་ཐུགས་བཅུད་རྫོང་འཕྲང་གི་བརྗེད་བྱང་རྟོགས་དཀའི་འཕྲང་སྒྲོལ།

༈ ཀུན་བཟང་ཆོས་རྗེ་བླ་མ་ལ་ཕྱག་འཚལ་ལོ། །རྫོང་གསུམ། །འཕྲང་གསུམ་ཡོད་པ་ལས། །རྫོང་དང་པོ་ནི། །འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཀྱི་རྩ་བ་རིག་པ་བྱང་ཆུབ་ཀྱི་སེམས་སུ་གཏན་ལ་འབེབས་པ་སྟེ། །འདི་ལ་ཀུན་གཞི་གནད་ཀྱི་སྟོང་ཐུན་ཟེར། །དེའང་སྒྱུ་འཕྲུལ་ལས། །འཁོར་བའི་ཆོས་ཐམས་ཅད་ནི་སེམས་རང་སྣང་སྟེ། །སེམས་ནི་རིག་པའི་རྩལ་ཙམ་དུ་ཟད་པ་དང་། །འདས་པའི་ཆོས་ཐམས་ཅད་ནི་ཡེ་ཤེས་རང་སྣང་སྟེ། །ཡེ་ཤེས་ནི་རིག་པ་དེ་མ་རིག་པའི་བསླད་པ་དང་བྲལ་བ་ཉིད་ལ་བྱེད་པར་གསུངས་བ་བཞིན་ཤེས་པར་བྱ། །ཀུན་གཞི་རྒྱུ་རྒྱུད་མ་ཤེས་བར་བདེ་སྡུག་ལ་བླང་དོར་རེ་བ་ནི་གཟུགས་བརྙན་ལ་མགོ་རྨོང་པ་ལྟ་བུ་དང་། །གཞི་ཐོག་ཏུ་བཙན་ས་འཛིན་པ་ནི་བྱད་བཞིན་ལ་དམར་འཇུས་བྱེད་པ་ལྟ་བུའི་ཁྱད་བཞེད་དོ། །རྫོང་གཉིས་པ། །གཞི་རྒྱུད་གཏན་ལ་ཕེབས་པའི་དགོས་པ་གཞི་ཐོག་དེ་ཀ་ནས་འཚང་རྒྱ་དགོས་ཤིང་། །དེ་ལ་རིག་པ་དེ་བློ་བུར་གྱི་འཁྲུལ་བས་བསླད་པའི་དབང་དུ་མ་བྱས་ན་ངོ་བོའི་དེ་ཉིད་གདོད་ནས་སྐུ་གསུམ་འབའ་ཞིག་ཏུ་བཞུགས་ཚུལ་ལེགས་པར་རྟོགས་པའི་སྒོ་ནས་འབྲས་བུ་སངས་རྒྱས་ཀྱི་ས་ཐམས་ཅད་རིག་པའི་ཐོག་ཏུ་གཏན་ལ་ཕེབས་པ་ཞིག་དགོས་ཏེ། འདི་ལ་འབྲས་བུ་སྐུ་གསུམ་གཏན་ལ་འབེབས་ཟེར། །རྫོང་གསུམ་པ། །དེ་ལྟར་རང་བཞིན་གཞིའི་སྐུ་གསུམ་ངོ་འཕྲོད་པ་དེ་ཉིད་འཁྲུལ་བའི་སྣང་ཞེན་གྱིས་མི་འཕྲོགས་པའི་ཆེད་དུ། །སྣང་བ་སེམས་སུ་ཤེས་པས་གཟུང་ཡུལ་གྱི་འཁྲུལ་པ་རྩད་གཅད། །སེམས་སྟོང་པར་ཤེས་པས་འཛིན་སེམས་ཀྱི་འཁྲུལ་བ་རྩད་གཅད། །སྟོང་པ་རིག་པ་དང་རིག་པ་སྐུ་གསུམ་དུ་ཤེས་པས་གཟུང་འཛིན་གཉིས་ཀའི་འཁྲུལ་བ་རྩད་གཅད་དེ། །འདིར་སེམས་སྟོང་པ་ཞེས་པའི་སེམས་ཀྱི་ནང་དུ་མ་རིག་པའང་རིལ་ཚང་བས། །མི་རིག་པ་ཉིད་ཡེ་ཤེས་གསལ། །ཞེས་ཀྱང་བསྟན་པར་འགྱུར་རོ། །མདོར་ན་ཡུལ་སེམས་ཐམས་ཅད་ཀྱི་སྟེང་དུ་རྫོང་གོང་མ་གཉིས་རྩལ་སྦྱང་ནས་དེ་ཐམས་ཅད་ལ་ཉམ་ང་མེད་པར་བྱེད་པ་སྟེ། །འདི་ལ་མ་རིག་སྦུབས་འབྱེད་ཅེས་ཟེར། །དེ་དག་ནི་ཆོས་ཐམས་ཅད་ཡེ་སངས་རྒྱས་པར་རྟོགས་པའི་ལྟ་བའི་སྟེང་ནས་དགྲ་གསུམ་བདུད་བཞི་གཡང་ས་དྲུག་གཅོད་པར་བྱེད་པ་སྟེ། །ལྟ་བའི་རྫོང་ཟེར་བའི་རྒྱུ་མཚན་ཡང་། །འདིས་རྣལ་འབྱོར་པ་རྣམས་དགྲ་གསུམ་བདུད་འཞི་སོགས་ལ་མི་འཇིགས་པར་བྱེད་པའོ། །ལྟ་བའི་རྫོང་དེའང་གོ་ཡུལ་ཙམ་གྱིས་མི་ཆོག་སྟེ། །སྒོམ་པའི་འཕྲང་ཞེས་པ་ཡེང་འཁྲུལ་གྱི་དགྲ་མི་ཐར་བའི་ཏིང་ངེ་འཛིན་བྲག་རོང་བགྲོད་དཀའ་ལྟ་བུའི་སྟེང་དུ་ཕུབ་ན། །གདོད་མི་འཕྲོགས་པའམ་ས་ཟིན་པར་འགྱུར་བ་ཡིན་ནོ། །ལྟ་བའི་རྫོང་དུ་འགྲོ་བ་ལ་སྒོམ་པའི་འཕྲང་བགྲོད་དགོས་ཞེས་པའང་རྫོང་བཙན་པོ་ལྟ་བུའི་ལྟ་བར་སླེབ་པ་ལ། །སྒོམ་པའི་འཕྲང་བརྒྱུད་ནས་ཕྱིན་དགོས་ཞེས་པ་ཡིན་གྱི། །ལྟ་བ་ཙམ་རྟོགས་པ་ལ་མིན་ནོ། །འདི་ནི་སྤྱི་སྐད་ལ་ལྷག་མཐོང་གི་རྟེན་དུ་ཞི་གནས་དགོས་པ་དང་གནད་འདྲའོ། །འཕྲད་དང་པོ་བསམ་གཏན་གཅིག་པ་སྒོམ་གྱི་མན་ངག་ཅེས། །ལྷར་སྣང་གསལ་བརྟན་གྱི་ཚད་ལ་ཕེབས་པར་བྱས་ནས་ལྷའི་དེ་ཉིད་སྒོམ་པའི་གཞི་འདིང་བ་སྟེ། །འདི་ལ་འཕྲང་རྫོང་ཐོག་ཏུ་སྐྱལ་བ་ཟེར། །འཕྲང་གཉིས་པ་བསམ་གཏན་ཉམས་ཀྱི་ཡིག་ཆུང་ཞེས་བྱ་སྟེ། །གསལ་བརྟན་ཐོབས་པའི་ལྷའི་དལ་དེ་ཐམས་ཅད་རིག་པ་བྱང་སེམས་ཁོ་ནའི་ཡོ་ལང་དུ་ཤེས་པའི་ངང་ནས་ལྷ་དང་རིག་པ་བསྲེ་བའི་ཚུལ་ཀྱིས་རིག་ཐོག་ཏུ་མཉམ་པར་འཇོག་པ་ལ་བསླབ་པས། །རིག་པ་ཉིད་སྐུ་གསུམ་དུ་རྫོགས་པའི་ཉམས་སམ་མྱོང་བ་བརྟན་པོ་རྙེད་དེ། །ལྷ་ལ་གསལ་བརྟན་ཅི་ཙམ་འོང་བའི་ཚོད་དུ་ལྷའི་དེ་ཉིད་ལའང་གསལ་བརྟན་ཐོབ་པར་བྱའོ། །དེས་ན་འཕྲང་དང་པོ་ཏིང་ངེ་འཛིན་དང་། །གཉིས་པ་འདི་ཤེས་རབ་ཀྱི་མཐུ་སྒྲུབ་ལུགས་ཀྱིས་བཞག་པ་འདྲ་ཞིག་བཤད། །འདི་ལ་ནི་རྫོང་འཕྲང་ཐོག་ཏུ་ཕུབ་པ་ཞེས་བྱའོ། །དེ་ནས་འཕྲང་གསུམ་པ་བསླབ་མཐའ་སྦྱོང་བ་ཞེས་པ། །འཕྲང་སྔ་མ་གཉིས་ཀྱི་སྐབས་ཀྱི་ཟབ་གསལ་གཉིས་མེད་ཀྱི་དགོངས་པ་དེ་ཉིད་འགྲོ་དྲུག་གི་ཡུལ་སྣང་རབ་འབྱམས་ཀྱི་སྟེང་དུ་རྩལ་སྦྱང་ནས་ཅིར་སྣང་གང་ཤར་ཐམས་ཅད་དག་མཉམ་གྱི་འཁོར་ལོར་དབང་སྒྱུར་བར་བྱེད་པའོ། །དེའང་སྔར་ཏིང་ངེ་འཛིན་གྱིས་སྒོམ་པའི་སྣང་བ་ལ་ད་ལྟ་མདུན་གྱི་སྣང་བ་འདི་དག་དང་ཁྱད་མེད་པ་ལྟ་བུའི་གསལ་བརྟན་ལས་སུ་རུང་ཡོད་པའི་གནད་ཀྱིས། །སྐབས་འདིར་དམྱལ་བ་ནས་ལྷའི་བར་གྱི་གནས་ལུས་སོགས་གང་དམིགས་ཀྱང་མདུན་གྱི་སྣང་བ་ལྟ་བུའི་གསལ་བརྟན་ཚེགས་མེད་དུ་བྱུང་བ། །དེ་ཀའི་སྟེང་ནས་སྣང་བ་དེ་སེམས། །སེམས་དེ་སྟོང་པ། །སྟོང་པ་རིག་པ། །རིག་པ་སྐུ་གསུམ་དུ་འཆར་བ་ལ་སྦྱང་བས་ལྷ་དང་ལྷའི་དེ་ཉིད་ཀྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་ཏེ། །དགྲ་གསུམ་བདུད་བཞི་གཡང་ས་དྲུག་ཐམས་ཅད་ཆོད་ནས། །དེ་དག་ལ་འཇིག་པ་མེད་པའི་གདེང་ཐོབ་པ་ཡིན་ནོ། །དེ་ལྟར་ན་རྫོང་ཕྱུག་པོའི་བང་མཛོད་དང་འདྲ། །འཕྲང་དེའི་ལྡེའུ་མིག་དང་འདྲ། །རགས་འཕྲང་ལ་ལས་ཞེས་ཡང་ཡང་གསུངས་ཏེ། །རྫོང་ནི་སྒོམ་བྱའམ་འཇུག་ཡུལ་དང་། །འཕྲང་ནི་སྒོམ་བྱེད་དམ་འཇུག་བྱེད་དུ་བསྟན་པ་སྒྱུ་འཕྲུལ་བའི་ཤེས་འཇུག་གི་མཚན་ཉིད་གཉིས་དང་ཚུལ་འདྲ་བ་ཡིན་ནོ། །རྫོང་འཕྲང་འདིའི་རྫོགས་རིམ་གྱི་འགྲོས་ནི་རྫོགས་ཆེན་སེམས་ཕྱོགས་ཁོ་ནར་སྣང་ཞིང་། །རིག་པ་རང་ཤར་གྱི་མན་ངག་ལས། །སྟོང་གཟུགས་འབྲི་གུ་ཏའི་ལམ་ནས་འཆར་བའི་མན་ངག་ཀྱང་བཤད་པ་ལྟར། །འཕྲང་གཉིས་པ་འདི་འང་འཕྲང་དང་པོར་ལྷ་སྟགས་ཀྱི་རྣལ་འབྱོར་གཉིས་བརྟན་པ་དེ་ལ་གཞི་བྱས་ཏེ། །ཐུགས་འོད་གསལ་དེ་ཁོ་ན་ཉིདཀྱི་རྣལ་འབྱོར་རྫོགས་ཆེན་ཁྲེགས་ཆོད་ཀྱི་བཞག་ཐབས་ལྟར་སྐྱོང་བ་རང་ལ་བཞེད་དམ་སྙམ་སྟེ། །བཤད་པའི་རྣམ་གྲངས་གཞན་བྱས་ནའང་ཆོག་ཙམ་སྣང་བས་ཞིབ་དུ་དཔྱད་པར་བྱའོ། །གཞུང་འདིར་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དཔའ་བོའི་རྒྱལ་སྲིད་སྒྲུབ་པའི་མན་ངག ། །ས་བཙན་སར་རྫོང་བཙན་པོ་བཟུང་ནས་ཡུལ་ཁམས་ལ་དབང་སྒྱུར་བའི་ཚུལ་དུ་བསྟན་པ་ལས། །ཡུལ་ཁམས་དབང་དུ་བསྡུ་བ་ལྟ་བུ་དངོས་ནི་སྲོག་གི་གདམས་པ་གསུམ་སྟེ། །དང་པོ་སྲོག་གི་ཐ་རམ་ཞེས་པ་སྲོག་གཏན་ལ་འབེབས་པ་ནི། །འཁོར་ལོའི་རིགས་ཀྱི་ༀ༔་དང་། །རྡོ་རྗེའི་ཧཱུཾ༔སོགས་ཡེ་ཤེས་པའི་དང་། །གཤིན་རྗེའི་ཡ༔དང་། །མ་མོའི་མ༔ཡིག་སོགས་འཇིག་རྟེན་པའི་སྲོག་ཡིག་དང་། །དེ་དག་གི་མིང་སྔགས་རྣམས་ཀྱང་སྲོག་ཏུ་ཤེས་པར་བྱའོ། །འདིའི་གནད་རྣམས་གཞན་དུ་ཤེས། །གཉིས་པ་ཐ་རམ་འབྱེད་པའི་ལྟེ་མིག་ཅེས་སྲོག་འཕྲོགས་ཐབས་ཀྱི་སྐོར་ལ། །སྲོག་འདྲན་གྱི་དམིགས་གནད་དང་ལྡན་པར་སྡགས་བཟླས་པས་ལྷ་སྲིན་གནས་ནས་དགུག་པ་སྔགས་ཀྱིས་འཕྲོགས་ཚུལ། །ཡེ་ཤེས་ལྷ་དང་བཀའ་སྡོད་ཀྱི་སྐུ་གསལ་བར་དམིགས་ནས་མཐོང་ཁོལ་མངོན་དུ་བྱ་བ་ཏིང་ངེ་འཛིན་གྱིས་འཕྲོགས་ཚུལ། །ལྷ་འདྲེའི་སྣང་ཆ་རང་སེམས་སྟོང་གསལ་གྱི་ཆོ་འཕྲུལ་དུ་ཤེས་པས་དབང་དུ་བྱ་བ་ལྟ་བས་འཕྲོགས་ཚུལ་ཏེ་གསུམ་ཡོད། །སྔགས་ཀྱིས་འཕྲོགས་སྐབས། །བསྙེན་དུས་ཉེར་མ་བཏུབ་ན་རེངས་པ་ཁུགས་སུ་གཞུག་པ། །རྦད་དུས་འགྲོར་མ་བཏུབ་ན་འཁྱིལ་བ་ལམ་དུ་གཞུག་པ། །བསད་དུས་ལས་མ་འགྲུབ་ན་ལོག་རྡུགས་མཐའ་ལ་གཏད་པ་ཞེས་གསུངས་པ་རྣམས་ནི་ཉང་གི་གཏེར་ཁྱིམ་སོགས་ལྟར་བྱ། །ལར་བླ་མ་མཉེས་ན་དམ་ཅན་མ་བསྒྲུབ་ཀྱང་འདུ། །ཡིད་དམ་གྱི་བསྙེམ་པ་ཐེམ་ན་ཕྲིན་ལས་མ་བཅོལ་ཡང་བྱེད་པར་གསུངས་པས་བླ་མ་དང་ཡེ་ཤེས་ལྷ་ལ་དབང་ཐོབ་པར་བྱ་བ་ནི་བཀའ་སྡོད་ཀྱི་སྲོག་ཐོབ་པའི་མན་ངག་ཆེན་པོའོ། །གསུམ་པ་མཚན་བསྒྱུར་བ་ནི། །ལྷ་འདྲེ་ཆུང་ངུ་ཞིག་གི་སྲོག་ཐོབ་ཀྱང་དེ་ལས་བྱིན་རླབས་དང་དངོས་གྲུབ་ཆེ་ཞིང་མང་བ་འབྱུང་བའི་ཐབས་མཁས་ཀྱི་གནད་ནི། །སེམས་ཅན་གྱི་སྲོག་སངས་རྒྱས་སུ་མཚན་བསྒྱུར་ནས་སྒྲུབ་པ་ཡིན་ཏེ། །བདག་ཉིད་ལྷར་སྒོམ་པའང་སེམས་ཅན་གྱི་སྲོག་སངས་རྒྱས་སུ་མཚན་སྒྱུར་བ་རང་ཡིན་ནོ། །མཆན། །སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མ་ཁྱབ་པའི་ཆོས་ཀྱི་དབྱིངས་དང་། །ཆོས་དབྱིངས་ཀྱིས་མ་ཁྱབ་པའི་ལྷ་འདྲེ་གང་ཡང་མེད་པས། །གང་དང་གང་ལ་སངས་རྒྱས་སུ་དམིགས་པ་དེ་དང་དེ་ནས་རྒྱལ་བ་དང་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་རྡོལ་ཏེ་འོང་བ་ཡིན་ནོ། །དེར་ཡང་མ་ཟད་ཕན་བྱེད་ཀྱི་ལྷ་གནོད་པའི་འདྲེར་མཚན་བསྒྱུར་ནས་དགྲ་བགེགས་ཚར་གཅད་པ་དང་། །དེ་ལས་བཟློག་སྟེ་མཚན་བསྒྱུར་ནས་ཕན་འདོགས་པ་མང་དུ་བཤད་དོ། །མདོར་ན་འཇིག་རྟེན་དྲེགས་པའི་སྲོག་འཕྲོགས་པ་ལའང་སྲོག་སྡོམ་གཟེར་བཞི་རང་མེད་དུ་མི་རུང་སྟེ། །སྔགས་ཀྱི་གཟེར་མ་ཐེབས་ན་རང་རྒྱུད་པ་གནས་ནས་མི་ཁུག ། །ཏིང་ངེ་འཛིན་གྱི་གཟེར་མ་ཐེབས་ན་གཟུགས་དངོས་སུ་མི་མཐོང་། །དགོངས་པའི་གཟེར་མ་ཐེབས་ན་གྲུབ་ཀྱང་ཀོ་ལོང་དང་བར་ཆད་མང་ཞིང་དངོས་གྲུབ་ཀྱི་ཚན་ཆུང་། །འཕྲོ་འདུའི་གཟེར་མ་ཐེབས་ན་གང་འདོད་ཀྱི་ཕྲིན་ལས་ལ་སྦྱར་དུ་མེད་པར་གསུངས་སོ། །དེ་ལྟར་རྫོང་འཕྲང་སྲོགས་གསུམ་གྱི་གནད་འདི་ལ་ལེགས་པར་སྦྱངས་ན་རྒྱལ་བའི་བསྟན་པ་སྲུང་བ་དང་། །བསྟན་པའི་དོན་བྱ་བ་ལ་རྡོ་རྗེའི་རྣམ་པར་ཐར་བའི་དབང་དང་ལྡན་པ་དཔལ་ཕྱག་ན་རྡོ་རྗེ་ལྟ་བུར་གྱུར་ནས་དོན་གཉིས་ཀྱི་དགའ་སྟོན་རྒྱས་པར་འགྱུར་བ་ཡིན་ནོ། །ཞེས་པའང་རྡོ་རྗེའི་མིང་ཅན་གྱིས་ཐོར་བཏབ་པ་དགེ ༎ ༎

༈ མན་ངག་ཟབ་མོ་རྡོ་རྗེའི་མཚོན་ཆ་ཞེས་བྱ་བ་བཞུགས་སོ།

༈ བླ་མ་དང་དབྱེར་མེད་པའི་རྒྱལ་བ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །གྲུབ་ཆེན་བི་མ་ལ་དང་། །ཨོ་རྒྱན་རིན་པོ་ཆེའི་བཀའ་རྒྱུད་ཆེ་བ་རྣམས་སུ་གྲགས་ཆེ་བའི་རྫོགས་རིམ་ནི་རྫོགས་ཆེན་མན་ངག་སྡེའི་ལམ་སྲོལ་དུ་སྣང་ལ། །དེ་ལའང་སྐོར་བཞི་ལས་ཟབ་རྒྱ་ཆེའི་མན་ངག་ཡོངས་སུ་རྫོགས་པ་ནི་ཡང་གསང་སྙིང་ཐིག་ཁོ་ན་ཡིན་པར་གྲགས་ཏེ། །གྲགས་པ་ལྟར་སྣང་ངོ་། །དེའི་ལུགས་ཡིན་ཟེར་ནས་ཆོས་སྐད་འདྲ་མིན་དུ་མ་སྨ་མཁན་མང་དུ་འདུག་ཀྱང་། །གཟུར་གནས་བློ་གྲོས་དང་ལྡན་པ་དང་། །བློ་ལྡན་གཟུ་བོར་གནས་པ་ཆེས་ཉུང་བའི་དབང་གིས་སློབ་དཔོན་རྣམ་གཉིས་ཀྱི་ལུགས་སྲོལ་ཀུན་མཁྱེན་ཡབ་སྲས་གཉིས་ཀྱིས་ཇི་ལྟར་བཀྲལ་བ་བཞིན་ཤོད་པར་འདུག་སྙམ་པ་སྲིད་མཐའ་མ་བཀག་ཙམ་དུ་འདུག་པས། །བདག་འདྲ་བས་དགོངས་དོན་གཏིང་དཔོག་པ་དང་དཔོག་ཀྱང་གཞན་དོན་དུ་འགྱུར་སྙམ་པ་ཅང་མ་མཐོང་ངོ་། །འོན་ཀྱང་རང་གི་བརྗེད་ཐོ་བྲིས་པ་ལ་མཁས་པས་འཕྱ་རྒྱུ་དང་། །བླུན་པོས་ལྡང་རྒྱུ་ཡང་མི་དུག་སྟེ། །བྱ་ཕྲུག་གཤོགས་རྩལ་སློབ་པ་ལ་སྡང་ཞིང་འཕྱ་མི་རིགས་བ་ལྟ་བུ་ཡིན་པའི་ཕྱིར་རོ། །དེ་ལ་ཐོབ་བྱ་མཐར་ཐུག་ནི། །ཀ་དག་ནང་གསལ་གྱི་ཆོས་སྐུ་དང་། །ལྷུན་གྲུབ་ཕྱིར་གསལ་གྱི་གཟུགས་སྐུ་གཉིས་རོ་གཅིག་ཏུ་གྱུར་བ་དེ་ཡིན་ལ། །དེའི་གནད་ཀྱིས་ཐོབ་བྱེད་ལའང་དེ་གཉིས་ཀྱི་ཉམས་ལེན་ཚང་བ་ཞིག་དགོས་སོ། །སྐུ་དེ་གཉིས་ཀྱི་སྒྲུབ་གཞི་ནི་ཐེག་པ་གཞན་དང་མི་འདྲ་བར། །གདོད་མའི་གཞི་སྟོང་གསལ་གདལ་བ་ནམ་མཁའ་གཡའ་དག་ལྟ་བུ་དང་། །གཞི་དེའི་རང་སྣང་ལ་གཞི་སྣང་དུ་གྲགས་པ་ལྷུན་གྲུབ་སྒོ་བརྒྱད་གཉིས་ཡོད་པ་དེ་ཡིན་ཏེ། །འདི་གཉིས་ཞིབ་ཏུ་འབྱེད་པ་ལ་ཆོས་ཉིད་བར་དོའི་འཆར་ཚུལ་ཤེས་དགོས་སོ། །གཞི་འདུས་མ་བྱས་ཡིན་མིན་ལ་མི་འཆམ་པ་སྣང་ཡང་། །དོན་ལ་འདུས་མ་བྱེད་ཡིན། །དེའང་མ་བྱས་ཚུལ་ནི་བཅོས་མའི་གློ་བུར་བ་མིན་པ་ལ་བྱེད་པར་བཤད་དེ། །མ་བཅོས་ལུགས་ཀྱང་གཉུག་མའི་གདོད་མ་ལ་བྱེད་པས། །ལུགས་འདི་ལ་འདུས་མ་བྱས་འཇོག་ཚུལ་རྟོག་གེའི་གཞུང་དང་ཐུན་མིན་ནོ། །གཞི་སྣང་རྒྱུད་སྡེ་གཞན་ལ་མ་གྲགས་པར་གསུངས་པ་ནི་ལྷུན་གྲུབ་སྒོ་བརྒྱད་སོགས་ཀྱི་བཤད་ཚུལ་ལ་སྦྱར་དགོས་ཀྱི་འཆར་ཚུལ་གྱི་ངོ་བོ་ཙམ་ཞིག་དུས་འཁོར་ལས་ཀྱང་གསུངས་ཏེ། །དེར་འཆི་བའི་འོད་གསལ་པྲ་ཕབ་པའི་མེ་ལོང་ལྟ་བུར་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་གཞི་དེ་ཡར་ལྡན་དུ་ཁྱེར་ནས་ཆོས་སྐུ་སྒྲུབ་པར་བྱེད་པའི་ལམ་དེ་ཁྲེགས་ཆོད་དང་གཞི་སྣང་ལས་གཟུགས་སྐུ་སྒྲུབ་བར་བྱེད་པའི་ལམ་དེ་ཐོད་རྒལ་ཡིན་པས་དེ་གཉིས་ཡ་བྲལ་མི་རུང་ངོ་། །ཁྲེགས་ཆོད་ཀྱི་བཞག་ཐབས་ལ་བརྟན་པ་ཅུང་ཟད་མ་ཐོབ་བར་དུ་ཐོད་རྒལ་སྒོམ་པ་སྐད་བྱས་ཀྱང་། །དེ་མཚན་ཉིད་ཚང་བ་མི་སྐྱེ་བས། །དེ་གཉིས་ལས་ཁྲེགས་ཆོད་ཐོག་མར་བསྟན་ནོ། །མིང་དོན་ནི། །སེམས་དམིགས་པ་ཁྱད་པར་ཅན་ལ་བསྡུས་ཏེ་རླུང་དྷུ་ཏིར་འགོག་པ་གཞན་འདྲ་བ་མིན་པར་གཟུང་འཛིན་གྱི་དྲ་བ་འདི་ཀའི་སྟེང་ཉིད་ནས་རང་གི་བློ་ངོར་རིག་པ་རྗེན་ལ་འདོན་ལུགས་རྩལ་ཐོན་པ་བྱས་ཏེ་སྐྱོང་བ་དེ་རིག་པ་ལ་ཐད་ཆོད་དུ་ཞུགས་པ་ཡིན་པས། །མཁྲེད་ཆོད་དམ་མཁྲེགས་ཆོད་དང་། །ཐབས་མཁས་ཀྱི་སྒོ་འདིས་རིག་པའི་ཡོན་ཏན་བདེ་བླག་ཏུ་རྫོགས་ནུས་པས། །ས་ལམ་རང་དགའ་དགར་བརྒལ་ནས་སོང་བས་ཆོག་པ་འདྲ་བའི་མྱུར་ཁྱད་དགོས་སུ་ཡོད་པའི་ཕྱིར་ཐོད་རྒལ་དུ་བཏགས་པར་བཤད། །ཁྲེགས་ཆོད་ཀྱི་གདམས་པ་རྣམས་སུ་སེམས་ལས་འདས་པའི་རིག་པ་གསུངས་པ་ནི་སྔར་བརྗོད་པའི་བཅོས་མའི་རྟོག་བཅས་དང་། །རྟོག་མེད་ཀྱི་བློ་རྣམས་ལས་རིགས་ཀྱི་སྒོ་ནས་འདས་པའང་ཡིན་མོད་ཀྱི། །གཙོ་བོར་དེ་དག་གི་ཕ་མཐའ་བརྒལ་བ་ན་འཆར་བ་དེ་སེམས་ལས་འདས་ཚུལ་དང་། །དེར་འཆར་རྒྱུའི་འོད་གསལ་དེ་རིག་པ་ཞེས་པའི་དོན་ནོ། །རིག་པ་ཟེར་བའི་རྒྱུ་མཚན་ནི། །མ་རིག་པའི་བག་ཆགས་ཕྲ་མོ་ཟད་པར་སྤོང་བྱེད་དང་། །འདི་ནི་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་ཞེས་པའི་རྣམ་ཤེས་དང་ཡེ་ཤེས་ཀྱི་མིང་འདོགས་དང་ཕྱོགས་གཅིག་གོ ། །སྤང་བའི་ཡེ་ཤེས་གཉིས་ཀར་འདི་ཁོ་ནས་བསྒྲུབ་གཞི་བྱས་པའི་རིག་པ་ཞིག་དགོས་པས། །མ་རིག་པའི་བཟློག་ཕྱོགས་མཐར་ཐུག་པའི་མིང་གིས་བཏགས་པ་སྟེ། འབྲས་མིང་རྒྱུ་ལ་བཏགས་པའོ། ། དེའང་མ་རིག་པའི་བག་ཆགས་ལྷག་མ་མ་ལུས་པར་ལོག་པ་ན། བློ་རང་ཉིད་ཀྱི་རིགས་ཀྱང་ལོག་ནས་འགྲོ་བ་དེ། །རང་གི་སྒྲུབ་གཞི་གློ་བུར་བ་ཡིན་པའི་གནད་ལ་ཐུག་ཅིང་། །ཅིག་ཤོས་དེ་ལས་བཟློག་པ་ཡིན་ནོ། །དེ་ལ་འདི་སྐོར་རྣམས་སུ་གློ་བུར་གྱི་སྤྲོས་པ་མཐའ་དག་དང་བྲལ་པའི་ཆ་ནས་མཐར་ཐུག་གི་མྱང་འདས་འཇོག་པ་སོགས་ཀྱི་སྒོ་ནས་གཉུག་མའི་ཆོས་རྣམས་མྱང་འདས་ཀྱི་ཕྱོགས་སུ་བསྡུ་ཞིང་། །དེ་ལྟར་བྱས་ན་ཐ་མལ་པའི་སེམས་རྣམས་འཁོར་བའི་ཆོགས་སུ་འགྲོ་ལ། །དེ་འགྲོ་བ་ལྟར་མ་རིག་པའི་ཕྱོགས་སུའང་འགྲོ་ལུགས་ཡོད་པས། །དེའི་ཟླ་ལ་དྲངས་པ་ཡིན་ཏེ། །སེམས་དང་ཡེ་ཤེས་ཞེས་གསུངས་པའི་ཡེ་ཤེས་ཀྱི་སྒྲ་འཆད་ཚུལ་ཡང་དེ་དང་འདྲའོ། །དེ་ལྟར་དུ་བཏགས་པ་ནི་ལམ་འདི་ལ་ཐེག་པ་གཞན་དང་མི་འདྲ་བའི་ཟབ་ཁྱད་འཇུག་པའི་རྩ་བ་ཤེས་པར་བྱ་བའི་ཆེད་དུ་སྟོན་ལུགས་དེ་འདྲ་ཞིག་མཛད་པ་ཡིན་གྱི། །སྤྱིར་ནི་འདིར་བཤད་པའི་སེམས་གང་བྱུང་ཐམས་ཅད་འཁོར་བའི་ཕྱོགས་ཡིན་པར་ཁས་མི་བླང་སྟེ། །གལ་ཏེ་བླང་ན་ཉན་ཐོས་ཀྱི་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ཀྱང་ཀུན་ཉོན་ཕྱོགས་ཀྱི་བདེན་པར་འདོད་དགོས་པའི་ཕྱིར་རོ། །རིག་པ་གསང་སྔགས་བླ་མེད་པའི་འོད་གསལ་ལ་འདོད་པ་ནི། །འཆི་བའི་འོད་གསལ་ལ་རིག་པར་ངོས་བཟུང་བའི་རྫོགས་ཆེན་གྱི་གསུང་རབ་རྩོད་མེད་སོགས་ཤེས་བྱེད་མཐའ་ཡས་པ་ཡོད་དོ། །དེས་ན་འོད་གསལ་ཐམས་ཅད་སྟོང་པ་དང་། །རྫོགས་རིམ་པའི་ལྷན་སྐྱེས་སོགས་བྱས་ཚེ། །དེའི་བརྗོད་བྱ་དམ་ཧྲིག་གེར་འཆར་ཞིང་། །རིག་པ་བྱས་ཚེ་འོད་གསལ་ལ་ངོ་སྤྲད་ཀྱང་བུན་ལོང་ངེ་ཞིག་ལས་མི་གོ་བ་ནི་ཕ་རྒྱུད་མ་རྒྱུད་གཞན་གྱི་ཆོས་སྐད་ལ་བག་ཆགས་ཕྱོགས་ལྷུང་དུ་སོང་བའི་རྟགས་ཡིན་པས་རིག་འཛིན་གྱི་མཛུབ་རྩེ་དང་། །རྗེས་འཇུག་གི་ལྟ་ཕྱོགས་འཛོལ་ནས་མ་སོང་བ་ཞིག་གལ་ཆེ་བོ། །རྫོགས་ཆེན་གྱི་གཞུང་རྣམས་སུ་ད་ལྟའི་ཤེས་པ་སྟོེང་གསལ་འདི་རིག་པར་ངོ་སྤྲོད་པ་ཤ་སྟག་འབྱུང་བས། །སྣང་གསུམ་མཐའི་འོད་གསལ་ལ་སྦྱར་བ་ག་ལ་རིགས་སྙམ་ན། །གོ་བ་ཁ་ཕྱིར་བལྟས་ལ་དེ་འདྲ་འཆར་བ་བདེན་ཡང་། །འདི་ལྟར་ཡིན་ཏེ། །ད་ལྟ་འདྲི་བ་པོ་ཁྱོད་དང་ང་ཅག་སྨྲ་བཞིན་པའི་དུས་ཀྱི་རང་རེ་གཉིས་ཀྱི་ཤེས་རིག་སལ་ལེ་བ་འདི་ཧྲིལ་གྱིས་རིག་པ་ཁོ་ན་མིན་རུང་། །འདི་ཉིད་ཀྱི་ཆ་གཅིག་རིག་པར་གདོན་མི་ཟ་བར་འདོད་དགོས་ཏེ། །དེའི་དུས་སུའང་གདོད་མའི་འོད་གསལ་ཡོད་དགོས། །དེ་ཡོད་ན་གང་ཟག་དེའི་ཤེས་རིག་ཏུ་ཡོད་དགོས། །དེ་ལ་དེ་དུས་ཀྱི་ས་ལེ་བ་དེ་མིན་པའི་རིག་ཆ་ཞིག་ཡོད་ན་དེའི་ཤེས་རིག་ཏུ་འཇོག་མི་རུང་བའི་ཕྱིར་རོ། །འོན་ཀྱང་ཐ་མལ་པ་ལ་འཆི་དུས་མ་གཏོགས་པར་རིག་པ་དེ་བསླད་ཡོད་པས། །ད་ལྟ་ངོས་འཛིན་དཀའ་བའི་ཕྱིར། །བཞི་ཆ་གསུམ་བྲལ་ཞེས། །དུས་གསུམ་གྱི་ཀུན་རྟོག་ལས་ཟུར་དུ་ཕྱེ་བའི་ཆ་བཞི་པའམ་ལྷག་མ་དེ་རིག་པ་ཡིན་ཞེས་བཤད་ནས། །དེ་ཙམ་གྱིས་དེའི་བཞུགས་ཚུལ་རྗེན་པར་བློ་ངོར་མཚོན་མི་ནུས་པར་གཟིགས་ཏེ། །དེའི་རྣམ་པ་ངོ་སྤྲོད་ཚུལ་རྒྱས་བཤད་མང་པོ་མཛད་པ་ཡིན་ནོ། །བཞི་ཆ་གསུམ་བྲལ་བཤད་ལུགས་ལ་དཔག་ཀྱང་ད་ལྟ་ཀུན་རྟོག་དང་སྦྲགས་མར་ཡོད་པ་ཞིག་དང་། །དེའི་རང་ཞལ་གཙོ་བོར་ཀུན་རྟོག་གིས་གཡོགས་པའི་དབང་གིས་ངེས་མ་ཐུབ་པ་ཡིན་པར་བཞེད་པ་དཔྱད་ཤེས་ན་གསལ་ལོ། །ངོ་སྤྲོད་རྒྱས་པར་མཛད་ཚུལ་ཡང་། །སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས། །ཐམས་ཅད་སྟོེང་པ་རྨད་པོ་ཆེ། །དྭངས་ཤིང་གསལ་བའི་མཚན་ཉིད་ཅན། །ནམ་མཁའི་ངོས་ལྟར་མཆོག་གྱུར་པ། །ཞེས་ཟུང་འཇུག་གི་འོད་གསལ་དེ་ལྟ་བུའི་རྣམ་པ་ཅན་ཞིག་ཡིན་པར་བཤད་པ་དང་། །འཇམ་དཔལ་ཞལ་ལུང་དུ། །ཆོས་སྐུ་རབ་དགའ་མཁའ་མཉམ་པ། །ཞེས་རབ་དགའ་དང་མཁའ་མཉམ་གྱི་བཞུགས་ཚུལ་ཅན་དུ་གསུངས་པ་དང་འདྲ་བར། །འདི་སྐོར་དུ་ཡང་། །ངོ་བོ་སྟོང་། །རང་བཞིན་གསལ། །ཐུགས་རྗེའམ་རྩལ་རིས་མེད་པར་ཁྱབ་པ་ཞེས་དང་། །གཏིང་གསལ་ཕྲ་བ་དང་། །གདོད་མ་ནས་མ་བཅོས་པ་དང་། །ཡེ་གྲོལ་དང་། །བློ་བྲལ་དང་། །ཁྱབ་གདལ་དང་། །ཟང་ཐལ་གྱི་རིག་པ་སོགས་བཤད་ཚུལ་མཐའ་ཡས་པས་བསྟན་ཏེ། །དེ་འདྲ་བའི་བརྗོད་ཚུལ་རེ་རེ་ལ་ཡང་རིག་པའི་ངོ་བོ་དང་ཁྱད་པར་ཅི་རིགས་པ་གཏན་ལ་འབེབས་པའི་ནུས་པ་ཁྱད་པར་ཅན་རེ་འབྱིན་རྒྱུ་ཡོད་ལ། །བླ་མེད་རྒྱུད་གཞན་ལས་ཀྱང་རིག་པའི་རྣམ་པ་ངོ་སྤྲོད་ལ་ཕྱོགས་འདི་རྒྱས་པ་ནི་གཞན་དུ་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་སྟོབས་ཀྱིས་ལྷན་སྐྱེས་དྲངས་ཡོད་པས། །ད་ལྟ་ནས་བཞུགས་ཚུལ་ངོ་སྤྲོད་ལ་ཧ་ཅང་རྩལ་དུ་འདོན་མི་དགོས། །འདིར་རིག་པ་ངོ་སྤྲད་ནས་དེ་ལ་བཞག་སྟོབས་ཀྱིས་ཐུན་མོང་མ་ཡིན་པའི་ལྷག་མཐོང་འདྲེན་པ་ཉིད་མན་ངག་གི་སྙིང་པོར་བྱེད་ལ། །དེ་ལྟར་འདྲེན་པ་ལ་ཐོག་མ་ནས་རིག་པའི་བཞུགས་ཚུལ་ལ་བློ་ཤིན་ཏུ་རྒྱས་པ་མེད་ན། །འཇོག་བྱེད་ཀྱི་སྒོམ། །འཇོག་ས་རིག་པའི་སྟེང་ནས་གཞན་དུ་མི་འཆུགས་པའི་གཟེར་བུ་ཐེབས་ལུགས་མེད་པས། ཡུན་རིང་པོར། རློམ་ཚོད་རིག་པ་ཅོག་བཞག་གི་རྒྱུན་བསྐྱང་བར་རློམ་ཡང་། སོང་ཚོད་སེམས་ཐ་མལ་བ་རང་གི་གསལ་སྟོང་གི་ཆ་ཕྱི་རོལ་པས་ཀྱང་ངེས་ནུས་པ་རེ་བསྒོམ་པར་སོང་བ་ལྟ་བུ་ལས་མི་ཡོང་བའི་རྒྱུ་མཚན་གྱིས་ཡིན་པས། །ཚིག་རིས་དེ་འདྲ་བ་ཐམས་ཅད་གྱིས་གནས་ཆ་དང་གསལ་ཆ་ཟུང་དུ་འབྲེལ་བའི་སེམས་ཙམ་ཞིག་ངོ་སྤྲད་པར་བཟུང་བ་ནི། །དེིའི་མི་མཐུན་པའི་ཕྱོགས་ཆེན་པོ་ལ་གནས་པ་ཡིན་ནོ། །རིག་པ་ངོ་ཕྲོད་མཚམས་ལ་ཡང་། །གོ་བས་འཕྲོད་པ་དང་། །ཉམས་མྱོང་གི་སྟོབས་ཀྱིས་འཕྲོད་པ་གཉིས་ཤེས་དགོས་ཤིང་། །དེའི་ཕྱི་མ་ནི་སྔ་མ་སྔོན་དུ་འགྲོ་བ་ཡིན་ལ། །ཚེ་འདིར་སྔ་མ་སྔོན་དུ་མ་བཏང་བར་ཡང་བླ་མའི་བྱིན་རླབས་ཁོ་ནས་ཕྱི་མ་ཡོང་བ་འགའ་ཞིག་ལ་སྲིད་པ་ནི་ལས་འཕྲོ་ཅན་ཡིན་པའི་རྒྱུ་ཚན་གྱིས་ཡིན་ནོ། །དེའི་འགྲེས་ཀྱིས། །རིག་པའི་སྟེང་དུ་འཇོག་ལུགས་ལའང་། །གོ་བ་ཤེས་ཆེ་བའི་སྒོ་ནས་འཇོག་ཚུལ་དང་། །མྱོང་སྟོབས་ཀྱིས་རིག་པའི་རང་ཞལ་མཇལ་ནས་དེ་སྐྱོང་ཚུལ་གཉིས་ཡོད་ལ། །དེ་གཉིས་ཀྱང་འདིར་གོ་རིམ་ངེས་པ་ཡིན་ཏེ། །སྔ་མ་ལྟར་བསྐྱང་བས་རིག་པ་ཇེ་གསལ་དང་། །སེམས་ཇེ་ཞན་དུ་སོང་ནས་རིམ་གྱིས་གོ་བའི་རྒྱུན་ཉམ་མྱོང་དུ་འགྲོ་དགོས་པའི་ཕྱིར་རོ། །མྱོང་སྟོབས་ཀྱིས་རིག་ངོ་མཐོང་ནས་སྒོམ་པ་ལའང་རྟོགས་པའི་ཡེ་ཤེས་སྲབ་འཐུག་གི་རིམ་པ་མང་པོ་ཡོད་པ་ལས། །རྣམ་རྟོག་གི་གྲོལ་ལུགས་གསུམ་སོགས་བཤད་པའི་ཕལ་ཆེ་བ་ནི། །སེམས་རིག་གཉིས་ལས་སེམས་ཀྱི་ཕྱོགས་མངོན་དུ་གྱུར་བ་སྟོབས་ཆེ་བའི་དུས་སུ་ཡིན་གྱི། །རིག་པ་མངོན་དུ་གྱུར་པའི་ཕྱོགས་ལྷག་པ་ན་མིན་ལ། །ཁང་སྟོང་རྐུན་མ་ཞུགས་པ་ལྟ་བུའི་གྲོལ་ལུགས་དེ། །དེ་གཉིས་ཀྱི་མཚམས་འཛིན་ལྟ་བུར་མངོན་ནོ། །གོ་བའི་སྟེང་ནས་རིག་པ་ལ་འཇོག་སྒོམ་བྱེད་པའང་མདུན་དུ་ཀེང་རུས་བསྒོམ་པ་ལ་སེམས་འཛིན་ལུགས་ལྟ་བུ་ཡེ་མིན་པས། །རྣལ་འབྱོར་བའི་བློ་ཧྲིལ་གྱིས་རིག་པ་འབའ་ཞིག་ཏུ་སོང་བ་འདྲ་པའི་ཉམས་ཡོད་པ་ཞིག་དགོས་སོ། །ཕྱོགས་འདིར་བྱ་བ་དགུ་ཕྲུགས་སུ་གཏོང་བར་བཤད་པ་བཞིན། །ཆོས་དང་ཆོས་མིན་གྱི་གཡེངས་བ་གཞན་བཏང་སྟེ། །ཅོག་བཞག་ལ་ཆིག་དྲིལ་ཡུན་རིང་པོར་ནུས་ན། །ཅི་ཞིག་ནས་ཀུན་རྟོག་གཡོ་བའི་རླུང་རགས་ལ་རྒོད་པ་རྣམས་རང་འགག ། །ཕྲ་བ་རྣམས་འོད་གསལ་ངང་སྒོམ་གྱི་སྦྱོང་བས་རྒྱུན་རིང་དུ་བཏུལ་བའི་མཐུས། །དུག་བསད་པའི་དངུལ་ཆུ་ལྟར་འགྱུ་དྲན་གྱི་ཉེས་པ་སྐྱེད་པའི་མཐུ་ཕྲོགས། །དེའི་དབང་གིས་རིམ་གྱིས་ཡེ་ཤེས་ཀྱི་གྲོགས་སུ་འགྲོ་བ་ལའང་ཚེགས་མེད་པ་ཞིག་དུ་གྱུར་ཏེ། །ད་དུང་ཡང་སྔར་ལྟར་སྐྱོང་ནུས་ན་ལས་རླུང་གི་རྒྱུན་ལ་རིག་པའི་རྩི་ཐེབས་ནས་ཡེ་ཤེས་ཀྱི་རླུང་དུ་འགྲོ་བར་བཞེད་དེ། །དང་པོ་ནས་ཡེ་ཤེས་གཉུག་མའི་རླུང་དུ་གནས་པ་དང་། །ཕྱིས་ཐབས་མཁས་ཀྱིས་ཡེ་ཤེས་ཀྱི་རླུང་དུ་བསྒྲུབ་པ་སྟེ་ཡེ་ཤེས་རླུང་གི་ཚུལ་གཉིས་ཡོད་པར་ཤད་དོ། །བླ་མེད་རྒྱུད་གཞན་དུ་གཏུམ་མེ་དང་། །དཔྱིད་ཀྱི་རྣལ་འབྱོར་སོགས་ཀྱིས་འོད་གསལ་མངོན་དུ་བྱེད་ཚུལ་བཤད་པ་རྣམས། །དེ་དག་ཉིད་ཀྱི་ལུགས་ཀྱིས་བཙན་ཐབས་ཀྱི་སྦྱོར་བ་མ་ཡིན་ཀྱང་། །འདི་ལ་ལྟོས་ན་བཙན་ཐབས་སུ་རིག་པ་མངོན་དུ་བྱས་པར་སོང་ཡོད་པས། །འདི་བཞིན་བསྐྱངས་བ་ན་དང་པོ་བསྒོམ་སྟོབས་ཀྱིས་འོད་གསལ་འཆར་བ་ལ་གཞན་ལས་བུར་བ་ལྟར་འདུག་ཀྱང་། །རིག་པ་མངོན་དུ་བྱེད་ནུས་པ་ན་གཞན་ལས་ཆེས་བརྟན་ཅིང་རྒྱུན་རིང་བ་དང་། །འོད་གསལ་གྱི་ཏིང་ངེ་འཛིན་དབང་དུ་གྱུར་བ་ཁྱད་ཞུགས་པ་ཅིག་ཡོད་དམ་སྙམ་མོ། །དེར་མ་ཟད་རྫོགས་རིམ་གྱི་ལམ་སྲོལ་གཞན་འདྲ་བའི་རླུང་གི་སྡུད་རིམ་མ་བྱས་པར་རིག་པ་མངོན་དུ་བྱེད་ལུགས་འདི་ལ་དྷུ་ཏིའི་གནས་ཁོལ་བུ་རེར། །དམིགས་རྟེན་ཁོལ་བུ་རེའི་སྟེང་དུ་འོད་གསལ་ཤར་བ་དང་མི་འདྲ་བའི་འཆར་ཚུལ་ཐུན་མོང་མ་ཡིན་པ་ཞིག་དང་། །དེ་ལ་བརྟེན་ནས་འཇའ་ལུས་སྒྲུབ་ཚུལ་གྱི་གནད་ཕྲ་མོ་ཞིག་ཀྱང་ཡོད་པར་སེམས་སོ། །རིག་པ་ངོ་སྤྲོད་ཀྱི་སྣོད་རུང་སྒྲུབ་པ་ལ་དོན་དམ་དཔྱོད་པའི་རིག་པས་སེམས་སྦྱངས་བ་དགོས་པར་གསུངས་ཤིང་། །ལམ་དུས་ཀྱི་རིག་པ་དང་པོའི་གཞི་ལས་འཕགས་ཚུལ་གསུང་པ་དང་། །རིག་པ་གཞི་མེད་རྩ་བྲལ་དུ་གསུངས་པའི་དགོས་ཆེད་དང་། །ཁྲེགས་ཆོད་ཀྱི་སྐབས་སུ་བཤད་པའི་དབྱིངས་རིག་གཉིས་དབྱེར་མེད་དུ་མངོན་དུ་བྱ་བར་གསུངས་པ་སོགས་བསྒྲིགས་ཤེས་ན་རིག་སྟོང་ཟུང་འཇུག་ཉམས་སུ་ལེན་པའི་ཚུལ་ཡང་ཤེས་ཡོང་པས་དེ་ལ་མ་བསམ་པར་རང་བཟོ་སྨ་མི་རུང་ངོ་། །ཆོས་ཐམས་ཅད་རིག་པའི་རྩལ་དུ་གསུངས་པའི་དོན་ནི། །རྟོག་པའི་འགྱུ་འཕྲོ་ཐམས་ཅད་འོད་གསལ་གྱི་རིག་པའི་རྩལ་དུ་འཕྲོ་ཞིང་། །དེ་དད་མཚུངས་པར་རང་གི་ཕུང་ཁམས་ཐམས་ཅད་ཀྱང་འཕྲོ་བ་དཔྱོད་སླ། །དེ་དག་གི་རྩལ་ལམ་ཤུགས་སམ་དབང་གིས་ཕྱིའི་གནས་དང་ཡོངས(ལོངས)་སྤྱོེད་ཐམས་ཅད་ཀྱང་འཕྲོས་ཏེ། །འཕྲོས་ཚུལ་ཡང་། །གཞི་སྣང་གི་འོད་ལ་གཉིས་སྣང་འཁྲུལ་བའི་ཆ་ཕྲ་མོ་ཞིག་རྐྱེན་གྱིས་བསྒྱུར་ལུགས་ཀྱིས་གཟུང་འཛིན་རགས་པའི་སྐབས་ཀྱི་མ་དག་པའི་དངོས་སྣང་འཆར་བར་བཤད་པ་སོགས་ལས་ཤེས་པར་བྱ་སྟེ། །ཕྱི་མ་འདི་ལ་གོ་རྒྱུ་ཕྲ་མོ་ཞིག་ཡོད་པ་འདྲ། །དེ་འདྲ་ལ་དགོངས་ནས་འབྱུང་བཞི་ནམ་མཁའི་ཀློང་ལས་མི་འདའ་བ་ལྟར་སྣོད་བཅུད་རིག་པའི་ཀློང་ལས་མི་འདའ་བའི་རང་སྣང་ཉག་གཅིག་ཏུ་གསུངས་པ་རྣམས་སོ། །དེ་ལྟར་བྱས་ན་ད་ལྟ་ཕྱི་ནང་གི་དངོས་པོ་རྣམས་གདོད་མའི་རིག་པ་ཟེར་རྒྱུ་ཞིག་ལ་ཡེ་མ་ལྟོས་པའི་ཡོར་རེ་བ་རེར་སྣང་བའི་འཆར་ལུགས་འདི་གཏན་ལོག་ནས། །འོད་གསལ་གྱི་རིག་པའི་ཚོས་ཁ་ཅན་ཤ་སྟག་དུ་འཆར་བའི་སྒོ་དོད་ཡོང་སྟེ། །བཤད་མ་ཐག་པའི་ཚུལ་དེ་ལ་རྟོགས་པའི་རྩལ་སྦྱངས་བ་ཉིད་ཀྱིས་དེ་ལྟར་འཆར་བའི་ཕྱིར་རོ། །དེ་ལྟར་འཆར་བ་ལ་གོམ་ན་རིག་མདངས་ཕྱོགས་མེད་དུ་རྒྱས་ཤིང་། །རྐྱེན་སྣང་གང་གིས་ཀྱང་ཟིལ་གྱིས་མེ་ནོན་པའི་རྣལ་འབྱོར་ཅན་དུ་འགྱུར་བས། །ཉམ་མྱོང་གི་བོགས་འདོན་པ་ཡིན་ཏེ། །རྗེས་ཐོབ་ཀྱི་སྐྱོང་ཚུལ་ཡིན་ལ། །མཉམ་རྗེས་ཕན་ཚུན་གྲོགས་སུ་འགྲོ་བའི་ཚུལ་ཡང་འདིས་ཤེས་པར་བྱའོ། །དེ་བས་ཕྲ་བ་ནི། །འདི་ཉིད་ལ་བརྟེན་ནས་འཇུག་སྟེ། །དེའང་སྣང་ཚད་རིག་པའི་མདངས་སུ་ཤར་བ་ན། །དེ་ལས་བཟློག་ཕྱོགས་ཀྱི་སྣང་ཚུལ་འདི་སྣང་བ་ལྟར་མ་གྲུབ་པའི་རྫུན་པ་ཕྱིན་ཅི་ལོག་ཏུ་འཆར་ཞིང་རྫུན་རིས་ཀྱི་ཕྲེང་བ་དེ་མིང་ཙམ་ཞིག་གིས་བཀོད་པར་འཆར་བའང་འོང་ངོ་། །དེ་ནས་དེ་འདྲ་བའི་ཡུལ་ཡུལ་ཅན་གཉིས་ཀ་རྫུན་མཉམ་དུའང་རྟོགས་ལ། །དེའི་ཚེ་དེ་ཐམས་ཅད་གཞི་མེད་ཀྱི་རིག་པས་མིག་འཕྲུལ་བཀྱེ་བ་ཙམ་དུ་ཟད་པར་མཐོང་ནས། །དེའི་སྒོ་ནས་གཟུང་འཛིན་གྱི་ཆོས་རྣམས་ལ་ཀ་དག་རིག་པའི་ཕྱག་རྒྱས་འདེབས་ཚུལ་ཡང་གོང་གི་འདྲེས་ཀྱིས་ཤེས་སོ། །ཤར་སྣང་རིག་པའི་ཀློང་ལས་མི་གཡོ་བ་འདི་ནི་གཞི་དུས་ནས་ཡོད་པས་རིག་པའི་ཀློང་དུ་ཀུན་རྟོག་དུས་གཉིས་པར་ཞིག་ནས་སོང་བ་ཙམ་ནི་ལམ་འདིའི་གྲོལ་ལུགས་མིན་གྱི། །རིག་པའི་ངང་བཞག་གི་ཏིང་ངེ་འཛིན་གྱི་ནུས་པས་ཀུན་རྟོག་གིས་ཚོ་མ་ཐུབ་པར་དག་ནས་སོང་ན་གྲོལ་ལུགས་སུ་འགྲོའོ། །ཐོད་རྒལ་གྱི་གནད་འཆད་བྱེད་ལ་ངོ་སྤྲོད་ཉེར་གཅིག་སོགས་མང་དུ་གསུངས་ཀྱང་། །མདོར་བསྡུ་ན། །སྙིང་ཀའི་མི་ཤིགས་པ་ལ་གདོད་མའི་རྒྱལ་བ་འོད་ཟེར་གྱི་ཕུང་པོ་ཆེན་པོ་ཞེས་གསུངས་ཏེ། །དེ་ལ་གདོད་མའི་རྒྱལ་བ་ཞེས་པ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་བར་སྲིད་ལ་ལོངས་སྤྱོད་རྫོགས་སྐུར་འདོགས་ལུགས་དང་མཚུངས་ཤིང་། །དེ་ཉིད་འོད་ཟེར་ལྔ་འབར་བའི་གོང་བུར་གནས་པ་ནི་འོད་ཀྱི་ཕུང་པོའི་དོན་ནོ། །འདིར་དེ་འདྲའི་མིང་འདོགས་ས་དེ་ལ་འདུས་པ་ལས། །ཕྱེད་ཚད་ཙམ་གྱི་ཕྲ་མོ་མཆོག ། །སོགས་གསུངས་པར་ཐེག་མཆོག་མཛོད་ལས་བཤད་པས་དོན་དུ་ནི་ཤིན་ཏུ་ཕྲ་བའི་རླུང་ངོ་། །བྱེད་པ་གཙོ་བའི་དབང་གིས་ཆ་ཕྱེ་སྟེ་བཤད་ན་དེ་ལྟར་ཡིན་ཀྱང་། །སྤྱིར་ནི་གདོད་མའི་རླུང་རིག་ངོ་བོ་དབྱེར་མེད་ཡིན་ཅིང་། །རིག་པ་དང་བྲལ་ན་འོད་ལྔའི་གཟི་བརྗིད་འཛིན་མི་ཐུབ་པར་མ་ཟད། །རླུང་རང་ཉིད་ཀྱང་འཚོ་མི་ནུས་པས་རིག་པ་ཡང་གདོད་མའི་མགོན་པོ་འོད་ཟེར་གྱི་ཕུང་པོ་ཡིན་ནོ། །རིག་པ་ལ་དབྱིབས་དང་ཁ་དོག་མེད་པར་གསུངས་པ་དང་། །འོད་ཟེར་གྱི་ཁ་དོག་ལྔ་མ་འདྲེས་པར་ཡོད་ཚུལ་གསུངས་པ་གཉིས་ནི། །ངོ་བོ་དང་། །རང་བཞིན་གྱི་བཤད་ལུགས་ཐ་དད་ཡིན་པར་གསུངས་ཏེ། །རིག་པ་ཉིད་ལ་ཁ་དོག་སོགས་མེད་ཀྱང་། །རིག་མདངས་ལ་ཁ་དོག་ཡོད་པར་མི་འགལ་བའི་དོན་ནོ། །ངོ་བོ་དང་རང་བཞིན་གྱི་དོན་ལ་ཡང་ཁྲེགས་ཆོད་དང་ཐོད་རྒལ་སྐབས་ཀྱི་བཤད་ཚུལ་སོ་སོར་ཡོད་པས་མ་འཛིངས་བ་གཅེས་སོ། །སྙིང་ཀའི་གཞོན་ནུ་བུམ་སྐུ་དེ་ནི་ཐོད་རྒལ་གྱི་སྣང་བ་མཐའ་དག་འཆར་བའི་གཞི་ཡིན་པས་གནས་ལུགས་གཞིའི་སྒྲོན་མ་ཞས་བྱའོ། །བུམ་སྐུའི་འོད་ལྔ་དེ་མངོན་སུམ་དུ་འཆར་བའི་ནུས་པ་རྒྱ་མཚོ་གསེར་གྱི་ཉི་མའི་རྩ་ལ་ཡོད་པས་སྒོའི་སྒྲོན་མར་གསུངས། །འཆར་ལུགས་ནི་བྱད་གཟུགས་མ་ལོང་དུ་ཤར་བ་ལྟ་བུར་བཤད་ལ། །འོད་ལྔའི་སྣང་བ་སྐྱེད་པའི་ནུས་པ་ཡོད་ས་མཐར་ཐུག་པ་སྙིང་ཀའི་ཐིག་ལེ་ཡིན་ཀྱང་། །མིག་གི་འོད་རྩ་ལ་བརྟེན་ནས་ནུས་པ་དེ་འབྱིན་དགོས་པས། །ཚང་ན་མི་འཆར་སྒོར་འཆར་བ་བྱ་ཁྲ་དང་འདྲ་བར་བཤད་དོ། །སྒོའི་གནད་དང་འདུག་སྟངས་ཀྱི་བྱེད་བཅིངས་སོགས་རྒྱུད་སྡེ་འདི་ནས་བཤད་པ་བཞིན་བྱས་ཏེ་བལྟས་པས་སྣང་བ་འཆར་ཚུལ་ལ་འོད་ཁྱིམ་གྱི་ནང་དུ་ཐིག་ལེའི་ཚོམ་བུ། །དེ་དག་གི་བར་མཚམས་རྣམས་སུ་ལུ་གུ་རྒྱུད་གསེར་སྐུད་ལྡིང་བ་ལྟ་བུར་འཆར་བ་སོགས་ནི་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ཏེ། །གཞན་དུ་སྨིག་རྒྱུ་ལ་སོགས་པའི་མཐར་སྣང་གསུམ་འཆར་བའི་གོ་རིམ་དང་། །དུ་བ་ལ་སོགས་པའི་རྟགས་བཅུའི་གོ་རིམ་ངེས་པ་བཞིན་ནོ། །འདི་དག་ཤེས་ན་ཡེ་ཤེས་ཀྱི་རླུང་གི་གདངས་ལས་ཐོད་རྒལ་ཆེན་པོའི་སྣང་བ་འཆར་བར་རྒྱུད་མན་ངག་ལས་བཤད་པ་རྣམས་ལེགས་པར་ཤོད་ཡོད་དོ་། །ཆོས་ཉིད་ཀྱི་རང་སྒྲ་ཡང་ཐོས་པར་བཤད་དེ། །སྙིང་ཀའི་གཞོམ་དུ་མེད་པའི་ནཱ་ད་བརྗོད་པ་ཐམས་ཅད་ཀྱི་རྒྱུ་བྱེད་པའི་རང་སྣང་ཡིན་ནོ། །དེ་བཞིན་དུ་རང་སྣང་གི་དྲི་རོ་རེག་བྱ་སོགས་ཀྱང་འདོད་དགོས་པ་འདྲ་ཞིག་སྣང་ཡང་། །སྒྲ་འོད་ཟེར་གསུམ་ཙམ་ཞིག་མང་དུ་གསུངས་པ་ནི། །དབྱིངས་ཀྱི་སྒྲོན་མ་ཡར་ལྡན་དུ་ཁྱར་བའི་སྟེང་ནས་འབྲས་བུའི་དུས་ཀྱི་ཞིང་དང་། །ཐིག་ལེའི་སྒྲོན་མ་ཡར་ལྡན་དུ་ཁྱེར་ཏེ་འོག་མིན་གྱི་གཞལ་མེད་ཁང་། །ཤེས་རབ་རང་བྱུང་གི་སྒྲོན་མ་ཡར་ལྡན་དུ་ཁྱེར་ཏེ་རྡོ་རྗེའི་སྐུ་སྒྲུབ་པར་བྱེད་ཚུལ་གསུངས་པ་ན་སྐུ་རྡོ་རྗེ་སྒྲུབ་ལུགས་དེ་ལྟར་བྱེད་པ་བཞིན་གསུང་རྡོ་རྗེ་སྒྲུབ་ལུགས་ཤིག་ཀྱང་ཡོད་དགོས་པས་གང་ཡིན་སྙམ་པ་ལ། །ཆོས་ཉིད་ཀྱི་རང་སྒྲ་ཇེ་དག་ལ་སོང་ནས་ཤིན་ཏུ་རྣམ་པར་དག་པའི་གསུང་དུ་འགྱུར་རེ་ཞེས་བརྗོད་བཞེད་པ་ཙམ་མོ།

།ཤེས་རབ་རང་བྱུང་གི་སྒྲོན་མ་ལ་ངོ་བོ་དང་རྩལ་དང་གདངས་གསུམ་གསུང་པའི་གསུམ་པ་ནི་སྨོས་མ་ཐག་པ་དེ་ཡིན་ཅིང་། །དང་པོ་དེ་དགོང་འཕེལ་དུ་གྱུར་བ་ལས་འོད་གསལ་རྡོ་རྗེའི་ཐུགས་མཐར་ཐུག་དང་། །གཉིས་པ་ལས་དེའི་ཡོན་ཏན་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་འབྱུང་བའི་ཚུལ་ཡང་ཤེས་པར་བྱའོ། །རྒྱུད་ཀྱི་རྒྱལ་པོ་གཞན་དུའང་སྟོང་གཟུགས་ཀྱི་སྟེང་ནས་རྣམ་ཀུན་མཆོག་ལྡན་གྱི་གཟུགས་སྐུ་སྒྲུབ་ཚུལ་གསུངས་ཀྱང་། །དེ་དང་འདི་གཉིས་སྟོང་གཟུགས་འཆར་བའི་གནད་མི་གཅིག་གོ ། །འོན་ཀྱང་བླ་མ་ཡང་ཏིག་ཏུ་སྤྱི་བོ་ན་ཐིག་ལེ་སྟོང་སྒྲོན་གནས་པར་བཤད་ཅིང་། །མུ་ཏིག་ཕྲེང་བར། །རིག་པ་རྟོག་མེད་ལུ་གུ་རྒྱུད། །བདེ་ཆེན་ཚངས་པའི་སྒོ་ནས་སྣང་། །ཞེས་གསུངས་པ་སོགས་ལ་དཔྱད་ན། །སྤྱི་བོ་ན་སད་པའི་གནས་སྐབས་སྐྱེད་པའི་ཐིག་ལེ་ཞེས་སྣང་བ་སྣ་ཚོགས་སྐྱེད་པར་བྱེད་པའི་ཐིག་ལེ་ཡོད་པ་དེ་ཡང་རྩ་ཤེལ་སྦུག་ཅན་གྱི་ནུས་པ་མངོན་དུ་སད་པ་དང་ནང་འཛོམ་ན་སྒྲོན་མའི་སྣང་བ་རྒྱ་ཆེར་འཆར་བྱེད་ཀྱི་ཡན་ལག་དུ་འགྱུར་ལ། །དེའི་འགྲེས་ཀྱིས་རྨི་ལམ་དང་གཉིད་འཐུག་སོགས་ཀྱི་ཐིག་ལེའི་ལག་རྗེས་རྣམས་ཀྱང་ཐབས་མཁས་ཀྱི་མཐུས་དག་པའི་གཞི་སྣང་དང་གཞི་དབྱིངས་འཆར་བའི་གྲོགས་སུ་གོ་འཕོ་བར་སྣང་ལ། །རྩ་འཁོར་གྱི་གནས་བྱེ་བྲག་པ་རེར་རླུང་སེམས་བསྡུ་ཚུལ་གྱི་གནད་ཀྱིས་གནས་སྐབས་རིགས་བཞིའི་ཐིག་ལེ་རྣམས་ཀྱི་ནུས་པ་རེས་འཇོག་དུ་སད་པར་བྱེད་པ་དང་ལག་རྗེས་མི་འདྲ་བ་ཡོད་དོ། །ཤེལ་སྦུག་ཅན་གྱི་ནུས་པ་སློང་བྱེད་ནི། །རྩ་དེའི་རང་གི་ངོ་བོ་དང་། །དེས་ཡེ་ཤེས་ཀྱི་སྣང་བ་འཆར་བའི་ལམ་ཇི་ལྟར་བྱེད་ཚུལ་སོགས་ཀྱི་ངོ་སྤྲོད་གནད་ལ་ཐེབས་ངེས་བགྱིས་ཏེ། །ཁྲེགས་ཆོད་ཀྱི་རིག་པ་མངོན་དུ་བྱས་པའི་ངང་ནས་། །འོད་རྩལ་རྩེ་གཅིག་ཏུ་གཏོད་པ་དེ་ཡིན་ཅིང་། །དེའི་གྲོགས་ནི་གཟིགས་སྟངས་གསུམ་སོགས་བྱེད་བཅིངས་ཀྱི་སྦྱོར་བ་དང་ཉི་མ་དང་མན་ཤེལ་ལ་སོགས་པའི་ཟེར་ཡང་ཡིན་ནོ། །འདིར་རིག་པ་མིག་ལ་གཏད་ཅེས་བཤད་པ་ལ་སེམས་གཏད་བྱེད། མིག་ཙམ་ཞིག་གཏོད་ཡུལ་དུ་བསྟན་པར་འཁྲུལ་པ་མང་སྟེ། །དེས་ཤེལ་སྦུག་ཅན་གྱི་ཟ་མ་ཏོག་ཁ་དབྱེ་མི་ནུས་པས་ལམ་གྱི་འགངས་འཆུགས་ནས་འགྲོའོ། །ཀ་དག་གི་དགོངས་པ་ན་སྨིན་པ་དང་། །བསྐྱེད་རིམ་སྔོན་སོང་ལ་མི་ལྟོས་པར་ལུག་རྒྱུད་ལྷ་སྐུར་སྨིན་པ་དང་། །དེ་ལ་བསོད་ནམས་ཀྱི་ཚོགས་མཐའ་ཡས་པའི་བྱེད་ལས་ཚང་བའི་རྒྱ་ཆེ་བའི་མཚན་ཉིད་རྫོགས་པ་དང་། །ལྷ་སྐུའི་སྣང་ཆ་རྣམས་དངོས་གནས་ལ་གྲུབ་པའི་ཡེ་ཤེས་ཀྱི་སྐུར་སྨིན་པ་སོགས་ནི་རིག་པའི་རྩལ་དབང་ཐོབ་པ་ལ་རག་ལས་ཏེ། །དབང་དེིའི་དོན་ནི། །མ་འོངས་པ་ན་རང་ཉིད་སངས་རྒྱས་པའི་དུས་ཀྱི་ཤེས་བྱ་ཐམས་ཅད་ལ་ཆགས་ཐོག་མེད་པའི་མཁྱན་རབ་ཀྱི་རྩལ་དང་། །ཤེན་དུ་རྣམ་པར་དག་པའི་ལོངས་སྤྱོད་ཟད་མི་ཤེས་པ་དང་། །འཁོར་དང་། །གཟི་བརྗིད་ཟད་མི་ཤེས་པ་སོགས་གཟུགས་སྐུའི་ཕུན་ཚོགས་བསམ་གྱིས་མི་ཁྱབ་པ་ཐམས་ཅད་གློ་བུར་བའི་སྒྲིབ་བྱེད་ཀྱི་དབང་གིས་མངོན་དུ་གྱུར་མ་ཐུབ་པ་ཙམ་མ་གཏོགས་རང་གི་རིག་པ་འདི་ཉིད་ཀྱི་རྩལ་ལམ་ཤུགས་སམ་མཐུ་ལས་འབྱུང་བས། །ནང་གསལ་ཀྱི་དབང་དུ་བཏང་ན་འབྲས་ཆོས་ད་ལྟ་ཉིད་ནས་རང་ཆས་སུ་བཞུགས་པའི་ཚུལ་ལེགས་པར་གཏན་ལ་ཕེབས་པ་དེ་ཡིན་ཏེ། །རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡས་ཀྱང་འདི་འདོམས་པར་སྣང་ངོ་། །སྤྱིར་ཀུན་རྟོག་དང་ལས་རླུང་གི་གཡོ་ལྡང་ཞི་བ་ན། །འོད་གསལ་གྱི་རླུང་སེམས་ནུས་པ་ཆེར་འོང་བ་ཆོས་ཉིད་ཡིན་ཅིང་། །ཁྱད་པར་དུ་རིག་པའི་རྩལ་དབང་གི་ཟབ་གནད་ངོ་ཤེས་བཞིན་པས་མཉམ་བཞག་འཁོར་མོར་སྦྱང་བ་ན། །སྙིང་ཀའི་གཞོན་ནུ་བུམ་སྐུའི་སྟེང་ན་དབྱིངས་ཐིག་རིག་གསུམ་གྱིས་བསྡུས་པའི་རྡོ་རྗེ་གསུམ་སྐྱེད་བྱེད་ཀྱི་ནུས་པ་གཞི་ལ་ཡོད་པ་དེ་རིམ་གྱིས་ཆེར་འཕེལ། །དེ་ཅི་ཙམ་འཕེལ་བ་ཙམ་དུ་མི་ཤིགས་པའི་འོད་ལྔའི་ལང་ཚོ་ཡང་བཀྲག་མདངས་ལྷག་པར་འབར། །དེ་དང་མཉམ་དུ་རྩ་གནས་གཞན་གྱི་ཡེ་ཤེས་ཀྱི་རླུང་རྣམས་ཀྱང་སྒྲོན་མ་སྤོར་བའི་ནུས་པ་ཆེར་རྒྱས་ཏེ། །དེ་ཐམས་ཅད་ཀྱི་ནུས་པ་ལ་བརྟེན་ནས་དབྱིངས་སྣང་ཇེ་ཆེ་དང་། །ཐིག་ལེ་ཇེ་གསལ། །རིག་གདངས་ལྷ་སྐུའི་རྣམ་པར་ཇེ་མངོན། །རིག་རྩལ་ཇེ་རྣོ། །འོད་གསལ་ཇེ་འཐུག་ཏུ་འགྲོ་བ་ཡིན་ནོ། །སྒྲོན་མའི་སྣང་བ་དང་རིག་པ་གཉིས་ཕན་ཚུན་བརྟོད་དེ་བཞག་པས་རིག་པའི་རྩལ་དབང་གི་ཉམ་ལེན་དང་སྦྲགས་པའི་སྣང་བ་དེ་ཇི་ལྟར་འཐུག་པ་དེའི་ཚོད་ཙམ་དུ་སྒྲོན་མས་རིག་པ་བསྡུ་ཕུལ་ཆེ། །དེ་ཇི་ལྟར་ཆེ་བ་དེ་ལྟར་རིག་རྩལ་འཁྲུལ་བའི་སྣང་ཞེན་གྱི་རྒྱུ་དང་འབྲས་བུར་ཤར་བའི་ཕྱོགས་འདི་ཁ་བྲི་ནས། །དག་པའི་གཞི་སྣང་དུ་འཆར་བའི་ཕྱོགས་གཏིང་ཚུགས་སུ་འགྱུར་བ་ཡིན་ལ། །དེ་གཉིས་གོ་བཟློག་ཏུ་ཡོང་བ་འདི་ཇི་ལྟར་ལྷག་པ་དེ་ལྟ་དེ་ལྟར་ཕུང་ཁམས་འོད་སྐུར་གནས་འགྱུར་བ་ལ་ཕྱོགས་པ་ཡིན་ནོ། །དབྱིངས་སྣང་ལ་མང་དུ་གོམ་པའི་སྐབས་སུ་ཟླ་ཉིའི་ཟེར་འཆར་སྡུད་དང་། །མིག་ཕྱེ་བཙུམ་གང་ལའང་རག་མི་ལས་པར་འོད་སྣང་འཆར་བ་སོགས་རྒྱུ་མཚན་དུ་བཀོད་ནས། །དེའི་ཚེ་སྟོང་གཟུགས་རྣམས་རྒྱང་ཞགས་ཆུ་སྒྲོན་གྱི་སྦུབས་སུ་འཆར་བ་ཡིན་གྱི། །ཕྱིའི་ནམ་མཁའ་ལ་མཐོང་བ་མིན་པར་ཀུན་མཁྱེན་ཆེན་པོས་ལན་དུ་མར་གསུངས་ཏེ། །འདི་མ་གོ་ན་ཐོད་རྒལ་གྱི་སྣང་བ་ལ་བརྟེན་ནས་རིག་པ་རྟོད་ལ་གནོན་ཚུལ་རྒྱུད་ཀྱི་དགོེངས་པ་དང་མཐུན་པར་ཤེས་ལུགས་མེད་དོ། །དེར་མ་ཟད་སྟོང་གཟུགས་དང་རིག་པ་གཉིས་ལ་རྒྱང་ཆད་དུ་སྣང་བའི་འཆར་ཚུལ་མ་ལོག་ན་དེ་གཉིས་སྐུ་ཐུགས་སུ་གྱུར་པའི་འབྲས་བུའི་དུས་ཀྱི་ཀ་དག་ལྷུན་གྲུབ་ཟུང་འཇུག་གི་གོ་འཕང་འགྲུབ་ལུགས་མེད་ཀྱང་། །རྒྱང་ཞགས་ཀྱི་སྒོར་ཤར་བའི་འོད་སྣང་ལ་ལྟ་བ་མིན་པའི་བྱེད་ལུགས་ཆེར་མ་བཤད་པ་འདྲ་ཞིག་སྣང་བ་ནི་རྩལ་དབང་གི་ཁོངས་སུ་ཚངས་བའི་རྒྱུ་མཚན་གྱིས་ཡིན་ཏེ། །དེའང་འོད་གསལ་འཆར་བའི་གནས་མཐར་ཐུག་སྙིང་ཀ་ཡིན་པ་ལ་ནི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཐམས་ཅད་མཐུན་ཡང་། །གཞན་དུ་འཁོར་ལོ་གང་ལ་དམིགས་པས་གནད་དུ་བསྣུན་པའི་གནས་དེར་འཆར་ལ། །འདིར་སྒྲུབ་ཚུལ་ཀྱི་དབང་གིས་སྙིང་ཀའི་བུམ་སྐུ་ཤུགས་མཐའ་མེད་དུ་འཕེལ་དུ་འགྲོ་བ་ཙམ་ལས་མེད་དེ། །དེའི་ཕྱིར་འོད་སྣང་ཡང་མཐར་སྙིང་དབུས་ནས་འཆར་དགོས་པས། །རྩལ་དབང་གི་ངོ་སྤྲོད་སྐབས་སུ་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ཐམས་ཅད་རིག་པ་ཉིད་ལས་མི་གཞན་པའི་མདངས་སམ་སྣང་ཆ་ཙམ་དུ་ངོ་སྤྲད་པའི་དོན་དེ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་སྟེ་གོམ་པ་ཆེར་བརྟན་པ་ན། །སྣང་བ་དེ་རྣམས་ཀ་དག་གི་རིག་པ་དང་རོ་གཅིག་ཏུ་འདྲེས་ནས་རྣལ་འབྱོར་བའི་ཡིད་ངོར་འོད་ཀྱི་ལུས་ལ་ཡེ་ཤེས་ཀྱི་སྲོག་དང་ལྡན་པ་ཞིག་ཏུ་འཕོ། །དེ་ཤིན་ཏུ་གོམས་པས་ཆབ་རོམ་ལོ་འབུམ་ལོན་ནས་ཤེལ་དུ་འགྱུར་བ་ལྟར་ནམ་ཞིག་དངོས་གནས་ལ་གྲུབ་པའི་འཕོ་ཆེན་ཆུ་ཟླའི་ལུས་སུ་འགྱུར་རོ། །རྩལ་དབང་སྐུར་བའི་དུས་གཅིག་ནི་འོད་གསལ་གྱི་སྣང་བ་ཅུང་ཟད་མཐོང་བའི་འོག་ཏུ་བྱ་བར་གསུངས་ཏེ། །དེ་ལ་དཔྱད་ནའང་དབང་ད་བསྐུར་བས་ཅི་བྱེད་ཤེས་པ་ཡོད་དོ། །དབྱིངས་རིག་གཙོ་བོར་འཆར་ས་དང་དང་པོར་འཆར་ས་གོང་བཞིན་ཡིན་ཀྱང་། །ཀློང་དུ་གྱུར་བའི་དུས་སུ་ལུས་ཀྱི་རྡུལ་ཕྲ་རབ་ཐམས་ཅད་ལ་མན་ཤེལ་ཉི་ཟེར་ལ་བཞག་པའི་ནང་ལྟར་ཁྱབ་པར་འཆར་བ་ཡང་ཡིན་ཏེ། །འདི་ཁྲེགས་ཆོད་སྐབས་སུ་བརྗོད་པའི་འཇའ་ལུས་སྒྲུབ་པའི་གནད་དང་བསྒྲིགས་ནས་དཔྱད་ན་གོ་བ་ཆེའོ། །ཐོད་རྒལ་གྱི་སྣང་བ་ལ་སྟོང་གཟུགས་ཅེས་པའི་ཐ་སྙད་ནི་ཀུན་མཁྱེན་གྱི་བསྟན་བཅོས་དང་། །འཕྲེང་མགོ་རིན་པོ་ཆེའི་གྲོལ་ཐིག་སོགས་ན་མང་དུ་འབྱུང་ཞིང་འདིའི་རྒྱུད་ལས། །ནང་དུ་སྟོང་པའི་ཉམས་ཤར་བས། །ཕྱི་རུ་གསལ་བའི་ཡེ་ཤེས་ནི། །ཞེས་པའང་དེའི་སྒྲ་བཤད་ཡིན་ནོ། །རྩལ་དབང་ཐོབ་ཀྱང་དེའི་རྟོགས་པ་ལ་ཅི་འདོད་དུ་དབང་སྒྱུར་མ་ཐོབ་ན་སྟོང་གཟུགས་དངོས་གནས་ཀྱི་གཟུགས་སྐུར་སྨིན་མི་ནུས་ལ། །དབང་སྒྱུར་དེ་འཐོབ་པ་ལ་མཉམ་བཞག་གཡོ་བྱེད་ཀྱི་རླབ་གཏིང་ནས་ཞི་བ་དགོས་ཏེ། །དེ་འབྱུང་བའི་ཚུལ་ནི་ལུགས་འདིའི་ལས་རླུང་འདུལ་ཐབས་ཁྲེགས་ཆོད་ཀྱི་སྐབས་སུ་བཤད་པ་དང་བསྒྲིགས་ནས་ཤེས་པར་བྱའོ། །འཇའ་འོད་ཀྱི་ཞིང་སྐུ་དངོས་གནས་ལ་གྲུབ་པའི་མཚམས་ནི་རིག་པ་ཚད་ཕེབས་ཀྱི་སྐབས་ཤིག་ཡིན་པར་སྣང་ངོ་། །དེའི་དུས་སུ་ཐོག་མ་མེད་པ་ནས་གྲུབ་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་རང་གི་སྟོང་གཟུགས་ཀྱི་སྣང་བ་ལ་ཞུགས་ནས་སྔོན་མ་ཐོས་པའི་ཆོས་ཚུལ་ཞིང་གི་རྡུལ་སྙེད་སྟོན་པ་སོགས་འབྱུང་བར་བཤད་པ་བཞིན་དུ། །སྟོང་གཟུགས་ཀྱི་འགྲོ་བ་ལ་རིག་པ་གཏད་པ་ཙམ་གྱིས་ཀ་དག་གི་དབྱིངས་སུ་གྲོལ་བར་བྱེད་པ་སོགས་ཀྱི་སྒོ་ནས་འབྲས་བུའི་དུས་ཀྱི་ཕྲིན་ལས་ད་ལྟ་ནས་རྩལ་སྦྱོང་བར་བྱེད་པའི་ཚུལ་ཡང་ཤེས་དགོས་ཏེ། །ཚོགས་གཉིས་རྫོགས་ཕུལ་ཆེ་ཆུང་གི་མཚམས་འཛིན་ཐམས་ཅད་ནང་རང་རྒྱུད་ལ་ནུས་པ་ཐོན་ཚུལ་གྱི་སྟེང་ནས་འཇོག་དགོས་ཀྱི། །དེས་དངོས་སུ་སེམས་ཅན་ལ་ཕན་ཐོགས་བྱུང་ཚུལ་སོགས་ཀྱི་སྟེང་ནས་མི་འཇོག་པར་ཤིང་རྟ་ཆེན་པོས་གསུངས་པ་ལ་བརྟེན་ནས་དགོངས་པ་རྩད་ཆོད་པར་བྱའོ། །ཚད་ཕེབས་ཀྱི་ལྷ་མོའི་ཆུ་སྐྱེས་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་སྒྲུབ་པ་ནི་གྲོལ་ཐིག་ལམ་རྒྱས་འབྲིང་བསྡུས་པ་གསུམ་ཀའི་མན་ངག་དུ་གསུངས་ལ། །གཞན་དུ་དེ་བཤད་པ་མ་མཐོང་སྟེ། །མ་བཤད་པ་འདི་ལྟར་བྱས་ན་རྫོགས་ཆེན་གྱི་རྒྱུད་སྡེ་གཉིས་མེད་རྒྱུད་དུ་འཇོག་པའི་ཕྱོགས་དང་འགྲིགས་སླ་བར་སྣང་ངོ་། །འདིར་སྒོམ་ལམ་སྐོར་དགུའི་རྣམ་བཞག་ཀྱང་བྱེད་པར་མཁའ་འགྲོ་ཡང་ཏིག་དུ་བཤད་དོ། །ཆོས་ཉིད་ཟད་པའི་དོན་ནི། །རིག་པ་ཆོས་ཉིད་ཀྱི་ཀློང་དུ་གཉིས་སྣང་མཐའ་དག་ཞི་བའི་ཚུལ་ཀྱིས་རོ་མཉམ་ལ་སོང་བ་ན། །དེའི་རླུང་གཞི་གནས་ཀྱི་ཐིག་ལེར་གྲགས་པ་ཡང་སྔར་བས་ཆེས་ཆེར་ཕྲ་བ་ཞིག་དུ་འགྲོ། །དེ་ཇི་ལྟར་ཕྲ་བ་དེ་ལྟར་དཔེར་ན་ཡེ་ཤེས་སྙིང་པོའི་རླུང་དེ་ནུས་པ་རྒྱས་རིམ་གྱི་ཚོད་དང་མཐུན་པར་འོད་སྣང་རྒྱས་སུ་འགྲོ་བའི་རིགས་པས་འཇའ་ཟེར་སྐུ་ཐིག་གི་སྣང་བ་རྣམས་ཆ་ཕྲ་བར་དེངས་ནས་ཆེས་ཆེར་བསམ་གྱིས་མི་ཁྱབ་པའི་རྡུལ་བྲལ་སྒྱུ་མའི་འཁོར་ལོ་ཞིག་དུ་གྱུར་བ་ནམ་མཁའ་ལྟ་བུའི་མཉམ་བཞག་དེ་དང་འདྲེས་པ་ལ། །གཞི་སྣང་གཞི་དབྱིངས་སུ་འཁྱིལ་བ་དང་། །དང་པོའི་ཆོས་ཉིད་དུ་ཟད་པ་ཞེས་གསུངས་ཏེ། །གནས་སྐབས་འདིར་ནི་སྔར་ལུས་ཀྱི་རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་དུ་རྒྱས་བཏབ་པ་རྣམས་ཀྱང་གསེར་སྦྱངས་མེ་ཆེན་ནང་ནས་བཏོན་པ་བཞིན་དུ་སོང་སྟེ་འཇའ་ལུས་སུ་རིམ་གྱིས་འགྱུར་བ་ཡིན་ནོ། །གཏེར་གཞུང་ཁ་ཅིག་དང་གསུང་རྒྱུན་ལས་ཆོས་ཉིད་ཙམ་དུ་ཟད་པའམ་བས་པ་ཞེས་འབྱུང་བའང་གནད་འདྲའོ། །དེའི་མཐར་འཕོ་བ་ཆེན་པོའི་སྐུ་འགྲུབ་པར་གསུང་པའི་འཕོ་ལུགས་ནི། །བློ་བུར་བའི་སྒོ་གསུམ་ཕྲ་རགས་ཀྱི་ཆ་ཐམས་ཅད་ལྷག་མ་མེད་པར་ལོག་ནས། །རྣལ་འབྱོར་བའི་སྒོ་གསུམ་གདོད་མའི་རང་བཞིན་གྱི་རྡོ་རྗེ་གསུམ་དུ་གོ་འཕོ་བ་སྟེ། །གཞན་དུ་ཕྱི་ནང་གཞན་གསུམ་རོ་མཉམ་རྡོ་རྗེར་གྱུར་བ་དང་གནད་གཅིག་གོ། །འཕོ་ཆེན་དུ་འཇུག་ལུགས་གཉིས་གསུང་བ་ནི་སྔར་གྱི་སྐུའི་རྣམ་པ་དེ་ཉིད་སྡུད་མི་སྡུད་ཀྱི་ཁྱད་པར་ཙམ་ལ་སྦྱར་དགོེས་ཀྱི། །སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡ་བྲལ་དུ་འགྲོ་མི་སྲིད་པར་ཤེས་དགོས་སོ། །ལམ་ལྔའི་སྦྱོར་ཚུལ་དང་། །ཆོས་ཉིད་བར་དོའི་གྲོལ་ལུགས་སོགས་རྩད་མི་གཅོད་དུ་མི་རུང་བའི་ཟབ་གནད་མང་པོ་བཤད་རྒྱུ་ཡོད་ཀྱང་རེ་ཞིག་དེ་ཙམ་ལས་ཐོར་མ་བཏབ་པོ། །ཁོ་བོས་རྫོགས་ཆེན་གྱི་དགོངས་པ་ལེན་ལུགས་འདི་ལ་མཉེས་མི་མཉེས་མང་དུ་སྣང་ཡང་། །རྒྱ་བོད་གཉིས་ཆར་དུ་དྲང་སྲོང་ཆེན་པོའི་བཞེད་པར་སོང་བ་དང་མ་སོང་བའི་དགོངས་འགྲེལ་མཁན་དུ་སྨྲ་བ་དུ་མ་ཞིག་བྱུང་འདུག་པ་ལྟར། །རང་རང་གི་གོ་ལུགས་ཙམ་ཞིག་བཤད་པ་ལ་དམ་པ་རྣམས་ཀྱིས་དགག་སྒྲུབ་ཀྱི་རིགས་པ་གང་འོས་དེ་སྟོན་པ་མ་གཏོགས་ཐུགས་ལོག་མཛད་པར་མི་འགྱུར་སྙམ་ནས་བྲིས་པ། །ཀུན་ཏུ་བཟང་པོའི་རིང་ལུགས་ལ་བྱིས་པའི་ངན་རྟོག་གི་དྲི་མས་སྤགས་པ་མཆིས་ན་རྩ་གསུམ་རྒྱ་མཚོའི་སྤྱན་སྔར་སྙིང་ནས་འཆགས་སོ། །འདི་ནི་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་རྡོ་རྗེ་གཟི་བརྗིད་ཞབས་ཀྱི་བཀའ་དྲིན་བདུད་རྩིའི་རྒྱུན་ལ་འཐུང་བ། །མདོ་སྨད་རྡོ་རོལ་གྱི་སྤྲང་སྨྱོན་ཉི་མ་དཔལ་གྱིས་རང་ལོ་སུམ་ཅུ་རྩ་གཅིག་པ་མྱོས་བྱེད་ཤིང་ལུག་གི་ལོའི་ཁྲུམ་ཟླའི་དཀར་ཚེས་བཟང་པོར་གང་ཤར་ཅི་ཐོན་དུ་བྲིས་པ་འགྲོ་ཀུན་མཐོང་བའི་ཆོས་ལ་འོད་གསལ་ཐིག་ལེ་ཆེན་པོ་ཡི་གེ་མེད་པའི་དབྱིངས་སུ་བྱང་ཆུབ་པའི་རྒྱུར་གྱུར་ཅིག འདི་དག་རྗེ་ཉིད་ནས་ཟིན་ཐོ་ལྟ་བུར་བཏབ་ཡོད་པ་རྣམས་གཞན་དུ་འཁྱར་གྱི་དོགས་ནས་རྗེས་འཇུག་འགའ་ཞིག་གིས་ཕྱོགས་གཅིག་ཏུ་བསྒྲིག་ཁུར་བྱས་ཏེ་ཕྱག་བྲིས་ཇི་ལྟ་བ་བཞིན་བཅོས་བསླད་མེད་པར་སྤར་དུ་བསྐྲུན་པ་དགེ་ལེགས་འཕེལ༎ ༎



Note: Above dZogchen copy is made from an original Wood-Block print- an image of my Wood-Block print is provided here; Due to photocopy defect orignal page 201, from where it begins, is there but it's number is missing so I provided 203 instead for reference. Original Wood-Block print begins at page 201 and ends at 314. I have kept the original spelling as is. I saw few other copies in Hand-Written style either in Pecha or Book formats. Unfortunately there are some spelling mistakes or minor deviations from above copy.

For exmple ཀུན་རྟོག་དུས་གཉིས་པར་ཞིག་ནས་སོང་བ་ (Kuntok dissolves at the second..); other’s wrote: ཀུན་རྟོག་དུས་གཉིས་པ་ཞིག་ནས་སོང་བ་(Second Kuntok get dissolved. Red texts are deviation marks...karma)

ཤིང་སྤར་ནས་སྤར་བསྐྲུན་ཞུས། ........ ཀརྨ་ཚེ་རིང་།