༈ བསྒོམ་རིམ་བར་པ།

སློབ་སྤོན་ཀ་མ་ལ་ཤཱི་ལས་མཛད།

༈ རྒྱ་གར་སྐད་དུ། བྷཱ་ཝ་ན་ཀྲམ། བོད་སྐད་དུ། བསྒོམ་པའི་རིམ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ཐེག་པ་ཆེན་པོ་མདོ་སྡེའི་ཚུལ་གྱི་རྗེས་སུ་འཇུག་པ་རྣམས་ཀྱིས་བསྒོམ་པའི་རིམ་པ་མདོར་བཤད་དོ། །འདི་ལ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་མྱུར་དུ་ཐོབ་པར་འདོད་པ་རྟོག་པ་དང་ལྡན་པས་དེ་ཐོབ་པར་བྱེད་པའི་རྒྱུ་རྣམས་དང་རྐྱེན་རྣམས་ལ་མངོན་པར་བརྩོན་པར་བྱའོ།

།འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་འདི་ནི་རྒྱུ་མེད་པ་ལས་འབྱུང་བར་མི་རུང་སྟེ། ཐམས་ཅད་ཀྱང་དུས་ཐམས་ཅད་དུ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ལྟོས་པ་མེད་པར་འབྱུང་ན་ནི་གང་དུ་ཡང་ཐོགས་པར་མི་རུང་སྟེ། གང་གིས་ན་ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་མི་འགྱུར་རོ། །དེ་ལྟ་བས་ན་ལ་ལར་བརྒྱ་ལམ་ན་འགའ་ཞིག་འབྱུང་དུ་ཟད་པས་དངོས་པོ་ཐམས་ཅད་ནི་རྒྱུ་ལ་ལྟོས་པ་ཁོ་ན་ཡིན་ནོ། །ཐམས་ཅད་མཁྱེན་པ་ཉིད་དུ་ཡང་ལ་ལར་བརྒྱ་ལམ་ན་འགའ་ཞིག་འགྱུར་ཏེ། དུས་ཐམས་ཅད་དུ་ཡང་མ་ཡིན། གནས་ཐམས་ཅད་དུ་མ་ཡིན། ཐམས་ཅད་ཀྱང་མ་ཡིན་པས་དེའི་ཕྱིར་དེ་ནི་རྒྱུ་དང་རྐྱེན་ལ་ལྟོས་པར་ངེས་སོ། །རྒྱུ་དང་རྐྱེན་དེ་དག་གི་ནང་ནས་ཀྱང་མ་ནོར་ཅིང་མ་ཚང་བ་མེད་པ་རྣམས་བསྟེན་པར་བྱའོ། །རྒྱུ་ནོར་བ་ལ་ནན་ཏན་བྱས་ན་ནི་ཡུན་ཤིན་ཏུ་རིང་པོ་ཞིག་གིས་ཀྱང་འདོད་པའི་འབྲས་བུ་འཐོབ་པ་མེད་དོ། །དཔེར་ན་རྭ་ལས་འོ་མ་བཞོ་བ་བཞིན་ནོ། །རྒྱུ་མཐའ་དག་མ་སྤྱད་པ་ལས་ཀྱང་འབྲས་བུ་འབྱུང་བ་མེད་དེ། ས་བོན་ལ་སོགས་པ་གང་ཡང་རུང་བ་ཞིག་མེད་ན་མྱུ་གུ་ལ་སོགས་པ་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །དེ་ལྟ་བས་ན་འབྲས་བུ་དེ་འདོད་པས་རྒྱུ་དང་རྐྱེན་མ་ནོར་བ་དང་མཐའ་དག་ལ་བསྟེན་པར་བྱའོ།

།འབྲས་བུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་དང་རྐྱེན་དེ་དག་གང་ཞེ་ན། སྨྲས་པ། བདག་ལྟ་བུ་དམུས་ལོང་དང་འདྲ་བས་དེ་དག་བསྟེན་པར་མི་ནུས་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་ནས་གདུལ་བྱ་རྣམས་ལ་ཇི་སྐད་བཤད་པ་དེ་བཞིན་དུ་བདག་གིས་བཅོམ་ལྡན་འདས་ཀྱིས་བཀའ་ཉིད་ཀྱིས་བཤད་དོ། །བཅོམ་ལྡན་འདས་ཀྱིས་དེར་བཀའ་སྩལ་པ། གསང་བ་པའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ་ཞེས་འབྱུང་ངོ༌། །དེ་ལྟ་བས་ན་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པས་སྙིང་རྗེ་དང༌། བྱང་ཆུབ་ཀྱི་སེམས་དང༌། ཐབས་དང་གསུམ་པོ་འདི་དག་ལ་བསླབ་པར་བྱའོ།

།སྙིང་རྗེས་བསྐྱོད་ན་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་མངོན་པར་གདོན་པའི་ཕྱིར་ངེས་པར་དམ་འཆའ་བར་འགྱུར་རོ། །དེ་ནས་བདག་ཉིད་ལ་ལྟ་བ་བསལ་ནས་ཤིན་ཏུ་བྱ་དཀའ་ཞིང་རྒྱུན་མི་འཆད་ལ་ཡུན་རིང་པོར་བསྒྲུབས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་གུས་པར་འཇུག་གོ། །དེར་ཞུགས་ནས་ངེས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་སྒྲུབ་བོ། །ཚོགས་རྣམས་ཡོངས་སུ་རྫོགས་ན་ཐམས་ཅད་མཁྱེན་པ་ཉིད་ལག་ཏུ་ཐོབ་པ་དང་འདྲ་བར་འགྱུར་རོ། །དེ་བས་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྩ་བ་ནི་སྙིང་རྗེ་ཁོ་ན་ཡིན་པས་དེ་ནི་ཐོག་མ་ཁོ་ནར་གོམས་པར་བྱའོ། །ཆོས་ཡང་དག་པར་སྡུད་པ་ལས་ཀྱང་བཀའ་སྩལ་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་རབ་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་གཅིག་རབ་ཏུ་གཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་མཆིས་པ་ལགས་སོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ་སྙིང་རྗེ་ཆེན་པོའོ་ཞེས་འབྱུང་ངོ༌། །
སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་རང་གི་དོན་ཕུན་སུམ་ཚོགས་པ་མཐའ་དག་བརྙེས་ཀྱང་སེམས་ཅན་གྱི་ཁམས་མཐར་ཐུག་པའི་བར་དུ་བཞུགས་པར་མཛད་དོ། །ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཤིན་ཏུ་ཞི་བར་ཡང་འཇུག་པར་མི་མཛད་དེ། སེམས་ཅན་ལ་གཟིགས་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཞི་བ་དེ་ལྕགས་ཀྱི་ཁང་པ་འབར་བ་བཞིན་དུ་ཐག་རིང་དུ་སྤོང་བས་བཅོམ་ལྡན་འདས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་ནི་སྙིང་རྗེ་ཆེན་པོ་དེ་ཉིད་ཡིན་ནོ།

།དེ་ལ་སྙིང་རྗེ་བསྒོམ་པའི་རིམ་པ་དེ་དང་པོ་འཇུག་པ་ནས་བརྩམས་ཏེ་བརྗོད་པར་བྱའོ། །ཐོག་མར་རེ་ཞིག་བཏང་སྙོམས་བསྒོམས་པས་སེམས་ཅན་ཐམས་ཅད་ལ་རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་བསལ་ཏེ་སྙོམས་པའི་སེམས་ཉིད་བསྒྲུབ་པར་བྱའོ། །སེམས་ཅན་ཐམས་ཅད་བདེ་བ་ནི་འདོད་སྡུག་བསྔལ་བ་ནི་མི་འདོད་ལ། ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་སེམས་ཅན་གང་ལན་བརྒྱར་བདག་གི་གཉེན་དུ་མ་གྱུར་པ་དེ་གང་ཡང་མེད་དོ་སྙམ་དུ་ཡོངས་སུ་བསམ་ཞིང༌། འདི་ལ་བྱེ་བྲག་ཅི་ཞིག་ཡོད་ན་ལ་ལ་ལ་ནི་རྗེས་སུ་ཆགས། ལ་ལ་ལ་ནི་ཁོང་ཁྲོ་བར་གྱུར་པས་དེ་ལྟ་བས་ན་བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཉིད་དུ་བྱའོ་སྙམ་དུ་དེ་ལྟར་ཡིད་ལ་བྱ་ཞིང་བར་མའི་ཕྱོགས་ནས་བརྩམས་ཏེ། མཛའ་བཤེས་དང་དགྲ་ལ་ཡང་སེམས་སྙོམས་པ་ཉིད་དུ་བསྒོམ་མོ། །དེ་ནས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཉིད་དུ་བསྒྲུབས་ནས་བྱམས་པ་བསྒོམ་མོ། །བྱམས་པའི་ཆུས་སེམས་ཀྱི་རྒྱུད་བརླན་ཏེ་གཤེར་ཡོད་པའི་ས་གཞི་བཞིན་དུ་བྱས་ལ་སྙིང་རྗེའི་ས་བོན་བཏབ་ན་བདེ་བླག་ཏུ་ཤིན་ཏུ་ཡོངས་སུ་རྒྱས་པར་འགྱུར་རོ། །དེ་ནས་སེམས་ཀྱི་རྒྱུད་བྱམས་པས་བསྒོས་ནས་སྙིང་རྗེ་བསྒོམ་པར་བྱའོ། །

སྙིང་རྗེ་དེ་ནི་སེམས་ཅན་སྡུག་བསྔལ་བ་ཐམས་ཅད་སྡུག་བསྔལ་དེ་དང་བྲལ་བར་འདོད་པའི་རྣམ་པ་ཡིན་ནོ། །ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ནི་སྡུག་བསྔལ་ཉིད་རྣམ་པ་གསུམ་གྱིས་ཅི་རིགས་པར་ཤིན་ཏུ་སྡུག་བསྔལ་བ་དག་ཡིན་པས་དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་དེ་བསྒོམ་པར་བྱ་སྟེ། འདི་ལྟར་རེ་ཞིག་སེམས་ཅན་དམྱལ་བ་བའི་སེམས་ཅན་གང་དག་ཡིན་པ་དེ་དག་ནི་རྒྱུན་མི་འཆད་ཅིང་ཡུན་རིང་ལ་ཚ་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་ཀྱི་ཆུ་བོར་བྱིང་བ་ཁོ་ན་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་བཞིན་དུ་ཡི་དྭགས་རྣམས་ཀྱང་ཕལ་ཆེར་ཤིན་ཏུ་མི་བཟད་པའི་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་གྱི་མེས་བསྐམས་པའི་ལུས་ཤིན་ཏུ་སྡུག་བསྔལ་བ་མང་པོ་མྱང་ངོ་ཞེས་བཀའ་སྩལ་ཏོ། །དུད་འགྲོ་རྣམས་ཀྱང་གཅིག་ལ་གཅིག་ཟ་བ་དང༌། ཁྲོ་བ་དང༌། གསོད་པ་དང༌། རྣམ་པར་འཚེ་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ་མང་པོ་མྱོང་བ་ཁོ་ནར་སྣང་ངོ༌། །མི་རྣམས་ཀྱང་འདོད་པ་ཡོངས་སུ་ཚོལ་བས་ཕོངས་ནས་གཅིག་ལ་གཅིག་འཁུ་བ་དང༌། གནོད་པ་བྱེད་པ་དང༌། སྡུག་པ་དང་བྲལ་བ་དང༌། མི་སྡུག་པ་དང་ཕྲད་པ་དང༌། དབུལ་ཕོངས་ལས་གྱུར་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཉམས་སུ་མྱོང་བར་སྣང་ངོ༌། །

གང་དག་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་ཀུན་ནས་དཀྲིས་པ་སྣ་ཚོགས་ཀྱིས་སེམས་དཀྲིས་པ་དག་དང༌། གང་དག་ལྟ་བ་ངན་པ་རྣམ་པ་སྣ་ཚོགས་གཟིང་གཟིང་བར་གྱུར་པ་དེ་ཐམས་ཅད་ཀྱང་སྡུག་བསྔལ་གྱི་རྒྱུ་ཡིན་པས་གད་ཀ་ན་འདུག་པ་བཞིན་དུ་ཤིན་ཏུ་སྡུག་བསྔལ་ཁོ་ན་ཡིན་ནོ། །ལྷ་རྣམས་ཀྱང་ཐམས་ཅད་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་དག་སྟེ། འདོད་པ་ན་སྤྱོད་པའི་ལྷ་གང་དག་ཡིན་པ་དེ་དག་ནི་རྟག་ཏུ་འཆི་འཕོ་བ་དང་ལྟུང་བ་ལ་སོགས་པའི་འཇིགས་པའི་མྱ་ངན་གྱིས་སེམས་ལ་གནོད་ན་ཇི་ལྟར་བདེ། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ནི་ལས་དང་ཉོན་མོངས་པའི་མཚན་ཉིད་ཀྱི་རྒྱུའི་གཞན་གྱི་དབང་གི་ངོ་བོ་ཉིད་དང༌། སྐད་ཅིག་རེ་རེ་ལ་འཇིག་པའི་ངང་ཅན་གྱི་མཚན་ཉིད་དེ། འགྲོ་བ་ཐམས་ཅད་ལ་ཁྱབ་པ་ཡིན་ནོ། །དེ་བས་ན་འགྲོ་བ་མཐའ་དག་ནི་སྡུག་བསྔལ་གྱི་མེ་ལྕེ་འབར་བའི་ནང་དུ་ཞུགས་པ་ཡིན་པར་བལྟས་ལ། ཇི་ལྟར་བདག་སྡུག་བསྔལ་མི་འདོད་པ་ལྟར་གཞན་ཐམས་ཅད་ཀྱང་དེ་དང་འདྲའོ་སྙམ་དུ་བསམ་ཞིང༌། ཀྱེ་མ་ཀྱི་ཧུད་བདག་ལ་སྡུག་པའི་སེམས་ཅན་འདི་དག་སྡུག་བསྔལ་ན་སྡུག་བསྔལ་དེ་ལས་ཇི་ལྟར་ཐར་བར་བྱ་ཞེས་བདག་ཉིད་སྡུག་བསྔལ་བ་བཞིན་དུ་བྱེད་ཅིང་དེ་དང་བྲལ་བར་འདོད་པའི་རྣམ་པའི་སྙིང་རྗེ་དེས་ཏིང་ངེ་འཛིན་ལ་འདུག་ཀྱང་རུང༌། སྤྱོད་ལམ་ཐམས་ཅད་དུ་ཡང་རུང་སྟེ། དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་བསྒོམ་པར་བྱ་སྟེ། ཐོག་མ་ཁོ་ནར་མཛའ་བཤེས་ཀྱི་ཕྱོགས་རྣམས་ལ་ཇི་སྐད་སྨོས་པའི་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བར་མཐོང་བས་བསྒོམ་པར་བྱའོ། །

དེ་ནས་སེམས་ཅན་མཉམ་པ་ཉིད་ཀྱིས་བྱེ་བྲག་མེད་པར་མཐོང་ནས་སེམས་ཅན་ཐམས་ཅད་ནི་བདག་གི་གཉེན་དུ་གྱུར་པ་ཁོ་ནའོ་སྙམ་དུ་ཡོངས་སུ་བསམ་ཞིང་པར་མའི་ཕྱོགས་རྣམས་ལ་བསྒོམ་པར་བྱའོ། །གང་གི་ཚེ་དེ་ལ་མཛའ་བཤེས་ཀྱི་ཕྱོགས་བཞིན་དུ་སྙིང་རྗེ་དེ་མཉམ་པར་ཞུགས་པར་གྱུར་པ་དེའི་ཚེ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་བསྒོམ་པར་བྱའོ། །གང་གི་ཚེ་བུ་ཆུང་ངུ་སྙིང་དུ་སྡུག་པ་སྡུག་བསྔལ་བར་གྱུར་པའི་མ་བཞིན་དུ་བདག་ཉིད་ཀྱིས་ཤིན་ཏུ་སྡུག་པ་སྡུག་བསྔལ་བ་ལས་འདོན་པར་འདོད་པའི་རྣམ་པ་རང་གི་ངང་གིས་འཇུག་པའི་སྙིང་རྗེ་དེ་སེམས་ཅན་ཐམས་ཅད་ལ་མཉམ་པར་ཞུགས་པར་གྱུར་པ་དེའི་ཚེ་རྫོགས་པ་ཞེས་བྱ་སྟེ། སྙིང་རྗེ་ཆེན་པོའི་མིང་ཡང་འཐོབ་པོ། །

བྱམས་པ་བསྒོམ་པ་ནི་མཛའ་བཤེས་ཀྱི་ཕྱོགས་ལ་ཐོག་མར་བྱས་ནས་བདེ་བ་དང་ཕྲད་པར་འདོད་པའི་རྣམ་པ་སྟེ། རིམ་གྱིས་ཐ་མལ་པ་དང་དགྲ་ལ་ཡང་བསྒོམ་པར་བྱའོ། །དེ་ལྟར་དེ་སྙིང་རྗེ་གོམས་པར་བྱས་ནས། རིམ་གྱིས་སེམས་ཅན་མཐའ་དག་མངོན་པར་འདོན་པར་འདོད་པ་རང་གི་ངང་གིས་འབྱུང་བ་ཉིད་དུ་འགྱུར་རོ། །དེས་ན་རྩ་བའི་སྙིང་རྗེ་གོམས་པར་བྱས་ནས་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པ་གཉིས་ཏེ། ཀུན་རྫོབ་དང༌། དོན་དམ་པའོ། །དེ་ལ་ཀུན་རྫོབ་པ་ནི་སྙིང་རྗེས་སེམས་ཅན་མཐའ་དག་མངོན་པར་འདོན་པར་དམ་བཅས་ནས་འགྲོ་བ་ལ་ཕན་གདགས་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་སྙམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་རྣམ་པས་སེམས་དང་པོ་བསྐྱེད་པའོ། །དེ་ཡང་ཚུལ་ཁྲིམས་ཀྱི་ལེའུ་ལས་བསྟན་པའི་ཆོ་ག་བཞིན་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་མཁས་པ་ཕ་རོལ་པོ་ལས་སེམས་བསྐྱེད་པར་བྱའོ། །

དེ་ལྟར་ཀུན་རྫོབ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར་འབད་པར་བྱའོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ནི་འཇིག་རྟེན་ལས་འདས་པ་སྤྲོས་པ་མཐའ་དག་དང་བྲལ་བ། ཤིན་ཏུ་གསལ་བ། དོན་དམ་པའི་སྤྱོད་ཡུལ། དྲི་མ་མེད་པ། མི་གཡོ་བ། རླུང་མེད་པའི་མར་མེའི་རྒྱུན་ལྟར་མི་གཡོ་བའོ། །དེ་འགྲུབ་པ་ནི་རྟག་ཏུ་གུས་པར་ཡུན་རིང་དུ་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་གོམས་པར་བྱས་པ་ལས་འགྱུར་ཏེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཇི་སྐད་དུ། བྱམས་པ་གང་ཡང་ཉན་ཐོས་རྣམས་ཀྱི་འམ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འམ། དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་ཆོས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར་རིག་པར་བྱའོ་ཞེས་གསུངས་པ་ལྟ་བུའོ། །དེ་གཉིས་ཀྱིས་ཏིང་ངེ་འཛིན་ཐམས་ཅད་བསྡུས་པའི་ཕྱིར་རྣལ་འབྱོར་པ་ཐམས་ཅད་ཀྱིས་དུས་ཐམས་ཅད་དུ་ངེས་པར་ཞི་གནས་དང་ལྷག་མཐོང་བསྟེན་པར་བྱ་སྟེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ངས་ཉན་ཐོས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་རྣམ་པ་དུ་མ་བསྟན་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ཞི་གནས་དང་ལྷག་མཐོང་གིས་བསྡུས་པར་རིག་པར་བྱའོ་ཞེས་གསུངས་པ་ལྟ་བུའོ། །

ཞི་གནས་ཙམ་འབའ་ཞིག་གོམས་པར་བྱས་པས་ནི་རྣལ་འབྱོར་པ་རྣམས་ཀྱི་སྒྲིབ་པ་མི་སྤོང་གི། །རེ་ཞིག་ཉོན་མོངས་པ་རྣམ་པར་གནོན་པ་ཙམ་དུ་ཟད་དེ། ཤེས་རབ་ཀྱི་སྣང་བ་བྱུང་བ་མེད་པར་བག་ལ་ཉལ་ལེགས་པར་ཆོམས་མི་སྲིད་པའི་ཕྱིར་བག་ལ་ཉལ་ལེགས་པར་ཆོམས་པར་མི་འགྱུར་རོ། །དེ་བས་ན་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་དེ་ཉིད་ལས། །བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམས་རྣམ་པར་གནོན་ཏོ། །ཤེས་རབ་ཀྱིས་ནི་བག་ལ་ཉལ་ལེགས་པར་འཇོམས་པར་བྱེད་དོ་ཞེས་བཀའ་སྩལ་ཏོ། །འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང༌། ཏིང་ངེ་འཛིན་དེ་སྒོམ་པར་བྱེད་མོད་ཀྱི༎ དེ་ནི་རྟག་(བདག་)ཏུ་འདུ་ཤེས་འཇིག་མི་བྱེད༎ དེ་ནི་ཉོན་མོངས་ཕྱིར་ཞིང་རབ་ཏུ་འཁྲུགས༎ ལྷག་སྤྱོད་འདི་ནི་ཏིང་འཛིན་བསྒོམ་པ་བཞིན༎ གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག༎ སོ་སོར་དེ་བརྟགས་གལ་ཏེ་བསྒོམ་པ་ནི༎ དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ༎ རྒྱུ་གཞན་གང་ཡིན་དེས་ནི་ཞི་མི་འགྱུར༎ ཞེས་གསུངས་སོ༎

བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང༌། གང་དག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས། འཕགས་པའི་ཆོས་འདུལ་བ་མ་ཐོས་པར་ཏིང་ངེ་འཛིན་ཙམ་གྱིས་ཆོག་པར་འཛིན་པ་ནི་ང་རྒྱལ་གྱི་དབང་གིས་མངོན་པའི་ང་རྒྱལ་དུ་ལྟུང་ཞིང༌། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་ལས་ཡོངས་སུ་མི་གྲོལ། འགྲོ་བ་དྲུག་གི་འཁོར་བ་ལས་ཡོངས་སུ་མི་གྲོལ། སྡུག་བསྔལ་གྱི་ཕུང་པོ་ལས་ཀྱང་ཡོངས་སུ་མི་གྲོལ་ཏེ། དེ་ལ་དགོངས་ནས་དེ་བཞིན་གཤེགས་པས་འདི་སྐད་ཅེས། གཞན་ལས་རྗེས་སུ་མཐུན་པ་ཐོས་པ་ནི་རྒ་ཤི་ལས་གྲོལ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ་ཞེས་གསུངས་སོ། །

དེ་ལྟ་བས་ན་སྒྲིབ་པ་མཐའ་དག་སྤངས་ནས་ཡོངས་སུ་དག་པའི་ཡེ་ཤེས་འབྱུང་བར་འདོད་པས་ཞི་གནས་ལ་གནས་ཤིང་ཤེས་རབ་བསྒོམ་པར་བྱའོ། །དེ་སྐད་དུ། འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་བཀའ་སྩལ་ཏེ། ཚུལ་ཁྲིམས་ལ་ནི་གནས་ནས་ཏིང་ངེ་འཛིན་ཐོབ་སྟེ། །ཏིང་ངེ་འཛིན་ཐོབ་ནས་ཀྱང་ཤེས་རབ་སྒོམ་པར་བྱེད། །ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོབ། །ཡེ་ཤེས་རྣམ་པར་དག་པས་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཞེས་བཀའ་སྩལ་ཏོ། །འཕགས་པ་ཐེག་པ་ཆེན་པོ་ལ་དད་པ་བསྒོམ་པའི་མདོ་ལས་ཀྱང༌། རིགས་ཀྱི་བུ་ཤེས་རབ་ལ་ཉེ་བར་མི་གནས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐེག་པ་ཆེན་པོ་ལ་དད་པ་ཐེག་པ་ཆེན་པོ་ལ་ཇི་ལྟར་ཡང་འབྱུང་བར་ང་མི་སྨྲའོ། །རིགས་ཀྱི་བུ་རྣམ་གྲངས་འདིས་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་ཐེག་པ་ཆེན་པོ་ལ་འབྱུང་བ་གང་ཅི་ཡང་རུང༌། དེ་ཐམས་ཅད་ནི་རྣམ་པར་མ་གཡེངས་པའི་སེམས་ཀྱིས་དོན་དང་ཆོས་ཡང་དག་པར་བསམས་པ་ལས་བྱུང་བར་རིག་པར་བྱའོ་ཞེས་བཀའ་སྩལ་ཏོ། །

ཞི་གནས་དང་བྲལ་བའི་ལྷག་མཐོང་འབའ་ཞིག་གིས་ནི་རྣལ་འབྱོར་པའི་སེམས་ཡུལ་རྣམས་ལ་རྣམ་པར་གཡེང་བར་འགྱུར་གྱི། རླུང་གི་ནང་ན་འདུག་པའི་མར་མེ་བཞིན་དུ་བརྟན་པར་མི་འགྱུར་རོ། །དེ་བས་ན་ཡེ་ཤེས་ཀྱི་སྣང་བ་ཤིན་ཏུ་གསལ་བར་མི་འབྱུང་སྟེ། དེ་ལྟ་བས་ན་གཉིས་ཀ་དང་འདྲ་བར་བསྟེན་པར་བྱའོ། །དེའི་ཕྱིར་འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ཀྱང༌། ཉན་ཐོས་རྣམས་ཀྱིས་ནི་དེ་བཞིན་གཤེགས་པའི་རིགས་མི་མཐོང་སྟེ། ཏིང་ངེ་འཛིན་གྱི་ཤས་ཆེ་བའི་ཕྱིར་དང༌། ཤེས་རབ་ཆུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མཐོང་མོད་ཀྱི་མི་གསལ་ཏེ། ཤེས་རབ་ཀྱི་ཤས་ཆེ་བའི་ཕྱིར་དང༌། ཏིང་ངེ་འཛིན་ཆུང་བའི་ཕྱིར་རོ། །དེ་བཞིན་གཤེགས་པས་ནི་ཐམས་ཅད་གཟིགས་ཏེ། ཞི་གནས་དང་ལྷག་མཐོང་མཚུངས་པར་ལྡན་པའི་ཕྱིར་རོ་ཞེས་བཀའ་སྩལ་ཏེ། ཞི་གནས་ཀྱི་སྟོབས་ཀྱིས་ནི་མར་མེ་རླུང་གིས་མ་བསྐྱོད་པ་བཞིན་དུ་རྣམ་པར་རྟོག་པའི་རླུང་རྣམས་ཀྱིས་སེམས་གཡོ་བར་མི་འགྱུར་རོ། །ལྷག་མཐོང་གིས་ནི་ལྟ་བ་ངན་པའི་དྲི་མ་མཐའ་དག་སྤངས་པས་གཞན་དག་གིས་མི་ཕྱེད་དེ། ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་དུ། ཞི་གནས་སྟོབས་ཀྱིས་གཡོ་བ་མེད་པར་འགྱུར། །ལྷག་མཐོང་གིས་ནི་རི་དང་འདྲ་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བས་ན་གཉིས་ཀ་ལ་རྣལ་འབྱོར་དུ་བྱས་པར་གནས་སོ། །

དེ་ལ་ཐོག་མར་རེ་ཞིག་རྣལ་འབྱོར་པས་གང་གིས་བདེ་བར་མྱུར་དུ་ཞི་གནས་དང་ལྷག་མཐོང་འགྲུབ་པར་འགྱུར་བ་ཞི་གནས་དང་ལྷག་མཐོང་གི་ཚོགས་ལ་ཇེ་བརྟེན་པར་བྱའོ། །དེ་ལ་ཞི་གནས་ཀྱི་ཚོགས་གང་ཞེ་ན། མཐུན་པའི་ཡུལ་ན་གནས་པ་དང༌། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང༌། བྱ་བ་མང་པོ་ཡོངས་སུ་སྤངས་པ་དང༌། ཚུལ་ཁྲིམས་རྣམ་པར་དག་པ་དང༌། འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་ཡོངས་སུ་སྤངས་པའོ། །དེ་ལ་ཡོན་ཏན་ལྔ་དག་དང་ལྡན་པ་ནི་མཐུན་པའི་ཡུལ་ཡིན་པར་ཤེས་པར་བྱ་སྟེ། གོས་དང་ཟས་ལ་སོགས་པ་ཚེགས་མེད་པར་རྙེད་པའི་ཕྱིར་རྙེད་སླ་བ་དང༌། སྐྱེ་བོ་མི་སྲུན་པ་དང་དགྲ་ལ་སོགས་པ་མི་གནས་པའི་ཕྱིར་གནས་བཟང་བ་དང༌། ནད་མེད་པའི་ས་ཡིན་པས་ས་བཟང་བ་དང༌། གྲོགས་ཚུལ་ཁྲིམས་དང་ལྡན་པ་ལྟ་བ་མཚུངས་པ་ཡིན་པས་གྲོགས་བཟང་བ་དང༌། ཉིན་མོ་སྐྱེ་བོ་མང་པོ་དག་གིས་མ་གང་བའི་ཕྱིར་དང༌། མཚན་མོ་སྒྲ་ཆུང་བའི་ཕྱིར་ལེགས་པར་ལྡན་པའོ། །འདོད་པ་ཆུང་བ་གང་ཞེ་ན། ཆོས་གོས་ལ་སོགས་པ་བཟང་པོའམ་མང་པོ་ལ་ལྷག་པར་ཆགས་པ་མེད་པའོ། །ཆོག་ཤེས་པ་གང་ཞེ་ན། ཆོས་གོས་ལ་སོགས་པ་ངན་ངོན་ཙམ་རྙེད་པས་རྟག་ཏུ་ཆོག་ཤེས་པ་གང་ཡིན་པའོ། །བྱ་བ་མང་པོ་ཡོངས་སུ་སྤངས་པ་གང་ཞེ་ན། ཉོ་ཚོང་ལ་སོགས་པ་ལས་ངན་པ་ཡོངས་སུ་སྤང་བ་དང༌། ཁྱིམ་པ་དང་རབ་ཏུ་བྱུང་བ་གང་དག་ཧ་ཅང་སྨོས་འདྲིན་བྱེད་པ་ཡོངས་སུ་སྤང་བ་དང༌། སྨན་བྱེད་པ་སྐར་མ་རྩི་བ་ལ་སོགས་པ་ཡོངས་སུ་སྤངས་པ་གང་ཡིན་པའོ། །

ཚུལ་ཁྲིམས་རྣམ་པར་དག་པ་གང་ཞེ་ན། སྡོམ་པ་གཉིས་ཀ་ལ་ཡང་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པའི་བསླབ་པའི་གཞི་མི་འདྲལ་བ་དང༌། བག་མེད་པར་རལ་ན་ཡང་སྐྱེན་པ་སྐྱེན་པ་འགྱོད་པས་ཆོས་བཞིན་དུ་བྱེད་པ་དང༌། ཉན་ཐོས་ཀྱི་སྡོམ་པ་ལ་ཕམ་པ་བཅོས་སུ་མི་རུང་བར་གསུངས་པ་གང་ཡིན་པ་དེ་ལ་ཡང་འགྱོད་པ་དང་ལྡན་པ་དང༌། ཕྱིས་མི་བྱ་བའི་སེམས་དང་ལྡན་པ་དང༌། སེམས་གང་གིས་ལས་དེ་བྱས་པའི་སེམས་དེ་ལ་ངོ་བོ་ཉིད་མེད་པར་སོ་སོར་རྟོག་པའི་ཕྱིར་རམ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གོམས་པའི་ཕྱིར་དེའི་ཚུལ་ཁྲིམས་རྣམ་པར་དག་པ་ཁོ་ན་ཡིན་པར་བརྗོད་པར་བྱའོ། །དེ་ནི་འཕགས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བ་ལས་ཁོང་དུ་ཆུད་པར་རིག་པར་བྱའོ། །དེ་བས་ན་དེ་འགྱོད་པ་མེད་པར་བྱས་ལ་སྒོམ་པ་ལ་མངོན་པར་བརྩོན་པར་བྱའོ། །འདོད་པ་རྣམས་ལ་ཡང་ཚེ་འདི་དང་ཚེ་ཕྱི་མ་ལ་ཉེས་དམིགས་རྣམ་པ་མང་པོར་འགྱུར་བར་ཡིད་ལ་བྱས་ལ་དེ་དག་ལ་རྣམ་པར་རྟོག་པ་སྤང་བར་བྱའོ། །རྣམ་པ་གཅིག་ཏུ་ན་འཁོར་བ་པའི་དངོས་པོ་སྡུག་པའམ་མི་སྡུག་པ་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་རྣམ་པར་འཇིག་པའི་ཆོས་ཅན་མི་བརྟན་པ་སྟེ། གདོན་མི་ཟ་བར་དེ་དག་ཐམས་ཅད་དང་བདག་རིང་པོར་མི་ཐོགས་པར་འབྲལ་བར་གྱུར་ན། བདག་དེ་ལ་ཅི་ཞིག་ལྷག་པར་ཆགས་པ་ལ་སོགས་པར་འགྱུར་སྙམ་དུ་བསྒོམས་པས་རྣམ་པར་རྟོག་པ་ཐམས་ཅད་སྤང་བར་བྱའོ། །

ལྷག་མཐོང་གི་ཚོགས་གང་ཞེ་ན། སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། མང་དུ་ཐོས་པ་ཡོངས་སུ་བཙལ་བ་དང༌། ཚུལ་བཞིན་སེམས་པའོ། །དེ་ལ་སྐྱེས་བུ་དམ་པ་ཇི་ལྟ་བུ་ལ་བརྟེན་པར་བྱ་ཞེ་ན། གང་མང་དུ་ཐོས་པ་དང༌། ཚིག་གསལ་བ་དང༌། སྙིང་རྗེ་དང་ལྡན་པ་དང༌། སྐྱོ་བ་བཟོད་པའོ། །དེ་ལ་མང་དུ་ཐོས་པ་ཡོངས་སུ་བཙལ་བ་གང་ཞེ་ན། གང་བཅོམ་ལྡན་འདས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་པོ་ངེས་པའི་དོན་དང་དྲང་བའི་དོན་ལ་གུས་པར་བྱས་ཤིང་ཤིན་ཏུ་ཉན་པ་སྟེ། འདི་ལྟར་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། འཕགས་པའི་གཏམ་འདོད་པ་བཞིན་དུ་མ་ཐོས་པ་ནི་ལྷག་མཐོང་གི་གེགས་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེ་ཉིད་ལས། ལྷག་མཐོང་ནི་ཐོས་པ་དང་བསམས་པ་ལས་བྱུང་བའི་ལྟ་བ་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་གསུངས་སོ། །འཕགས་པ་སྲེད་མེད་ཀྱི་བུས་ཞུས་པ་ལས་ཀྱང༌། ཐོས་པ་དང་ལྡན་པ་ནི་ཤེས་རབ་འབྱུང་བར་འགྱུར་རོ། །ཤེས་རབ་དང་ལྡན་པ་ནི་ཉོན་མོངས་པ་རབ་ཏུ་ཞི་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །

ཚུལ་བཞིན་བསམ་པ་གང་ཞེ་ན། གང་ངེས་པའི་དོན་གྱི་མདོ་སྡེ་དང་དྲང་བའི་དོན་གྱི་མདོ་སྡེ་ལ་སོགས་པ་ལེགས་པར་གཏན་ལ་འབེབས་པ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཐེ་ཚོམ་མེད་ན་བསྒོམ་པ་ལ་གཅིག་ཏུ་ངེས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཐེ་ཚོམ་གྱི་འཕྱང་མོ་ཉུག་པའི་ཐེག་པ་ལ་འདུག་པ་ནི་ལམ་ཁ་བྲག་གི་མདོར་ཕྱིན་པའི་མི་ལྟར་གང་དུ་ཡང་གཅིག་ཏུ་ངེས་པར་མི་འགྱུར་རོ། །རྣལ་འབྱོར་པས་ནི་དུས་ཐམས་ཅད་དུ་ཉ་དང་ཤ་ལ་སོགས་པ་སྤང་ཞིང་མི་མཐུན་པ་མ་ཡིན་པ་དང༌། ཟས་ཚོད་ཟིན་པར་བཟའ་བར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་གི་ཚོགས་མཐའ་དག་བསགས་པ་དེས་བསྒོམ་པ་ལ་འཇུག་པར་བྱའོ། །

དེ་ལ་རྣལ་འབྱོར་པས་བསྒོམ་པའི་དུས་ན་ཐོག་མར་བྱ་བ་ཅི་ཡོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ལ། བཤང་གཅི་བྱས་ནས་སྒྲའི་ཚེར་མ་མེད་པ་ཡིད་དུ་འོང་བའི་ཕྱོགས་སུ་བདག་གིས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་དགོད་པར་བྱའོ་སྙམ་དུ་བསམ་ཞིང༌། འགྲོ་བ་མཐའ་དག་མངོན་པར་གདོན་པའི་བསམ་པ་ཅན་གྱིས་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ལྔས་ཕྱག་བྱས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་རི་མོ་ལ་སོགས་པ་མདུན་དུ་གཞག་གམ་གཞན་དུ་ཡང་རུང་སྟེ། དེ་དག་ལ་ཅི་ནུས་ཀྱིས་མཆོད་པ་དང་བསྟོད་པ་བྱས་ལ་རང་གི་སྡིག་པ་བཤགས་ནས་འགྲོ་བ་མཐའ་དག་གི་བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱས་ལ། སྟན་ཤིན་ཏུ་འཇམ་པོ་བདེ་བ་ལ་རྗེ་བཙུན་རྣམ་པར་སྣང་མཛད་ཀྱི་སྐྱིལ་མོ་ཀྲུང་ལྟ་བུའམ། སྐྱིལ་མོ་ཀྲུང་ཕྱེད་དུ་ཡང་རུང་སྟེ། མིག་ཧ་ཅང་ཡང་མི་དབྱེ། ཧ་ཅང་ཡང་མི་གཟུམ་པར་སྣའི་རྩེ་མོར་གཏད་ཅིང༌། ལུས་ཧ་ཅང་ཡང་མི་སྒུ། ཧ་ཅང་ཡང་མི་དགྱེ་བར་དྲང་པོར་བསྲངས་ལ་དྲན་པ་ནང་དུ་གཞག་སྟེ་འདུག་པར་བྱའོ། །དེ་ནས་ཕྲག་པ་མཉམ་པར་གཞག་ལ་མགོ་མི་མཐོ་མི་དམའ་ཞིང་ཕྱོགས་གཅིག་ཏུ་མ་ཡོ་བར་གཞག་སྟེ། སྣ་ནས་ལྟེ་བའི་བར་དྲང་པོར་གཞག་གོ། །སོ་དང་མཆུ་ཡང་ཐ་མལ་པར་གཞག་གོ། །ལྕེ་ཡང་ཡ་སོའི་དྲུང་དུ་གཞར་རོ། །དབུགས་ཕྱི་ནང་དུ་རྒྱུ་བ་ཡང་སྒྲ་ཅན་དང༌། རྔམས་པ་ཅན་དང༌། དབུགས་རྒོད་པ་ཅན་དུ་མི་བཏང་གི། ཅི་ནས་ཀྱང་མི་ཚོར་བར་དལ་བུ་དལ་བུས་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་དབུགས་ནང་དུ་རྔུབ་པ་དང་ཕྱིར་འབྱུང་བ་དེ་ལྟར་བྱའོ། །

དེ་ལ་ཐོག་མར་རེ་ཞིག་ཞི་གནས་བསྒྲུབ་པར་བྱ་སྟེ། ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ་ཞི་ནས་ནང་དུ་དམིགས་པ་ལ་རྒྱུན་དུ་རང་གི་ངང་གིས་འཇུག་ལ་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཉིད་ལ་གནས་པ་ནི་ཞི་གནས་ཞེས་བྱའོ། །ཞི་གནས་དེ་ཉིད་ལ་དམིགས་པའི་ཚེ་དེ་ཁོ་ན་ལ་རྣམ་པར་དཔྱོད་པ་གང་ཡིན་པ་དེ་ནི་ལྷགམཐོང་ཡིན་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས་ཇི་སྐད་དུ། ཞི་གནས་ནི་སེམས་རྩེ་གཅིག་པ་ཉིད་དོ། །ལྷག་མཐོང་ནི་ཡང་དག་པར་སོ་སོར་རྟོག་པའོ་ཞེས་གསུངས་པ་ལྟ་བུའོ། །

འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང༌། བཅོམ་ལྡན་འདས་ཇི་ལྟར་ཞི་གནས་ཡོངས་སུ་ཚོལ་བར་བགྱིད་པ་དང༌། ལྷག་མཐོང་ལ་མཁས་པ་ལགས། བཀའ་སྩལ་པ། བྱམས་པ་ངས་ཆོས་གདགས་པ་རྣམ་པར་གཞག་པ་འདི་ལྟ་སྟེ། མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང༌། ལུང་དུ་བསྟན་པའི་སྡེ་དང༌། ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་དང༌། གླེང་གཞིའི་སྡེ་དང༌། རྟོགས་པ་བརྗོད་པའི་སྡེ་དང༌། དེ་ལྟ་བུ་བྱུང་བའི་སྡེ་དང༌། སྐྱེས་པ་རབས་ཀྱི་སྡེ་དང༌། ཤིན་ཏུ་རྒྱས་པའི་སྡེ་དང༌། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང༌། གཏན་ལ་ཕབ་པར་བསྟན་པའི་སྡེ་གང་དག་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་པ་དེ་དག་བྱང་ཆུབ་སེམས་དཔས་ལེགས་པར་ཐོས། ལེགས་པར་གཟུང༌། ཁ་ཏོན་བྱང་བར་བྱས། ཡིད་ཀྱིས་ལེགས་པར་བརྟགས། མཐོང་བས་ཤིན་ཏུ་རྟོགས་པར་བྱས་ནས་དེ་གཅིག་པུ་དབེན་པར་འདུག་སྟེ་ནང་དུ་ཡང་དག་བཞག་ནས་ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ཉིད་ཡིད་ལ་བྱེད་ཅིང་སེམས་གང་གིས་ཡིད་ལ་བྱེད་པའི་སེམས་དེ་ནང་དུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་ཡིད་ལ་བྱེད་དོ། །དེ་ལྟར་ཞུགས་ཤིང་དེ་ལ་ལན་མང་དུ་གནས་པ་དེ་ལ་ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་འབྱུང་བ་གང་ཡིན་པ་དེ་ནི་ཞི་གནས་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཞི་གནས་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ནོ། །དེས་ལུས་ཤིན་ཏུ་སྦྱངས་པ་དང༌། སེམས་ཤིན་ཏུ་སྦྱངས་པ་དེ་ཐོབ་ནས་དེ་ཉིད་ལ་གནས་ཏེ། སེམས་ཀྱི་རྣམ་པར་གཡེང་བ་སྤངས་ནས་ཇི་ལྟར་བསམས་པའི་ཆོས་དེ་དག་ཉིད་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོག་པར་བྱེད། མོས་པར་བྱེད་དོ། །དེ་ལྟར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་དག་ལ་ཤེས་བྱའི་དོན་དེ་རྣམ་པར་འབྱེད་པ་དང༌། རབ་ཏུ་རྣམ་པར་འབྱེད་པ་དང༌། ཡོངས་སུ་རྟོག་པ་དང༌། ཡོངས་སུ་དཔྱོད་པ་དང༌། བཟོད་པ་དང༌། འདོད་པ་དང༌། བྱེ་བྲག་འབྱེད་པ་དང༌། ལྟ་བ་དང༌། རྟོག་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ་ཞེས་གསུངས་སོ། །

དེ་ལ་རྣལ་འབྱོར་པ་ཞི་གནས་མངོན་པར་བསྒྲུབ་པར་འདོད་པས་ཐོག་མར་རེ་ཞིག་མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པ་གསུང་རབ་མཐའ་དག་ནི་དེ་བཞིན་ཉིད་ལ་གཞོལ་པ། དེ་བཞིན་ཉིད་ལ་བབ་པ། དེ་བཞིན་ཉིད་ལ་འབབ་པའོ་ཞེས་ཐམས་ཅད་བསྡུས་ཏེ་དེ་ལ་སེམས་ཉེ་བར་གཞག་པར་བྱའོ། །རྣམ་པ་གཅིག་ཏུ་ན་རྣམ་པ་ཇི་ཙམ་གྱིས་ཆོས་ཐམས་ཅད་བསྡུས་པར་གྱུར་པ་ཕུང་པོ་ལ་སོགས་པ་དེ་ལ་སེམས་ཉེ་བར་གཞག་པར་བྱའོ། །རྣམ་པ་གཅིག་ཏུ་ན་ཇི་ལྟར་མཐོང་བ་དང༌། ཇི་ལྟར་ཐོས་པའི་སངས་རྒྱས་ཀྱི་སྐུ་གཟུགས་ལ་སེམས་གཞག་པར་བྱ་སྟེ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཇི་སྐད་དུ། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་དུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གིས་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་གཞག་ཅེས་བྱ། །ཞེས་གསུངས་པ་ལྟ་བུའོ། །

དེ་ལྟར་གང་ལ་འདོད་པའི་དམིགས་པ་དེ་ལ་སེམས་བཞག་ནས་དེ་ཉིད་ལ་ཕྱིར་ཞིང་རྒྱུན་དུ་སེམས་གཞག་པར་བྱའོ། །དེ་ལ་ཉེ་བར་གཞག་ནས་སེམས་ལ་འདི་ལྟར་དཔྱད་པར་བྱ་སྟེ། ཅི་དམིགས་པ་ལེགས་པར་འཛིན་ཏམ། འོན་ཏེ་བྱིང་ངམ། འོན་ཏེ་ཕྱི་རོལ་གྱི་ཡུལ་ལ་རྣམ་པར་འཕྱར་བས་རྣམ་པར་གཡེངས་སམ་སྙམ་དུ་བརྟག་པར་བྱའོ། །དེ་ལ་གལ་ཏེ་རྨུགས་པ་དང་གཉིད་ཀྱིས་ནོན་ནས་སེམས་བྱིང་ངམ། བྱིང་དུ་དོགས་པ་མཐོང་བ་དེའི་ཚེ། མཆོག་ཏུ་དགའ་བའི་དངོས་པོ་སངས་རྒྱས་ཀྱི་སྐུ་གཟུགས་ལ་སོགས་པ་འམ། སྣང་བའི་འདུ་ཤེས་ཡིད་ལ་བྱའོ། །དེ་ནས་བྱིང་བ་ཞི་བར་བྱས་ནས་ཅི་ནས་ཀྱང་དམིགས་པ་དེ་ཉིད་ལ་སེམས་ཀྱིས་དམིགས་པ་ཤིན་ཏུ་གསལ་བར་མཐོང་བར་གྱུར་པ་དེ་ལྟར་བྱའོ།

།གང་གི་ཚེ་དམུས་ལོང་ལྟ་བུ་འམ། མི་མུན་པར་ཞུགས་པ་ལྟ་བུའམ་མིག་བཙུམས་པ་ལྟ་བུར་སེམས་ཀྱིས་དམིགས་པ་ཤིན་ཏུ་གསལ་བར་མི་མཐོང་བ་དེའི་ཚེ་བྱིང་བར་གྱུར་པར་རིག་པར་བྱའོ། །གང་གི་ཚེ་ཕྱི་རོལ་གྱི་གཟུགས་ལ་སོགས་པ་ལ་དེ་དག་གི་ཡོན་ཏན་རྟོག་པས་རྒྱུག་པའི་ཕྱིར་རམ། གཞན་ཡིད་ལ་བྱེད་པས་སམ། སྔོན་མྱོང་བའི་ཡུལ་ལ་འདོད་པས་སེམས་རྒོད་པའམ་རྒོད་དུ་དོགས་པར་མཐོང་བ་དེའི་ཚེ་འདུ་བྱེད་ཐམས་ཅད་མི་རྟག་པ་དང༌། སྡུག་བསྔལ་བ་ལ་སོགས་པ་ཡིད་འབྱུང་བར་འགྱུར་བའི་དངོས་པོ་ཉིད་ལ་བྱའོ། །དེ་ནས་རྣམ་པར་གཡེང་བ་ཞི་བར་བྱས་ནས་དྲན་པ་དང་ཤེས་བཞིན་གྱི་ཐག་པས་ཡིད་ཀྱི་གླང་པོ་ཆེ་དམིགས་པའི་སྡོང་པོ་དེ་ཉིད་ལ་གདགས་པར་བྱའོ། །གང་གི་ཚེ་བྱིང་བ་དང་རྒོད་པ་མེད་པར་གྱུར་ཏེ། དམིགས་པ་དེ་ལ་སེམས་རྣལ་དུ་འཇུག་པར་མཐོང་བ་དེའི་ཚེ་ནི་རྩོལ་བ་གློད་ལ་བཏང་སྙོམས་སུ་བྱ་ཞིང༌། དེའི་ཚེ་ཇི་སྲིད་འདོད་ཀྱི་བར་དུ་འདུག་པར་བྱའོ། །དེ་ལྟར་ཞི་གནས་གོམས་པར་བྱས་པ་དེའི་ལུས་ལ་སེམས་ཤིན་ཏུ་སྦྱངས་པར་གྱུར་པ་དང༌། ཇི་ལྟར་འདོད་པ་བཞིན་དུ་དམིགས་པ་ལ་སེམས་རང་དབང་དུ་གྱུར་པ་དེའི་ཚེ་དེའི་ཞི་གནས་གྲུབ་པ་ཡིན་པར་རིག་པར་བྱའོ། །

དེ་ནས་ཞི་གནས་གྲུབ་ནས་ལྷག་མཐོང་བསྒོམ་པར་བྱ་སྟེ། འདི་སྙམ་དུ་བསམ་པར་བྱའོ། །བཅོམ་ལྡན་འདས་ཀྱི་བཀའ་ཐམས་ཅད་ནི་ལེགས་པར་གསུངས་པ་སྟེ། མངོན་སུམ་མམ་བརྒྱུད་པས་དེ་ཁོ་ན་མངོན་སུམ་དུ་གསལ་བར་བྱེད་པ་དང༌། དེ་ཁོ་ན་ལ་གཞོལ་བ་ཉིད་དོ། །དེ་ཁོ་ན་ཤེས་ན་སྣང་བ་བྱུང་བས་མུན་པ་བསལ་བ་བཞིན་དུ་ལྟ་བའི་དྲ་བ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཞི་གནས་ཙམ་གྱིས་ནི་ཡེ་ཤེས་དག་པར་མི་འགྱུར་ཞིང་སྒྲིབ་པའི་མུན་པ་ཡང་སེལ་བར་མི་འགྱུར་གྱི། ཤེས་རབ་ཀྱིས་ནི་དེ་ཁོ་ན་ལེགས་པར་བསྒོམས་ན་ཡེ་ཤེས་རྣམ་པར་དག་པར་འགྱུར། ཤེས་རབ་ཁོ་ནས་དེ་ཁོ་ན་ཉིད་རྟོགས་པར་འགྱུར། ཤེས་རབ་ཁོ་ནས་སྒྲིབ་པ་ཡང་དག་པར་སྤོང་བར་འགྱུར་ཏེ། །དེ་ལྟ་བས་ན་བདག་གིས་ཞི་གནས་ལ་གནས་ཏེ་ཤེས་རབ་ཀྱིས་དེ་ཁོ་ན་ཡོངས་སུ་བཙལ་བར་བྱའི། ཞི་གནས་ཙམ་གྱིས་ནི་ཆོག་པར་འཛིན་པར་མི་བྱའོ་སྙམ་དུ་བསམ་མོ།།

དེ་ཁོ་ན་ཇི་ལྟ་བུ་ཞེ་ན། གང་དོན་དམ་པར་དངོས་པོ་ཐམས་ཅད་གང་ཟག་དང་ཆོས་ཀྱི་བདག་ཉིད་ཀྱིས་སྟོང་པ་ཉིད་དེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྟོགས་པར་འགྱུར་གྱི། གཞན་གྱིས་ནི་མ་ཡིན་ཏེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ཕ་རོལ་ཏུ་ཕྱིན་པ་གང་གིས་འཛིན་པ་ལགས། སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་འཛིན་ཏོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལྟ་བས་ན་ཞི་གནས་ལ་གནས་ཏེ་ཤེས་རབ་བསྒོམ་པར་བྱའོ། །

དེ་ལ་རྣལ་འབྱོར་པས་འདི་ལྟར་རྣམ་པར་སྤྱད་པར་བྱ་སྟེ། གང་ཟག་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་གུད་ན་མི་དམིགས་སོ། །གང་ཟག་ནི་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། ཕུང་པོ་ལ་སོགས་པ་དེ་དག་ནི་མི་རྟག་པ་དང་དུ་མའི་ངོ་བོ་ཡིན་པའི་ཕྱིར་དང༌། གང་ཟག་ནི་རྟག་པ་དང༌། གཅིག་པུའི་ངོ་བོ་ཡིན་པར་གཞན་དག་གིས་བརྟགས་པའི་ཕྱིར་རོ། །དེ་ཉིད་དམ་གཞན་དུ་བརྗོད་དུ་མི་རུང་བའི་གང་ཟག་གི་དངོས་པོ་ཡོད་པར་མི་རུང་སྟེ། དངོས་པོ་ཡོད་པའི་རྣམ་པ་གཞན་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ལྟ་སྟེ། འཇིག་རྟེན་གྱི་ང་དང་ངའི་ཞེས་བྱ་བ་འདི་ནི་འཁྲུལ་པ་ཁོ་ནའོ་ཞེས་དཔྱད་པར་བྱའོ། །ཆོས་ལ་བདག་མེད་པ་ཡང་འདི་ལྟར་བསྒོམ་པར་བྱ་སྟེ། ཆོས་ཞེས་བྱ་བ་ནི་མདོར་བསྡུ་ན་ཕུང་པོ་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་དང༌། ཁམས་བཅོ་བརྒྱད་དོ། །དེ་ལ་ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་དང་གཟུགས་ཅན་གང་དག་ཡིན་པ་དེ་དག་ནི་དོན་དམ་པར་ན་སེམས་ཀྱི་རྣམ་པ་ལས་གུད་ན་མེད་དེ། དེ་དག་རྡུལ་ཕྲ་རབ་ཏུ་བཤིག་ལ་རྡུལ་ཕྲ་རབ་རྣམས་ཀྱང་ཆ་ཤས་ཀྱི་ངོ་བོ་ཉིད་སོ་སོར་བརྟགས་ན་ངོ་བོ་ཉིད་ངེས་པར་གཟུང་དུ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་ཐོག་མ་མེད་པའི་དུས་ནས་གཟུགས་ལ་སོགས་པ་ཡང་དག་པ་མ་ཡིན་པ་ལ་མངོན་པར་ཞེན་པའི་དབང་གིས་རྨི་ལམ་ན་དམིགས་པའི་གཟུགས་ལ་སོགས་པ་སྣང་བ་བཞིན་དུ་བྱིས་པ་རྣམས་ལ་སེམས་ཉིད་གཟུགས་ལ་སོགས་པ་ཕྱི་རོལ་དུ་ཆད་པ་བཞིན་དུ་སྣང་གི །

དོན་དམ་པར་ན་འདི་ལ་གཟུགས་ལ་སོགས་པ་ནི་སེམས་ཀྱི་རྣམ་པ་ལས་གུད་ན་མེད་དོ་ཞེས་དཔྱད་པར་བྱའོ། །དེ་འདི་སྙམ་དུ་ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་སྙམ་དུ་སེམས་ཤིང༌། དེས་དེ་ལྟར་ཆོས་བརྟགས་པ་མཐའ་དག་ནི་སེམས་ཁོ་ན་ཡིན་པར་རྟོགས་ནས་དེ་ལ་སོ་སོར་བརྟགས་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་སོ་སོར་བརྟགས་པ་ཡིན་ནོ་ཞེས་སེམས་ཀྱི་ངོ་བོ་ཉིད་ལ་སོ་སོར་རྟོག་གོ །དེ་འདི་ལྟར་དཔྱོད་དོ། །དོན་དམ་པར་ན་སེམས་ཀྱང་བདེན་པར་མི་རུང་སྟེ། གང་གི་ཚེ་བརྫུན་པའི་ངོ་བོ་ཉིད་གཟུགས་ལ་སོགས་པའི་རྣམ་པ་འཛིན་པའི་སེམས་ཉིད་སྣ་ཚོགས་ཀྱི་རྣམ་པར་སྣང་བ་དེའི་ཚེ་དེ་བདེན་པ་ཉིད་དུ་ག་ལ་འགྱུར། ཇི་ལྟར་གཟུགས་ལ་སོགས་པ་བརྫུན་པ་དེ་བཞིན་དུ་སེམས་ཀྱང་དེ་ལས་གུད་ན་མེད་པས་བརྫུན་པ་ཉིད་དོ། །ཇི་ལྟར་གཟུགས་ལ་སོགས་པ་སྣ་ཚོགས་ཀྱི་རྣམ་པ་ཡིན་པས་གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་པ་དེ་བཞིན་དུ་སེམས་ཀྱང་དེ་ལས་གུད་ན་མེད་པའི་ཕྱིར་གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་ནོ། །དེ་ལྟ་བས་ན་སེམས་ནི་སྒྱུ་མ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུ་ཁོ་ནའོ། །

སེམས་ཇི་ལྟ་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྒྱུ་མ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུ་ཁོ་ནའོ་ཞེས་དཔྱོད་དོ། །དེས་དེ་ལྟར་ཤེས་རབ་ཀྱིས་སེམས་ཀྱི་ངོ་བོ་ཉིད་ལ་སོ་སོར་བརྟགས་ན་དོན་དམ་པར་སེམས་ནི་ནང་དུ་ཡང་མི་དམིགས། ཕྱི་རོལ་དུ་ཡང་མི་དམིགས། གཉིས་ཀ་མེད་པར་ཡང་མི་དམིགས། འདས་པའི་སེམས་ཀྱང་མི་དམིགས། མ་འོངས་པ་ཡང་མི་དམིགས། ད་ལྟར་བྱུང་བ་ཡང་མི་དམིགས་སོ། །སེམས་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང༌། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོ་སྟེ། སེམས་ནི་གཟུང་དུ་མེད་པ། བསྟན་དུ་མེད་པ། གཟུགས་ཅན་མ་ཡིན་པའོ། །བསྟན་དུ་མེད་ཅིང་གཟུང་དུ་མེད་ལ་གཟུགས་ཅན་མ་ཡིན་པ་གང་ཡིན་པ་དེའི་ངོ་བོ་ཉིད་ཅི་འདྲ་ཞེ་ན། འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། འོད་སྲུངས་སེམས་ནི་ཡོངས་སུ་བཙལ་ན་མི་རྙེད་དོ། །གང་མ་རྙེད་པ་དེ་མི་དམིགས་སོ། །གང་མི་དམིགས་པ་དེ་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱང་བ་ཡང་མ་ཡིན་ནོ་ཞེས་རྒྱ་ཆེར་འབྱུང་ངོ༌། །དེས་དེ་ལྟར་བརྟགས་ན་སེམས་ཀྱི་དང་པོ་ཡང་དག་པར་རྗེས་སུ་མི་མཐོང༌། ཐ་མ་ཡང་དག་པར་རྗེས་སུ་མི་མཐོང༌། བར་མ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །

ཇི་ལྟར་སེམས་ལ་མཐའ་དང་དབུས་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མཐའ་དང་དབུས་མེད་པར་ཁོང་དུ་ཆུད་དོ། །དེས་དེ་ལྟར་སེམས་མཐའ་དང་དབུས་མེད་པར་ཁོང་དུ་ཆུད་ནས་སེམས་ཀྱི་ངོ་བོ་ཉིད་གང་ཡང་མི་དམིགས་སོ། །སེམས་གང་གི་ཡོངས་སུ་རྟོག་པ་དེ་ཡང་སྟོང་པར་རྟོགས་སོ། །དེ་རྟོགས་པས་སེམས་ཀྱིས་རྣམ་པར་བསྒྲུབས་པའི་ངོ་བོ་ཉིད་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེས་དེ་ལྟར་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་བས་གཟུགས་རྟག་གོ་ཞེའམ། མི་རྟག་གོ་ཞེའམ། སྟོང་ངོ་ཞེའམ། མི་སྟོང་ངོ་ཞེའམ། ཟག་པ་དང་བཅས་པའོ་ཞེའམ། ཟག་པ་མེད་པའོ་ཞེའམ། བྱུང་བའོ་ཞེའམ། །མ་བྱུང་བའོ་ཞེའམ། ཡོད་པའོ་ཞེ་འམ། མེད་པའོ་ཞེས་རྟོག་པར་མི་བྱེད་དོ། །ཇི་ལྟར་གཟུགས་ལ་རྟོག་པར་མི་བྱེད་པ་དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་ལ་ཡང་རྟོག་པར་མི་བྱེད་དེ། ཆོས་ཅན་མ་གྲུབ་ན་དེའི་བྱེ་བྲག་རྣམས་ཀྱང་མི་འགྲུབ་པས་དེ་ལ་རྟོག་པར་ག་ལ་འགྱུར། དེས་དེ་ལྟར་ཤེས་རབ་ཀྱིས་རྣམ་པར་དཔྱད་དེ་དངོས་པོ་གང་གི་ཚེ་རྣལ་འབྱོར་པས་དངོས་པོ་གང་གི་ངོ་བོ་ཉིད་དོན་དམ་པར་ངེས་པར་མི་འཛིན་པ་དེའི་ཚེ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འཇུག་གོ །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་མེད་པ་ཉིད་ཀྱང་རྟོགས་སོ། །

གང་ཤེས་རབ་ཀྱིས་དངོས་པོའི་ངོ་བོ་ཉིད་སོ་སོར་བརྟགས་ནས་མི་བསྒོམ་གྱི། ཡིད་ལ་བྱེད་པ་ཡོངས་སུ་སྤོང་བ་ཙམ་འབའ་ཞིག་སྒོམ་པར་བྱེད་པ་དེའི་རྣམ་པར་རྟོག་པ་ནམ་ཡང་མི་ལྡོག་ཅིང་ངོ་བོ་ཉིད་མེད་པ་ཉིད་རྟོགས་པར་ཡང་མི་འགྱུར་ཏེ། ཤེས་རབ་ཀྱི་སྣང་བ་མེད་པའི་ཕྱིར་རོ། །འདི་ལྟར་ཡང་དག་པར་སོ་སོར་རྟོག་པ་ཉིད་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་མེ་བྱུང་ན་གཙུབ་ཤིང་གཙུབས་པའི་མེ་བཞིན་དུ་རྟོག་པའི་ཤིང་སྲེག་གོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །

འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་བཀའ་སྩལ་ཏོ། དེ་ལྟར་སྐྱོན་ལ་མཁས་པ་དེ་སྤྲོས་པ་ཐམས་ཅད་དང་བྲལ་བར་བྱ་བའི་ཕྱིར་སྟོང་པ་ཉིད་བསྒོམ་པ་ལ་རྣལ་འབྱོར་དུ་བྱེད་དོ། །དེ་སྟོང་པ་ཉིད་ལ་བསྒོམ་པ་མང་བས་གནས་གང་དང་གང་དུ། སེམས་འཕྲོ་ཞིང་སེམས་མངོན་པར་དགའ་བའི་གནས་དེ་དང་དེ་དག་གི་ངོ་བོ་ཉིད་ཡོངས་སུ་བཙལ་ན་སྟོང་པར་རྟོགས་སོ། །སེམས་གང་ཡིན་པ་དེ་ཡང་བརྟགས་ན་སྟོང་པར་རྟོགས་སོ། །སེམས་གང་གིས་རྟོགས་པ་དེ་ཡང་ངོ་བོ་ཉིད་ཀུན་ཏུ་བཙལ་ན་སྟོང་པར་རྟོགས་ཏེ། དེ་དེ་ལྟར་རྟོགས་པས་མཚན་མ་མེད་པའི་རྣལ་འབྱོར་ལ་འཇུག་གོ་ཞེས་འབྱུང་ངོ༌། །འདིས་ནི་ཡོངས་སུ་རྟོག་པ་སྔོན་དུ་གཏོང་བ་ཉིད་མཚན་མ་མེད་པ་ཉིད་ལ་འཇུག་པར་བསྟན་ཏོ། ཡིད་ལ་བྱེད་པ་ཡོངས་སུ་སྤོང་བ་ཙམ་དང༌། ཤེས་རབ་ཀྱི་དངོས་པོའི་ངོ་བོ་ཉིད་མི་དཔྱོད་པར་རྣམ་པར་མི་རྟོག་པ་ཉིད་དུ་འཇུག་པ་མི་སྲིད་པར་ཤིན་ཏུ་གསལ་བར་བསྟན་པ་ཡིན་ནོ། །དེ་ལྟར་དེ་ཤེས་རབ་ཀྱིས་གཟུགས་ལ་སོགས་པའི་དངོས་པོའི་ངོ་བོ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་ནས་བསམ་གཏན་བྱེད་ཀྱི། གཟུགས་ལ་སོགས་པ་ལ་གནས་ནས་བསམ་གཏན་མི་བྱེད་ཅིང༌། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་གྱི་བར་ལ་གནས་ནས་བསམ་གཏན་མི་བྱེད་དེ། གཟུགས་ལ་སོགས་པ་དེ་དག་མི་དམིགས་པའི་ཕྱིར་རོ། །དེ་ལྟ་བས་ན་མི་གནས་པའི་བསམ་གཏན་པ་ཞེས་བྱའོ༎

ཤེས་རབ་ཀྱི་དངོས་པོ་མཐའ་དག་གི་ངོ་བོ་ཉིད་ལ་སོ་སོར་བརྟགས་ནས་གང་གི་ཕྱིར་མི་དམིགས་པར་བསམ་གཏན་བྱེད་པ་དེའི་ཕྱིར་ཤེས་རབ་མཆོག་གི་བསམ་གཏན་པ་ཞེས་བྱ་སྟེ། འཕགས་པ་ནམ་མཁའ་མཛོད་དང༌། འཕགས་པ་གཙུག་ན་རིན་པོ་ཆེ་ལ་སོགས་པ་ལས་བསྟན་པ་བཞིན་ནོ། །དེ་ལྟར་གང་ཟག་དང་ཆོས་ལ་བདག་མེད་པ་དེ་ལྟར་ཁོ་ན་ལ་ཞུགས་པ་དེ་ཡོངས་སུ་བརྟག་པར་བྱ་བ་བལྟ་བར་བྱ་བ་གཞན་མེད་པས་རྟོག་པ་དང་དཔྱོད་པ་དང་བྲལ་བ། བརྗོད་པ་མེད་པ་དང་གཅིག་ཏུ་གྱུར་པའི་ཡིད་ལ་བྱེད་པ་རང་གི་ངང་གིས་འཇུག་པ་མངོན་པར་འདུ་བྱེད་པ་མེད་པས་དེ་ཁོ་ན་ཉིད་ལ་ཤིན་ཏུ་གསལ་བར་བསྒོམ་ཞིང་འདུག་པར་བྱའོ། །དེར་གནས་ནས་སེམས་ཀྱི་རྒྱུན་རྣམ་པར་མི་གཡེང་བར་བྱའོ། །གང་གི་ཚེ་བར་སྐབས་སུ་འདོད་ཆགས་ལ་སོགས་པས་སེམས་ཕྱི་རོལ་དུ་རྣམ་པར་གཡེང་བ་དེའི་ཚེ་རྣམ་པར་གཡེངས་པ་ཚོར་བར་བྱས་ལ་མྱུར་དུ་མི་སྡུག་པ་བསྒོམ་པ་ལ་སོགས་པས་རྣམ་པར་གཡེང་བ་ཞི་བར་བྱས་ནས་མྱུར་དུ་དེ་བཞིན་ཉིད་ལ་སེམས་ཕྱིར་ཞིང་འཇུག་པར་བྱའོ། །གང་གི་ཚེ་དེ་ལ་སེམས་མངོན་པར་མི་དགའ་བར་མཐོང་བ་དེའི་ཚེ་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བས་དེ་ལ་མངོན་པར་དགའ་བ་བསྒོམ་པར་བྱའོ། །རྣམ་པར་གཡེང་བ་ལ་ཉེས་པར་མཐོང་བས་ཀྱང་མི་དགའ་བ་རབ་ཏུ་ཞི་བར་བྱའོ། །ཇི་སྟེ་རྨུགས་པ་དང་གཉིད་ཀྱིས་ནོན་ཏེ་རྒྱུ་བ་མི་གསལ་བས་སེམས་བྱིང་ངམ་བྱིང་དུ་དོགས་པར་མཐོང་བ་དེའི་ཚེ་གོང་མ་བཞིན་དུ་མཆོག་ཏུ་དགའ་བའི་དངོས་པོ་ཡིད་ལ་བྱེད་པས་མྱུར་དུ་བྱིང་བ་ཞི་བར་བྱས་ལ། ཡང་དམིགས་པ་དེ་ཁོ་ན་དེ་ཉིད་ཤིན་ཏུ་དམ་པོར་གཟུང་བར་བྱའོ། །ཇི་སྟེ་གང་གི་ཚེ་སྔོན་བགད་པ་དང༌། རྩེས་པ་རྗེས་སུ་དྲན་པས་བར་སྐབས་སུ་སེམས་འཕྱར་བའམ་རྒོད་དུ་དོགས་པར་མཐོང་བ་དེའི་ཚེ། གོང་མ་བཞིན་དུ་མི་རྟག་པ་ལ་སོགས་པ་ཡིད་འབྱུང་བར་འགྱུར་བའི་དངོས་པོ་ཡིད་ལ་བྱས་ལ་གཡེང་བ་ཞི་བར་བྱ་ཞིང༌། དེ་ནས་ཡང་དེ་ཁོ་ན་ཉིད་ལ་སེམས་མངོན་པར་འདུ་བྱེད་པ་མེད་པར་འཇུག་པར་འབད་པར་བྱའོ། །

ཇི་སྟེ་གང་གི་ཚེ་བྱིང་བ་དང་རྒོད་པ་དང་བྲལ་བར་གྱུར་ནས་མཉམ་པར་ཞུགས་ཏེ་དེ་ཁོ་ན་ཉིད་ལ་སེམས་རང་གི་ངང་གིས་འཇུག་པར་འགྱུར་བ་དེའི་ཚེ་རྩོལ་བ་གློད་དེ་བཏང་སྙོམས་སུ་བྱའོ། །གལ་ཏེ་སེམས་མཉམ་པར་ཞུགས་པ་ལ་བརྩལ་བ་བྱས་ན་དེའི་ཚེ་སེམས་རྣམ་པར་གཡེང་བར་འགྱུར་རོ། །གལ་ཏེ་སེམས་བྱིང་བར་གྱུར་པ་ལ་བརྩལ་བར་མ་བྱས་ན་དེའི་ཚེ་ཤིན་ཏུ་བྱིང་བས་ལྷག་མཐོང་མེད་དེ། སེམས་དམུས་ལོང་བཞིན་དུ་འགྱུར་རོ། །དེ་ལྟ་བས་ན་སེམས་བྱིང་བར་གྱུར་ན་བརྩལ་བར་བྱའོ། །མཉམ་པར་གྱུར་ན་བརྩལ་བར་མི་བྱའོ། །གང་གི་ཚེ་ལྷག་མཐོང་བསྒོམས་པས་ཤེས་རབ་ཤིན་ཏུ་ཤས་ཆེ་བར་གྱུར་པ་དེའི་ཚེ་ཞི་གནས་ཆུང་བས་མར་མེ་རླུང་ལ་བཞག་པ་བཞིན་དུ་སེམས་གཡོ་བར་འགྱུར་ཏེ། དེའི་ཕྱིར་དེ་ཁོ་ན་ཤིན་ཏུ་གསལ་བར་མཐོང་བར་མི་འགྱུར་ཏེ། དེ་བས་ན་དེའི་ཚེ་ཞི་གནས་བསྒོམ་པར་བྱའོ། །ཞི་གནས་ཀྱི་ཤས་ཆེ་བར་གྱུར་ན་ཡང་ཤེས་རབ་བསྒོམ་པར་བྱའོ། །

གང་གི་ཚེ་གཉིས་ཀ་མཉམ་དུ་འཇུག་པའི་ཚེ་ལུས་དང་སེམས་ལ་གནོད་པར་མ་གྱུར་གྱི་བར་དུ་མངོན་པར་འདུ་བྱེད་པ་མེད་པར་གནས་པར་བྱའོ། །ལུས་ལ་སོགས་པ་ལ་གནོད་པར་གྱུར་ན་དེའི་བར་སྐབས་སུ་འཇིག་རྟེན་མཐའ་དག་སྒྱུ་མ་དང༌། སྨིག་རྒྱུ་དང༌། རྨི་ལམ་དང༌། ཆུ་ཟླ་དང༌། མིག་ཡོར་ལྟ་བུར་ལྟ་ཞིང་འདི་སྙམ་དུ་བསམ་པར་བྱ་སྟེ། སེམས་ཅན་འདི་དག་ནི་ཆོས་ཟབ་མོ་འདི་ལྟ་བུ་ཁོང་དུ་མ་ཆུད་པས་འཁོར་བ་ན་ཀུན་དུ་ཉོན་མོངས་པར་གྱུར་གྱིས། བདག་གིས་ཅི་ནས་ཀྱང་དེ་དག་ཆོས་ཉིད་དེ་ཁོང་དུ་ཆུད་པར་འགྱུར་བ་དེ་ལྟར་བྱའོ་སྙམ་དུ་བསམ་ཞིང༌། སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་མངོན་དུ་བྱའོ། །དེ་ནས་ངལ་བསོ་ལ། ཡང་དེ་བཞིན་དུ་ཆོས་ཐམས་ཅད་སྣང་བ་མེད་པའི་ཏིང་ངེ་འཛིན་ལ་འཇུག་པར་བྱའོ། །ཡང་སེམས་ཤིན་ཏུ་སྐྱོ་བར་གྱུར་ན་དེ་བཞིན་དུ་ངལ་གསོ་བར་བྱའོ། །འདི་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པའི་ལམ་སྟེ་རྣམ་པར་རྟོག་པ་དང་བཅས་པ་དང༌། རྣམ་པར་མི་རྟོག་པའི་གཟུགས་བརྙན་ལ་དམིགས་པའོ། །

དེ་ལྟར་རྣལ་འབྱོར་པས་རིམ་པ་འདིས་ཆུ་ཚོད་གཅིག་གམ། མེལ་ཚེ་ཐུན་ཕྱེད་དམ། ཐུན་གཅིག་གམ། ཇི་སྲིད་འདོད་ཀྱི་བར་དུ་དེ་ཁོ་ན་བསྒོམ་ཞིང་འདུག་པར་བྱའོ། །འདི་ནི་དོན་རབ་ཏུ་རྣམ་པར་འབྱེད་པའི་བསམ་གཏན་ཏེ། འཕགས་པ་ལང་ཀར་གཤེགས་པ་ལས་བསྟན་ཏོ། །དེ་ནས་འདོད་ན་ཏིང་ངེ་འཛིན་ལས་ལངས་ཏེ་སྐྱིལ་མོ་ཀྲུང་མ་བཤིག་པར་འདི་སྙམ་དུ་ཆོས་འདི་དག་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཡིན་དུ་ཟིན་ཀྱང༌། ཀུན་རྫོབ་ཏུ་རྣམ་པར་གནས་པ་ཉིད་དོ། །དེ་ལྟ་མ་ཡིན་ན་ལས་དང་འབྲས་བུ་འབྲེལ་པ་ལ་སོགས་པ་ཇི་ལྟར་རྣམ་པར་གནས་པར་འགྱུར། བཅོམ་ལྡན་འདས་ཀྱིས་ཀྱང༌། དངོས་པོ་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །ཅེས་བཀའ་སྩལ་ཏོ།

།སེམས་ཅན་བྱིས་པའི་བློ་ཅན་འདི་དག་ནི་ངོ་བོ་ཉིད་མེད་པའི་དངོས་པོ་རྣམས་ལ་ཡོད་པ་ལ་སོགས་པ་སྒྲོ་འདོགས་པས་བློ་ཕྱིན་ཅི་ལོག་ཏུ་གྱུར་ཏེ། ཡུན་རིང་པོར་འཁོར་བའི་འཁོར་ལོ་ན་ཡོངས་སུ་འཁྱམས་པས་བདག་གིས་ཅི་ནས་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བླ་ན་མེད་པ་ཡོངས་སུ་རྫོགས་པར་བྱ་སྟེ། དེ་ནས་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱ་ལ། དེ་དག་ཆོས་ཉིད་ཁོང་དུ་ཆུད་པར་བྱའོ་སྙམ་དུ་བསམས་ལ། དེ་ནས་དལ་བུས་སྐྱིལ་མོ་ཀྲུང་བཤིག་སྟེ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ལ། དེ་དག་ལ་མཆོད་པ་དང་བསྟོད་པ་བྱས་ནས། འཕགས་པ་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྒྱ་ཆེན་པོ་གདབ་བོ། དེ་ནས་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་སྦྱིན་པ་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་དག་བསྒྲུབ་པ་ལ་མངོན་པར་བརྩོན་པར་བྱའོ། །

དེ་ལྟར་གྱུར་ན་བསམ་གཏན་དེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་པར་བསྒྲུབས་པ་ཡིན་ཏེ། འཕགས་པ་གཙུག་ན་རིན་པོ་ཆེ་ལས་ཇི་སྐད་དུ། དེ་བྱམས་པའི་གོ་ཆ་བགོས་ཤིང་སྙིང་རྗེ་ཆེན་པོའི་གནས་ལ་གནས་ནས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་པར་བསྒྲུབ་པའི་བསམ་གཏན་བྱེད་དོ། །དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གང་ཞེ་ན། གང་སྦྱིན་པ་དང་མ་བྲལ་བ། ཚུལ་ཁྲིམས་དང་མ་བྲལ་བ། བཟོད་པ་དང་མ་བྲལ་བ། བརྩོན་འགྲུས་དང་མ་བྲལ་བ། བསམ་གཏན་དང་མ་བྲལ་བ། ཤེས་རབ་དང་མ་བྲལ་བ། ཐབས་དང་མ་བྲལ་བ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བཀའ་སྩལ་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་དང༌། ཞིང་དང༌། ལུས་དང༌། གཡོག་འཁོར་མང་པོ་ལ་སོགས་པ་ཕུན་སུམ་ཚོགས་པར་གྱུར་པའི་ཐབས་སྦྱིན་པ་ལ་སོགས་པའི་དགེ་བ་ངེས་པར་བསྟེན་པར་བྱ་དགོས་སོ། །

དེ་ལྟ་མ་ཡིན་ན་སངས་རྒྱས་རྣམས་ཀྱི་ཞིང་ལ་སོགས་པ་ཕུན་སུམ་ཚོགས་པ་གང་བཀའ་སྩལ་པ་དེ་གང་གི་འབྲས་བུ་ཡིན་པར་འགྱུར། དེ་ལྟ་བས་ན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྦྱིན་པ་ལ་སོགས་པ་ཐབས་ཀྱིས་ཡོངས་སུ་རྫོགས་པར་འགྱུར་བས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེའི་ཕྱིར་བྱང་ཆུབ་སེམས་དཔས་སྦྱིན་པ་ལ་སོགས་པ་ཐབས་ལ་ཡང་བསྟེན་པར་བྱའི། སྟོང་པ་ཉིད་འབའ་ཞིག་ནི་མ་ཡིན་ནོ། །དེ་སྐད་དུ་འཕགས་པ་ཆོས་ཐམས་ཅད་ཤིན་ཏུ་རྒྱས་པ་བསྡུས་པ་ལས་ཀྱང་བཀའ་སྩལ་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་བསྒྲུབས་པ་འདི་ནི་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་ཡིན་ན། དེ་ལ་མི་བླུན་པོ་དེ་དག་འདི་སྐད་དུ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་བྱའི། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཀྱིས་ཅི་ཞིག་བྱ། ཞེས་ཟེར་ཞིང༌། དེ་དག་ཕ་རོལ་ཏུ་ཕྱིན་པ་གཞན་དག་ལ་ཡང་སུན་འབྱིན་པར་སེམས་སོ། །མ་ཕམ་པ་འདི་ཇི་སྙམ་དུ་སེམས། ཀ་ཤི་ཀའི་རྒྱལ་པོར་གྱུར་པ་གང་ཡིན་པ་དེས་ཕུག་རོན་གྱི་ཕྱིར་རང་གི་ཤ་ཁྲ་ལ་བྱིན་པ་དེ་ཤེས་རབ་འཆལ་བ་ཡིན་ནམ། བྱམས་པས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་གང་དག་བསགས་པའི་དགེ་བའི་རྩ་བ་དེ་དག་གིས་གནོད་པར་གྱུར་ཏམ། བྱམས་པས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཕམ་པ་ཁྱོད་ཀྱིས་ཀྱང་བསྐལ་པ་དྲུག་ཅུར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས། བསྐལ་པ་དྲུག་ཅུར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། བསྐལ་པ་དྲུག་ཅུར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ། བསྐལ་པ་དྲུག་ཅུར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ། བསྐལ་པ་དྲུག་ཅུར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། བསྐལ་པ་དྲུག་ཅུར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས་ན། དེ་ལ་མི་བླུན་པོ་དེ་དག་འདི་སྐད་དུ་ཚུལ་གཅིག་ཁོ་ནས་བྱང་ཆུབ་སྟེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ཚུལ་གྱིས་སོ་ཞེས་ཟེར་ཏེ། དེ་དག་ནི་སྤྱོད་པ་ཡོངས་སུ་མ་དག་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །

ཐབས་དང་བྲལ་ན་བྱང་ཆུབ་སེམས་དཔའི་ཤེས་རབ་འབའ་ཞིག་གིས་ནི་ཉན་ཐོས་བཞིན་དུ་སངས་རྒྱས་ཀྱི་མཛད་པ་བྱེད་མི་ནུས་ཀྱི། ཐབས་ཀྱིས་བསྟངས་ན་ནུས་པར་འགྱུར་ཏེ། འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཇི་སྐད་དུ། འོད་སྲུངས་འདི་ལྟ་སྟེ་དཔེར་ན་བློན་པོས་ཟིན་པའི་རྒྱལ་པོ་རྣམས་དགོས་པ་ཐམས་ཅད་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་ཐབས་མཁས་པས་ཡོངས་སུ་ཟིན་པ་དེ་ཡང་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་དོ་ཞེས་གསུངས་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་ལྟ་བ་ཡང་གཞན། མུ་སྟེགས་ཅན་དང༌། ཉན་ཐོས་རྣམས་ཀྱི་ལམ་གྱི་ལྟ་བ་ཡང་གཞན་ཏེ། འདི་ལྟར་མུ་སྟེགས་ཅན་རྣམས་ཀྱི་ལམ་གྱི་ལྟ་བ་ནི་བདག་ལ་སོགས་པར་ཕྱིན་ཅི་ལོག་དང་ལྡན་པའི་ཕྱིར་ཐམས་ཅད་ཀྱི་ཐམས་ཅད་དུ་ཤེས་རབ་དང་བྲལ་བའི་ལམ་ཡིན་ཏེ། དེ་བས་ན་དེ་དག་ཐར་པ་མི་ཐོབ་བོ།

ཉན་ཐོས་རྣམས་ཀྱི་ལམ་ནི་སྙིང་རྗེ་ཆེན་པོ་དང་བྲལ་བས་ཐབས་དང་མི་ལྡན་པ་ཡིན་ཏེ། དེ་བས་ན་དེ་དག་གཅིག་ཏུ་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་ཤེས་རབ་དང་ཐབས་དང་ལྡན་པར་འདོད་དེ། དེ་བས་ན་དེ་དག་མི་གནས་པའི་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་ཤེས་རབ་དང་ཐབས་དང་ལྡན་པར་འདོད་དེ། དེས་ན་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་སྟེ། ཤེས་རབ་ཀྱི་སྟོབས་ཀྱིས་ནི་འཁོར་བར་མི་ལྟུང་ལ། ཐབས་ཀྱི་སྟོབས་ཀྱིས་ནི་མྱ་ངན་ལས་འདས་པར་མི་ལྟུང་བའི་ཕྱིར་རོ། །དེ་བས་ན་འཕགས་པ་ག་ཡ་མགོའི་རི་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་མདོར་བསྡུ་ན་འདི་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཐབས་དང་ཤེས་རབ་བོ་ཞེས་བཀའ་སྩལ་ཏོ། །འཕགས་པ་དཔལ་མཆོག་དང་པོ་ལས་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་ནོ། །ཐབས་ལ་མཁས་པ་ནི་ཕ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བ་ནི་གང༌། ཐར་པ་ནི་གང་ཞེ་ན། ཐབས་མེད་པར་སྲིད་པར་འགྲོ་བ་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཆིང་བའོ། །ཐབས་ཀྱིས་སྲིད་པའི་འགྲོ་བར་འགྲོ་བ་ནི་ཐར་པའོ། །ཤེས་རབ་མེད་པར་སྲིད་པར་འགྲོ་བ་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཆིང་བའོ། །ཤེས་རབ་ཀྱིས་སྲིད་པའི་འགྲོ་བར་འགྲོ་བ་ནི་ཐར་པའོ། །ཐབས་ཀྱིས་མ་ཟིན་པའི་ཤེས་རབ་ནི་འཆིང་བའོ། །ཐབས་ཀྱིས་ཟིན་པའི་ཤེས་རབ་ནི་ཐར་པའོ། །ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ནི་འཆིང་བའོ། །ཤེས་རབ་ཀྱིས་ཟིན་པའི་ཐབས་ནི་ཐར་པའོ་ཞེས་རྒྱ་ཆེར་བཀའ་སྩལ་ཏོ། །

བྱང་ཆུབ་སེམས་དཔས་ཤེས་རབ་ཙམ་བསྟེན་ན་ནི་ཉན་ཐོས་ཀྱིས་འདོད་པའི་མྱ་ངན་ལས་འདས་པར་ལྟུང་བས་འཆིང་བ་བཞིན་དུ་འགྱུར་ཏེ། མི་གནས་པའི་མྱ་ངན་ལས་འདས་པས་གྲོལ་བར་མི་འགྱུར་རོ། །དེ་ལྟ་བས་ན་ཐབས་དང་བྲལ་བའི་ཤེས་རབ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བའོ་ཞེས་བྱའོ། །དེ་ལྟ་བས་ན་ལྷགས་པས་ཉེན་པ་ལ་མེ་བསྟེན་པ་བཞིན་དུ་བྱང་ཆུབ་སེམས་དཔས་ཕྱིན་ཅི་ལོག་གི་ལྷགས་པ་ཙམ་སྤང་བའི་ཕྱིར་ཐབས་དང་བཅས་པའི་ཤེས་རབ་ཀྱིས་སྟོང་པ་ཉིད་བསྟེན་པར་བྱའི། ཉན་ཐོས་བཞིན་དུ་མངོན་དུ་ནི་མི་བྱ་སྟེ། འཕགས་པ་ཆོས་བཅུ་པའི་མདོ་ལས་ཇི་སྐད་དུ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་མེ་ཡོངས་སུ་སྤྱོད་པར་གྱུར་ཏོ། །དེ་མེ་དེ་ལ་བསྟི་སྟང་བྱེད། བླ་མར་བྱེད་ཀྱང་དེ་འདི་སྙམ་དུ་བདག་གིས་མེ་དེ་ལ་བསྟི་སྟང་བྱས། བླ་མར་བྱས། རི་མོར་བྱས་ཀྱང་འདི་ལ་ལག་པ་གཉིས་ཀྱིས་ཡོངས་སུ་གཟུང་བར་བྱའོ་སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་བདག་ལ་ལུས་ཀྱི་སྡུག་བསྔལ་བའམ། སེམས་ཀྱི་ཡིད་མི་བདེ་བར་འགྱུར་དུ་འོང་སྙམ་པའི་ཕྱིར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་མྱ་ངན་ལས་འདས་པའི་བསམ་པ་ཅན་ཡང་ཡིན་ལ་མྱ་ངན་ལས་འདས་པ་མངོན་སུམ་དུ་ཡང་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་བདག་བྱང་ཆུབ་ལས་ཕྱིར་ལྡོག་པར་འགྱུར་དུ་འོང་སྙམ་པའི་ཕྱིར་རོ་ཞེས་བཀའ་སྩལ་བ་ལྟ་བུའོ། །

ཐབས་ཙམ་འབའ་ཞིག་བསྟེན་ན་ཡང་བྱང་ཆུབ་སེམས་དཔའ་སོ་སོའི་སྐྱེ་བོའི་ས་ལས་མི་འདའ་བས་ཤིན་ཏུ་བཅིངས་པ་ཁོ་ནར་འགྱུར་རོ། །དེ་ལྟ་བས་ན་ཤེས་རབ་དང་བཅས་པའི་ཐབས་བསྟེན་པར་བྱ་སྟེ། འདི་ལྟར་སྔགས་ཀྱིས་ཡོངས་སུ་ཟིན་པའི་དུག་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉོན་མོངས་པ་ཡང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་སྟོབས་ཀྱིས་བསྒོམས་ན་བདུད་རྩིར་འགྱུར་ན། རང་བཞིན་གྱིས་མངོན་པར་མཐོ་བའི་འབྲས་བུ་ཅན་སྦྱིན་པ་ལ་སོགས་པ་གང་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཇི་སྐད་དུ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པའི་དུག་གིས་ནི་འཆི་བར་བྱེད་མི་ནུས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་ཀྱང་ལོག་པར་ལྟུང་བར་བྱེད་མི་ནུས་སོ་ཞེས་བཀའ་སྩལ་ཏོ། །

དེ་ལྟ་བས་ན་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཐབས་ཀྱི་སྟོབས་ཀྱིས་འཁོར་བ་མི་འདོར་བ་དེའི་ཕྱིར་མྱ་ངན་ལས་འདས་པར་མི་ལྟུང་ངོ༌། །གང་གི་ཕྱིར་ཤེས་རབ་ཀྱི་སྟོབས་ཀྱིས་དམིགས་པ་མཐའ་དག་སྤོང་བ་དེའི་ཕྱིར་འཁོར་བར་མི་ལྟུང་སྟེ། དེ་བས་ན་མི་གནས་པའི་མྱ་ངན་ལས་འདས་པ་སངས་རྒྱས་ཉིད་འཐོབ་བོ། །དེ་བས་ན་འཕགས་པ་ནམ་མཁའ་མཛོད་ལས་ཀྱང༌། དེ་ཤེས་རབ་ཀྱི་ཤེས་པས་ནི་ཉོན་མོངས་པ་ཐམས་ཅད་ཡོངས་སུ་འདོར་རོ། །ཐབས་ཀྱི་ཤེས་པས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ངོ་ཞེས་བཀའ་སྩལ་ཏོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང༌། སེམས་ཅན་གྱི་དོན་ལ་ཤིན་ཏུ་མི་ཕྱོགས་པ་དང༌། འདུ་བྱེད་མངོན་པར་འདུ་བྱ་བ་ཐམས་ཅད་ལ་ཤིན་ཏུ་མི་ཕྱོགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངས་མ་བསྟན་ཏོ་ཞེས་བཀའ་སྩལ་ཏོ། །དེ་ལྟ་བས་ན་སངས་རྒྱས་ཉིད་ཐོབ་པར་འདོད་པས་ཤེས་རབ་དང་ཐབས་གཉིས་ཀ་བསྟེན་པར་བྱའོ། །

དེ་ལ་འཇིག་རྟེན་ལས་འདས་པའི་ཤེས་རབ་བསྒོམ་པའི་གནས་སྐབས་སམ། ཤིན་ཏུ་མཉམ་པར་གཞག་པའི་གནས་སྐབས་ན་སྦྱིན་པ་ལ་སོགས་པ་ཐབས་ལ་བརྟེན་པ་མི་འབྱུང་དུ་ཟིན་ཀྱང༌། དེ་ལ་སྦྱོར་བ་དང་དེའི་རྗེས་ལས་བྱུང་བའི་ཤེས་རབ་གང་ཡང་བྱུང་བ་དེའི་ཚེ་ཐབས་ལ་བརྟེན་པ་འབྱུང་བ་ཉིད་དེ། དེའི་ཕྱིར་ཤེས་རབ་དང་ཐབས་གཉིས་ཅིག་ཅར་འཇུག་གོ །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་དང་ཐབས་ཟུང་དུ་འབྲེལ་པར་འཇུག་པའི་ལམ་ནི་འདི་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ལྟ་བའི་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པས་འཇིག་རྟེན་ལས་འདས་པའི་ལམ་བསྟེན་པ་དང༌། ལངས་པའི་ཐབས་ཀྱི་དུས་ན་ཡང་སྒྱུ་མ་མཁན་བཞིན་དུ་ཕྱིན་ཅི་མ་ལོག་པ་ཁོ་ནའི་སྦྱིན་པ་ལ་སོགས་པ་ལ་བརྟེན་པ་སྟེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས་ཇི་སྐད་དུ། དེ་ལ་བྱང་ཆུབ་སེམས་དཔའི་ཐབས་ནི་གང༌། ཤེས་རབ་མངོན་པར་སྒྲུབ་པ་ནི་གང་ཞེ་ན། གང་གི་ཕྱིར་མཉམ་པར་གཞག་པ་ན་སེམས་ཅན་ལ་ལྟ་བས་ན་སྙིང་རྗེ་ཆེན་པོའི་དམིགས་པ་ལ་སེམས་ཉེ་བར་འཇོག་པ་དེ་ནི་དེའི་ཐབས་སོ། །གང་གི་ཕྱིར་ཞི་བ་དང་རབ་ཏུ་ཞི་བར་སྙོམས་པར་འཇུག་པ་དེ་ནི་དེའི་ཤེས་རབ་བོ་ཞེས་རྒྱ་ཆེར་བཀའ་སྩལ་པ་ལྟ་བུའོ། །བདུད་བཏུལ་བའི་ལེའུ་ལས་ཀྱང་བཀའ་སྩལ་ཏེ། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་ཡང་དག་ཕུལ་ནི་ཤེས་རབ་ཀྱི་ཤེས་པས་མངོན་པར་བརྩོན་པར་ཡང་མི་བྱེད་ལ། ཐབས་ཀྱི་ཤེས་པས་དགེ་བའི་ཆོས་ཐམས་ཅད་སྡུད་པར་ཡང་སྦྱོར་བ་དང༌། ཤེས་རབ་ཀྱི་ཤེས་པས་བདག་མེད་པ་དང༌། སེམས་ཅན་མེད་པ་དང༌། སྲོག་མེད་པ་དང༌། གསོ་བ་མེད་པ་དང༌། གང་ཟག་མེད་པར་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་ཡང་སྦྱོར་བ་གང་ཡིན་པའོ་ཞེས་རྒྱ་ཆེར་འབྱུང་ངོ༌། །

འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་མདོ་ལས་ཀྱང༌། དཔེར་ན་སྒྱུ་མའི་མཁན་པོ་ཞིག། སྤྲུལ་པ་ཐར་བར་བྱ་ཕྱིར་བརྩོན། །དེས་ནི་སྔ་ནས་དེ་ཤེས་པས།། སྤྲུལ་པ་དེ་ལ་ཆགས་པ་མེད།། སྲིད་གསུམ་སྤྲུལ་པ་འདྲ་བར་ནི།། རྫོགས་པའི་བྱང་ཆུབ་མཁས་པས་ཤེས།། འགྲོ་བའི་ཆེད་དུ་གོ་བགོས་ཏེ། །འགྲོ་བ་དེ་ལྟར་སྔ་ནས་ཤེས། །ཞེས་འབྱུང་ངོ༌། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་དང༌། ཐབས་ཀྱི་ཚུལ་ཁོ་ན་སྒྲུབ་པའི་དབང་དུ་མཛད་ནས། དེའི་སྦྱོར་བ་འཁོར་བ་ན་གནས་པ་ཡང་ཡིན་པ་ལ། བསམ་པ་མྱ་ངན་ལས་འདས་པ་ལ་གནས་པ་ཡང་ཡིན་ནོ་ཞེས་བཀའ་སྩལ་ཏོ། །

དེ་ལྟར་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་སྦྱིན་པ་ལ་སོགས་པའི་ཐབས་གོམས་པར་བྱས་ལ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར་སྔ་མ་བཞིན་དུ་རྟག་པར་དུས་དུས་སུ་ཞི་གནས་དང་ལྷག་མཐོང་གི་སྦྱོར་བ་ལ་ཅི་ནུས་སུ་བསྒོམ་པར་བྱ་སྟེ། འཕགས་པ་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས། གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕན་ཡོན་ཇི་སྐད་དུ་བསྟན་པ་དེ་བཞིན་དུ་ཉེ་བར་གནས་པའི་དྲན་པས་དུས་ཐམས་ཅད་དུ་ཐབས་ལ་མཁས་པ་གོམས་པར་བྱའོ། །

དེ་ལྟར་སྙིང་རྗེ་དང༌། ཐབས་དང༌། བྱང་ཆུབ་ཀྱི་སེམས་གོམས་པར་བྱས་པ་དེ། ཚེ་འདི་ལ་གདོན་མི་ཟ་བར་ཁྱད་པར་དུ་འགྱུར་ཏེ། དེས་ན་རྨི་ལམ་ན་རྟག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བར་འགྱུར། རྨི་ལམ་བཟང་པོ་གཞན་དག་ཀྱང་རྨི་བར་འགྱུར། ལྷ་རྣམས་ཀྱང་ཡི་རངས་ནས་སྲུང་བ་བྱེད་པར་འགྱུར། སྐད་ཅིག་རེ་རེ་ལ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་སོགས་པར་འགྱུར། ཉོན་མོངས་པའི་སྒྲིབ་པ་དང༌། གནས་ངན་ལེན་ཀྱང་བྱང་བར་འགྱུར། དུས་ཐམས་ཅད་དུ་ཡང་བདེ་བ་དང་ཡིད་བདེ་བ་མང་བར་འགྱུར། སྐྱེ་བོ་མང་པོ་ལ་སྡུག་པར་འགྱུར། ལུས་ལ་ཡང་ནད་ཀྱིས་མི་ཐེབས་པར་འགྱུར། སེམས་ལས་སུ་རུང་བ་ཉིད་ཀྱི་མཆོག་ཀྱང་ཐོབ་པར་འགྱུར་ཏེ། དེས་ན་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་ཐོབ་བོ། །

དེ་ནས་རྫུ་འཕྲུལ་གྱི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ཏུ་སོང་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱེད་དོ། །དེ་དག་ལས་ཆོས་ཀྱང་ཉན་ཏོ། །འཆི་བའི་དུས་ཀྱི་ཚེ་ན་ཡང་གདོན་མི་ཟ་བར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཐོང་བར་འགྱུར་རོ། །ཚེ་རབས་གཞན་ན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་མི་འབྲལ་བའི་ཡུལ་དང་ཁྱད་པར་དུ་འཕགས་པའི་ཁྱིམ་དུ་ཡང་སྐྱེ་བར་འགྱུར་ཏེ། དེས་ན་འབད་མི་དགོས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་དོ། །ལོངས་སྤྱོད་ཆེ་བ་དང༌། གཡོག་འཁོར་མང་བར་འགྱུར་རོ། །ཤེས་རབ་རྣོ་བས་སྐྱེ་བོ་མང་པོ་ཡོངས་སུ་སྨིན་པར་ཡང་བྱེད་པར་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་ཏེ། དེ་ལྟར་ཕན་ཡོན་ཚད་མེད་པ་མདོ་གཞན་དག་ལས་བྱུང་བ་ཁོང་དུ་ཆུད་པར་བྱའོ། །

དེས་དེ་ལྟར་སྙིང་རྗེ་དང༌། ཐབས་དང༌། བྱང་ཆུབ་ཀྱི་སེམས་རྟག་ཏུ་གུས་པར་ཡུན་རིང་དུ་བསྒོམས་ན་རིམ་གྱིས་སེམས་ཀྱི་རྒྱུད་ཤིན་ཏུ་ཡོངས་སུ་དག་པའི་སྐད་ཅིག་འབྱུང་བས་ཡོངས་སུ་སྨིན་པར་འགྱུར་བའི་ཕྱིར་གཙུབ་ཤིང་གཙུབས་པའི་མེ་བཞིན་དུ་ཡང་དག་པའི་དོན་ལ་བསྒོམ་པ་རབ་ཀྱི་མཐར་ཕྱིན་པར་གྱུར་ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྟོག་པའི་དྲ་བ་མཐའ་དག་དང་བྲལ་བ། ཆོས་ཀྱི་དབྱིངས་སྤྲོས་པ་མེད་པ་ཤིན་ཏུ་གསལ་བར་རྟོགས་པ། དྲི་མ་མེད་ཅིང་མི་གཡོ་ལ། མར་མེ་རླུང་མེད་པར་བཞག་པ་བཞིན་དུ་མི་གཡོ་བ་ཚད་མར་གྱུར་པ། ཆོས་ཐམས་ཅད་བདག་མེད་པའི་ངོ་བོ་དེ་ཁོ་ན་མངོན་དུ་བྱེད་པ་མཐོང་བའི་ལམ་གྱིས་བསྡུས་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་དབྱུང་ངོ༌། །དེ་བྱུང་ནས་དངོས་པོའི་མཐའ་ལ་དམིགས་པ་ལ་ཞུགས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པ་ཡིན། འཇིག་རྟེན་གྱི་འགྲོ་བ་ཐམས་ཅད་ལས་ལོག་པ་ཡིན། བྱང་ཆུབ་སེམས་དཔའི་ཆོས་ཉིད་དང་ཆོས་ཀྱི་དབྱིངས་རྟོགས་པ་ལ་གནས་པ་ཡིན། བྱང་ཆུབ་སེམས་དཔའི་ས་དང་པོ་ཐོབ་པ་ཡིན་ནོ་ཞེས་ཕན་ཡོན་དེ་རྒྱས་པར་ས་བཅུ་པ་ལ་སོགས་པ་ལས་ཁོང་དུ་ཆུད་པར་བྱའོ། །འདི་ནི་དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་དེ་འཕགས་པ་ལང་ཀར་གཤེགས་པ་ལས་བསྟན་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲོས་པ་མེད་པ་རྣམ་པར་མི་རྟོག་པ་ཉིད་ལ་འཇུག་པའོ། །

མོས་པས་སྤྱོད་པའི་ས་ལ་ནི་མོས་པའི་དབང་གིས་འཇུག་པར་རྣམ་པར་གཞག་གི །མངོན་པར་འདུ་བྱེད་པས་ནི་མ་ཡིན་ནོ། །ཡེ་ཤེས་དེ་བྱུང་བར་གྱུར་ན་ནི་མངོན་དུ་ཞུགས་པ་ཡིན་ཏེ། དེ་ལྟར་ས་དང་པོར་ཞུགས་པ་དེ་ཕྱིས་བསྒོམ་པའི་ལམ་ལ་འཇིག་རྟེན་ལས་འདས་པ་དང༌། དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་གཉིས་ཀྱིས་ཤེས་རབ་དང༌། ཐབས་བསྒོམས་པས་རིམ་གྱིས་བསྒོམ་པས་སྤང་བར་བྱ་བའི་སྒྲིབ་པ་བསགས་པ་ཕྲ་བ་བས་ཀྱང་ཆེས་ཕྲ་བ་བྱང་བའི་ཕྱིར་དང༌། ཡོན་ཏན་ཁྱད་པར་ཅན་གོང་མ་གོང་མ་ཐོབ་པའི་ཕྱིར་ས་འོག་མ་རྣམས་ཡོངས་སུ་སྦྱོང་བས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བར་ལ་ཞུགས་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱ་མཚོར་འཇུག་ཅིང་དགོས་པ་ཡོངས་སུ་འགྲུབ་པའི་དམིགས་པ་ཡང་འཐོབ་སྟེ། འདི་ལྟར་རིམ་པ་ཁོ་ནར་སེམས་ཀྱི་རྒྱུད་ཡོངས་སུ་དག་པར་འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་བཀའ་སྩལ་ཏོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང༌། རིམ་གྱིས་ས་གོང་མ་གོང་མ་རྣམས་སུ་གསེར་ལྟ་བུར་སེམས་རྣམ་པར་སྦྱོང་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་གསུངས་སོ། །

ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱ་མཚོར་ཞུགས་པ་ན་ཡིད་བཞིན་གྱི་ནོར་བུ་ལྟ་བུར་སེམས་ཅན་མཐའ་དག་ཉེ་བར་འཚོ་བའི་ཡོན་ཏན་གྱི་ཕུང་པོ་དང་ནི་ལྡན། སྔོན་གྱི་སྨོན་ལམ་གྱི་འབྲས་བུ་ཡོད་པར་ནི་མཛད། ཐུགས་རྗེ་ཆེན་པོའི་རང་བཞིན་དུ་ནི་འགྱུར། ལྷུན་གྱིས་གྲུབ་པའི་ཐབས་སྣ་ཚོགས་དག་དང་ལྡན། སྤྲུལ་པ་དཔག་ཏུ་མེད་པ་དག་གིས་འགྲོ་བ་མ་ལུས་པའི་དོན་རྣམ་པ་ཐམས་ཅད་ནི་མཛད། ཡོན་ཏན་ཕུན་སུམ་ཚོགས་པ་མ་ལུས་པ་རབ་ཀྱི་མཐར་ཕྱིན་པར་ནི་གྱུར། བག་ཆགས་དང་བཅས་པའི་ཉེས་པའི་དྲི་མ་མཐའ་དག་བསལ་ནས། སེམས་ཅན་གྱི་ཁམས་ཀྱི་མཐས་གཏུགས་པར་བཞུགས་པ་ཡིན་པར་རྟོགས་པ་དང་ལྡན་པས་སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་མཐའ་དག་གི་འབྱུང་གནས་ལ་དད་པ་བསྐྱེད་ལ་ཡོན་ཏན་དེ་ཡོངས་སུ་བསྒྲུབ་པའི་ཕྱིར་བདག་ཉིད་ཐམས་ཅད་ཀྱིས་འབད་པར་བྱའོ། །

དེ་བས་ན་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །

དམ་པ་ཕྲག་དོག་ལ་སོགས་དྲི་མ་ཐག་བསྲིངས་པ། །ཡོན་ཏན་རྣམས་ཀྱིས་མི་ངོམས་ཆུ་ཡི་མཚོ་འདྲ་དག། རྣམ་པར་ཕྱེ་ནས་ལེགས་པར་བཤད་རྣམས་འཛིན་བྱེད་དེ། །ངང་པ་རབ་དགའ་ཆུ་ལས་འོ་མ་ལེན་པ་བཞིན། །དེ་ལྟ་བས་ན་མཁས་རྣམས་ཀྱིས།།
ཕྱོགས་ལྷུང་དཀྲུགས་ཡིད་རིང་སྤོངས་ལ། །བྱིས་པ་ལས་ཀྱང་ལེགས་བཤད་པ། །ཐམས་ཅད་བླང་པ་ཁོ་ནར་བྱ། །དེ་ལྟར་དབུ་མའི་ལམ་བཤད་པས། །བདག་གིས་བསོད་ནམས་གང་ཐོབ་པ། །དེ་ཡིས་སྐྱེ་བོ་མ་ལུས་པ། །དབུ་མའི་ལམ་ནི་ཐོབ་པར་ཤོག །བསྒོམ་པའི་རིམ་པ་ཨཱ་ཙཱརྱ་ཀ་མ་ལ་ཤཱི་ལས་བར་དུ་མཛད་པ་རྫོགས་སོ།། །།

རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང༌། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།


བསྔོ་བ།
सभ सर्व मंगलम
སབྷ། སརྦ། མངྒ་ལཾ།
साधु साधु साधु
དེ་དེ་བཞིན་ནོ། དེ་དེ་བཞིན་ནོ། དེ་དེ་བཞིན་ནོ།

For corrections or suggestions contact tsering.karma@gmail.com
I encourage you to download these pages for OFF line study; Explorer: File Save As