༈ རྒྱ་གར་སྐད་དུ། བོ་དྷི་པའ་ཐ་པྲ་དའི་པཾ། བོད་སྐད་དུ། བྱང་ཆུབ་ལམ་གྱི་སྒྲོན་མ།

བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ༎
དུས་གསུམ་རྒྱལ་བ་ཐམས་ཅད་དག་དང་དེའི་ཆོས་དང༌༎
དགེ་འདུན་རྣམས་ལ་གུས་པ་ཆེན་པོས་ཕྱག་བྱས་ཏེ༎
སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས༎
བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ༎

ཆུང་ངུ་འབྲིང་དང་མཆོག་གྱུར་པས༎ སྐྱེས་བུ་གསུམ་དུ་ཤེས་པར་བྱ༎
དེ་དག་མཚན་ཉིད་རབ་གསལ་བ༎ སོ་སོའི་དབྱེ་བ་བྲི་བར་བྱ༎

གང་ཞིག་ཐབས་ནི་གང་དག་གིས༎ འཁོར་བའི་བདེ་བ་ཙམ་དག་ལ༎
རང་ཉིད་དོན་དུ་གཉེར་བྱེད་པ༎ དེ་ནི་སྐྱེས་བུ་ཐ་མར་ཤེས༎

སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌༎ སྡིག་པའི་ལས་ལས་ལྡོག་བདག་ཉིད༎
གང་ཞིག་རང་ཞི་ཙམ་དོན་གཉེར༎ སྐྱེས་བུ་དེ་ནི་འབྲིང་ཞེས་བྱ༎

རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས༎ གང་ཞིག་གཞན་གྱི་སྡུག་བསྔལ་ཀུན༎
ཡང་དག་ཟད་པར་ཀུན་ནས་འདོད༎ སྐྱེས་བུ་དེ་ནི་མཆོག་ཡིན་ནོ༎

སེམས་ཅན་དམ་བ་བྱང་ཆུབ་མཆོག༎ འདོད་པར་གྱུར་བ་དེ་དག་ལ༎
བླ་མ་རྣམས་ཀྱིས་བསྟན་པ་ཡི༎ ཡང་དག་ཐབས་ནི་བཤད་པར་བྱ༎

རྫོགས་སངས་བྲིས་སྐུ་ལ་སོགས་དང༌༎ མཆོད་རྟེན་དམ་པ་མངོན་ཕྱོགས་ནས༎
མེ་ཏོག་བདུག་སྤོས་དངོས་པོ་དག༎ ཅི་འབྱོར་པ་ཡི་མཆོད་པ་བྱ༎
ཀུན་བཟང་སྤྱོད་ལས་གསུངས་པ་ཡི༎ མཆོད་པ་རྣམ་པ་བདུན་དག་ཀྱང༌༎

བྱང་ཆུབ་སྙིང་པོའི་མཐར་ཐུག་པར༎ མི་ལྡོག་པ་ཡི་སེམས་དག་གིས༎
དཀོན་མཆོག་གསུམ་ལ་རབ་དད་ཅིང༌༎ པུས་མོའི་ལྷ་ང་སར་བཙུགས་ནས༎
ཐལ་མོ་སྦྱར་བ་བྱས་ནས་ནི༎ དང་པོར་སྐྱབས་འགྲོ་ལན་གསུམ་བྱ༎

དེ་ནས་སེམས་ཅན་ཐམས་ཅད་ལ༎ བྱམས་པའི་སེམས་ནི་སྔོན་འགྲོ་བས༎
ངན་སོང་གསུམ་དུ་སྐྱེ་སོགས་དང༌༎ འཆི་འཕོ་སོགས་ཀྱིས་སྡུག་བསྔལ་བའི༎
འགྲོ་བ་མ་ལུས་ལ་བལྟས་ཏེ༎ སྡུག་བསྔལ་གྱིས་ནི་སྡུག་བསྔལ་བ༎
སྡུག་བསྔལ་སྡུག་བསྔལ་རྒྱུ་མཚན་ལས༎ འགྲོ་བ་ཐར་པར་འདོད་པ་ཡིས༎

ལྡོག་པ་མེད་པར་དམ་འཆའ་བའི༎ བྱང་ཆུབ་སེམས་ནི་བསྐྱེད་པར་བྱ༎

དེ་ལྟར་སྨོན་པའི་སེམས་དག་ནི༎ བསྐྱེད་པའི་ཡོན་ཏན་གང་ཡིན་པ༎
དེ་ནི་སྡོང་པོ་བཀོད་པ་ཡི༎ མདོ་ལས་བྱམས་པས་རབ་ཏུ་བཤད༎

དེ་ཡི་མདོ་ཀློག་པའམ་བླ་མ་ལ་མཉན་ཏེ༎ རྫོགས་པའི་བྱང་ཆུབ་སེམས་ཀྱི་ཡོན་ཏན་མཐའ་མེད་པ༎
རྣམ་པར་ཤེས་པར་བྱས་ལ་དེ་ནས་རྒྱུ་མཚན་དུ༎ དེ་ལྟར་ཡང་དང་ཡང་དུ་སེམས་ནི་བསྐྱེད་པར་བྱ༎
དཔའ་སྦྱིན་གྱིས་ཞུས་མདོ་དག་ལས༎ འདི་ཡི་བསོད་ནམས་རབ་བསྟན་པ༎
གང་དེ་ཚིགས་བཅད་གསུམ་ཙམ་དུ༎ མདོར་བསྡུས་འདིར་ནི་བྲི་པར་བྱ༎
བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌༎ དེ་ལ་གལ་ཏེ་གཟུགས་མཆིས་ན༎
ནམ་མཁའི་ཁམས་ནི་ཀུན་གང་སྟེ༎ དེ་ནི་དེ་བས་ལྟག་པར་འགྱུར༎
གངྒའི་བྱེ་མའི་གྲངས་སྙེད་ཀྱི༎ སངས་རྒྱས་ཞིང་རྣམས་མི་གང་གིས༎
རིན་ཆེན་དག་གིས་ཀུན་བཀང་སྟེ༎ འཇིག་རྟེན་མགོན་ལ་ཕུལ་བ་བས༎
གང་གིས་ཐལ་མོ་སྦྱར་བགྱིས་ཏེ༎ བྱང་ཆུབ་ཏུ་ནི་སེམས་བཏུད་ན༎
མཆོད་པ་འདི་ནི་ཁྱད་པར་འཕགས༎ དེ་ལ་མཐའ་ནི་མ་མཆིས་སོ༎

བྱང་ཆུབ་སྨོན་པའི་སེམས་དག་བསྐྱེད་ནས་ནི༎ འབད་པ་མང་པོས་ཀུན་དུ་སྤེལ་བྱ་ཞིང༌༎
འདི་ནི་སྐྱེ་བ་གཞན་དུ་འང་དྲན་དོན་དུ༎ ཇི་སྐད་བཤད་པའི་བསླང་བའང་ཡོངས་སུ་བསྲུང༌༎

འཇུག་སེམས་བདག་ཉིད་སྡོམ་པ་མ་གཏོགས་པར༎ ཡང་དག་སྨོན་པ་འཕེལ་བར་འགྱུར་མ་ཡིན༎
རྫོགས་པའི་བྱང་ཆུབ་སྨོན་པ་འཕེལ་འདོད་པས༎ དེ་ཕྱིར་འབད་པས་འདི་ནི་ངེས་པར་བླང༌༎

སོ་སོར་ཐར་པ་རིགས་བདུན་གྱི༎ རྟག་ཏུ་སྡོམ་གཞན་ལྡན་པ་དང༌༎
བྱང་ཆུབ་སེམས་དཔའི་སྡོམ་པ་ཡི༎ སྐལ་པ་ཡོད་ཀྱི་གཞན་དུ་མིན༎

སོ་སོར་ཐར་པ་རིས་བདུན་དང༌༎ དེ་བཞིན་གཤེགས་པས་བཤད་པ་ལ༎
ཚངས་སྤྱོད་དཔལ་ནི་མཆོག་ཡིན་ཏེ༎ དགེ་སློང་སྡོམ་པ་དག་ཏུ་བཞེད༎

བྱང་ཆུབ་སེམས་དཔའི་ས་དག་གི༎ ཚུལ་ཁྲིམས་ལེགས་གསུངས་ཆོ་ག་ཡིས༎
ཡང་དག་མཚན་ཉིད་ལྡན་པ་ཡི༎ བླ་མ་བཟང་ལས་སྡོམ་པ་བླང༌༎
སྡོམ་པའི་ཆོག་ལ་མཁས་དང༌༎ བདག་ཉིད་གང་ཞིག་སྡོམ་ལ་གནས༎
སྡོམ་པ་འབོགས་བཟོད་སྙིང་རྗེར་ལྡན༎ བླ་མ་བཟང་པོར་ཤེས་པར་བྱ༎

དེ་ལ་འབད་པས་འདི་འདྲ་བའི༎ གལ་ཏེ་བླ་མ་མ་རྙེད་ན༎
དེ་ལས་གཞན་སྡོམ་ནོད་པ་ཡི༎ ཆོ་ག་ཡང་དག་བཤད་པར་བྱ༎
དེ་ལ་སྔོན་ཚེ་འཇམ་པའི་དཔལ༎ ཨ་བ་རའ་ཛར་གྱུར་པ་ཡིས༎
ཇི་ལྟར་བྱང་ཆུབ་ཐུགས་བསྐྱེད་པ༎ འཇམ་དཔལ་གྱི་ནི་སངས་རྒྱས་ཞིང༌༎
རྒྱན་གྱི་མདོ་ལས་བཤད་པ་ལྟར༎ དེ་བཞིན་འདིར་ནི་རབ་གསལ་བྲི༎

མགོན་པོ་རྣམས་ཀྱི་སྤྱན་སྔ་རུ༎ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ཅིང༌༎
འགྲོ་བ་ཐམས་ཅད་མགྲོན་དུ་གཉེར༎ དེ་དག་འཁོར་བ་ལས་བསྒྲོལ་ལོ༎

གནོད་སེམས་ཁྲོ་བའི་སེམས་ཉིད་དང༌༎ སེར་སྣ་དང་ནི་ཕྲག་དོག་ཉིད༎
དེང་ནས་བཟུང་ནས་བྱང་ཆུབ་མཆོག༎ ཐོབ་ཀྱི་བར་དུ་མི་བྱའོ༎
ཚངས་པར་སྤྱོད་པ་སྤྱད་བྱ་ཞིང༌༎ སྡིག་དང་འདོད་པ་སྤང་བར་བྱ༎
ཚུལ་ཁྲིམས་སྡོམ་པ་ལ་དགའ་བས༎ སངས་རྒྱས་རྗེས་སུ་བསླབ་པར་བྱ༎

བདག་ཉིད་མྱུར་བའི་ཚུལ་གྱིས་ནི༎ བྱང་ཆུབ་ཐོབ་པར་མི་སྤྲོ་ཞིང༌༎
སེམས་ཅན་གཅིག་གི་རྒྱུ་ཡིས་ནི༎ ཕྱི་མའི་མུ་མཐར་གནས་པར་བགྱི༎

ཚད་མེད་བསམ་གྱིས་མི་ཁྱབ་པའི༎ ཞིང་དག་རྣམ་པར་སྦྱང་བར་བྱ༎
མིང་ནས་གཟུང་བ་བྱས་པ་དང༎ ཕྱོགས་བཅུ་དག་ཏུ་རྣམ་པར་གནས༎
བདག་གི་ལུས་དང་ངག་གི་ལས༎ ཐམས་ཅད་དུ་ནི་དག་པར་བྱ༎
ཡིད་ཀྱི་ལས་ཀྱང་དག་བྱ་སྟེ༎ མི་དགེའི་ལས་རྣམས་མི་བྱའོ༎

རང་གི་ལུས་ངག་སེམས་ནི་རྣམ་དག་རྒྱུ༎ འཇུག་པའི་སེམས་ཀྱི་བདག་ཉིད་སྡོམ་གནས་པ༎
ཚུལ་ཁྲིམས་བསླབ་པ་གསུམ་ལ་ལེགས་བསླབས་པས༎ ཚུལ་ཁྲིམས་བསླབ་པ་གསུམ་ལ་གུས་ཆེར་འགྱུར༎

དེ་བས་རྣམ་དག་རྫོགས་བྱང་ཆུབ༎ སེམས་དཔའི་སྡོམ་པའི་སྡོམ་དག་ནི༎
འབད་པར་བྱས་པས་རྫོགས་བྱང་ཆུབ༎ ཚོགས་ནི་ཡོངས་སུ་རྫོགས་པར་འགྱུར༎

བསོད་ནམས་ཡེ་ཤེས་རང་བཞིན་གྱི༎ ཚོགས་ནི་ཡོངས་སུ་རྫོགས་པ་ཡི༎
རྒྱུ་ནི་སངས་རྒྱས་ཐམས་ཅད་དག༎ མངོན་ཤེས་སྐྱེད་པ་ཉིད་དུ་བཞེད༎
ཇི་ལྟར་འདབ་གཤོག་མ་སྐྱེས་པའི༎ བྱ་ནི་མཁའ་ལ་འཕུར་མི་ནུས༎
དེ་བཞིན་མངོན་ཤེས་སྟོབས་བྲལ་བས༎ སེམས་ཅན་དོན་བྱེད་ནུས་པ་མིན༎
མངོན་ཤེས་ལྡན་པའི་ཉིན་མཚན་གྱི༎ བསོད་ནམས་དག་ནི་གང་ཡིན་ཏེ༎
མངོན་ཤེས་དག་དང་བྲལ་གྱུར་ལ༎ སྐྱེ་བ་བརྒྱར་ཡང་ཡོད་མ་ཡིན༎
མྱུར་དུ་རྫོགས་པའི་བྱང་ཆུབ་ཚོགས༎ ཡོངས་སུ་རྫོགས་པར་འདོད་གྱུར་པ༎
དེས་ནི་འབད་བྱས་མངོན་ཤེས་དག༎ འགྲུབ་པར་འགྱུར་གྱི་ལེ་ལོས་མིན༎
ཞི་གནས་གྲུབ་པ་མ་ཡིན་པས༎ མངོན་ཤེས་འབྱུང་བར་མི་འགྱུར་བས༎
དེ་ཕྱིར་ཞི་གནས་བསྒྲུབ་པའི་ཕྱིར༎ ཡང་དང་ཡང་དུ་འབད་པར་བྱ༎

ཞི་གནས་ཡན་ལག་རྣམ་ཉམས་པས༎ རབ་ཏུ་འབད་དེ་བསྒོམས་བྱས་ཀྱང༌༎
ལོ་ནི་སྟོང་ཕྲག་དག་གིས་ཀྱང༌༎ ཏིང་འཛིན་འགྲུབ་པར་མི་འགྱུར་རོ༎

དེ་ཕྱིར་ཏིང་འཛིན་ཚོགས་ལེའུ་ལས༎ གསུངས་པའི་ཡན་ལག་ལ་ལེགས་གནས༎
དམིགས་པ་གང་རུང་གཅིག་ལ་ཡང༌༎ ཡིད་ནི་དགེ་ལ་གཞག་པར་བྱ༎

རྣལ་འབྱོར་ཞི་གནས་གྲུབ་གྱུར་ན༎ མངོན་ཤེས་དག་ཀྱང་འགྲུབ་པར་འགྱུར༎

ཤེས་རབ་ཕ་རོལ་ཕྱིན་སྦྱོར་དང༌༎ བྲལ་བས་སྒྲིབ་པ་ཟད་མི་འགྱུར༎
དེ་ཕྱིར་ཉོན་མོངས་ཤེས་བྱ་ཡི༎ སྒྲིབ་པ་མ་ལུས་སྤང་བའི་ཕྱིར༎
ཤེས་རབ་ཕ་རོལ་ཕྱིན་རྣལ་འབྱོར༎ རྟག་ཏུ་ཐབས་བཅས་བསྒོམ་པར་བྱ༎

ཐབས་དང་བྲལ་བའི་ཤེས་རབ་དང༌༎ ཤེས་རབ་བྲལ་བའི་ཐབས་དག་ཀྱང༌༎
གང་ཕྱིར་འཆིང་བ་ཞེས་གསུངས་པ༎ དེ་ཕྱིར་གཉིས་ཀ་སྤང་མི་བྱ༎

ཤེས་རབ་གང་དང་ཐབས་གང་ཞེས༎ ཐེ་ཚོམ་དག་ནི་སྤང་བྱའི་ཕྱིར༎
ཐབས་རྣམས་དང་ནི་ཤེས་རབ་ཀྱི༎ ཡང་དག་དབྱེ་བ་གསལ་བར་བྱ༎

ཤེས་རབ་ཕ་རོལ་ཕྱིན་སྤངས་པའི༎ སྦྱིན་པའི་ཕ་རོལ་ཕྱིན་ལ་སོགས༎
དགེ་བའི་ཚོགས་རྣམས་ཐམས་ཅད་དག༎ རྒྱལ་བ་རྣམས་ཀྱི་ཐབས་སུ་བཤད༎

ཐབས་བསྒོམས་དབང་གིས་བདག་ཉིད་ཀྱིས༎ གང་ཞིག་ཤེས་རབ་རྣམ་བསྒོམ་པ༎
དེ་ནི་བྱང་ཆུབ་མྱུར་དུ་ཐོབ༎ བདག་མེད་གཅིག་པུ་བསྒོམས་པས་མིན༎

ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས༎ སྐྱེ་བ་མེད་པར་རྟོགས་གྱུར་པའི༎
རང་བཞིན་སྟོང་ཉིད་ཤེས་པ་ནི༎ ཤེས་རབ་ཅེས་ནི་ཡོངས་སུ་བཤད༎

ཡོད་པ་སྐྱེ་བ་རིགས་མིན་ཏེ༎ མེད་པའང་ནམ་མཁའི་མེ་ཏོག་བཞིན༎
ཉེས་པ་གཉིས་ཀར་ཐལ་འགྱུར་ཕྱིར༎ གཉིས་ཀ་དག་ཀྱང་འབྱུང་བ་མིན༎

དངོས་པོ་རང་ལས་མི་སྐྱེ་ཞིང༌༎ གཞན་དང་གཉིས་ཀ་ལས་ཀྱང་མིན༎
རྒྱུ་མེད་ལས་མིན་དེ་ཡི་ཕྱིར༎ ངོ་བོ་ཉིད་ཀྱིས་རང་བཞིན་མེད༎

ཡང་ན་ཆོས་རྣམས་ཐམས་ཅད་དག༎ གཅིག་དང་དུ་མས་རྣམ་དཔྱད་ན༎
ངོ་བོ་ཉིད་ནི་མི་དམིགས་པས༎ རང་བཞིན་མེད་པ་ཉིད་དུ་ངེས༎

སྟོང་ཉིད་བདུན་ཅུའི་རིགས་པ་དང༌༎ དབུ་མ་རྩ་བ་སོགས་ལས་ཀྱང༌༎
དངོས་པོ་རྣམས་ཀྱི་རང་བཞིན་གྱི༎ སྟོང་པ་ཉིད་ནི་གྲུབ་བཤད་པ༎
གང་ཕྱིར་གཞུང་ནི་མང་གྱུར་བས༎ དེ་ཕྱིར་འདིར་ནི་མ་སྤྲོས་ལ༎
གྲུབ་པའི་གྲུབ་མཐའ་ཙམ་ཞིག་ཏུ༎ བསྒོམ་པའི་ཕྱིར་ནི་རབ་ཏུ་བཤད༎

དེ་བས་ཆོས་རྣམས་མ་ལུས་པའི༎ རང་བཞིན་དག་ནི་མི་དམིགས་པས༎
བདག་མེད་པར་ནི་བསྒོམ་གང་ཡིན༎ དེ་ཉིད་ཤེས་རབ་བསྒོམ་པ་ཡིན༎
ཤེས་རབ་ཀྱིས་ནི་ཆོས་རྣམས་ཀུན༎ གང་གི་རང་བཞིན་མ་མཐོང་ཞིང༌༎
ཤེས་རབ་དེ་ཉིད་རིག་བཤད་པ༎ རྣམ་རྟོག་མེད་པར་དེ་བསྒོམ་བྱ༎

རྣམ་རྟོག་ལས་བྱུང་སྲིད་པ་འདི༎ རྣམ་པར་རྟོག་པའི་བདག་ཉིད་དེ༎
དེ་ཕྱིར་མ་ལུས་རྟོགས་སྤངས་པ༎ མྱ་ངན་འདས་པ་མཆོག་ཡིན་ནོ༎

དེ་ལྟར་ཡང་ནི་བཅོམ་ལྡན་འདས་ཀྱིས༎ རྣམ་རྟོག་མ་རིག་ཆེན་པོ་སྟེ༎
འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད༎ རྟོག་མེད་ཏིང་འཛིན་ལ་གནས་པ༎
ནམ་མཁའ་བཞིན་དུ་རྟོག་མེད་གསལ༎ ཞེས་གསུངས་སོ༎
རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས་ཀྱང༌༎
དམ་ཆོས་འདི་ལ་རྒྱལ་བའི་སྲས༎ རྣམ་པར་མི་རྟོག་བསམས་གྱུར་ན༎
རྣམ་རྟོག་བགྲོད་དཀའ་རྣམས་འདས་ཏེ༎

རིམ་གྱིས་མི་རྟོག་ཐོབ་པར་འགྱུར༎ ཞེས་གསུངས་སོ༎
ལུང་དང་རིགས་པ་དག་གིས་ནི༎ ཆོས་རྣམས་ཐམས་ཅད་སྐྱེ་མེད་པའི༎
རང་བཞིན་མེད་པ་ངེས་བྱས་ནས༎ རྣམ་པར་རྟོག་མེད་བསྒོམ་པར་བྱ༎
དེ་ལྟར་དེ་ཉིད་བསྒོམ་བྱས་ནས༎

རིམ་གྱིས་དྲོད་སོགས་ཐོབ་བྱས་ནས༎
རབ་དགའ་ལ་སོགས་ཐོབ་འགྱུར་ཏེ༎
སངས་རྒྱས་བྱང་ཆུབ་ཡུན་མི་རིང༌༎

སྔགས་མཐུ་ཉིད་ལས་གྲུབ་པ་ཡི༎ ཞི་དང་རྒྱས་སོགས་ལས་རྣམས་ཀྱིས༎
བུམ་པ་བཟང་གྲུབ་ལ་སོགས་པ༎ གྲུབ་ཆེན་བརྒྱད་སོགས་སྟོབས་ཀྱིས་ཀྱང༌༎
བདེ་བ་ཡིས་ནི་བྱང་ཆུབ་ཚོགས༎ ཡོངས་སུ་རྫོགས་པར་འདོད་པ་དང༌༎
བྱ་བ་སྤྱོད་སོགས་རྒྱུད་གསུངས་པའི༎ གལ་ཏེ་གསང་སྔགས་སྤྱོད་འདོད་ན༎

དེ་ཚེ་སློབ་དཔོན་དབང་བསྐུར་ཕྱིར༎ བསྙེན་བཀུར་རིན་ཆེན་སོགས་སྦྱིན་དང༌༎
དཀའ་སྒྲུབ་ལ་སོགས་ཐམས་ཅད་ཀྱིས༎ བླ་མ་དམ་པ་མཉེས་པར་བྱ༎
བླ་མ་མཉེས་པར་གྱུར་པ་ཡིས༎ ཡོངས་རྫོགས་སློབ་དཔོན་དབང་བསྐུར་བས༎
སྡིག་ཀུན་རྣམ་དག་བདག་ཉིད་ནི༎ དངོས་གྲུབ་སྒྲུབ་པའི་སྐལ་ལྡན་འགྱུར༎

དང་པོ་སངས་རྒྱས་རྒྱུད་ཆེན་ལས༎ རབ་ཏུ་འབད་པས་བཀག་པའི་ཕྱིར༎
གསང་བ་ཤེས་རབ་དབང་བསྐུར་ནི༎ ཚངས་པར་སྤྱོད་པས་བླང་མི་བྱ༎
གལ་ཏེ་དབང་བསྐུར་དེ་འཛིན་ན༎ ཚངས་སྤྱོད་དཀའ་ཐུབ་ལ་གནས་པས༎
བཀག་པ་སྤྱད་པར་འགྱུར་བའི་ཕྱིར༎ དཀའ་ཐུབ་སྡོམ་པ་དེ་ཉམས་ཏེ༎
བརྟུལ་ཞུགས་ཅན་དེ་ཕམ་པ་ཡི༎ ལྟུང་བ་དག་ནི་འབྱུང་འགྱུར་ཞིང༌༎
དེ་ནི་ངན་སོང་ངེས་ལྷུང་བས༎ གྲུབ་པ་ཡང་ནི་ཡོད་མ་ཡིན༎

རྒྱུད་ཀུན་ཉན་དང་འཆད་པ་དང༌༎ སྦྱིན་སྲེག་མཆོད་སྦྱིན་སོགས་བྱེད་པ༎
སློབ་དཔོན་དབང་བསྐུར་རྙེད་འགྱུར་ཞིང༌༎ དེ་ཉིད་རིག་ལ་ཉེས་པ་མེད༎

གནས་བརྟན་མར་མེ་མཛད་དཔལ་གྱིས༎ མདོ་སོགས་ཆོས་ལས་བཤད་མཐོང་བ༎
བྱང་ཆུབ་འོད་ཀྱིས་གསོལ་བཏབ་ནས༎ བྱང་ཆུབ་ལམ་བཤད་མདོར་བསྡུས་བྱས༎

བྱང་ཆུབ་ལམ་གྱི་སྒྲོན་མ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ༎ ༎

རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙའ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཞིང་གཏན་ལ་ཕབ་པ། ཆོས་འདི་ནི་ཞང་ཞུང་གི་ཐོ་ལིང་གཙུག་ལག་ཁང་དུ་མཛད་པའོ༎ ༎


བསྔོ་བ།
सभ सर्व मंगलम
སབྷ། སརྦ། མངྒ་ལཾ།
साधु साधु साधु
དེ་དེ་བཞིན་ནོ། དེ་དེ་བཞིན་ནོ། དེ་དེ་བཞིན་ནོ།

For corrections or suggestions contact tsering.karma@gmail.com
I encourage you to download these pages for OFF line study; Explorer: File Save As