༈ ཟབ་ལམ་བླ་མ་མཆོད་པའི་ཆོ་ག་བཞུགས་སོ།།

རྒྱུན་ཆགས་གསུམ་པ་བཞུགས་སོ།

༈ སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། མཆོད་དོ་སྐྱབས་སུ་མཆིའོ། གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། གྲགས་པ་འཇིག་རྟེན་གསུམ་ལ་ལྷམ་མེ་བ། མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། ཐམས་ཅད་མཁྱེན་པས་སྟོན་པ་པོ། བསོད་ནམས་ཡོན་ཏན་རྒྱ་མཚོ་ཞིང༌། དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། དག་པས་འདོད་ཆགས་བྲལ་བ་གྱུར། དགེ་བས་ངན་སོང་ལས་གྲོལ་ཞིང༌། གཅིག་ཏུ་དོན་དམ་མཆོག་གྱུར་པ། ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། བསླབ་པ་དག་ལ་རབ་ཏུ་གནས། ཞིང་གི་དམ་པ་ཡོན་ཏན་ལྡན། དགེ་འདུན་ལ་ཡང་ཕྱག་འཚལ་ལོ། སྡིག་པ་ཅི་ཡང་མི་བྱ་ཞིང༌། དགེ་བ་ཕུན་སུམ་ཚོགས་པ་སྤྱད། རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པ་ཡིན། སྐར་མ་རབ་རིབ་མར་མེ་དང༌། སྒྱུ་མ་ཟིལ་པ་ཆུ་བུར་དང༌། རྨི་ལམ་གློག་དང་སྤྲིན་ལྟ་བུ། འདུས་བྱས་ཆོས་རྣམས་དེ་ལྟར་ལྟ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཡི། གོ་འཕང་ཐོབ་ནས་སྐྱོན་གྱི་དགྲ་བཏུལ་ཏེ། རྒ་དང་ན་དང་འཆི་བའི་རླབས་འཁྲུག་པའི། སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བ་ཤོག།

༈ ཐུབ་པའི་བསྟོད་པ་ཐབས་མཁས་ཐུགས་རྗེ་མ།

ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་སུ་འཁྲུངས། གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས། བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་མཛད་ཅིང་། དུས་འདིར་མཛད་པ་རྒྱ་ཆེན་འགྲོ་བ་ཡི། མགོན་གྱུར་ཁྱོད་ལ་བདག་གིས་བསྟོད་པར་བགྱི། ལྷ་རྣམས་འདུལ་མཛད་གདུལ་བའི་དུས་མཁྱེན་ནས། ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཏེ། རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་གྱི། ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ། ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་དེ། བཀྲ་ཤིས་ལུམྦིའི་ཚལ་དུ་བལྟམས་པའི་ཚེ། ཚངས་དང་བརྒྱ་བྱིན་གྱིས་བསྟོད་མཚན་མཆོག་གི། བྱང་ཆུབ་རིགས་སུ་ངེས་ལ་ཕྱག་འཚལ་ལོ། གཞོན་ནུ་སྟོབས་ལྡན་མི་ཡི་སེང་གེ་དེ། ཨངྒ་མ་ག་དྷར་ནི་སྒྱུ་རྩལ་བསྟན། སྐྱེ་བོ་དྲེགས་པ་ཅན་རྣམས་ཚར་བཅད་ནས། འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ། འཇིག་རྟེན་ཆོས་དང་མཐུན་པར་བྱ་བ་དང་། ཁ་ན་མ་ཐོ་སྤང་ཕྱིར་བཙུན་མོ་ཡི། འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡིས། རྒྱལ་སྲིད་སྐྱོང་བར་མཛད་ལ་ཕྱག་འཚལ་ལོ། འཁོར་བའི་བྱ་བར་སྙིང་པོ་མེད་གཟིགས་ནས། ཁྱིམ་ནས་བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང་། མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལས་ཉིད། རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ། བརྩོན་པས་བྱང་ཆུབ་འགྲུབ་པར་དགོངས་ནས་ནི། ནེེ་རཉྫནའི་འགྲམ་དུ་ལོ་དྲུག་ཏུ། དཀའ་བ་སྤྱད་ནས་བརྩོན་འགྲུས་མཐར་ཕྱིན་ཏེ། བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ། ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར། མ་ག་དྷ་ཡི་བྱང་ཆུབ་ཤིང་དྲུང་དུ། སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ནས། བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ནི། ཝཱ་རཱ་ཎ་སི་ལ་སོགས་གནས་མཆོག་ཏུ། ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས། ཐེག་པ་གསུམ་ལ་འགོད་མཛད་ལ་ཕྱག་འཚལ། གཞན་གྱི་རྒོལ་བ་ངན་པ་ཚར་གཅད་ཕྱིར། མུ་སྟེགས་སྟོན་པ་དྲུག་དང་ལྷས་བྱིན་སོགས། འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ། ཐུབ་པ་གཡུལ་ལས་རྒྱལ་ལ་ཕྱག་འཚལ་ལོ། སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱིས། མཉན་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན། ལྷ་མི་འགྲོ་བ་ཀུན་གྱིས་རབ་མཆོད་པས། བསྟན་པ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། རྩཱ་མཆོག་གྲོང་གི་ས་གཞི་གཙང་མ་རུ། འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་གཤེགས་ནས། མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། ཡང་དག་ཉིད་དུ་འཇིག་པ་མེད་ཕྱིར་དང་། མ་འོངས་སེམས་ཅན་བསོད་ནམས་བསགས་བྱའི་ཕྱིར། དེ་ཉིད་དུ་ནི་རིང་བསྲེལ་མང་སྤྲུལ་ནས། སྐུ་གདུང་ཆ་བརྒྱད་མཛད་ལ་ཕྱག་འཚལ་ལོ། དེ་ལྟར་བསྟན་པའི་བདག་པོ་བཅོམ་ལྡན་གྱིས། མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པ་ཡི། དགེ་བས་འགྲོ་བ་ཀུན་གྱི་སྤྱོད་པ་ཡང་། བདེ་གཤེགས་ཉིད་ཀྱི་སྤྱོད་དང་མཚུངས་པར་ཤོག། ཅེས་པའང་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།

༈ དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་བྱ་བ་བཞུགས་སོ།

འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པའི། སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ། རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི། ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ། རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན། རྟེན་འབྱུང་རིག་ཚུལ་ཟབ་མོས་གསལ་མཁས་པ། རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ། འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། དེ་སྲས་ཐུ་བོ་མཁས་ཤིང་གྲུབ་པའི་མཆོག། ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན། ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་ནོར་དཔལ། རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས། འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན། བཏགས་ཡོད་མིང་རྐྱང་ཙམ་གྱི་ཟབ་མོའི་གནད། གསལ་མཛད་གྲུབ་པ་མཆོག་གི་སར་གཤེགས་པ། སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས། བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང༌། ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི། གྲུབ་མཐའི་སྲོལ་བཏོད་ཡོངས་རྫོགས་པཎྜི་ཏ། སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས། རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་ཉིད་ཀྱིས། མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ཚུལ། ཟབ་རྒྱས་འདོམས་མཁས་མདོ་སྔགས་ཡོངས་རྫོགས་ལམ། རྒྱས་མཛད་ཟླ་བ་གྲགས་པར་གསོལ་བ་འདེབས། ངོ་མཚར་རྨད་བྱུང་སྙིང་རྗེ་ཆེན་པོའི་ལམ། ཟབ་དང་རྒྱ་ཆེའི་རིག་ཚུལ་རྣམ་མང་གིས། སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ། རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས། གདུལ་བྱའི་ཁམས་བཞིན་གཉིས་སྟོང་དབུ་མའི་ལམ། སྲོལ་བཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང༌། ཁ་བའི་ལྗོངས་སུ་རྒྱལ་བསྟན་སྤེལ་མཛད་པ། མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། མཐའ་བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང༌། སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས། གངས་ལྗོངས་རྒྱལ་བསྟན་འཁྲུལ་མེད་གསལ་མཛད་པ། པད་མའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས། བྱམས་པས་རྗེས་བཟུང་ཐེག་ཆེན་སྡེ་སྣོད་ཀུན། ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང༌། རྒྱལ་བའི་ལུང་བཞིན་རྣམ་རིག་ཤིང་རྟའི་སྲོལ། འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས། ཆོས་མངོན་སྡེ་བདུན་གཉིས་སྟོང་སྲོལ་བཟུང་ནས། བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ། ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག། སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས། སྟོན་ཕྱིར་ཚད་མའི་སྒོ་བརྒྱ་ལེགས་ཕྱེ་ནས། རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ། ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། ཕྱི་ནང་ཚད་མའི་གནད་ཀུན་ལེགས་དགོངས་ཤིང༌། མདོ་སེམས་ཟབ་རྒྱས་ལམ་ཀུན་རིགས་ལམ་ནས། ངེས་སྟེར་རྨད་བྱུང་ཆོས་ཚུལ་འདོམས་མཁས་པའི། ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། ཐོགས་མེད་སྐུ་མཆེད་ལས་འོང་ཤེར་ཕྱིན་དོན། ཡོད་མེད་མཐའ་བྲལ་དབུ་མའི་སྲོལ་བཞིན་དུ། རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྦར། འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས། ཡུམ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ། མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ། ཡུམ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པའི། སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས། འདུལ་བ་འབུམ་སྡེའི་དགོངས་དོན་ལེགས་བསྡུས་ནས། ཐམས་ཅད་ཡོད་སྨྲའི་ལུགས་བཞིན་སོ་སོ་ཐར། མ་ནོར་ལེགས་འདོམས་བརྟན་མཁས་མཆོག་གྱུར་པ། ཡོན་ཏན་འོད་ཀྱི་ཞབས་ལ་གསོལ་བ་འདེབས། བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་ལ་དབང༌། འདུལ་བསྟན་དྲི་མེད་རིང་དུ་སྤེལ་བའི་སླད། རྒྱ་ཆེན་གཞུང་དོན་ལེགས་བཀྲལ་འདུལ་འཛིན་མཆོག། ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་འདེབས། ཐུབ་གསུང་ཟབ་རྒྱས་བཀའ་སྲོལ་མ་ལུས་པ། སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ། གངས་ལྗོངས་ཐུབ་བསྟན་སྤེལ་བའི་དྲིན་ཅན་རྗེ། ཇོ་བོ་ཨ་ཏི་ཤཱ་ལ་གསོལ་བ་འདེབས། དེ་ལྟར་འཛམ་གླིང་རྒྱན་གྱུར་མཁས་པའི་ཕུལ། ངོ་མཚར་ལེགས་བཤད་འབྱུང་གནས་མཆོག་རྣམས་ལ། མི་ཕྱེད་དང་བའི་ཡིད་ཀྱིས་གསོལ་བཏབ་པས། བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས། བདེན་བཞིས་འཁོར་བར་འཇུག་ལྡོག་ཇི་བཞིན་ངེས། ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན། ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས། སྡུག་ཀུན་ཉེར་ཞིའི་ཐར་པ་དོན་གཉེར་བའི། ངེས་འབྱུང་བློ་དང་འགྲོ་རྣམས་སྐྱོབ་འདོད་པའི། ཕྱོགས་མཐས་གཏུགས་པའི་སྙིང་རྗེའི་རྩ་བ་ཅན། བཅོས་མིན་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། ཤིང་རྟ་ཆེན་པོའི་གཞུང་གི་དོན་རྣམས་ལ། ཐོས་བསམ་སྒོམ་པས་ཕ་རོལ་ཕྱིན་པ་དང༌། རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ། ངེས་པ་བདེ་བླག་རྙེད་པར་བྱིན་གྱིས་རློབས། སྐྱེ་ཞིང་སྐྱེ་བར་བསླབ་གསུམ་ལྡན་པའི་རྟེན། ལེགས་ཐོབ་བཤད་དང་སྒྲུབ་པས་ལུང་རྟོགས་བསྟན། འཛིན་ཅིང་སྤེལ་ལ་ཤིང་རྟ་ཆེ་རྣམས་དང༌། མཚུངས་པར་བསྟན་ལ་བྱ་བ་བྱེད་པར་ཤོག། འདུས་སྡེ་ཀུན་ཏུ་ཐོས་བསམ་བཤད་སྒྲུབ་ཀྱི། བྱ་བས་དུས་འདའ་ལོག་འཚོ་ཡོངས་སྤངས་པའི། དམ་པའི་མཁས་གྲུབ་རབ་ཏུ་འཕེལ་བ་ཡིས། འཛམ་གླིང་ས་ཆེན་རྟག་ཏུ་མཛེས་གྱུར་ཅིག། དེ་མཐུས་མདོ་སྔགས་ཡོངས་རྫོགས་ས་ལམ་བགྲོད། དོན་གཉིས་ལྷུན་གྲུབ་རྣམ་མཁྱེན་རྒྱལ་བ་ཡི། གོ་འཕང་མྱུར་བ་ཉིད་དུ་ཐོབ་གྱུར་ནས། ནམ་མཁའ་ཇི་སྲིད་འགྲོ་བའི་དོན་བྱེད་ཤོག།
ཅེས་པ་འདི་བཞིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་བསྟན་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་འདི་དག་ལ་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པའི་དབང་པོ་གོང་སྨོས་དེ་དག་གིས་རྣམ་དཔྱོད་ལྡན་པའི་སྐྱེས་བུའི་བློ་མིག་རྣམ་པར་འབྱེད་པའི་ལེགས་བཤད་རྨད་དུ་བྱུང་བ་ཇི་སྙེད་ཅིག་མཛད་དེ་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུར་ཉེ་བའི་དུས་ད་ལྟ་བར་ཐོས་བསམ་སྒོམ་པའི་གཞུང་དུ་ཉམས་པ་མེད་པར་གནས་ཡོད་པས་མཁས་པའི་དབང་པོ་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པ་དང༌། མི་ཕྱེད་དད་པས་དེ་དག་གི་རྗེས་སུ་སློབ་པར་སྨོན་ཅིང༌། དེང་དུས་འཛམ་གླིང་ཁྱོན་འདིར་ཚན་རིག་དང༌། འཕྲུལ་ཆས་དངོས་པོ་ཡར་རྒྱས་ཚད་མཐོར་ཕྱིན་ཏེ་འདི་སྣང་འདུ་འཛིའི་རྣམ་གཡེང་འཁྲུག་ཆེའི་སྐབས་འདིར། རང་རེ་སངས་རྒྱས་ཀྱི་རྗེས་འཇུག་པ་རྣམས་སངས་རྒྱས་ཀྱི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་བས་གཟུ་བོའི་བློས་ཐེ་ཚོམ་གྱི་སྒོ་ནས་ཞིབ་མོར་བརྟགས་ཤིང་དཔྱད་དེ་རྒྱུ་མཚན་འཚོལ་བ་དང༌། རྒྱུ་མཚན་མཐོང་ནས་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་སྐྱེ་བ་ལ། ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་དང༌། སངས་རྒྱས་བསྐྱངས་དང༌། འཕགས་པ་གྲོལ་སྡེ་ལ་སོགས་པའི་ཟབ་རྒྱས་ཀྱི་གཞུང་ཕུལ་དུ་ཕྱིན་པ་འདི་དག་མེད་དུ་མི་རུང་བ་མཐོང་ནས་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་བྲིས་སྲོལ་སྔར་ནས་ཡོད་མུས་ཐོག་ཟབ་རྒྱས་ཀྱི་བླ་བརྒྱུད་གཞན་དགུ་བསྣན་ཏེ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བྲིས་སྐུ་གསར་བཞེངས་དང་འབྲེལ། མཁས་པའི་སྐྱེས་མཆོག་དེ་དག་ལ་སྙིང་ནས་གུས་པའི་གསོལ་འདེབས་འདི་འདྲ་ཞིག་འབྲི་འདུན་བྱུང་བ་དང༌། དོན་གཉེར་ཅན་ཆོས་གྲོགས་འགའ་ཞིག་ནས་ཀྱང་སྐུལ་མ་བྱུང་བར་བརྟེན། དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་པ་འདི་དག་མཁས་པའི་དབང་པོ་དེ་དག་གི་ལེགས་བཤད་ལ་བཅོས་མིན་ཡིད་ཆེས་ཀྱི་དད་པ་ཐོབ་ཅིང༌། མཁས་པ་དེ་དག་གི་ལེགས་བཤད་སློབ་གཉེར་མཁན་གྱི་གྲལ་མཐར་འཁོད་པ། ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོས། གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པ་བདེ་བར་གཤེགས་ནས་ལོ་གྲངས་ ༢༥༤༥ བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ཟླ༡༡ ཚེས་ ༡ ཕྱི་ལོ་ ༢༠༠༡ ཟླ་ ༡༢ ཚེས་ ༡༥ ཉིན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས། དྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ་གྲུབ་པར་བགྱིས་པ་དགེ་བར་གྱུར་ཅིག།

༈ བླ་མ་མཆོད་པའི་ཆོ་ག་བཞུགས་སོ།

༈ བདེ་ཆེན་ངང་ལས་རང་ཉིད་བླ་མ་ལྷ། གང་དེར་གསལ་བའི་སྐུ་ལས་འོད་ཟེར་ཚོགས། ཕྱོགས་བཅུར་འཕྲོས་པས་སྣོད་བཅུད་བྱིན་བརླབས་པས། དག་པ་རབ་འབྱམས་འབའ་ཞིག་ཡོན་ཏན་གྱི། བཀོད་པའི་ཁྱད་པར་ཕུན་སུམ་ཚོགས་པར་གྱུར། རབ་དཀར་དགེ་སེམས་ཆེན་པོའི་ངང་ཉིད་ནས། བདག་དང་མཁའ་མཉམ་མ་རྒན་སེམས་ཅན་རྣམས། དེང་ནས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར། བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། ན་མོ་གུ་རུ་བྷྱ། ན་མོ་བུདྷཱ་ཡ། ན་མོ་དྷཱརྨཱ་ཡ། ན་མོ་སངྒྷ་ཡ།
ལན་གསུམ་བརྗོད།
མ་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། བདག་ཉིད་བླ་མ་ལྷར་གྱུར་ནས། སེམས་ཅན་ཐམས་ཅད་བླ་མ་ལྷའི། གོ་འཕང་མཆོག་ལ་འགོད་པར་བྱ། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་ཚེ་འདི་ཉིད་ལ་མྱུར་བ་མྱུར་བར་གདོད་མའི་སངས་རྒྱས་བླ་མ་ལྷའི་གོ་འཕང་མངོན་དུ་བྱས། མ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ། བདེ་ཆེན་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཕྱིར་དུ་ལམ་ཟབ་མོ་བླ་མ་ལྷའི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ།
ནང་མཆོད་དང་མཆོད་རྫས་རྣམས་བླ་མེད་ཀྱི་ཆོ་ག་གང་ཡང་རུང་བ་ལྟར་བྱིན་རླབས་བྱ་བའམ། མདོར་བསྡུས་ན།
རང་ཉིད་སྐད་གཅིག་གི་དཔལ་རྡོ་རྗེ་འཇིག་བྱེད་ཞལ་གཅིག་ཕྱག་གཉིས་ཀྱི་གྲི་གུག་དང་ཐོད་པ་འཛིན་པའི་སྐུ་བཞེངས་པར་གྱུར། ཨོཾ་ཧྲཱིཿ ཥྚྲཱིཿ ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོཉཧཾ། སྟོང་པ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨཱཿ ལས་མི་མགོའི་སྒྱེད་བུ་གསུམ་གྱིས་སྟེང་དུ། ཨཱ་ལས་བྱུང་བའི་ཐོད་པ་དཀར་པོ། དེའི་ནང་གི་ཤར་དུ་བྷྲུ་ལས་བྱུང་བའི་བ་ལང་གི་ཤ་གཽས་མཚན་པ། ལྷོར་ཨཾ་ལས་བྱུང་བའི་ཁྱིའི་ཤ་ཀུས་མཚན་པ། ནུབ་ཏུ་ཛྲི་ལས་བྱུང་བའི་གླང་བོ་ཆེའི་ཤ་དས་མཚན་པ། བྱང་དུ་ཁཾ་ལས་བྱུང་བའི་རྟའི་ཤ་ཧས་མཚན་པ། དབུས་སུ་ཧཱུཾ་ལས་བྱུང་བའི་མིའི་ཤ་ནས་མཚན་པ། ཤར་ལྷོར་ལམ་ལས་བྱུང་བའི་དྲི་ཆེན་བིས་མཚན་པ། ལྷོ་ནུབ་ཏུ་མཱཾ་ལས་བྱུང་བའི་རཀྟ་རས་མཚན་པ། ནུབ་བྱང་དུ་པཾ་ལས་བྱུང་བའི་བྱང་སེམས་དཀར་པོ་ཤུས་མཚན་པ། བྱང་ཤར་དུ་ཏཱཾ་ལས་བྱུང་བའི་རྐང་མར་མས་མཚན་པ། དབུས་སུ་བཾ་ལས་བྱུང་བའི་དྲི་ཆུ་མཱུས་མཚན་པ། དེ་དག་གི་སྟེང་དུ་ཨོཾ་དཀར་པོ་ཨཱཿ དམར་པོ་ཧཱུཾ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རླུང་ལ་ཕོག་པས་རླུང་གཡོས་མེ་སྦར། ཐོད་པའི་རྫས་རྣམས་ཞུ་ཞིང་ཁོལ་བར་གྱུར། ཡི་གེ་གསུམ་ལས་འོད་ཟེར་རིམ་པ་བཞིན་དུ་འཕྲོས་པས། སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་རྣམས་བཀུག་ནས་ཡི་གེ་གསུམ་ལ་རིམ་གྱིས་ཐིམ་པ་རྣམས་ཐོད་པར་ལྷུང་ནས་ཞུ་བས། ཧཱུཾ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས། ཨཱཿ ས་བདུད་རྩིར་རྟོགས་པར་བྱས། ཨོཾ་གྱིས་མང་པོར་སྦར་ཞིང་སྤེལ་བར་གྱུར། ཨོཾ་ཨཱཿཧཱུཾ།
ལན་གསུམ་བརྗོད་པས།
ངོ་བོ་ཡེ་ཤེས་ལ་རྣམ་པ་ནང་མཆོད་དང་མཆོད་རྫས་སོ་སོའི་རྣམ་པ་བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་བསྐྱེད་པས་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་ཡོངས་སུ་ཁྱབ་པའི་ཕྱི་ནང་གསང་བའི་མཆོད་སྤྲིན་དམ་རྫས་སྤྱན་གཟིགས་བསམ་གྱིས་མི་ཁྱབ་པས་གང་བར་གྱུར།
བར་བསམ་ལ། དངོས་གཞི་ནི་ཚིགས་སུ་བཅོད་པའི་སྒོ་ནས་བརྗོད་ན་འཇུག་པ་བདེ་བས་ཡིད་མ་ཡེངས་པར་འདི་ལྟར་འདོན་ཞིང༌། དོན་བསྒོམས་ལ་ཉམས་སུ་བླང་བར་བྱའོ།
༈ བདེ་སྟོང་དབྱེར་མེད་ལྷ་ལམ་ཡངས་པར་ཀུན་བཟང་མཆོད་སྤྲིན་འཁྲིགས་པའི་དབུས། ལོ་མ་མེ་ཏོག་འབྲས་བུས་ཡོངས་མཛེས་འདོད་དགུའི་དཔག་བསམ་ལྗོན་པའི་རྩེར། གདོང་ལྔ་འབར་བའི་རིན་ཆེན་ཁྲི་སྟེང་ཆུ་སྐྱེས་ཉི་ཟླ་རྒྱས་པའི་སྟེང༌། བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། རྣམ་པ་ངུར་སྨྲིག་འཛིན་པའི་དགེ་སློང་ཞལ་གཅིག་ཕྱག་གཉིས་འཛུམ་དཀར་འཕྲོ། ཕྱག་གཡས་ཆོས་འཆད་གཡོན་པ་མཉམ་གཞག་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས། གུར་གུམ་མདངས་ལྡན་ཆོས་གོས་གསུམ་གསོལ་གསེར་མདོག་པཎ་ཞྭས་དབུ་ལ་མཛེས། ཐུགས་ཀར་ཁྱབ་བདག་རྡོ་རྗེ་འཆང་དབང་ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། རྡོར་དྲིལ་བཟུང་ནས་དབྱིངས་ཕྱུག་མར་འཁྱུད་ལྷན་སྐྱེས་བདེ་སྟོང་རོལ་པས་དགྱེས། རྣམ་མང་རིན་ཆེན་རྒྱན་གྱིས་སྤྲས་ཤིང་ལྷ་རྫས་དར་གྱི་ན་བཟས་ཀླུབས།
ཞེས་པ་བློ་དང་བསྟུན་ནས་སྦྱོར། དེ་གཉིས་གང་བྱས་ཀྱང་ཚིག་གི་འཕྲོ་ནས་འདི་ལྟར།
མཚན་དཔེའི་རྒྱན་ལྡན་འོད་ཟེར་སྟོང་འབར་འཇའ་ཚོན་སྣ་ལྔས་བསྐོར་བའི་དབུས། རྡོ་རྗེ་སྐྱིལ་ཀྲུང་ཚུལ་གྱིས་བཞུགས་པའི་ཕུང་པོ་རྣམ་དག་བདེ་གཤེགས་ལྔ། ཁམས་བཞི་ཡུམ་བཞི་སྐྱེ་མཆེད་རྩ་རྒྱུས་ཚིགས་རྣམས་བྱང་ཆུབ་སེམས་དཔའ་དངོས། བ་སྤུ་དགྲ་བཅོམ་ཉི་ཁྲི་ཆིག་སྟོང་ཡན་ལག་ཁྲོ་བོའི་དབང་པོ་ཉིད། འོད་ཟེར་ཕྱོགས་སྐྱོང་གནོད་སྦྱིན་གསང་བ་འཇིག་རྟེན་པ་རྣམས་ཞབས་ཀྱི་གདན། མཐའ་བསྐོར་རིམ་བཞིན་དངོས་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང༌། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་བསྟན་སྲུང་རྒྱ་མཚོས་བསྐོར་ནས་བཞུགས། དེ་དག་སྒོ་གསུམ་རྡོ་རྗེ་གསུམ་མཚན་ཡིག ཧཱུཾ་འོད་ཟེར་ལྕགས་ཀྱུ་ཡིས། རང་བཞིན་གནས་ནས་ཡར་ཤེས་པ་རྣམས་སྤྱན་དྲངས་དབྱེར་མེད་བརྟན་པར་གྱུར།
༈ ཕུན་ཚོགས་བདེ་ལེགས་འབྱུང་གནས་དུས་གསུམ་གྱི། རྩ་བརྒྱུད་བླ་མ་ཡི་དམ་དཀོན་མཆོག་གསུམ། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་ཚོགས་བཅས། ཐུགས་རྗེའི་དབང་གིས་འདིར་གཤེགས་བརྟན་པར་བཞུགས། ཆོས་རྣམས་རང་བཞིན་འགྲོ་འོང་ཀུན་བྲལ་ཡང༌། སྣ་ཚོགས་གདུལ་བྱའི་བསམ་པ་ཇི་བཞིན་དུ། ཅིར་ཡང་འཆར་བའི་མཁྱེན་བརྩེའི་འཕྲིན་ལས་ཅན། སྐྱབས་མགོན་དམ་པ་འཁོར་བཅས་གཤེགས་སུ་གསོལ། ཨོཾ་གུ་རུ་བུདྷ་བོ་དྡྷི་ས་ཏྭ་དྷརྨ་པྭ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཛ༔ ཧཱུཾ བ་ཧོཿ ཡེ་ཤེས་པ་རྣམས་དམ་ཚིག་པ་དང་གཉིས་སུ་མེད་པ་གྱུར།
དེ་ལྟ་བུའི་ཚུལ་གྱིས་བླ་མ་དང་རྡོ་རྗེ་འཆང་དབྱེར་མེད་དུ་བལྟ་བ་ནི། རྒྱུད་མང་པོའི་དགོངས་པ་ལྟར་བླ་མ་ལྔ་བཅུ་པར། སློབ་དཔོན་དང་ནི་རྡོ་རྗེ་འཛིན། ཐ་དད་པར་ནི་མི་བརྟག་གོ། ཞེས་གསུང་པ་ལྟར་ཡིན་ལ། དེའི་ཕུང་སོགས་ལྔ་རིགས་ལྔ་སོགས་སུ་བསྒོམ་པ་ནི་རྒྱུད་རྡོ་རྗེ་ཕྲེང་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། རྒྱལ་བའི་སྐུ་ནི་རིམ་བཞིན་གནས། ཞེས་སོགས་གསུང་པའི་དོན་ཡིན་པ་ལྟར། ཚོགས་ཞིང་གསལ་བཏབ། ཡེ་ཤེས་པ་དགུག་བཞུག སྐྱབས་གསུམ་ཀུན་འདུས་པའི་བདག་ཉིད་དུ་མོས་པ་དུང་དུང་བ་བྱ། དེ་ནས་མགོན་པོ་ཀླུ་སྒྲུབ་ཀྱི་རིམ་ལྔར། མཆོད་པ་ཐབས་ཅད་ཡོངས་སྤངས་ནས། བླ་མ་མཆོད་པ་ཡང་དག་བརྩམས། དེ་མཉེས་པས་ནི་ཀུན་མཁྱེན་གྱི། ཡེ་ཤེས་མཆོག་ནི་ཐོབ་པར་གྱུར། ཞེས་སངས་རྒྱས་བྱང་སེམས་གཞན་ཐམས་ཅད་མཆོད་པ་ལས། བླ་མ་མཆོད་པ་དོན་ཆེ་བར་གསུངས་པ་ལ་ངེས་ཤེས་དྲངས་ནས་ཡན་ལག་བདུན་པ་འབུལ་བ་ལ་ཐོག་མ་ཕྱག་འཚལ་བ་ནི།
གང་གི་ཐུགས་རྗེས་བདེ་བ་ཆེན་པོའི་དབྱིངས། སྐུ་གསུམ་གོ་འཕང་མཆོག་ཀྱང་སྐད་ཅིག་ལ། སྩོལ་མཛད་བླ་མ་རིན་ཆེན་ལྟ་བུའི་སྐུ། རྡོ་རྗེ་ཅན་ཞབས་པདྨོར་ཕྱག་འཚལ་ལོ། རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། གང་འདུལ་ཅིར་ཡང་འཆར་བའི་ཐབས་མཁས་མཆོག། ངུར་སྨྲིག་འཛིན་པའི་གར་གྱིས་རྣམ་རོལ་པ། སྐྱབས་མགོན་དམ་པའི་ཞབས་ལ་ཕྱག་འཚལ་ལོ། ཉེས་ཀུན་བག་ཆགས་བཅས་པ་དྲུངས་ཕྱུང་ཞིང། དཔག་མེད་ཡོན་ཏན་རིན་ཆེན་ཚོགས་ཀྱི་གཏེར། ཕན་བདེ་མ་ལུས་འབྱུང་བའི་སྒོ་གཅིག་པུ། རྗེ་བཙུན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། ལྷར་བཅས་སྟོན་པ་སངས་རྒྱས་ཀུན་གྱི་དངོས། བརྒྱད་ཁྲི་བཞི་སྟོང་དམ་ཆོས་འབྱུང་བའི་གནས། འཕགས་ཚོགས་ཀུན་གྱི་དབུས་ན་ལྷང་ངེ་བ། དྲིན་ཅན་བླ་མ་རྣམས་ལ་ཕྱག་འཚལ་ལོ། དུས་གསུམ་ཕྱོགས་བཅུར་བཞུགས་པའི་བླ་མ་དང༌། རིན་ཆེན་མཆོག་གསུམ་ཕྱག་འོས་ཐམས་ཅད་ལ། དད་ཅིང་མོས་པས་བསྟོད་དབྱངས་རྒྱ་མཚོར་བཅས། ཞིང་རྡུལ་མཉམ་པའི་ལུས་སྤྲུལ་ཕྱག་འཚལ་ལོ།
ཞེས་སྒོ་གསུམ་གུས་པས་ཕྱག་བྱས་ནས་མཆོད་པ་འབུལ་བ་ནི། མཆོད་པའི་འཁོར་གསུམ་རྣམ་པ་མི་རྟོག་པ་བདེ་སྟོང་དབྱེར་མེད་ཀྱི་བདག་ཉིད་དུ་རྒྱས་བཏབ་ནས་འབུལ་བ་ནི།
༈ སྐྱབས་མགོན་རྗེ་བཙུན་བླ་མ་འཁོར་བཅས་ལ། སྣ་ཚོགས་མཆོད་སྤྲིན་རྒྱ་མཚོ་འབུལ་བ་ནི། བཀོད་ལེགས་རིན་ཆེན་འོད་འབར་སྣོད་ཡངས་ལས། དག་བྱེད་བདུད་རྩིའི་ཆུ་བཞི་དལ་གྱིས་འབབ། སྡོང་པོ་སིལ་མ་ཕྲེང་བ་སྤེལ་ལེགས་པ། མཛེས་པའི་མེ་ཏོག་ས་དང་བར་སྣང་གང་། དྲི་ཞིམ་སྤོས་ཀྱི་དུད་པ་བཻ་ཌཱུརྱའི། དབྱར་སྐྱེས་སྔོན་པོའི་སྤྲིན་གྱིས་ལྷ་ལམ་འཁྲིགས། ཉི་ཟླ་ནོར་བུ་རབ་འབར་སྒྲོན་མེའི་ཚོགས། སྟོང་གསུམ་མུན་སེལ་འོད་ཟེར་རྩེ་དགའ་རྒོད། ག་བུར་ཙན་དན་གུར་གུམ་དྲིས་བསྒོས་པའི། སྤོས་ཆུའི་མཚོ་ཆེན་འཁོར་ཡུག་ཀུན་ནས་འཁྱིལ། རོ་བརྒྱའི་བཅུད་ལྡན་བཟའ་བཅའ་བཏུང་བ་དང༌། ལྷ་དང་མི་ཡི་ཞལ་ཟས་ལྷུན་པོར་སྤུངས། སྣ་ཚོགས་རོལ་མོའི་བྱེ་བྲག་མཐའ་ཡས་ལས། བྱུང་བའི་གདངས་སྙན་འགྱུར་བས་ས་གསུམ་འགེངས། གཟུགས་སྒྲ་དྲི་རོ་རེག་བྱའི་དཔལ་འཛིན་པའི། ཕྱི་ནང་འདོད་ཡོན་ལྷ་མོས་ཕྱོགས་ཀུན་ཁྱབ། བྱེ་བ་ཕྲག་བརྒྱའི་གླིང་བཞི་ལྷུན་པོར་བཅས། རིན་ཆེན་བདུན་དང་ཉེ་བའི་རིན་ཆེན་སོགས། ཀུན་དགའ་སྐྱེད་པའི་སྣོད་བཅུད་ཕུན་སུམ་ཚོགས། ལྷ་མིའི་ལོངས་སྤྱོད་འདོད་དགུའི་གཏེར་ཆེན་པོ། དང་བའི་སེམས་ཀྱིས་ཕུལ་བྱུང་ཞིང་གི་མཆོག། སྐྱབས་མགོན་ཐུགས་རྗེའི་གཏེར་ལ་དབུལ་བར་བགྱི། དངོས་བཤམས་ཡིད་སྤྲུལ་ཡིད་བཞིན་རྒྱ་མཚོའི་ངོགས། སྲིད་ཞིའི་རྣམ་དཀར་ལས་འོངས་མཆོད་རྫས་ཀྱི། འདབ་སྟོང་རྒྱས་པས་ཀུན་གྱི་ཡིད་འཕྲོག་ཅིང༌། འཇིག་རྟེན་འཇིག་རྟེན་ལས་འདས་རང་བཞིན་གྱི། སྒོ་གསུམ་དགེ་བའི་མེ་ཏོག་ཅི་ཡང་བཀྲ། ཀུན་བཟང་མཆོད་པའི་དྲི་བསུང་འབུམ་འཕྲོ་ཞིང༌། བསླབ་གསུམ་རིམ་གཉིས་ལམ་ལྔའི་འབྲས་ལྡན་པའི། དགའ་ཚལ་རྗེ་བཙུན་བླ་མ་མཉེས་ཕྱིར་འབུལ། གུར་ཀུམ་མདངས་ལྡན་བཟང་པོའི་དྲི་ངད་ཅན། རོ་བརྒྱའི་དཔལ་འཛིན་རྒྱ་ཇའི་བཏུང་བ་དང༌། ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔ་ལ་སོགས། སྦྱངས་རྟོགས་སྦར་བའི་བདུད་རྩིའི་རྒྱ་མཚོས་མཆོད། ཡིད་འོང་ལང་ཚོའི་དཔལ་འཛིན་དྲུག་ཅུ་བཞིའི། འདོད་པའི་སྒྱུ་རྩལ་ལ་མཁས་ལུས་ཕྲ་མ། ཞིང་སྐྱེས་སྔགས་སྐྱེས་ལྷན་སྐྱེས་ཕོ་ཉའི་ཚོགས། མཛེས་སྡུག་སྒྱུ་མའི་ཕྱག་རྒྱ་རྣམས་ཀྱང་འབུལ། སྒྲིབ་བྲལ་ལྷན་སྐྱེས་བདེ་བའི་ཡེ་ཤེས་ཆེ། ཆོས་ཀུན་རང་བཞིན་སྤྲོས་དང་བྲལ་བའི་དབྱིངས། དབྱེར་མེད་ལྷུན་གྲུབ་སྨྲ་བསམ་བརྗོད་ལས་འདས། དོན་དམ་བྱང་ཆུབ་སེམས་མཆོག་ཁྱོད་ལ་འབུལ། ཉོན་མོངས་བཞི་བརྒྱ་རྩ་བཞིའི་ནད་འཇོམས་པའི། བཟང་པོའི་སྨན་གྱི་བྱེ་བྲག་སྣ་ཚོགས་དང༌། ཁྱོད་མཉེས་བགྱིད་ཕྱིར་བདག་བྲན་འབུལ་ལགས་ན། ནམ་མཁའི་ཇི་སྲིད་འབངས་སུ་བཟུང་དུ་གསོལ།
ཞེས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང༌། སྨན་དང༌། བདག་ཉིད་བྲན་དུ་འབུལ་བ་རྣམས་དམིགས་པ་དང་བཅས་པའི་སྒོ་ནས་བྱས་ཏེ། བཤགས་པ་ལ་སོགས་པའི་ཡན་ལག་ལྷ་མ་སྔར་གྱི་འཕྲོས་ནས་འདི་ལྟར།
༈ ཐོག་མེད་དུས་ནས་མི་དགེ་སྡིག་པའི་ལས། བགྱིས་དང་བགྱིད་བསྩལ་ཡི་རང་ཅི་མཆིས་པ། ཐུགས་རྗེ་ཆེ་ལྡན་སྤྱན་སྔར་འགྱོད་སེམས་ཀྱིས། བཤགས་ཤིང་སླན་ཆད་མི་བགྱིད་སྡོམ་པ་ནོད། ཆོས་རྣམས་རང་བཞིན་མཚན་མ་དང་བྲལ་ཡང༌། རྨི་ལམ་ཇི་བཞིན་སྐྱེ་འཕགས་ཐམས་ཅད་ཀྱི། བདེ་དགའ་ཅིར་ཡང་འཆར་བའི་རྣམ་དཀར་ལ། བདག་ཅག་བསམ་པ་ཐག་པས་ཡི་རང་ངོ༌། ཕུལ་བྱུང་མཁྱེན་བརྩེའི་ཆུ་འཛིན་འབུམ་དཀྲིགས་ཏེ། མཐའ་ཡས་འགྲོ་འདིའི་ཕན་བདེ་ཀུནྡའི་ཚལ། བསྐྱེད་དང་ཡུན་དུ་གནས་དང་སྤེལ་བའི་ཕྱིར། ཟབ་རྒྱས་ཆོས་ཀྱི་ཆར་བ་དབབ་ཏུ་གསོལ། རྡོ་རྗེའི་སྐུ་ལ་སྐྱེ་འཆི་མི་མངའ་ཡང༌། ཟུང་འཇུག་དབང་གི་རྒྱལ་པོའི་ཟ་མ་ཏོག། བདག་ཅག་མོས་པ་ཇི་བཞིན་སྲིད་མཐའི་བར། མྱ་ངན་མི་འདའ་རྟག་པར་བཞུགས་སུ་གསོལ། དེ་ལྟར་བསྐྲུན་པའི་རྣམ་དཀར་དགེ་བའི་ཚོགས། བཀའ་དྲིན་གསུམ་ལྡན་རྗེ་བཙུན་བླ་མ་ཡིས། ཚེ་རབས་ཀུན་དུ་འབྲལ་མེད་རྗེས་འཛིན་ཅིང༌། ཟུང་འཇུག་རྡོ་རྗེ་འཆང་དབང་ཐོབ་ཕྱིར་བསྔོ།
ཞེས་ཡན་ལག་བདུན་པ་འབུལ་ཞིང༌། ལོང་བྱུང་ཚེ་བཤགས་པའི་མཚམས་སུ་སྡོམ་པ་གསུམ་སོ་སོར་བཤགས་པ་དང༌། བླ་མ་རྡོ་འཛིན་མ་དང་བྱང་ཆུབ་ལྟུང་བཤགས་སོགས་བྱའོ། དེ་ནས་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། སློབ་དཔོན་གྱི་ནི་ཡོན་ཏན་བཟུང༌། སྐྱོན་ནི་ནམ་ཡང་བཟུང་མི་བྱ། ཡོན་ཏན་བཟུང་ན་དངོས་གྲུབ་ཐོབ། སྐྱོན་རྣམས་བཟུང་ན་དངོས་མི་འགྲུབ། ཅེས་གསུང་པ་ལྟར། བླ་མར་སྐྱོན་རྟོག་གི་བློ་ཡེ་མ་ཤོར་བ་བྱའོ་སྙམ་དུ་དྲན་ཤེས་ཡང་ཡང་བསྟེན་ནས་བླ་མ་བསྟེན་པའི་ཕན་ཡོན། མ་བསྟེན་པའི་ཉེས་དམིགས་རྣམས་མདོ་རྒྱུད་དམ་པའིགསུང་འགྲོས་བཞིན་ལེགས་པར་བསམ། ཁྱད་པར་དུ་རྩ་བའི་བླ་མ་དེ་ཉིད་མཚན་ཐོས་པ་ཙམ་གྱིས་ངན་འགྲོ་འཇིགས་པ་འཕྲོག་ཅིང༌། དྲན་པ་ཙམ་གྱིས་འཁོར་བའི་སྡུག་བསྔལ་སེལ་བ། གསོལ་བ་འདེབས་ན་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་སྩོལ་བ་མཛད་པའི་སྐྱབས་གནས་སླུ་བ་མེད་པ་དཀོན་མཆོག་གསུམ་པོ་འདུས་པའི་བདག་ཉིད་དུ་བསམ་ལ། རེ་ས་གཞན་ན་མེད་པའི་བློ་བལྟོས་བཅས་ཏེ་གདུང་ཞུགས་དྲག་པོས་དམིགས་བརྩེ་མ་སོགས་ཀྱིས་གསོལ་བ་གང་མང་འདེབས་བཏབ་པའི་མཐའ་ཡངའདི་ལྟར་གསོལ་བ་གདབ་པར་བྱའོ།
༈ ཡོན་ཏན་འབྱུང་གནས་ཚུལ་ཁྲིམས་རྒྱ་མཚོ་ཆེ། མང་ཐོས་ནོར་བུའི་ཚོགས་ཀྱི་ཡོངས་སུ་གཏམས། ངུར་སྨྲིག་འཛིན་པ་ཐུབ་དབང་གཉིས་པའི་རྗེ། གནས་བརྟན་འདུལ་བ་འཛིན་ལ་གསོལ་བ་འདེབས། གང་དང་ལྡན་ན་བདེ་བར་གཤེགས་པའི་ལམ། སྟོན་པར་འོས་པའི་ཡོན་ཏན་བཅུ་ལྡན་པ། མ་ལུས་རྒྱལ་བའི་གདུང་འཚོབ་ཆོས་ཀྱི་རྗེ། ཐེག་མཆོག་དགེ་བའི་བཤེས་ལ་གསོལ་བ་འདེབས། སྒོ་གསུམ་ལེགས་བསྡམས་བློ་ཆེན་བཟོད་ལྡན་དྲང༌། གཡོ་དང་སྒྱུ་མེད་སྔགས་དང་རྒྱུད་ཤེས་ཤིང༌། དེ་ཉིད་བཅུ་ཟུང་བྲི་དང་འཆད་མཁས་པའི། རྡོ་རྗེ་འཛིན་པའི་གཙོ་ལ་གསོལ་བ་འདེབས།
ཞེས་འདུལ་བ་དང་ཐེག་ཆེན་ཐུན་མོང་བ་དང་། རྡོ་རྗེ་ཐེག་པའི་བླ་མའི་མཚན་ཉིད་དང་ལྡན་པའི་སྒོ་ནས་གསོལ་བ་བཏབ། དེ་ནས།
སངས་རྒྱས་གྲངས་མེད་བྱོན་པས་མ་ཐུལ་བའི། མ་རུངས་འདུལ་དཀའི་སྙིགས་དུས་འགྲོ་བ་ལ། བདེ་གཤེགས་ལམ་བཟང་ཇི་བཞིན་སྟོན་པ་ཡི། སྐྱབས་མགོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། ཐུབ་པའི་ཉི་མ་དུས་ཀྱིས་ནུབ་གྱུར་ཏེ། མགོན་སྐྱབས་མེད་པའི་འགྲོ་བ་མང་པོ་ལ། རྒྱལ་བའི་མཛད་པ་ཉེ་བར་སྒྲུབ་མཛད་པའི། སྐྱབས་མགོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། དུས་གསུམ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལས། གང་གི་བ་སྤུའི་བུ་ག་གཅིག་ཙམ་ཡང༌། བདག་ཅག་བསོད་ནམས་ཞིང་དུ་ལེགས་བསྔགས་པའི། སྐྱབས་མགོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། བདེ་གཤེགས་སྐུ་གསུམ་རྒྱན་གྱི་འཁོར་ལོ་ནི། ཐབས་མཁས་སྒྱུ་འཕྲུལ་དྲ་བའི་འཇོ་སྒེག་ལས། ཐ་མལ་ཚུལ་གྱིས་འགྲོ་བ་འདྲེན་མཛད་པའི། སྐྱབས་མགོན་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། ཁྱོད་ཀྱི་ཕུང་ཁམས་སྐྱེ་མཆེད་ཡན་ལག་རྣམས། བདེ་གཤེགས་རིགས་ལྔ་ཡབ་ཡུམ་སེམས་དཔའ་དང། ཁྲོ་བོའི་དབང་པོའི་རང་བཞིན་མཆོག་གསུམ་གྱི། བདག་ཉིད་བླ་མ་མཆོག་ལ་གསོལ་བ་འདེབས། ཀུན་མཁྱེན་ཡེ་ཤེས་རོལ་བ་ལས་བྱུང་བའི། དཀྱིལ་འཁོར་འཁོར་ལོ་བྱེ་བའི་བདག་ཉིད་དེ། རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཛིན་པའི་གཙོ། ཟུང་འཇུག་དང་པོའི་མགོན་ལ་གསོལ་བ་འདེབས། སྒྲིབ་མེད་ལྷན་སྐྱེས་དགའ་བའི་རོལ་བ་དང་། དབྱེར་མེད་བརྟན་གཡོ་ཀུན་ཁྱབ་ཀུན་གྱི་བདག། ཐོག་མ་མཐའ་བྲལ་ཀུན་བཟང་དོན་དམ་གྱི། བྱང་ཆུབ་སེམས་དངོས་ཁྱོད་ལ་གསོལ་བ་འདེབས།
ཞེས་ཕྱི་ནང་གསང་བའི་དེ་ཁོ་ན་ཉིད་ཀྱི་ཡོན་ཏན་བརྗོད་པའི་སྒོ་ནས་རྩེ་གཅིག་ཏུ་གསོལ་བ་འདེབས་ཤིང་ཁྱད་པར་དུ།
༈ ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་སྟེ། དེང་ནས་བཟུང་སྟེ་བྱང་ཆུབ་བར་དུ་ཁྱོད་མིན་སྐྱབས་གཞན་མི་འཚོལ་བས། འདི་དང་བར་དོ་ཕྱི་མའི་མཐར་ཡང་ཐུགས་རྗེའི་ལྕགས་ཀྱུས་བཟུང་མཛོད་ལ། སྲིད་ཞིའི་འཇིགས་སྒྲོལ་དངོས་གྲུབ་ཀུན་སྩོལ་གཏན་གྱི་གྲོགས་མཛོད་བར་གཅོད་སྲུངས། ལན་གསུམ་གྱི་འཇུག།
དེ་ལྟར་ལན་གསུམ་གསོལ་བ་བཏབ་པའི་མཐུས། བླ་མའི་སྐུ་གསུམ་ཐུགས་ཀྱི་གནས་རྣམས་ལས། བདུད་རྩི་འོད་ཟེར་དཀར་དམར་མཐིང་ག་གསུམ། རིམ་དང་ཅིག་ཅར་བྱུང་ནས་བདག་ཉིད་ཀྱི། གནས་གསུམ་རིམ་དང་ཅིག་ཅར་ཐིམ་པ་ལས། སྒྲིབ་བཞི་དག་ཅིང་རྣམ་དག་དབང་བཞི་ཐོབ། སྐུ་བཞི་ཐོབ་ཅིང་བླ་མ་གཉིས་པ་ཞིག། དགྱེས་བཞིན་ཐིམས་པས་བྱིན་གྱིས་བརླབས་པར་གྱུར།
བར་བསམ། མཚམས་འདིར་ཚོགས་མཆོད་འབུལ་བ་འདོད་ན་ཐོག་མ་གཏོར་མ་བྱིན་གྱིས་བརླབ་པ་ནི།
ཨོཾ་ཧྲཱི་ཥ་ཝིཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོཉཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨཱ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨཱཿལས་བྱུང་བའི་ཐོད་པ་དཀར་པོ། དེའི་ནང་གི་ཤར་དུ་བྷུཾ་ལས་བྱུང་བའི་བ་ལང་གི་ཤ་གོས་མཚན་པ། ལྷོར་ཨཾ་ལས་བྱུང་བའི་ཁྱིའི་ཤ་ཀུས་མཚན་པ། ནུབ་ཏུ་ཛིཾ་ལས་བྱུང་བའི་གླང་པོ་ཆེའི་ཤ་དས་མཚན་པ། བྱང་དུ་ཁཾ་ལས་བྱུང་བའི་རྟའི་ཤ་ཧས་མཚན་པ། དབུས་སུ་ཧཱུཾ་ལས་བྱུང་བའི་མིའི་ཤ་ནཱས་མཚན་པ། ཤར་ལྷོ་ལཾ་ལས་བྱུང་བའི་དྲི་ཆེན་བིས་མཚན་པ། ལྷོ་ནུབ་ཏུ་མཱཾ་ལས་བྱུང་བའི་རཀྟ་རས་མཚན་པ། ནུབ་བྱང་དུ་པཾ་ལས་བྱུང་བའི་བྱང་སེམས་དཀར་པོ་ཤུས་མཚན་པ། བྱང་ཤར་དུ་ཏཱཾ་ལས་བྱུང་བའི་རྐང་མར་མས་མཚན་པ། དབུས་སུ་བཾ་ལས་བྱུང་བའི་དྲི་ཆུ་མཱུས་མཚན་པ། དེ་དག་གི་སྟེང་དུ་ཨོཾ་དཀར་པོ་ཨཱཿདམར་པོ། ཧཱུཾ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་རླུང་ལ་ཕོག་པས་རླུང་གཡོས་མེ་སྦར་ཏེ་ཐོད་པའི་རྫས་རྣམས་ཞུ་ཞིང་ཁོལ་བར་གྱུར། ཡི་གེ་གསུམ་ལས་འོད་ཟེར་རིམ་པ་བཞིན་དུ་འཕྲོས་པས། སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་རྣམས་བཀུག་ནས་ཡི་གེ་གསུམ་ལ་རིམ་གྱིས་ཐིམ་པ་རྣམས་ཐོད་པར་ལྷུང་ནས་ཞུ་བས། ཧཱུཾ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས། ཨཱ་ལས་བདུད་རྩིར་རྟོགས་པར་བྱས། ཨོཾ་གྱིས་མང་པོར་སྦར་ཞིང་སྤེལ་བར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད་པས།
ངོ་བོ་ཡེ་ཤེས་ལ་རྣམ་པ་ནང་མཆོད་དང་མཆོད་རྫས་སོ་སོའི་རྣམ་པ་བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་བསྐྱེད་པས་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་ཡོངས་སུ་ཁྱབ་པའི་ཕྱི་ནང་གསང་བའི་མཆོད་སྤྲིན་དམ་རྫས་སྤྱན་གཟིགས་བསམ་གྱིས་མི་ཁྱབ་པས་གང་བར་གྱུར།
༈ ཐུགས་རྗེའི་བདག་ཉིད་རྩ་བརྒྱུད་བླ་མ་དང༌། ཡི་དམ་ལྷ་ཚོགས་སྐྱབས་གནས་དཀོན་མཆོག་གསུམ། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོའི་དབུས། རིན་ཆེན་ལས་གྲུབ་མཛེས་པའི་གདན་ཁྲི་ལ། ཞབས་སེན་འོད་ཆགས་བརྟན་པར་བཞུགས་ནས་ཀྱང༌། སྒྲུབ་མཆོག་བདག་ལ་འདོད་དགུའི་དངོས་གྲུབ་སྩོལ།
དེ་ནས་ཚོགས་མཆོད་འབུལ་བ་ནི། ལས་ཀྱི་རྡོ་རྗེས་ཕུད་རྣམས་བསྡུས་ཏེ་སྣོད་དུ་བསགས་ནས་མཉི་སོགས་ཀྱི་སྟེང་དུ་བཞག་སྟེ། ཕྱག་གསུམ་བཙལ་ནས།
དཔའ་བོ་ཆེན་པོ་ཚོགས་དང་པོ་བྱིན་གྱིས་བརླབ་ཏུ་གསོལ།
དེ་བཞིན་དུ་ཚོགས་ལྷག་མའི་བར་རེ་རེ་ལ་དེ་ལྟར་བྱའོ། སློབ་དཔོན་གྱིས་གཙོ་མཛད་རིག་པ་འཛིན་པ་རྣམས་ཀྱིས་མགྲིན་གཅིག་ཏུ།
༈ ཧོ། ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། ཟག་མེད་བདུད་རྩིའི་ཚོགས་མཆོད་རྒྱ་མཚོ་འདི། རྩ་བརྒྱུད་བླ་མའི་ཚོགས་རྣམས་མཉེས་ཕྱིར་འབུལ། ཨོཾ་ཨཱཿཧཱུཾ། འདོད་དགུའི་དཔལ་ལ་རོལ་པས་ཚིམ་མཛད་ནས། ཨེ་མ་ཧོ་བྱིན་རླབས་ཆར་ཆེན་དབབ་ཏུ་གསོལ།
ཧོ། ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། ཟག་མེད་བདུད་རྩིའི་ཚོགས་མཆོད་རྒྱ་མཚོ་འདི། ཡི་དམ་ལྷ་ཚོགས་འཁོར་བཅས་མཉེས་ཕྱིར་འབུལ། ཨོཾ་ཨཱཿཧཱུཾ། འདོད་དགུའི་དཔལ་ལ་རོལ་པས་ཚིམ་མཛད་ནས། ཨེ་མ་ཧོ་དངོས་གྲུབ་ཆར་ཆེན་དབབ་ཏུ་གསོལ།
ཧོ། ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། ཟག་མེད་བདུད་རྩིའི་ཚོགས་མཆོད་རྒྱ་མཚོ་འདི། དཀོན་མཆོག་རིན་ཆེན་ཚོགས་རྣམས་མཉེས་ཕྱིར་འབུལ། ཨོཾ་ཨཱཿཧཱུཾ། འདོད་དགུའི་དཔལ་ལ་རོལ་པས་ཚིམ་མཛད་ནས། ཨེ་མ་ཧོ་དམ་ཆོས་ཆར་ཆེན་དབབ་ཏུ་གསོལ།
ཧོ། ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། ཟག་མེད་བདུད་རྩིའི་ཚོགས་མཆོད་རྒྱ་མཚོ་འདི། མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་མཉེས་ཕྱིར་འབུལ། ཨོཾ་ཨཱཿཧཱུཾ། འདོད་དགུའི་དཔལ་ལ་རོལ་པས་ཚིམ་མཛད་ནས། ཨེ་མ་ཧོ་འཕྲིན་ལས་ཆར་ཆེན་དབབ་ཏུ་གསོལ།
ཧོ། ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། ཟག་མེད་བདུད་རྩིའི་ཚོགས་མཆོད་རྒྱ་མཚོ་འདི། མ་གྱུར་སེམས་ཅན་ཚོགས་རྣམས་མཉེས་ཕྱིར་འབུལ། ཨོཾ་ཨཱཿཧཱུཾ། འདོད་དགུའི་དཔལ་ལ་རོལ་པས་ཚིམ་མཛད་ནས། ཨེ་མ་ཧོ་འཁྲུལ་སྣང་སྡུག་བསྔལ་ཞི་གྱུར་ཅིག།
དེ་ནས་གནས་ཕུད་བཅད་དེ་གཏོར། དེ་ནས་ལས་ཀྱི་རྡོ་རྗེས་སློབ་དཔོན་ལ་འབུལ་བ་ནི།
ཨེ་མ་ཧོ་ཚོགས་ཀྱི་འཁོར་ལོ་ཆེ། དུས་གསུམ་བདེ་གཤེགས་གཤེགས་ཤུལ་ཏེ། དངོས་གྲུབ་མ་ལུས་འབྱུང་བའི་གནས། དེ་ལྟར་ཤེས་ནས་དཔའ་བོ་ཆེ། རྣམ་པར་རྟོག་པའི་སེམས་བོར་ནས། ཚོགས་ཀྱི་འཁོར་ལོར་རྒྱུན་དུ་རོལ། ཨ་ལ་ལ་ཧོ།
སློབ་དཔོན་ལ་ཕུལ་བ་ནས། སློབ་དཔོན་ནས།
ཨོཾ། རྡོ་རྗེ་གསུམ་དབྱེར་མེད་པའི་བདག། རང་ཉིད་བླ་མ་ལྷར་གསལ་ནས། ཨཱཿ། ཟག་མེད་ཡེ་ཤེས་བདུད་རྩི་འདི། ཧཱུཾ། བྱང་ཆུབ་སེམས་ལས་གཡོ་མེད་པར། ལུས་གནས་ལྷ་རྣམས་ཚིམ་ཕྱིར་རོ། ཨ་ཧོ་མ་ཧཱ་སུ་ཁ།
དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་བྱ་བར་སྤྲོ་ན།
ཧཱུཾ། དེ་བཞིན་གཤེགས་པ་ཐམས་ཅད་དང༌། དཔའ་བོ་དང་ནི་རྣལ་འབྱོར་མ། མཁའ་འགྲོ་དང་ནི་མཁའ་འགྲོ་མ། ཀུན་ལ་བདག་ནི་གསོལ་བ་འདེབས། བདེ་བ་མཆོག་ལ་དགྱེས་པའི་ཧེ་རུ་ཀ། བདེ་བས་རབ་མྱོས་མ་ལ་བསྙེན་བྱས་ནས། ཆོ་ག་བཞིན་དུ་ལོངས་སྤྱོད་པ་ཡིས་ནི། ལྷན་སྐྱེས་བདེ་བའི་སྦྱོར་བ་ལ་ཞུགས་སོ། ཨ་ལ་ལ། ལ་ལ་ཧོ། ཨ་ཨི་ཨཱཿ ཨ་ར་ལི་ཧོ། དྲི་མེད་མཁའ་འགྲོའི་ཚོགས་རྣམས་ཀྱིས། བརྩེ་བས་གཟིགས་ལ་ལས་ཀུན་མཛོད།
ཧཱུཾ། དེ་བཞིན་གཤེགས་པ་ཐམས་ཅད་དང༌། དཔའ་བོ་དང་ནི་རྣལ་འབྱོར་མ། མཁའ་འགྲོ་དང་ནི་མཁའ་འགྲོ་མ། ཀུན་ལ་བདག་ནི་གསོལ་བ་འདེབས། བདེ་བ་ཆེན་པོས་ཡིད་ནི་རབ་བསྐྱོད་པས། ལུས་ནི་ཀུན་ཏུ་གཡོ་བའི་གར་གྱིས་ནི། ཕྱག་རྒྱའི་པདྨར་རོལ་པའི་བདེ་བ་ཆེ། རྣལ་འབྱོར་མ་ཚོགས་རྣམས་ལ་མཆོད་པར་མཛོད། ཨ་ལ་ལ། ལ་ལ་ཧོ། ཨ་ཨི་ཨཱཿ ཨ་ར་ལི་ཧོ། དྲི་མེད་མཁའ་འགྲོའི་ཚོགས་རྣམས་ཀྱིས། བརྩེ་བས་གཟིགས་ལ་ལས་ཀུན་མཛོད།
ཧཱུཾ། དེ་བཞིན་གཤེགས་པ་ཐམས་ཅད་དང༌། དཔའ་བོ་དང་ནི་རྣལ་འབྱོར་མ། མཁའ་འགྲོ་དང་ནི་མཁའ་འགྲོ་མ། ཀུན་ལ་བདག་ནི་གསོལ་བ་འདེབས། ཡིད་འོང་ཞི་བའི་ཉམས་ཀྱིས་གར་མཛད་མ། རབ་དགྱེས་མགོན་པོ་ཁྱོད་དང་མཁའ་འགྲོའི་ཚོགས། བདག་གི་མདུན་དུ་བཞུགས་ཏེ་བྱིན་རློབས་ལ། ལྷན་སྐྱེས་བདེ་ཆེན་བདག་ལ་སྩལ་དུ་གསོལ། ཨ་ལ་ལ། ལ་ལ་ཧོ། ཨ་ཨི་ཨཱཿ ཨ་ར་ལི་ཧོ། དྲི་མེད་མཁའ་འགྲོའི་ཚོགས་རྣམས་ཀྱིས། བརྩེ་བས་གཟིགས་ལ་ལས་ཀུན་མཛོད།
ཧཱུཾ། དེ་བཞིན་གཤེགས་པ་ཐམས་ཅད་དང༌། དཔའ་བོ་དང་ནི་རྣལ་འབྱོར་མ། མཁའ་འགྲོ་དང་ནི་མཁའ་འགྲོ་མ། ཀུན་ལ་བདག་ནི་གསོལ་བ་འདེབས། བདེ་ཆེན་ཐར་པའི་མཚན་ཉིད་ལྡན་པ་ཁྱོད། བདེ་ཆེན་སྤངས་པའི་དཀའ་ཐུབ་དུ་མ་ཡིས། ཚེ་གཅིག་གྲོལ་བར་མི་བཞེད་བདེ་ཆེན་ཡང༌། ཆུ་སྐྱེས་མཆོག་གི་དབུས་ན་གནས་པ་ཡིན། ཨ་ལ་ལ། ལ་ལ་ཧོ། ཨ་ཨི་ཨཱཿ ཨ་ར་ལི་ཧོ། དྲི་མེད་མཁའ་འགྲོའི་ཚོགས་རྣམས་ཀྱིས། བརྩེ་བས་གཟིགས་ལ་ལས་ཀུན་མཛོད།
ཧཱུཾ། དེ་བཞིན་གཤེགས་པ་ཐམས་ཅད་དང༌། དཔའ་བོ་དང་ནི་རྣལ་འབྱོར་མ། མཁའ་འགྲོ་དང་ནི་མཁའ་འགྲོ་མ། ཀུན་ལ་བདག་ནི་གསོལ་བ་འདེབས། འདམ་གྱི་དབུས་སུ་སྐྱེས་པའི་པདྨ་བཞིན། ཆགས་ལས་སྐྱེས་ཀྱང་ཆགས་པས་སྐྱོན་མ་གོས། རྣལ་འབྱོར་མ་མཆོག་པདྨའི་བདེ་བ་ཡིས། སྲིད་པའི་འཆིང་བ་མྱུར་དུ་གྲོལ་བར་མཛོད། ཨ་ལ་ལ། ལ་ལ་ཧོ། ཨ་ཨི་ཨཱཿ ཨ་ར་ལི་ཧོ། དྲི་མེད་མཁའ་འགྲོའི་ཚོགས་རྣམས་ཀྱིས། བརྩེ་བས་གཟིགས་ལ་ལས་ཀུན་མཛོད།
ཧཱུཾ། དེ་བཞིན་གཤེགས་པ་ཐམས་ཅད་དང༌། དཔའ་བོ་དང་ནི་རྣལ་འབྱོར་མ། མཁའ་འགྲོ་དང་ནི་མཁའ་འགྲོ་མ། ཀུན་ལ་བདག་ནི་གསོལ་བ་འདེབས། སྦྲང་རྩིའི་འབྱུང་གནས་རྣམས་ཀྱི་སྦྲང་རྩིའི་བཅུད། བུང་བའི་ཚོགས་ཀྱི་ཀུན་ནས་འཐུང་བ་ལྟར། མཚན་ཉིད་དྲུག་ལྡན་མཚོ་སྐྱེས་རྒྱས་པ་ཡིས། བཅུད་བཅིངས་པ་ཡི་རོ་ཡིས་ཚིམས་པར་མཛོད། ཨ་ལ་ལ། ལ་ལ་ཧོ། ཨ་ཨི་ཨཱཿ ཨ་ར་ལི་ཧོ། དྲི་མེད་མཁའ་འགྲོའི་ཚོགས་རྣམས་ཀྱིས། བརྩེ་བས་གཟིགས་ལ་ལས་ཀུན་མཛོད།
དེ་ནས་སླར་ཡང་བྱིན་གྱིས་བརླབ་པའི་ཕྱིར་དང་ཐུགས་རྗེ་བསྐུལ་བའི་ཕྱིར་དང་འདོད་བྱའི་དོན་ལ་སྨོན་ཅིང༌། ཐེག་པ་ཆེན་པོའི་ལམ་ལ་བློ་སྦྱོང་བ་ལྷན་ཅིག་ཏུ་བྱ་བའི་ཚུལ་ནི་འདི་ལྟར།
༈ ཞིང་མཆོག་དམ་པ་རྗེ་བཙུན་བླ་མ་ལ། མཆོད་ཅིང་གུས་པའི་གསོལ་བ་བཏབ་པའི་མཐུས། བདེ་ལེགས་རྩ་བ་མགོན་པོ་ཁྱོད་ཉིད་ཀྱིས། དགྱེས་བཞིན་རྗེས་སུ་འཛིན་པར་བྱིན་གྱིས་རློབས། ལན་གཅིག་ཙམ་ཞིག་རྙེད་པའི་དལ་འབྱོར་འདི། རྙེད་དཀའ་མྱུར་དུ་འཇིག་པའི་ཚུལ་རྟོགས་ནས། དོན་མེད་ཚེ་འདིའི་བྱ་བས་མི་གཡེང་བར། དོན་ལྡན་སྙིང་པོ་ལེན་པར་བྱིན་གྱིས་རློབས། ངན་སོང་སྡུག་བསྔལ་འབར་བའི་མེས་འཇིགས་ནས། སྙིང་ནས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིང༌། སྡིག་སྤོང་དགེ་ཚོགས་མཐའ་དག་བསྒྲུབ་པ་ལ། བརྩོན་པ་ལྷུར་ལེན་བྱེད་པར་བྱིན་གྱིས་རླབས། ལས་དང་ཉོན་མོངས་རྦ་ཀློང་དྲག་ཏུ་འཁྲུགས། སྡུག་བསྔལ་གསུམ་གྱི་ཆུ་སྲིན་མང་པོས་གཙེས། མཐའ་མེད་འཇིགས་རུང་སྲིད་མཚོ་ཆེན་པོ་ལས། ཐར་འདོད་ཤུགས་དྲག་སྐྱེ་བར་བྱིན་གྱིས་རླབས། བཟོད་དཀའ་བཙོན་ར་འདྲ་བའི་འཁོར་བ་འདི། དགའ་བའི་ཚལ་ལྟར་མཐོང་བའི་བློ་སྤངས་ནས། བསླབ་གསུམ་འཕགས་པའི་ནོར་གྱི་མཛོད་བཟུང་སྟེ། ཐར་པའི་རྒྱལ་མཚན་འཛིན་པར་བྱིན་གྱིས་རློབས། ཉམ་ཐག་འགྲོ་བ་འདི་ཀུན་བདག་གི་མ། ཡང་ཡང་དྲིན་གྱིས་བསྐྱངས་པའི་ཚུལ་བསམ་ནས། སྡུག་པའི་བུ་ལ་བརྩེ་བའི་མ་བཞིན་དུ། བཅོས་མིན་སྙིང་རྗེ་སྐྱེ་བ་བྱིན་གྱིས་རློབས། སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་ཅིང༌། བདེ་ལ་ནམ་ཡང་ཆོག་ཤེས་མེད་པར་ནི། བདག་དང་གཞན་ལ་ཁྱད་པར་ཡོད་མིན་ཞེས། གཞན་བདེ་དགའ་བ་བསྐྱེད་པར་བྱིན་གྱིས་རློབས། རང་ཉིད་གཅེས་པར་འཛིན་པའི་གཅོང་ནད་འདི། མི་འདོད་སྡུག་བསྔལ་སྐྱེད་པའི་རྒྱུར་མཐོང་ནས། ལེ་ལན་བདས་ལ་འཁོན་དུ་བཟུང་བྱས་ཏེ། བདག་འཛིན་གདོན་ཆེན་འཇོམས་པར་བྱིན་གྱིས་རློབས། མ་རྣམས་གཅེས་བཟུང་བདེ་ལ་འགོད་པའི་བློ། མཐའ་ཡས་ཡོན་ཏན་འབྱུང་བའི་སྒོར་མཐོང་ནས། འགྲོ་བ་འདི་དག་བདག་གི་དགྲར་ལངས་ཀྱང༌། སྲོག་ལས་གཅེས་པར་འཛིན་པར་བྱིན་གྱིས་རློབས། མདོར་ན་བྱིས་པ་རང་དོན་ཁོ་ན་དང༌། ཐུབ་དབང་གཞན་དོན་འབའ་ཞིག་མཛད་པ་ཡི། སྐྱོན་དང་ཡོན་ཏན་དབྱེ་བ་རྟོགས་པའི་བློས། བདག་གཞན་མཉམ་བརྗེ་ནུས་པར་བྱིན་གྱིས་རློབས། རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ། མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི། དེ་ཕྱིར་བདག་གཞན་བརྗེ་བའི་རྣལ་འབྱོར་ལ། ཉམས་ལེན་སྙིང་པོར་བྱེད་པར་བྱིན་གྱིས་རློབས། དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན། མར་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན། མ་ལུས་ད་ལྟ་བདག་ལ་སྨིན་པ་དང༌། བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས། འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས། སྣོད་བཅུད་སྡིག་པའི་འབྲས་བུས་ཡོངས་གང་སྟེ། མི་འདོད་སྡུག་བསྔལ་ཆར་ལྟར་བབས་གྱུར་ཀྱང༌། ལས་ངན་འབྲས་བུ་ཟད་པའི་རྒྱུར་མཐོང་ནས། རྐྱེན་ངན་ལམ་དུ་ལོངས་པར་བྱིན་གྱིས་རློབས། མདོ་ན་བཟང་ངན་སྣང་བར་ཅི་ཤར་ཡང༌། ཆོས་ཀུན་སྙིང་པོ་སྟོབས་ལྔའི་ཉམས་ལེན་གྱིས། བྱང་ཆུབ་སེམས་གཉིས་འཕེལ་བའི་ལམ་བསྒྱུར་ཏེ། ཡིད་བདེ་འབའ་ཞིག་བསྒོམ་པར་བྱིན་གྱིས་རློབས། སྦྱོར་བ་བཞི་དང་ལྡན་པའི་ཐབས་མཁས་ཀྱིས། འཕྲལ་ལ་གང་ཐུག་སྒོམ་ལ་སྦྱོར་བ་དང༌། བློ་སྦྱོང་དམ་ཚིག་བསླབ་བྱའི་ཉམས་ལེན་གྱིས། དལ་འབྱོར་དོན་ཆེན་བྱེད་པར་བྱིན་གྱིས་རློབས། གཏོང་ལེན་རླུང་ལ་བསྐྱོན་པའི་འཕྲུལ་འདེགས་ཅན། བྱམས་དང་སྙིང་རྗེ་ལྷག་པའི་བསམ་པ་ཡིས། འགྲོ་རྣམས་སྲིད་མཚོ་ཆེ་ལས་སྒྲོལ་བའི་ཕྱིར། བྱང་ཆུབ་སེམས་ཉིད་འབྱོངས་པར་བྱིན་གྱིས་རློབས། དུས་གསུམ་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ། རྣམ་དག་རྒྱལ་སྲས་སྡོམ་པས་རྒྱུད་བསྡམས་ཤིང༌། ཐེག་མཆོག་ཚུལ་ཁྲིམས་གསུམ་གྱི་ཉམས་ལེན་ལ། བརྩོན་པ་ལྷུར་ལེན་བྱེད་པར་བྱིན་གྱིས་རློབས།
དེ་ནས་ཚོགས་ལྷག་བྱིན་རླབས་ནི།
ཨོཾ་ཧྲཱིཿ ཥྚྲཱིཿ ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོཉཧཾ། སྟོང་པ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨཱཿ ལས་མི་མགོའི་སྒྱེད་བུ་གསུམ་གྱིས་སྟེང་དུ། ཨཱ་ལས་བྱུང་བའི་ཐོད་པ་དཀར་པོ། དེའི་ནང་གི་ཤར་དུ་བྷྲུ་ལས་བྱུང་བའི་བ་ལང་གི་ཤ་གཽས་མཚན་པ། ལྷོར་ཨཾ་ལས་བྱུང་བའི་ཁྱིའི་ཤ་ཀུས་མཚན་པ། ནུབ་ཏུ་ཛྲི་ལས་བྱུང་བའི་གླང་བོ་ཆེའི་ཤ་དས་མཚན་པ། བྱང་དུ་ཁཾ་ལས་བྱུང་བའི་རྟའི་ཤ་ཧས་མཚན་པ། དབུས་སུ་ཧཱུཾ་ལས་བྱུང་བའི་མིའི་ཤ་ནས་མཚན་པ། ཤར་ལྷོར་ལམ་ལས་བྱུང་བའི་དྲི་ཆེན་བིས་མཚན་པ། ལྷོ་ནུབ་ཏུ་མཱཾ་ལས་བྱུང་བའི་རཀྟ་རས་མཚན་པ། ནུབ་བྱང་དུ་པཾ་ལས་བྱུང་བའི་བྱང་སེམས་དཀར་པོ་ཤུས་མཚན་པ། བྱང་ཤར་དུ་ཏཱཾ་ལས་བྱུང་བའི་རྐང་མར་མས་མཚན་པ། དབུས་སུ་བཾ་ལས་བྱུང་བའི་དྲི་ཆུ་མཱུས་མཚན་པ། དེ་དག་གི་སྟེང་དུ་ཨོཾ་དཀར་པོ་ཨཱཿ དམར་པོ་ཧཱུཾ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རླུང་ལ་ཕོག་པས་རླུང་གཡོས་མེ་སྦར། ཐོད་པའི་རྫས་རྣམས་ཞུ་ཞིང་ཁོལ་བར་གྱུར། ཡི་གེ་གསུམ་ལས་འོད་ཟེར་རིམ་པ་བཞིན་དུ་འཕྲོས་པས། སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་རྣམས་བཀུག་ནས་ཡི་གེ་གསུམ་ལ་རིམ་གྱིས་ཐིམ་པ་རྣམས་ཐོད་པར་ལྷུང་ནས་ཞུ་བས། ཧཱུཾ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས། ཨཱཿ ས་བདུད་རྩིར་རྟོགས་པར་བྱས། ཨོཾ་གྱིས་མང་པོར་སྦར་ཞིང་སྤེལ་བར་གྱུར། ཨོཾ་ཨཱཿཧཱུཾ།
ལན་གསུམ་བརྗོད་པས།
ཧོ། ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། ཟག་མེད་བདུད་རྩིའི་ཚོགས་ལྷག་རྒྱ་མཚོ་འདི། དམ་ཅན་ཞིང་སྐྱོང་ཚོགས་རྣམས་མཉེས་ཕྱིར་འབུལ། ཨོཾ་ཨཱཿཧཱུཾ། འདོད་དགུའི་དཔའ་ལ་རོལ་པས་ཚིམ་མཛད་ནས། ཨེ་མ་ཧོ། རྣལ་འབྱོར་འཕྲིན་ལས་ཚུལ་བཞིན་སྒྲུབས། ཧོ། ལྷག་མའི་མགྲོན་རྣམས་འཁོར་བཅས་ཀྱིས། ཚོགས་ལྷག་རྒྱ་མཚོ་འདི་བཞེས་ལ། བསྟན་པ་རིན་ཆེན་རྒྱས་པ་དང༌། བསྟན་འཛིན་ཡོན་མཆོད་འཁོར་བཅས་དང༌། ཁྱད་པར་རྣལ་འབྱོར་བདག་ཅག་ལ། ནད་མེད་ཚེ་དང་དབང་ཕྱུག་དང༌། དཔལ་དང་གྲགས་དང་སྐལ་པ་བཟང༌། ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། ཞི་དང་རྒྱས་ལ་སོགས་པ་ཡི། ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། དམ་ཚིག་ཅན་གྱིས་བདག་ལ་སྲུངས༌། དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། དུས་མིན་འཆི་དང་ནད་རྣམས་དང༌། གདོན་དང་བགེགས་རྣམས་མེད་པར་མཛོད། རྨི་ལམ་ངན་དང་མཚན་མ་ངན། བྱ་བྱེད་ངན་པ་མེད་པར་མཛོད། འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བས། དགེ་ལེགས་ཐམས་ཅད་འབྱུང་བ་ཡིས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག། སྦྱིན་པ་རྒྱ་ཆེར་གྱུར་པ་འདི་ཡི་མཐུས། འགྲོ་བའི་དོན་དུ་རང་བྱང་སངས་རྒྱས་ནས། སྔོན་ཚེ་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། སྐྱེ་བོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག དེ་ནས་བླ་མཆོད་འདོན།

༈ ལུས་དང་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། སེམས་ཅན་རང་རང་འདོད་པའི་དངོས་བསྒྱུར་ཏེ། ཆགས་མེད་གཏོང་སེམས་སྤེལ་བའི་མན་ངག་གིས། སྦྱིན་པའི་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས། སོ་ཐར་བྱང་སེམས་གསང་སྔགས་སྡོམ་པ་ཡི། བཅས་མཚམས་སྲོག་གི་ཕྱིར་ཡང་མི་གཏོང་ཞིང༌། དགེ་ཆོས་སྡུད་དང་སེམས་ཅན་དོན་སྒྲུབ་པའི། ཚུལ་ཁྲིམས་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས། ཁམས་གསུམ་སྐྱེ་དགུ་མ་ལུས་ཁྲོས་གྱུར་ཏེ། གཤེ་ཞིང་མཚང་འབྲུ་བསྡིགས་ཤིང་སྲོག་གཅོད་ཀྱང༌། མི་འཁྲུགས་གནོད་ལན་ཕན་པ་སྒྲུབ་བྱེད་པའི། བཟོད་པའི་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས། སེམས་ཅན་རེ་རེའི་ཕྱིར་ཡང་མནར་མེད་པའི། མེ་ནང་བསྐལ་བ་རྒྱ་མཚོར་གནས་དགོས་ཀྱང༌། སྙིང་རྗེས་མི་སྐྱོ་བྱང་ཆུབ་མཆོག་བརྩོན་པའི། བརྩོན་འགྲུས་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས། བྱིང་རྒོད་རྣམ་པར་གཡེང་བའི་སྐྱོན་སྤངས་ནས། ཆོས་ཀུན་བདེན་པས་སྟོང་པའི་གནས་ལུགས་ལ། རྩེ་གཅིག་མཉམ་པར་འཇོག་པའི་ཏིང་འཛིན་གྱིས། བསམ་གཏན་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས། དེ་ཉིད་སོ་སོར་རྟོགས་པའི་ཤེས་རབ་ཀྱིས། དྲངས་པའི་ཤིན་སྦྱངས་བདེ་ཆེན་དང་འབྲེལ་བ། དོན་དམ་མཉམ་གཞག་ནམ་མཁའི་རྣལ་འབྱོར་གྱིས། ཤེས་རབ་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས། ཕྱི་ནང་ཆོས་རྣམས་སྒྱུ་མ་རྨི་ལམ་དང༌། དྭངས་བའི་མཚོ་ནང་ཟླ་གཟུགས་ཇི་བཞིན་དུ། སྣང་ཡང་བདེན་པར་མེད་པའི་ཚུལ་རྟོགས་ནས། སྒྱུ་མའི་ཏིང་འཛིན་རྫོགས་པར་བྱིན་གྱིས་རློབས། འཁོར་འདས་རང་བཞིན་རྡུལ་ཙམ་མེད་པ་དང༌། རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པ་གཉིས། ཕན་ཚུན་འགལ་མེད་གྲོགས་སུ་འཆར་བ་ཡིས། ཀླུ་སྒྲུབ་དགོངས་དོན་རྟོགས་པར་བྱིན་གྱིས་རློབས། དེ་ནས་རྡོ་རྗེ་འཛིན་པའི་དེད་དཔོན་གྱི། དྲིན་ལས་རྒྱུད་སྡེ་རྒྱ་མཚོའི་འཇིངས་བརྒལ་ཏེ། དངོས་གྲུབ་རྩ་བ་དམ་ཚིག་སྡོམ་པ་རྣམས། སྲོག་ལས་གཅེས་པར་འཛིན་པར་བྱིན་གྱིས་རློབས། སྐྱེ་ཤི་བར་དོ་རྒྱལ་བའི་སྐུ་གསུམ་དུ། སྒྱུར་བའི་རིམ་པ་དང་པོའི་རྣལ་འབྱོར་གྱིས། ཐ་མལ་སྣང་ཞེན་དྲི་མ་ཀུན་སྦྱངས་ཏེ། གང་སྣང་ལྷ་སྐུར་འཆར་བར་བྱིན་གྱིས་རློབས། སྙིང་གའི་འདབ་བརྒྱད་དྷུཏིའི་དབུས་དག་ཏུ། མགོན་ཁྱོད་ཞབས་སེན་བཀོད་པ་ལས་བྱུང་བ། འོད་གསལ་སྒྱུ་ལུས་ཟུང་དུ་འཇུག་པའི་ལམ། ཚེ་འདིར་མངོན་དུ་འགྱུར་བར་བྱིན་གྱིས་རློབས། ལམ་སྣ་མ་ཟིན་འཆི་བའི་དུས་བྱེད་ན། བཙན་ཐབས་འཚང་རྒྱ་བླ་མའི་འཕོ་བ་ནི། སྟོབས་ལྔ་ཡང་དག་སྦྱར་བའི་གདམས་ངག་གིས། དག་པའི་ཞིང་དུ་བགྲོད་པར་བྱིན་གྱིས་རློབས། མདོར་ན་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། མགོན་པོ་ཁྱོད་ཀྱིས་འབྲལ་མེད་རྗེས་བཟུང་ནས། སྐུ་གསུམ་ཐུགས་ཀྱི་གསང་བ་ཀུན་འཛིན་པའི། སྲས་ཀྱི་ཐུ་བོར་འགྱུར་བ་བྱིན་གྱིས་རློབས། མགོན་ཁྱོད་གང་དུ་མངོན་པར་སངས་རྒྱས་པའི། འཁོར་གྱི་ཐོག་མ་ཉིད་དུ་བདག་གྱུར་ཏེ། གནས་སྐབས་མཐར་ཐུག་དགོས་འདོད་མ་ལུས་པ། འབད་མེད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་སྩོལ།

༈ རྒྱལ་བའི་ཞབས་བརྟན་རབ་འབྱམས་མ།

༈ ཨོཾ་སྭ་སྟི། རབ་འབྱམས་རྒྱལ་བའི་གསང་གསུམ་མ་ལུས་པ། གང་འདུལ་ཅིར་ཡང་འཆར་བའི་སྒྱུ་འཕྲུལ་གར། སྲིད་ཞིའི་དགེ་ལེགས་ཀུན་འབྱུང་ཡིད་བཞིན་ནོར། དངོས་བརྒྱུད་དྲིན་ཅན་བླ་མའི་ཚོགས་རྣམས་ལ། བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང༌། བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། ཆོས་དབྱིངས་ཀུན་གསལ་ཁྱོན་དང་མཉམ་འཇུག་པའི། རྡུལ་བྲལ་བདེ་ཆེན་ཡེ་ཤེས་སྒྱུ་མའི་སྤྲིན། གྲངས་མེད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ། ཤར་བའི་ཡི་དམ་ལྷ་ཚོགས་ཐམས་ཅད་ལ། བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང༌། བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། སྤངས་རྟོགས་ཡོན་ཏན་ལྷུན་རྫོགས་འཕྲིན་ལས་ཀྱི། སྣང་བ་འགྲོ་ཁམས་རྒྱ་མཚོར་རྟག་རྩེན་པས། ཕན་མཛད་སྟོབས་བཅུ་མངའ་བ་ལྷ་ཡི་ལྷ། རབས་འབྱམས་དུས་གསུམ་རྒྱལ་བ་ཐམས་ཅད་ལ། བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང༌། བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། འཇིག་རྟེན་གསུམ་ལས་གང་གིས་ངེས་སྒྲོལ་ཞིང༌། མཆོག་ཏུ་ཞི་བ་རྣམ་བྱང་ནོར་བུའི་གཏེར། ཟག་མེད་མི་གཡོ་ཀུན་བཟང་དགེ་བའི་དཔལ། ཐེག་གསུམ་དམ་པའི་ཆོས་ཀྱི་ཚོགས་རྣམས་ལ། བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང༌། བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། སྲིད་པའི་འཕྲུལ་འཁོར་འཇོམས་ལ་ཆེས་དཔའ་བའི། བདེ་དོན་མངོན་སུམ་འཇལ་བའི་ཡེ་ཤེས་ཅན། རྣམ་ཐར་རྡོ་རྗེའི་གྲོང་ལས་མི་ཕྱེད་པ། རིག་གྲོལ་འཕགས་པའི་དགེ་འདུན་ཐམས་ཅད་ལ། བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང༌། བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། མཁའ་སྤྱོད་ཞིང་དང་གནས་ཡུལ་དུར་ཁྲོད་དུ། བདེ་སྟོང་ཉམས་བརྒྱར་རོལ་པའི་རྩེད་འཇོ་ཡིས། རྣལ་འབྱོར་ལམ་བཟང་སྒྲུབ་ལ་གྲོགས་མཛད་པའི། གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ལ། བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང༌། བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། རྡོ་རྗེ་འཆང་གི་བཀའ་རྟགས་ཕྱག་རྒྱའི་མདུད། མི་འབྲལ་རལ་བའི་ཐོད་དུ་ཉེར་བཀོད་ནས། བསྟན་དང་བསྟན་འཛིན་སྐྱོང་བའི་མཐུ་རྩལ་ཅན། ཡེ་ཤེས་སྤྱན་ལྡན་བསྟན་སྲུང་རྒྱ་མཚོ་ལ། བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང༌། བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། དེ་ལྟར་བསླུ་མེད་སྐྱབས་ཀྱི་མཆོག་རྣམས་ལ། ཤུགས་དྲག་སྙིང་ནས་གུས་པས་གསོལ་བཏབ་མཐུས། མི་བཟད་སྙིགས་མའི་ཟུག་རྔུས་རབ་མནར་བའི། བདག་སོགས་གངས་ལྗོངས་འགྲོ་བའི་མགོན་གཅིག་པུ། ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག། གསང་གསུམ་མི་ཤིགས་མི་འགྱུར་མི་ནུབ་པར། གཞོམ་ཞིག་ཡོངས་བྲལ་རྡོ་རྗེ་སྙིང་པོའི་ཁྲིར། བསྐལ་པ་རྒྱ་མཚོར་གཡོ་མེད་རྟག་བརྟན་ཤོག། རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་ཁུར། སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི། འཕྲིན་ལས་ཀུན་ཕན་ནོར་བུའི་སྙིང་པོ་ཅན། བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་གྱུར་ཅིག། དེ་མཐུས་རྫོགས་ལྡན་སྐལ་བཟང་ནམ་མཁའི་སྒོ། ལུས་ཅན་ངལ་བསོའི་དཔྱིད་དུ་རྟག་གྲོལ་ཞིང༌། ཐུབ་བསྟན་ཕྱོགས་དུས་ཀུན་ཏུ་རབ་དར་བའི། དགེ་མཚན་སྲིད་ཞིའི་རྩེ་མོར་རྒྱས་གྱུར་ཅིག། ཕྱག་ན་པདྨོའི་བྱིན་རླབས་བདུད་རྩིའི་རྒྱུན། བདག་སོགས་སྙིང་གི་ཟུངས་སུ་རྟག་སྨིན་ཅིང༌། བཀའ་བཞིན་སྒྲུབ་པའི་མཆོད་པས་རབ་བསྙེན་ནས། ཀུན་བཟང་སྤྱོད་མཆོག་རྒྱ་མཚོ་མཐར་སོན་ཤོག། རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང༌། རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང༌། བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། སྨོན་པའི་དོན་ཀུན་བདེ་བླག་མྱུར་འགྲུབ་ཤོག། དེ་ལྟར་གསོལ་བ་བཏབ་པའི་བླ་མ་མཆོག། བྱིན་གྱིས་བརླབ་ཕྱིར་དགྱེས་བཞིན་སྤྱི་བོར་བྱོན། སླར་ཡང་སྙིང་གའི་པདྨའི་ཟེའུ་འབྲུ་ལ། ཞབས་སེན་འོད་ཆགས་བརྟན་པར་བཞུགས་སུ་གསོལ།

དེ་ལྟ་བུའི་ཚུལ་གྱིས་བླ་མ་དང་ལྷག་པའི་ལྷ་དང་རང་གི་སེམས་གསུམ་ངོ་བོ་དབྱེར་མེད་དུ་བྱས་ཏེ། སྤྱོད་ལམ་ཐམས་ཅད་དུ་གང་སྣང་བདེ་སྟོང་གི་རང་བཞིན་ལྷ་དང་ལྷ་མོའི་རྣམ་རོལ་ཏུ་བལྟ་བ་སོགས་བསྐྱེད་རྫོགས་ཟུང་འབྲེལ་གྱི་ཉམས་ལེན་རྣལ་འབྱོར་དང༌། ལམ་གྱི་རིམ་པའམ་ཐེག་པ་ཆེན་པོའི་བློ་སྦྱོང་གི་གནད་ཡོངས་སུ་རྫོགས་པ་ལ་བློ་སྦྱོང་བ་རྣམས་ཡ་མ་བྲལ་བའི་ཉམས་ལེན་ལ་བརྩོན་པར་བྱ་ཞིང༌། མཇུག་ཏུ་དགེ་བ་རྣམས་བཟང་པོ་སྤྱོད་པ་ལ་སོགས་པ་སྨོན་ལམ་གྱི་རྒྱས་འདེབས་ཤིང༌། མདོར་བསྡུ་ན།

འདི་ལྟར་བགྱིས་བའི་རྣམ་དཀར་དགེ་བ་ཡང༌། དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། མཛད་པ་སྨོན་ལམ་མ་ལུས་བསྒྲུབ་པ་དང༌། ལུང་རྟོགས་དམ་ཆོས་འཛིན་པའི་རྒྱུ་རུ་བསྔོ། དེ་ཡི་མཐུ་ལས་ཚེ་རབ་ཀུན་ཏུ་བདག། ཐེག་མཆོག་འཁོར་ལོ་བཞི་དང་མི་འབྲལ་ཞིང༌། ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་དང༌། རིམ་གཉིས་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག །

༈ ཤིས་བརྗོད་ནི།

༈ སྲིད་ཞིའི་རྣམ་དཀར་ཇི་སྙེད་དགེ་མཚན་གྱིས། དེང་འདིར་མི་ཤིས་རྒུད་པ་ཀུན་བྲལ་ཏེ། གནས་སྐབས་མཐར་ཐུག་དགེ་ལེགས་ནམ་མཁའི་མཛོད། ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག། ཀུན་མཁྱེན་བློ་བཟང་གྲགས་པའི་ཆོས་ཀྱི་སྡེར། བསླབ་གསུམ་རྣམ་དག་རྩེ་གཅིག་སྒྲུབ་ལ་བརྩོན། རྣལ་འབྱོར་རབ་བྱུང་ཚོགས་ཀྱི་ཡོངས་གང་བས། ཐུབ་བསྟན་ཡུན་དུ་གནས་པའི་བཀྲ་ཤིས་ཤོག། གཞོན་ནུའི་དུས་ནས་བླ་མ་ལྷ་མཆོག་ལ། གསོལ་བ་བཏབ་པས་བློ་བཟང་གྲགས་པ་ཡི། བྱིན་རླབས་ཞུགས་ནས་གཞན་དོན་ལྷུན་གྱིས་གྲུབ། བློ་བཟང་རྡོ་རྗེ་འཆང་གི་བཀྲ་ཤིས་ཤོག། འདོད་དགུའི་འབྱོར་བ་དབྱར་གྱི་མཚོ་ལྟར་འཕེལ། སྐྱོན་མེད་རིགས་ཀྱི་དལ་འགྲོ་རྒྱུན་ཆད་མེད། ཉིན་མཚན་བློ་བཟང་དམ་པའི་ཆོས་ཀྱིས་འདའ། ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག། བདག་སོགས་རྣམས་ཀྱིས་དེང་ནས་བྱང་ཆུབ་བར། བགྱིས་དང་བགྱིད་འགྱུར་དགེ་བ་ཅི་བསགས་པ། ཞིང་འདིར་རྗེ་བཙུན་དམ་པའི་གཟུགས་ཀྱི་སྐུ། འགྱུར་མེད་རྡོ་རྗེ་ལྟར་བརྟན་བཀྲ་ཤིས་ཤོག། བསྟན་པའི་དཔལ་གྱུར་བླ་མའི་ཞབས་བརྟན་ཅིང། བསྟན་འཛིན་སྐྱེ་བུས་ས་སྟེང་ཡོངས་ལ་ཁྱབ། བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།

༈ བདེན་གསོལ་སྨོན་ཚིག།

༈ ན་མོ་རཏྣ་ཏྲ་ཡ་ཡཱ། ཚད་མེད་ཡོན་ཏན རྒྱ་མཚོའི་དཔལ་མངའ་ཞིང༌། ཉམ་ཆུང་འགྲོ་ལ་བུ་གཅིག་ལྟར་དགོངས་པའི། དུས་གསུམ་བདེ་གཤེགས་སྲས་དང་སློབ་མར་བཅས། བདག་གི་བདེན་པའི་སྨྲེ་ངག་འདི་དགོངས་ཤིག། སྲིད་ཞིའི་གདུང་སེལ་ཡོངས་རྫོགས་ཐུབ་པའི་བསྟན། འཛམ་གླིང་ཡངས་པའི་ཕན་བདེའི་དཔལ་དུ་རྒྱས། དེ་འཛིན་མཁས་དང་གྲུབ་པའི་སྐྱེས་བུ་རྣམས། ཆོས་སྤྱོད་རྣམ་བཅུའི་བྱ་བ་འཕེལ་བར་མཛོད། མི་ཟད་ལས་ངན་དྲག་པོས་ཡོངས་ནོན་པས། བར་མེད་དུཿཁས་མནར་བའི་ཉམ་ཐག་འགྲོ། བཟོད་དཀའ་ནད་མཚོན་མུ་གེའི་འཇིགས་པ་ཀུན། ཞི་ནས་བདེ་དགའ་རྒྱ་མཚོར་དབུགས་དབྱུང་མཛོད། ཁྱད་པར་གངས་ལྗོངས་ཆོས་ལྡན་སྐྱེ་འགྲོ་རྣམས། ནག་ཕྱོགས་ཀླ་ཀློའི་དཔུང་གིས་བརྩེ་མེད་དུ། ངན་དགུས་འཇོམས་པའི་ཁྲག་དང་མཆི་མའི་རྒྱུན། མྱུར་དུ་ཆད་པའི་ཐུགས་རྗེའི་མཐུ་དཔུང་སྐྱེད། ཉོན་མོངས་གདོན་གྱིས་སྨྱོས་པའི་བརླང་སྤྱོད་ཀྱིས། རང་གཞན་གཉིས་ཕུང་བགྱིད་པའི་སྙིང་རྗེའི་ཡུལ། མི་བསྲུན་སྐྱེ་བོའི་ཚོགས་རྣམས་བླང་དོར་མིག། ཡོངས་ཐོབ་བྱམས་བརྩེས་མཛའ་བའི་དཔལ་ལ་སྦྱོར། རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ། ལྷུན་འགྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ། སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ། བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས། སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང༌། ཡོངས་བཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི། འབྲས་བཟང་དེང་འདིར་མྱུར་དུ་འཆར་བར་གསོལ། སྣང་སྟོང་ཆོས་ཉིད་ཟབ་མོའི་རྟེན་འབྲེལ་དང། མཆོག་གསུམ་ཐུགས་རྗེའི་མཐུ་དང་བདེན་ཚིག་སྟོབས། ལས་འབྲས་བསླུ་མེད་བདེན་མཐུས་བདག་ཅག་གི། བདེན་པའི་སྨོན་ལམ་གེགས་མེད་མྱུར་འགྲུབ་ཤོག།

༈ སློབ་དཔོན་ཐུགས་རྗེ་ཅན་གྱི་ཐུགས་དམ་གནད་བསྐུལ་བཞུགས་སོ།

མཐའ་བྲལ་དོན་དམ་འོད་གསལ་གཉུག་མའི་གཤིས། ལྷུན་གྲུབ་མཚན་དཔེའི་གཟི་འབར་ལོངས་སྤྱོད་རྫོགས། འགྲོ་ཁམས་ཇི་བཞིན་སྣ་ཚོགས་སྤྲུལ་པའི་སྐུ། ཐུབ་དབང་ཐུགས་རྗེ་རྒྱ་མཚོས་དུས་ཀུན་སྐྱོངས། རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་སྒྱུ་འཕྲུལ་གར། པུར་རྒྱལ་བོད་ཀྱི་འགྲོ་བའི་དཔལ་ཤར་བ། གྲུབ་མཆོག་མཚོ་སྐྱེས་རྡོ་རྗེ་དྲིན་པོ་ཆེ། དེང་འདིར་གདུང་བས་བསྐུལ་ལོ་ཐུགས་རྗེས་ཟུངས། སྤངས་རྟོགས་མཐར་ཕྱིན་སྐུ་ལྔའི་བདག་ཉིད་ཀུན། མཉམ་ཉིད་ཉེ་རིང་གཟིགས་པ་མི་མངའ་ཡང༌། གདུལ་བྱའི་ཁམས་སོགས་རྟེན་འབྲེལ་མཐུ་བཙན་པས། ཁྱོད་ནི་གངས་ལྗོངས་འགྲོ་བའི་མགོན་དཔུང་ཉིད། ལྷག་པར་ཁྲི་སྲོང་ལྡེ་བཙན་ཡབ་སྲས་ཀྱིས། བོད་ཁམས་ཐུགས་རྗེས་འཛིན་པར་བསྐུལ་བའི་ཚེ། འགྱུར་མེད་ཞལ་བཞེས་མཛད་པ་དོན་གནས་ན། དུས་འདིར་ཁྱོད་ཀྱིས་ཐུགས་རྗེས་སྐྱོང་བར་གསོལ། ཕོངས་ཤིང་དོན་མེད་བཀོལ་སྤྱོད་གདུང་བས་མནར། སྙད་སྡང་སྲོག་ལ་འཇིགས་པའི་དངངས་སྐྲག་གིས། གཤིན་རྗེའི་གྲོང་ཁྱེར་ལྟ་བུར་གྱུར་པ་ཡི། ཆོས་ལྡན་གངས་ཅན་པ་རྣམས་ཅི་ཡིས་ནོངས། འོན་ཏེ་སྔོན་བསགས་དཀར་མིན་ལས་ཀྱི་འབྲས། བརྣག་དཀའི་དུཿཁ་བཅུ་ཕྲག་ཟུང་ལྷག་ལོར། མྱངས་པའི་ཉམ་ཐག་ངང་ཚུལ་འདི་བས་ན། ལྷག་པར་དགོངས་ཤིག་བརྩེ་ཆེན་ཐུགས་རྗེའི་གཏེར། ཨེ་མ་དཀར་མིན་ལས་ཀྱི་མཐུ་བཙན་མོད། དད་དང་འདུན་སྟོབས་ལྷག་བསམ་བྱིན་མཐུ་ཡང༌། སྟོབས་དང་ལྡན་ཕྱིར་དགེ་འབྲས་འདོད་རྒུའི་ཚོགས། མྱུར་དུ་སྨིན་པའི་རྟེན་འབྲེལ་མཐུ་འགྲུབ་མཛོད། བླ་མ་མཆོག་གསུམ་བོད་སྐྱོང་དམ་ཅན་དང༌། གངས་ཅན་སྐྱེ་རྒུའི་དད་དམ་བྱིན་མཐུའི་སྟོབས། སྣང་སྟོང་རྒྱུ་འབྲས་མི་བསླུའི་བདེན་སྟོབས་ཀྱིས། སྨོན་པའི་དོན་རྣམས་མྱུར་དུ་འགྲུབ་པར་ཤོག། ཅེས་སློབ་དཔོན་ཐུགས་རྗེ་ཅན་གྱི་ཐུགས་དམ་གནད་བསྐུལ་གདུང་དབྱངས་གསོལ་འདེབས་འདི་ནི་ལྕགས་སྤྲེ་སྤྲེལ་ཟླ་ཚེས་བཅུའི་དུས་ཆེན་སྐབས་བཀའ་ཤག་དང༌། ཆོས་དོན་ལྷན་ཁང་ནས་བསྐུལ་མ་བྱུང་བའི་ཐོག དུས་འདིར་གངས་ལྗོངས་ཀྱི་ཆོས་མིན་ཕྱོགས་རྣམས་བརྩེ་ཆེན་ཐུགས་རྗེས་འདུལ་བར་སློབ་དཔོན་ཆེན་པོ་ཉིད་ལ་གསོལ་བ་འདེབས་པ་གནད་དུ་མཐོང་ནས་ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོས་དད་གདུང་དྲག་པོས་གོང་ལོའི་ཟླ་ ༡༠ པའི་ཚེས ༡༥ ལ་སྨོན་པའོ།

༈ ལྷ་མོའི་འཕྲིན་བསྐུལ།

༈ བྷྱོཿ དཔལ་ལྡན་ལྷ་མོ་དཔག་པར་དཀའ་བ་ཁྱོད། ཐབས་ཀྱི་ཆོ་འཕྲུལ་ནམ་མཁའི་མཐའ་ལ་སྤྱོད། བྱང་ཆུབ་སེམས་དཔའི་སྤྲུལ་པ་ཁྱོད་ཉིད་ལ། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། ཁྱོད་ནི་བདག་གི་མཆོད་པས་མ་བསྒྲིབས་ཀྱང་། དཔལ་ལྡན་དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར། འདོད་པའི་ཡོན་ཏན་མཁའ་ལ་ཆར་ཕབ་ནས། མཆོད་པའི་ཚོགས་འདིས་དབང་པོ་རྒྱས་གྱུར་ཅིག དཔལ་ལྡན་ཁྱོད་ནི་དགེ་སྡིག་དཔང་པོ་སྟེ། བདག་གི་ལུས་ངག་ཡིད་ཀྱི་ཉེས་པའི་ཚོགས། ཁྱེད་ཀྱི་ཐད་དུ་འགྱོད་པས་རབ་བཤགས་ན། ཐུགས་རྗེའི་ཤུགས་ཀྱིས་སྒྲིབ་པ་བྱང་བར་མཛོད། ཁྱོད་ཀྱི་ཁྱད་པར་ཡོངས་སུ་འཕགས་པ་ནི། འགྲོ་བའི་དོན་མཛད་བདག་དོན་ཕུན་སུམ་ཚོགས། དགའ་མཐུན་ཕྲག་དོག་མེད་པའི་སྤྲོ་བ་ནི། རྗེས་སུ་ཡི་རང་ཁྱོད་ཀྱི་རྒྱུད་ལ་འབུལ། ཡང་དག་ཡོན་ཏན་ལྡན་པའི་སྐུ་མཆོག་ནི། ནག་དང་བཟང་མོ་འཇིག་པའི་ཆ་བྱད་ཅན། ཕྱོགས་བཅུ་དུས་གསུམ་ཀུན་ཏུ་འགྲོ་དོན་ལ། སྒྱུ་འཕྲུལ་དྲ་བའི་ཚུལ་སྟོན་བསྟན་དུ་གསོལ། དེ་ལྟར་ཡང་དག་ལྡན་པའི་སྐུ་མཆོག་ནི། འགྲོ་བའི་དོན་དང་བསྟན་པ་བསྲུང་བྱའི་ཕྱིར། ནམ་མཁའ་ཟད་པར་མ་གྱུར་བར་དུ་ཡང་། མྱ་ངན་མི་འདའ་རྟག་པར་བཞུགས་སུ་གསོལ། དེ་ལྟར་ཕྱག་འཚལ་མཆོད་ཅིང་བཤགས་པ་དང་། རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། དགེ་བ་འདི་ཡིས་ངན་སོང་སྟོངས་གྱུར་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ།

༈ གནས་ཆུང་འཕྲིན་བསྐུལ།

༈ བདེ་གཤེགས་རིགས་ལྔའི་ཡེ་ཤེས་སྒྱུ་འཕྲུལ་གར། བོད་ཁམས་སྐྱོང་མཛད་བསྟན་སྲུང་དྲེགས་པའི་གཙོ། ཕྲིན་ལས་རྒྱལ་པོ་སྤྲུལ་ཡུམ་བློན་པོར་བཅས། བདག་ཅག་གདུང་བའི་དབྱངས་ཀྱིས་ཉེར་བསྐུལ་ན། སྔོན་ཚེ་རྒྱལ་དབང་པདྨ་ཀ་ར་དང་། པད་དཀར་འཆང་བ་རིམ་པས་བཀའ་བསྒོས་ཤིང་། འདའ་དཀའི་དམ་ཚིག་གཉན་པོ་རབ་བསྒྲགས་པ། མ་གཡེལ་མ་གཡེལ་རྡོ་རྗེའི་དམ་ཚིག་དགོངས། བདག་ཅག་རྨོངས་དང་ཆགས་སྡང་ཕྱོགས་ལྷུང་གིས། ལས་འབྲས་མ་སྲུང་སྤྱི་དོན་རེས་སུ་བོར། དམ་ཚིག་འགལ་སོགས་བསམ་སྦྱོར་ནོངས་པ་ཀུན། སྙིང་ནས་འཆགས་ཤིང་སྡོམ་ན་བཟོད་མཛོད་ལ། བསྟན་དང་བསྟན་འཛིན་སྐྱེ་འགྲོའི་བདེ་སྐྱིད་དང་། བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་མཛད་འཕྲིན་སྤེལ། གངས་ལྗོངས་རྒུད་པའི་ཉེར་འཚེ་མྱུར་ཞི་ནས། ཆོས་སྲིད་རང་དབང་དགའ་སྟོན་སྒྲུབས་ཤིག་ཀྱེ། མདོར་ན་བསྟན་སྲུང་མཐུ་བོ་ཁྱོེད་ཉིད་ལ། སྙིང་ནས་བསྐུལ་ཞིང་འདོད་དོན་གཉེར་གཏོད་ན། གློག་ལྟར་མྱུར་བའི་རྣམ་བཞིའི་འཕྲིན་ལས་ཀྱིས། བསམ་པའི་རེ་བ་སྒྲུབ་ལ་མ་གཡེལ་ཞིག།

༈ ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ་བཞུགས་སོ།

༈ སྐུ་བཞི་བདག་ཉིད་ཀུན་མཁྱེན་ཉི་མའི་གཉེན། ཚེ་འོད་དཔག་མེད་འཕགས་མཆོག་སྤྱན་རས་གཟིགས། འཇམ་དབྱངས་གསང་བདག་སྒྲོལ་མ་ཁྲོ་གཉེར་ཅན། རྒྱལ་དང་རྒྱལ་སྲས་སེམས་དཔའི་ཚོགས་རྣམས་དང༌། གཏད་རབས་ཆེ་བདུན་རྒྱན་དྲུག་མཆོག་གཉིས་པོ། གྲུབ་ཆེན་བརྒྱད་ཅུ་གནས་བརྟན་བཅུ་དྲུག་སོགས། བསྟན་དང་འགྲོ་ལ་གཅིག་ཏུ་ཕན་བཞེད་པ། སྐྱེས་མཆོག་སེམས་དཔའ་མ་ལུས་དགོངས་སུ་གསོལ། ཐུབ་པ་མཆོག་གིས་གྲངས་མེད་བསྐལ་པ་རུ། བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ཏེ། མཁྱེན་བརྩེ་ནུས་པ་མཐར་ཕྱིན་བདེན་པའི་མཐུས། ཡོངས་རྫོགས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག། གངས་རིའི་ལྗོངས་སུ་ཐུབ་བསྟན་སྣང་བའི་སྒོ། ཐོག་མ་འབྱེད་མཛད་མཁན་སློབ་ཆོས་རྒྱལ་གསུམ། ལོ་པཎ་རིག་འཛིན་རྗེ་འབངས་ཐུགས་བསྐྱེད་མཐུས། གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག། རྒྱ་ཆེན་བཀའ་ཡི་ནོར་བུའི་ལྡིང་ཁང་དུ། ཟབ་མོའི་སྒྲུབ་སྡེ་ཆོས་ཀྱི་གཏེར་ཆེན་པོ། ཟབ་ཡངས་སྙིང་ཏིག་འོད་རྣོན་རབ་ཏུ་འཚེར། གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག། ཀ་དག་འོད་གསལ་སྙིང་པོའི་ཀློང་ཆེན་པོར། འཁོར་འདས་ཆོས་ཀུན་འུབ་ཆུབ་ཐེག་པའི་རྩེ། ཀུན་བཟང་གདོན་མའི་རྒྱལ་སར་བགྲོད་པའི་ཐབས། གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག། ཟབ་མོའི་ལྟ་དང་རྒྱ་ཆེན་སྤྱོད་པའི་ལམ། ཡོངས་རྫོགས་གདམ་པའི་མཛོད་མངའ་ཨ་ཏི་ཤ། རྒྱལ་བའི་འབྱུང་གནས་ལས་འོངས་གདམས་པའི་སྲོལ། གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག། སྡེ་སྣོད་གསུམ་གྱིས་བསྡུས་པའི་རྒྱལ་བའི་བཀའ། གདམས་པ་སྐྱེས་བུ་གསུམ་དུ་ལེགས་བསྒྲིགས་པ། ལྷ་ཆོས་བདུན་ལྡན་བཀའ་གདམས་གསེར་གྱི་འཕྲེང༌། གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག། སྒྲ་སྒྱུར་མར་པ་བཞེད་པ་རྡོ་རྗེ་སོགས། བྱིན་རླབས་འབྱུང་གནས་བཀའ་བརྒྱུད་ནོར་བུའི་མཛོད། མཚུངས་མེད་རིམ་བྱོན་བཀའ་སྲོལ་རྨད་བྱུང་བ། གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག། འཁོར་འདས་ཆོས་ཀུན་ལྷན་སྐྱེས་སེམས་ཀྱི་མདངས། སེམས་ཉིད་སྤྲོས་བྲལ་ཆོས་སྐུའི་ངོ་བོར་རྟོགས། སྣང་སྲིད་འཁོར་འདས་ཀུན་ཁྱབ་ཕྱག་རྒྱ་ཆེ། གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག། ཕྱི་ནང་རིག་གནས་མདོ་སྔགས་གཞུང་བརྒྱའི་གནད། འཆད་རྩོད་རྩོམ་པས་ཐུབ་བསྟན་སྐྱོང་མཁས་པ། ལྷ་རིགས་འཁོན་སྟོན་བརྩེ་ཆེན་ས་སྐྱ་པ། གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག། གསུང་ངག་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི། རྒྱུ་ལམ་འབྲས་བུའི་ཉམས་ལེན་ཆེས་ཟབ་གནད། རྣལ་འབྱོར་དབང་ཕྱུག་ཁྱད་ཆོས་གདམས་པའི་སྲོལ། གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག། ཟབ་མོ་དབུ་མའི་ལྟ་དང་ཉེར་འབྲེལ་བའི། གསང་ཆེན་རྡོ་རྗེ་ཐེག་པའི་རིམ་གཉིས་ལམ། ཟབ་གསལ་སྤེལ་མཁས་བློ་བཟང་རྒྱལ་བའི་བསྟན། གངས་ལྗངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཡི་དོན། ཡོངས་རྫོགས་ལམ་གྱི་ངོ་བོ་གོ་རིམ་རྣམས། མ་ནོར་ཉམས་སུ་ལེན་པའི་ལུགས་བཟང་མཆོག། གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག། མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པའི། ཕྱི་ནང་གཞན་གསུམ་དུས་ཀྱི་འཁོར་ལོ་ཡི། ལུང་རྟོགས་བཀའ་བབས་བུ་ཇོ་ལུགས་ཟུང་གི། གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག། མདོར་ན་བཤད་པའི་ཀ་ཆེན་རྣམ་བཅུ་དང༌། སྒྲུབ་བརྒྱུད་ཤིང་རྟ་སྤྱི་དང་ཞི་བྱེད་སོགས། མདོ་སྔགས་ཟུང་འབྲེལ་མན་ངག་དུ་མས་ཕྱུག། གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག། བསྟན་འཛིན་ཞབས་བརྟན་ཐུགས་མཐུན་དགེ་འདུན་རྣམས། བསྟན་པ་འཁོར་ལོ་གསུམ་གྱིས་སྐྱོང་བ་དང༌། བསྟན་ལ་དད་པའི་སྐྱེས་བུས་ས་སྟེང་ཁྱབ། རིས་མེད་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག། འཇིག་རྟེན་ཀུན་ཏུ་དམག་འཁྲུག་མུ་གེ་དང༌། གདུག་རྩུབ་བསམ་སྦྱོར་མིང་ཡང་མི་གྲགས་ཤིང༌། ཡིད་ཅན་བྱམས་ལྡན་སྣོད་བཅུད་དགེ་མཚན་འཕེལ། བདེ་དགའ་རྒྱ་མཚོ་ཕྱོགས་ཀུན་ཁྱབ་གྱུར་ཅིག། བདག་ཀྱང་དེང་ནས་ཡོངས་རྫོགས་བསྟན་པའི་ལམ། རྒྱ་ཆེན་སེམས་བསྐྱེད་ཟབ་མོ་ལྟ་བ་དང༌། ཐོས་བསམ་སྒོམ་པས་གཅིག་ཏུ་བརྩོན་པ་ཡི། འཕྲལ་ཡུན་གཏན་བདེའི་ས་ལ་མྱུར་རེག་ཤོག། ནམ་མཁའི་མཐས་གཏུགས་གྱུར་པའི་སེམས་ཅན་ཕྱིར། ཐུབ་དབང་རྒྱལ་སྲས་ཡིད་འོང་སྤྱོད་པ་ལ། ཞུམ་དང་ངན་ཞེན་ལེ་ལོ་མེད་པ་དང༌། ཡིད་ཆེས་འདུན་པས་སྤྲོ་དགས་འཇུག་པར་ཤོག། བདག་གི་ལུས་དང་ལོངས་སྤྱོད་དགེ་བ་རྣམས། མ་རྣམས་བདེ་བའི་རྒྱུ་རུ་འགྱུར་བ་དང༌། དེ་དག་ཀུན་གྱི་སྡུག་ཀུན་གང་མཆིས་པ། དེ་ཀུན་བདག་ལ་ཡོངས་སུ་སྨིན་པར་ཤོག། བདག་ནི་མཐོང་ཐོས་དྲན་དང་མོས་བྱེད་པ། ཀུན་ཀྱང་བདེ་དགའི་དཔལ་ལ་སྤྱོད་པ་དང༌། སྨོད་དང་རྡེག་འཚོག་མི་སྙན་སྒྲོག་བྱེད་པའང༌། ཐམས་ཅད་བྱང་ཆུབ་ལམ་གྱི་སྐལ་ལྡན་ཤོག། མདོར་ན་ཇི་སྲིད་ནམ་མཁའ་གནས་པ་དང༌། འགྲོ་བའི་སྡུག་བསྔལ་གནས་པ་དེ་སྲིད་དུ། བདག་ཀྱང་གནས་ཏེ་དངོས་དང་བརྒྱུད་པ་ཡིས། ཕན་བདེའི་བྱེད་པོ་ཉིད་དུ་འགྱུར་པར་ཤོག།

༈ འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ།

༈ རྒྱ་གར་སྐད་དུ། །ཨརྱ་བྷ་དྲ་ཙརྱ་པྲ་ཎི་དྷ་ན་ར་ཛཱ། །བོད་སྐད་དུ། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བརྒྱའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ནས་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་པོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་རྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་པར་གྱུར། །གང་ཡང་མ་བྱོན་དེ་དག་རབ་མྱུར་བར། །བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན། །ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ། །དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར། །བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང་། །སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག །ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་མེད་བདེ་གྱུར་ཅིག །འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །མཐུན་པར་གྱུར་ཅིང་རེ་བའང་འགྲུབ་པར་ཤོག །བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་། །འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་གྱུར་ཅིག། །ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། །རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡང་དག་པར། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག །དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག །ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས། །གྲོལ་ཞིང་འཇིག་རྟེན་འགྲོ་བ་རྣམས་སུ་ཡང་། །ཇི་ལྟར་པདྨ་ཆུས་མི་ཆགས་པ་བཞིན། །ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱད། །ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར། །ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །བདེ་བ་དག་ལ་འགྲོ་བ་ཀུན་འགོད་ཅིང་། །འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །སེམས་ཅན་དག་གི་སྤྱོད་དང་མཐུན་པར་འཇུག །བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང་། །མ་འོངས་བསྐལ་བ་ཀུན་ཏུ་སྤྱོད་པར་གྱུར། །བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ། །དེ་དག་དང་ནི་རྟག་ཏུ་འགྲོགས་པར་ཤོག །ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང་། །སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད། །བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག །བཟང་པོའི་སྤྱོད་པ་རབ་ཏུ་སྟོན་བགྱིད་པ། །དེ་དག་དང་ཡང་རྟག་ཏུ་ཕྲད་པར་ཤོག །དེ་དག་བདག་གིས་ནམ་ཡང་ཡིད་མི་དབྱུང་། །སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བ་བལྟ། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི། །རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །བྱུང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པའི་རྣམ་པར་སྤྱོད་པ་ཡང་། །མ་འོངས་བསྐལ་བ་ཀུན་ཏུ་སྤྱད་པར་བགྱི། །སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་རྙེས། །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང་། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་གྱུར་ཅིག །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི། །དེ་ལྟར་མ་ལུས་ཐམས་ཅད་ཕྱོགས་སུ་ཡང་། །སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། །སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང། །བསྐལ་བ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག །གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་དག ། །འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་ཡིས། །དེ་དག་གི་ཡང་གསུང་དབྱངས་མི་ཟད་ལ། །བློ་ཡི་སྟོབས་ཀྱི་བདག་ཀྱང་རབ་ཏུ་འཇུག །མ་འོངས་བསྐལ་བ་ཐམས་ཅད་འཇུག་པ་ཡང་། །སྐད་ཅིག་གཅིག་གིས་བདག་ཀྱང་འཇུག་པར་བགྱི། །གང་ཡང་བསྐལ་བ་དུས་གསུམ་ཚད་དེ་དག །སྐད་ཅིག་ཆ་ཤས་ཀྱིས་ནི་ཞུགས་པར་སྤྱད། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་གང་། །དེ་དག་སྐད་ཅིག་གཅིག་ལ་བདག་གིས་བལྟ། །རྟག་ཏུ་དེ་དག་ཀུན་གྱི་སྤྱོད་ཡུལ་ལ། །སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག །གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། །དེ་དག་རྡུལ་གཅིག་སྟེང་དུ་མངོན་པར་བསྒྲུབ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བ་རྣམས་ཀྱི་ཞིང་གི་བཀོད་ལ་འཇུག །གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །དེ་དག་རིམ་པར་འཚང་རྒྱ་འཁོར་ལོ་བསྐོར། །མྱ་ངན་འདས་པ་རབ་ཏུ་ཞི་མཐའ་སྟོན། །མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཀུན་ཏུ་མྱུར་བའི་རྫུན་འཕྲུལ་སྟོབས་རྣམས་དང་། །ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་རྣམས་དང་། །ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང་། །ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས། །ཀུན་ནས་དགེ་བའི་བསོད་ནམས་སྟོབས་རྣམས་དང། །ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས། །ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་དག་གིས། །བྱང་ཆུབ་སྟོབས་རྣམས་ཡང་དག་སྒྲུབ་པར་བྱེད། །ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་། །ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད། །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་། །བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི། །ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་སྒྲོལ། །ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང་། །ཡེ་ཤེས་རྒྱ་མཚོ་རབ་ཏུ་རྟོགས་པར་བྱེད། །སྤྱོད་པ་རྒྱ་མཚོ་རྣམ་པར་དག་བགྱིད་ཅིང་། །སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་པར་བྱེད། །སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང་། །བསྐལ་བ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི། །གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི། །བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོ་སྤྱོད་པས་བྱང་ཆུབ་སངས་རྒྱས་ནས། །དེ་ཀུན་མ་ལུས་བདག་གི་རྫོགས་པར་བགྱི། །རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང་། །སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་པར། །བསྔོ་བ་བཟང་པོ་མཁས་པ་ཅི་འདྲ་བ། །དེ་འདྲར་བདག་ཀྱང་དེ་དང་མཚུངས་པར་ཤོག །ཀུན་ནས་དགེ་བ་བཟང་པོ་སྤྱད་པའི་ཕྱིར། །འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱི། །མ་འོངས་བསྐལ་བ་ཀུན་ཏུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཡོན་ཏན་རྣམས་ཀྱང་ཚད་གཟུང་མེད་པར་ཤོག །སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང་། །དེ་དག་འཕྲུལ་བ་ཐམས་ཅད་འཚལ་བར་བགྱི། །ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པ། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་བ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །རིན་ཆེན་རྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། །ལྷ་དང་མི་ཡི་བདེ་བའི་མཆོག་རྣམས་ཀྱང་། །ཞིང་གི་རྡུལ་སྙེད་བསྐལ་བར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་། །ལན་གཅིག་ཙམ་ཡང་དད་པ་སྐྱེད་པ་ནི། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པས། །དེས་ནི་ངན་སོང་ཐམས་ཅད་སྤོང་བར་གྱུར། །དེས་ནི་གྲོགས་པོ་ངན་པ་སྤོང་བ་ཡིན། །སྣང་མཐའ་ཡས་དེ་ཡང་དེས་མྱུར་མཐོང་། །དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ། །མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང་། །ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར། །དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར། །མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག །དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང་། །རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར། །བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་བསྐོར། །བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ། །གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །འཆང་བ་དང་ནི་སྟོན་ཏམ་ཀློག་ན་ཡང་། །དེ་ཡི་རྣམ་པར་སྨིན་པའང་སངས་རྒྱས་མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་དག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བ་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང་། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གི་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས། །སྐད་ཅིག་གཅིག་གིས་ཐམས་ཅད་འབྱོར་བར་ཤོག །བཟང་པོ་སྤྱོད་པ་སྨོན་ལམ་བསྔོས་པ་ཡིས། །བསོད་ནམས་དམ་པ་མཐའ་ཡས་གང་ཐོབ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག །སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང་། །ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ། །ངན་སོང་གནས་རྣམས་མ་ལུས་སྟོངས་པར་ཤོག ༎ ༎

༈ འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་པོ་ཞེས་བྱ་བ།

རྒྱ་གར་སྐད་དུ། ཨཱརྱ་མཻ་ཏྲི་པྲ་ཎི་དྷཱ་ན་རཱ་ཛཱ། བོད་སྐད་དུ། འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་བོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། དྲང་སྲོང་ལྷ་མིག་ལྡན་པ་ཡི། བྱང་ཆུབ་སེམས་དཔའ་རྣམས་དང་ཡང༌། ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། ངན་འགྲོའི་ལམ་ནི་བཟློག་བགྱིད་ཅིང༌། མཐོ་རིས་ལམ་ནི་རབ་སྟོན་ལ། རྒ་ཤི་མེད་པར་འདྲེན་བགྱིད་པའི། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། སེམས་ཀྱི་དབང་དུ་གྱུུར་བས་ན། བདག་གིས་སྡིག་པ་ཅི་བགྱིས་པ། སངས་རྒྱས་སྤྱན་སྔར་མཆིས་ནས་སུ། བདག་གིས་དེ་དག་བཤགས་པར་བགྱི། བདག་ལས་རྣམ་པ་གསུམ་གང་གིས། བསོད་ནམས་ཚོགས་ནི་བསྐྱེད་པ་དེ། བདག་གི་ཀུན་མཁྱེན་ས་བོན་ཏེ། བདག་ལ་བྱང་ཆུབ་མི་ཟད་ཤོག། ཕྱོགས་བཅུ་དག་གི་ཞིང་རྣམས་སུ། སངས་རྒྱས་མཆོད་པ་གང་བྱུང་བ། སངས་རྒྱས་མཁྱེན་པ་ཡི་རང་བ། དེ་ལ་བདག་ནི་ཡི་རང་ངོ༌། སྡིག་པ་ཐམས་ཅད་བཤགས་པར་བགྱི། བསོད་ནམས་ཀུན་ལ་ཡི་རང་ངོ༌། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། བདག་ནི་ཡེ་ཤེས་མཆོག་ཐོབ་ཤོག། ཕྱོགས་བཅུ་དག་གི་ཕྱོགས་རྣམས་སུ། ས་བཅུ་དག་ལ་གནས་པ་ཡི། བྱང་ཆུབ་སེམས་དཔའ་བྱང་ཆུབ་མཆོག། འཚང་རྒྱ་བགྱིད་པར་བསྐུལ་མ་འདེབས། བྱང་ཆུབ་དམ་པ་སངས་རྒྱས་ཤིང༌། སྡེ་དང་བཅས་པའི་བདུད་བཏུལ་ནས། སྲོག་ཆགས་ཀུན་ལ་སྨན་སླད་དུ། ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག། ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། སེམས་ཅན་སྡུག་བསྔལ་མཐར་བགྱིད་ཤོག། བསྐལ་བ་བྱེ་བ་བསམ་ཡས་སུ། ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག། འདོད་པའི་འདམ་དུ་བྱིང་གྱུར་ཅིང༌། སྲེད་པས་སྲད་བུས་དམ་བཅིངས་པ། འཆིང་བ་ཀུན་གྱིས་བཅིངས་དག་ལ། རྐང་གཉིས་མཆོག་རྣམས་གཟིགས་སུ་གསོལ། སེམས་ཀྱི་དྲི་མར་གྱུར་པ་ལ། སངས་རྒྱས་རྣམས་ནི་སྨོད་མི་མཛད། སེམས་ཅན་རྣམས་ལ་བྱམས་ཐུགས་ལྡན། སྲིད་པའི་མཚོ་ལས་སྒྲོལ་བར་ཤོག། རྫོགས་པའི་སངས་རྒྱས་གང་བཞུགས་དང༌། གང་དག་འདས་དང་མ་བྱོན་པ། དེ་དག་རྗེས་སུ་བདག་སློབ་ཅིང༌། བྱང་ཆུབ་སྤྱད་པ་སྤྱོད་གྱུར་ཅིག། ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། འགྲོ་དྲུག་སེམས་ཅན་ཐར་བགྱིད་ཤོག། མངོན་ཤེས་དྲུག་པོ་མངོན་བགྱིས་ནས། བླ་མེད་བྱང་ཆུབ་རེག་གྱུར་ཅིག། མ་སྐྱེས་པ་དང་མི་འབྱུང་དང༌། རང་བཞིན་མ་མཆིས་གནས་མ་མཆིས། རྣམ་རིག་མ་མཆིས་དངོས་མ་མཆིས། སྟོང་པའི་ཆོས་ནི་རྟོགས་པར་ཤོག། སངས་རྒྱས་དྲང་སྲོང་ཆེན་པོ་ལྟར། སེམས་ཅན་མ་མཆིས་སྲོག་མ་མཆིས། གང་ཟག་མ་མཆིས་གསོ་མ་མཆིས། བདག་མ་མཆིས་པའི་ཆོས་རྟོགས་ཤོག། བདག་འཛིན་བདག་གིར་འཛིན་པ་ཡི། དངོས་པོ་ཀུན་ལ་མི་གནས་པར། སེམས་ཅན་ཀུན་ལ་སྨན་སླད་དུ། སེར་རྣ་མ་མཆིས་སྦྱིན་གཏོང་ཤོག། དངོས་པོ་དངོས་པོ་མ་མཆིས་པས། བདག་གི་ལོངས་སྤྱོད་ལྷུན་འགྲུབ་ཤོག། དངོས་པོ་ཐམས་ཅད་རྣམ་འཇིག་པས། སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང༌། ཚུལ་ཁྲིམས་རྣམ་པར་དག་དང་ལྡན། རློམས་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག། ས་འམ་ཡང་ན་ཆུ་འམ་མེ། རླུང་གི་ཁམས་ལྟར་མི་གནས་ཤིང༌། བཟོད་པའམ་ཁྲོ་བ་མ་མཆིས་པས། བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤོག། བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། བརྟན་སྤྲོ་ལེ་ལོ་མ་མཆིས་ཤིང༌། སྟོབས་དང་ལྡན་པའི་ལུས་སེམས་ཀྱིས། བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག། སྒྱུ་མ་ལྟ་བུའི་ཏིང་འཛིན་དང༌། དཔའ་བར་འགྲོ་བའི་ཏིང་འཛིན་དང༌། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག། རྣམ་པར་ཐར་བའི་སྒོ་གསུམ་དང༌། དུས་གསུམ་མཉམ་པ་ཉིད་དང་ནི། རིག་གསུམ་མངོན་སུམ་བགྱིས་པ་ཡིས། ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག། སངས་རྒྱས་ཀུན་གྱིས་བསྔགས་པ་དང༌། འོད་དང་གཟི་བརྗིད་འབར་བ་དང༌། བྱང་ཆུབ་སེམས་དཔའི་བརྩཽན་འགྲུས་ཀྱིས། བདག་གཞན་བསམ་པ་རྫོགས་གྱུར་ཅིག། དེ་ལྟར་སྤྱད་པ་སྤྱོད་བྱེད་ཅིང༌། བྱམས་པ་གྲགས་དང་ལྡན་པ་ཡིས། ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། ས་བཅུའི་སྤོ་ལ་རབ་ཏུ་གནས།
ནམོ་རཏྣ་ཏྲཡཱཡ། ནམོ་བྷགཝཏེ་ཤཱཀྱ་མུནཡེ་ཏཐཱགཏཱཡཱརྷཏེ་སམྱཀསྨབུདྡྷཱཡ། ཏདྱཐཱ། ཨྃ་ཨཇིཏེ་ཨཇིཏེ། ཨཔར[རཱ]ཇིཏེ། ཨཇིཏཉྗཡ་ཧར་ཧར་མེེཏྲི། ཨབལོཀིཏེ་ཀར་ཀར། མཧཱ་སམཡ་སིདྡྷི། བྷར་བྷར། མཧཱ་བོདྷི་མཎྜ་བཱིཇེ་སྨར་སྨར་ཨསྨཱཀཾ་སམཡ་བོདྷི་བོདྷི་མཧཱ་བོདྷི་སཱཧཱ༎
འདི་ཡི་དགེ་བས་བདག་གཞན་འགྲོ་བ་ཀུན། ཤི་འཕོས་གྱུར་བའི་མོད་ལ་དགའ་ལྡན་དུ། ཆོས་ཀྱིས་མཐོ་བའི་ཁང་བཟང་དེར་སྐྱེས་ནས། མི་ཕམ་ཆོས་རྗེའི་སྲས་ཀྱི་ཐུ་བོར་ཤོག། ས་བཅུའི་དབང་ཕྱུག་རྒྱལ་ཚབ་འཛམ་གླིང་དུ། སྟོབས་བཅུ་མངའ་བའི་གོ་འཕང་བརྙེས་པའི་ཚེ། གསུང་གི་བདུད་རྩིའི་ཐོག་མ་རབ་མྱངས་ནས། རྒྱལ་བའི་མཛད་པ་མ་ལུས་མཐར་ཕྱིན་ཤོག། འདི་ནས་ཤི་འཕོས་གྱུར་མ་ཐག། དགའ་ལྡན་སྐྱེས་ནས་ཡིད་དགའ་བར། མྱུར་དུ་བྱམས་མགོན་མཉེས་བྱས་ནས། བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག། འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ།

མཇུག་ཏུ་བསྔོ་བ།

༈ སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་།
བསྟན་འཛིན་བུ་སློབ་ཤིན་ཏུ་མཐུན་པ་ཡིས། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།

༈ གངས་རི་རྭ་བའི་བསྐོར་བའི་ཞིང་ཁམས་སུ། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།

༈ འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་དུ།
དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།

༈ དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱི། བསྔོ་བ་གང་ལ་མཆོག་དུ་བསྔགས་པ་དེས།
བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི།

༈ ཕ་མ་སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག། ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་པ་དང་།
བྱང་ཆུབ་སེམས་པ་གང་ན་སུ་བཞུགས་པ། དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག།

༈ བྱང་ཆུབ་སེམས་མཆོག་རིན་པོ་ཆེ། མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག
སྐྱེས་པ་ཉམས་པ་མེད་པ་ཡང་། གོང་ནས་གོང་དུ་འཕེལ་བར་ཤོག །

༈ སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ། འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེའི།
བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ། མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག།