༄༅། །བྱང་ཆུབ་ལམ་གྱི་རིམ་པ་བཞུགས་སོ།

༄༅། །རྗེ་བཙུན་དམ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ།
།མི་མཇེད་ཞིང་གི་དབང་ཕྱུག་བཅོམ་ལྡན་འདས། །རྒྱལ་བའི་རྒྱལ་ཚབ་བྱམས་མགོན་ཆོས་ཀྱི་རྗེ།
།བདེ་གཤེགས་ཀུན་གྱི་ཡབ་གཅིག་འཇམ་པའི་དབྱངས། །རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་ཐོགས་མེད་ལ།
།གུས་པས་བཏུད་ནས་ཟབ་མོ་ལྟ་བ་དང༌། །རྒྱ་ཆེན་སྤྱོད་པའི་ལམ་གྱི་རིམ་པ་ལ།
།བདེ་བླག་ཉིད་དུ་འཇུག་ཕྱིར་སླར་ཡང་ནི། །མདོར་བསྡུས་ཚུལ་གྱིས་འདིར་ནི་བཤད་པར་བྱ།

འདིར་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། །ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། །རྣམ་པ་ཐམས་ཅད་མཁྱེན་པའི་སར་འགྲོ་བའི་སྐྱེ་བོ་མཆོག་གི་ཆོས་ལུགས། སྐྱེས་བུ་གསུམ་གྱི་ཉམས་སུ་བླང་བའི་རིམ་པ་ཐམས་ཅད་མ་ཚང་བ་མེད་པར་བསྡུས་པ། བྱང་ཆུབ་ལམ་གྱི་རིམ་པའི་སྒོ་ནས་སྐལ་བ་དང་ལྡན་པ་སངས་རྒྱས་ཀྱི་སར་འཁྲིད་པའི་ཚུལ་ནི་གང་བཤད་པར་བྱ་བའི་ཆོས་སོ། །དེ་ལ་དཔལ་བྲི་ཀཱ་མ་ལ་ཤཱི་མཁས་པ་རྣམས་ནི། ཆོས་རྩོམ་པ་པོའི་ཆེ་བ་དང༌། ཆོས་ཀྱི་ཆེ་བ་དང༌། དེ་ཇི་ལྟར་བཤད་ཅིང་ཉན་པའི་ཚུལ་གསུམ་སྔོན་དུ་གལ་ཆེ་བར་བཞེད་པ་ལྟར་བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་ལ་བཞི། ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་བསྟན་པ་དང༌། གདམས་ངག་ལ་གུས་པ་བསྐྱེད་པའི་ཕྱིར་ཆོས་ཀྱི་ཆེ་བ་བསྟན་པ་དང༌། ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ་དང༌། གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བའི་རིམ་པའོ། །དང་པོ་མཛད་པ་པོ་ནི། གདམས་ངག་འདི་སྤྱིར་རྗེ་བཙུན་བྱམས་མགོན་གྱི་མངོན་པར་རྟོགས་པའི་རྒྱན་གྱི་གདམས་ངག་ཡིན་ལ། ཁྱད་པར་དུ་འདིའི་གཞུང་ནི་བྱང་ཆུབ་ལམ་གྱི་སྒྲོན་མ་ཡིན་པས་དེ་མཛད་པ་པོ་ཉིད་འདིའི་ཡང་མཛད་པ་པོའོ། །དེ་ཡང་སློབ་དཔོན་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་མཚན་གཞན་དཔལ་ལྡན་ཨ་ཏི་ཤ་ཞེས་ཡོངས་སུ་གྲགས་པ་སྟེ། དེའི་ཆེ་བ་ལ་གསུམ། རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་པའི་ཚུལ། རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ། བརྙེས་ནས་བསྟན་པ་ལ་བྱ་བ་མཛད་བའི་ཚུལ་ལོ། །དང་པོ་ནི།

ལོ་ཙཱ་བའི་བསྟོད་པ་ལས།
ཤར་ཕྱོགས་ཟ་ཧོར་ཡུལ་མཆོག་ན། །དེ་ན་གྲོང་ཁྱེར་ཆེན་པོ་ཡོད། །བི་ཀྲ་མ་ནི་པཱུ་ར་ཡིན། །དེ་ཡི་དབུས་ན་རྒྱལ་པོའི་ཁབ། །ཕོ་བྲང་ཤིན་ཏུ་ཡངས་པ་ཡོད། །གསེར་གྱི་རྒྱལ་མཚན་ཅན་ཞེས་བྱ། །ལོངས་སྤྱོད་མངའ་ཐང་འབྱོར་པ་ནི། །རྒྱ་ནག་སྟོང་ཁུན་རྒྱལ་པོ་འདྲ། །ཡུལ་དེའི་རྒྱལ་པོ་དགེ་བའི་དཔལ། །བཙུན་མོ་དཔལ་མོ་འོད་ཟེར་ཅན། །ཡབ་ཡུམ་གཉིས་ལ་སྲས་གསུམ་མངའ། །པདྨའི་སྙིང༌། ཟླ་བའི་སྙིང༌། དཔལ་གྱི་སྙིང་། པདྨའི་སྙིང་དང་ཟླ་བའི་སྙིང༌། དཔལ་གྱི་སྙིང་པོ་ཞེས་བྱའོ། །རྒྱལ་བུ་པདྨའི་སྙིང་པོ་ལ། བཙུན་མོ་ལྔ་ཡོད་སྲས་ནི་དགུ། །སྲས་ཀྱི་ཐུ་བོ་བསོད་ནམས་དཔལ། ད་ལྟའི་དུས་ན་མཁས་པ་ཆེ། །དྷ་ན་ཤྲཱི་ཞེས་བྱ་བར་གྲགས། ཆུང་བ་དཔལ་གྱི་སྙིང་པོ་ནི། །དགེ་སློང་བིརྱྰ་ཙནྡྲ་ཡིན། འབྲིང་པོ་ཟླ་བའི་སྙིང་པོ་ནི། །ད་ལྟ་བླ་མ་རྗེ་བཙུན་ཡིན། ཞེས་འབྱུང་བ་ལྟར་རོ། །

ཡོན་ཏན་བརྙེས་པའི་ཚུལ་ལ་གཉིས།
མང་དུ་མཁྱེན་པ་ལུང་གི་ཡོན་ཏན་བརྙེས་པའི་ཚུལ། ཚུལ་བཞིན་བསྒྲུབས་པ་རྟོགས་པའི་ཡོན་ཏན་བརྙེས་པའི་ཚུལ་ལོ། །དང་པོ་ནི། ལོ་ཉེར་གཅིག་ཚུན་ལ་ཕྱི་པ་དང་ནང་པའི་རིག་པའི་གནས་ཐུན་མོང་བ་སྒྲ་དང་གཏན་ཚིགས་རིག་པ། བཟོ་དང་གསོ་བ་རིག་པ་བཞི་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏོ། །ཁྱད་པར་དུ་ལོ་བཅོ་ལྔ་བཞེས་པའི་ཚེ་རིགས་ཐིགས་ཚར་གཅིག་གསན་ནས་ཕྱི་རོལ་པའི་རྟོག་གེ་བ་མཁས་པར་གྲགས་པ་གཅིག་དང་བརྩད་པས། དེ་ཕམ་པར་མཛད་པས་སྙན་པའི་གྲགས་པ་ཀུན་ཏུ་རྒྱས་སོ། ཞེས་གྲོ་ལུང་པ་ཆེན་པོ་གསུང་ངོ༌། །དེ་ནས་རི་ནག་པོའི་གཙུག་ལག་ཁང་གི་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཀྱཻ་རྡོ་རྗེའི་ཞལ་གཟིགས་ཤིང་རྡོ་རྗེ་མཁའ་འགྲོ་མའི་ལུང་བསྟན་པ་ཐོབ་པའི་བླ་མ་རཱ་ཧུ་ལ་གུཔྟ་ལ་དབང་ཡོངས་སུ་རྫོགས་པར་ཞུས་ཤིང༌། གསང་མཚན་ཡེ་ཤེས་གསང་བའི་རྡོ་རྗེ་ཞེས་བྱ་བར་བཏགས་ཏེ། དགུང་ལོ་ཉེར་དགུ་ཚུན་ལ་དངོས་གྲུབ་བརྙེས་པའི་བླ་མ་དུ་མའི་སྤྱན་སྔར་རྡོ་རྗེ་ཐེག་པ་ལ་སྦྱངས་པས་གཞུང་དང་གདམས་ངག་མ་ལུས་པ་ལ་མཁས་པར་གྱུར་ཏེ། གསང་སྔགས་ལ་ང་ཉིད་མཁས་སོ་སྙམ་དུ་དགོངས་པ་བྱུང་བ་ན། ཌཱ་ཀི་མ་རྣམས་ཀྱིས་སྔགས་ཀྱི་གླེགས་བམ་སྔར་མཐོང་མ་མྱོང་བ་མང་པོ་མནལ་ལམ་དུ་བསྟན་ནས་ཐུགས་རྒྱལ་བཅག་གོ །

དེ་ནས་བླ་མ་དང་ཡི་དམ་རྣམས་ཀྱིས་དངོས་དང་རྨི་ལམ་ཅི་རིགས་པར། རབ་ཏུ་བྱུང་ན་བསྟན་པ་དང་འགྲོ་བ་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་བསྐུལ་བ་ལ་བརྟེན་ནས། ཕལ་ཆེན་སྡེ་པའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཤཱི་ལ་རཀྵི་ཏ་ཞེས་བྱ་བ། སྦྱོར་བའི་ལམ་གྱི་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་བརྙེས་པ་ཅིག་ལ་མཁན་པོ་མཛད་ནས་རབ་ཏུ་བྱུང་སྟེ། མཚན་དཔལ་མར་མེ་མཛད་ཡེ་ཤེས་ཞེས་བཏགས་སོ། །དེ་ནས་ལོ་སུམ་ཅུ་རྩ་གཅིག་གི་བར་དུ་མཚན་ཉིད་ཀྱི་ཐེག་པའི་ནང་རིག་པའི་སྡེ་སྣོད་གོང་འོག་རྣམས་ལ་སྦྱངས་ཤིང༌། ཁྱད་པར་དུ་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལ་བླ་མ་དྷརྨ་རཀྵ་ཏའི་སྤྱན་སྔར་ཨོ་ཏཏྲ་པུ་རིར་ལོ་བཅུ་གཉིས་སུ་གསན་ནོ། ། རྩ་བའི་སྡེ་བཞིའི་གཞུང་ལ་ཤིན་ཏུ་མཁས་པས་སྡེ་པ་ཐ་དད་པ་རྣམས་ཀྱི་བྱིན་ལེན་ལ་སོགས་པ་བླང་དོར་གྱི་ཆ་ཕྲ་མོ་རྣམས་ཀྱང་མ་འདྲེས་པར་མཁྱེན་ནོ། ། གཉིས་པ་ནི། དིར་རྒྱལ་བའི་ལུང་གི་བསྟན་པ་ཐམས་ཅད་སྡེ་སྣོད་རིན་པོ་ཆེ་གསུམ་དུ་འདུ་བས། རྟོགས་པའི་བསྟན་པ་ཡང་བསླབ་པ་རིན་པོ་ཆེ་གསུམ་དུ་འདུའོ། ། དེ་ལ་ཚུལ་ཁྲིམས་ཀྱི་བསླབ་པ་ནི་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གསུང་རབ་དགོངས་འགྲེལ་དང་བཅས་པ་ལས་ལན་དུ་མར་བསྔགས་པས་ན། ཐོག་མར་ཚུལ་ཁྲིམས་ཀྱི་བསླབ་པའི་དབང་དུ་བྱས་པའི་རྟོགས་པའི་ཡོན་ཏན་དང་ལྡན་དགོས་སོ། །དེ་ལ་གསུམ་ལས་སོ་སོར་ཐར་པའི་སྡོམ་པ་མཆོག་དང་ལྡན་པའི་ཚུལ་ནི། དགེ་སློང་གི་སྡོམ་པ་མནོས་ནས་རྔ་རྩིད་ལ་ཆགས་པའི་གཡག་གིས་རྔ་མ་ཉག་མ་རེ་རེ་ཤིང་ལ་ཐོགས་པ་ན་རྔོན་པས་སྲོག་དང་འཕྲལ་བར་མཐོང་ཡང་སྲོག་དང་བསྡོས་ཏེ་རྔ་མ་མི་གཅོད་པར་བསྲུང་བ་ལྟར། ཁས་བླངས་པའི་བསླབ་པའི་གཞི་ཆེན་པོ་ལྟ་ཅི་སྨོས། བསླབ་པའི་གཞི་ཕྲ་མོ་རེ་རེ་ཡང་སྲོག་དང་བསྡོས་ཏེ་བསྲུངས་པས་གནས་བརྟན་འདུལ་བ་འཛིན་པ་ཆེན་པོར་གྱུར་ཏོ། ཞེས་འབྱུང་ངོ༌།

བྱང་སེམས་ཀྱི་སྡོམ་པ་དང་ལྡན་པ་ནི། བྱམས་པ་དང་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་སྦྱོང་བའི་གདམས་པ་མང་པོ་དང༌། ཁྱད་པར་དུ་གསེར་གླིང་པ་བསྟེན་ནས་རྗེ་བཙུན་བྱམས་པ་དང༌། འཇམ་དབྱངས་ནས། ཐོགས་མེད་དང་ཞི་བ་ལྷ་ལས་བརྒྱུད་པའི་གདམས་པ་མཆོག་ལ་རིང་དུ་སྦྱངས་པས། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཐུགས་ལ་འཁྲུངས་ཤིང༌། སྨོན་པའི་སེམས་དེས་དྲངས་པའི་འཇུག་པའི་སེམས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་ཆེ་བ་ལ་སློབ་པར་ཁས་བླངས་པར་རྗེས་སུ་འགྲོ་བའི་བསླབ་པ་ལ་སློབ་པའི་སྤྱོད་པ་བཟང་པོས་རྒྱལ་སྲས་རྣམས་ཀྱི་བཅས་པའི་མཚམས་ལས་མི་འདའ་བར་མཛད་དོ། །རྡོ་རྗེ་ཐེག་པའི་སྡོམ་པ་དང་ལྡན་པ་ནི། རང་གི་ལུས་ལྷར་གཟིགས་པའི་བསྐྱེད་པའི་རིམ་པ་དང༌། རྡོ་རྗེའི་ཐུགས་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་དང་ལྡན་པས་རྣལ་འབྱོར་པའི་གཙོ་བོར་གྱུར་པ་དང༌། ཁྱད་པར་དུ་བཅས་མཚམས་ལས་མི་འདའ་བར་དམ་ཚིག་ཚུལ་བཞིན་དུ་བསྲུང་བར་མཛད་དོ། །སྡོམ་པ་གསུམ་གྱི་ཚུལ་ཁྲིམས་ཀྱི་བསླབ་པ་རྣམས་ཁས་ལེན་པ་ལ་དཔའ་བ་ཙམ་མིན་པར། ཇི་ལྟར་ཁས་བླངས་པའི་རྗེས་སུ་འབྲངས་ཏེ། བཅས་པའི་མཚམས་ལས་མི་འདའ་བར་བསྲུང་ཞིང༌། བརྒྱ་ལ་ཅུང་ཟད་འདས་ནའང་མྱུར་བ་མྱུར་བར་རང་རང་གི་ཕྱིར་བཅོས་ཀྱི་ཆོ་གས་དག་པར་མཛད་དོ།

ཏིང་ངེ་འཛིན་གྱི་བསླབ་པ་དང་ལྡན་པ་ལ་གཉིས་ལས། ཐུན་མོང་བ་ནི། ཞི་གནས་ཀྱི་སེམས་ལས་སུ་རུང་བ་བརྙེས་ཤིང༌། ཐུན་མོང་མ་ཡིན་པ་ནི། བསྐྱེད་པའི་རིམ་པ་ཤིན་ཏུ་བརྟན་པ་མངའ་སྟེ། དེ་ཡང་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལོ་དྲུག་གམ་གསུམ་དུ་མཛད་དོ། །ཤེས་རབ་ཀྱི་བསླབ་པ་དང་ལྡན་པ་ལ་ཐུན་མོང་བ་ནི། ཞི་ལྷག་ཟུང་དུ་འབྲེལ་བའི་ལྷག་མཐོང་གི་ཏིང་ངེ་འཛིན་བརྙེས་ཤིང༌། ཐུན་མོང་མ་ཡིན་པ་ནི། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ཁྱད་པར་ཅན་བརྙེས་པའོ། །

བསྟན་པ་ལ་བྱ་བ་མཛད་པ་ལ་གཉིས། རྒྱ་གར་དུ་མཛད་ཚུལ་དང༌། བོད་དུ་མཛད་ཚུལ་ལོ། །དང་པོ་ནི། རྡོ་རྗེའི་གདན་བྱང་ཆུབ་ཆེན་པོའི་ཕོ་བྲང་དུ་མུ་སྟེགས་ཀྱི་སྨྲ་བ་ངན་པ་ལན་གསུམ་དུ་ཆོས་ཀྱིས་ཕམ་པར་མཛད་ནས་སངས་རྒྱས་ཀྱི་བསྟན་པ་བཟུང་ཞིང༌། རང་གི་སྡེ་པ་གོང་འོག་གི་བསྟན་པ་ལ་ཡང་མ་རྟོགས་པ་དང་། ལོག་པར་རྟོགས་པ་དང་། ཐེ་ཚོམ་གྱི་དྲི་མ་ངན་པ་རྣམས་བསལ་ནས་བསྟན་པ་རྒྱས་པར་མཛད་པས། སྡེ་པ་ཐམས་ཅད་ཀྱིས་ཀྱང་ཕྱོགས་རིས་མེད་བར་གཙུག་གི་རྒྱན་དུ་འཛིན་ཏོ།

བོད་དུ་མཛད་ཚུལ་ནི། ལྷ་བླ་མ་ཁུ་དབོན་གྱིས་ལོ་ཙཱ་བ་རྒྱ་བརྩོན་སེང་དང་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་གཉིས། རིམ་པ་བཞིན་རྒྱ་གར་དུ་བརྫངས་ཏེ། འབད་པ་ཆེན་པོས་ཡང་དང་ཡང་དུ་སྤྱན་འདྲེན་བཏང་བས། བྱང་ཆུབ་འོད་ཀྱི་རིང་ལ་སྤྱན་འདྲོངས་ཏེ་མངའ་རིས་སྟོད་དུ་ཕེབས་ནས། སངས་རྒྱས་ཀྱི་བསྟན་པའི་དག་ཏེར་མཛད་པར་གསོལ་བ་བཏབ་པ་ལ་བརྟེན་ནས། མདོ་སྔགས་ཀྱི་གནད་ཐམས་ཅད་བསྡུས་ཏེ་ཉམས་སུ་ལེན་པའི་རིམ་པར་དྲིལ་བའི་གཞུང་། བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་པ་ལ་སོགས་པའི་སྒོ་ནས་བསྟན་པ་རྒྱས་པར་མཛད་དེ། དེ་ཡང་མངའ་རིས་སུ་ལོ་གསུམ། སྙེ་ཐང་དུ་ལོ་དགུ། དབུས་གཙང་གཞན་དུ་ལོ་ལྔའི་བར་དུ་སྐལ་བ་དང་ལྡན་པ་རྣམས་ལ་མདོ་སྔགས་ཀྱི་གཞུང་དང་གདམས་ངག་མ་ལུས་པ་བསྟན་ནས། བསྟན་པའི་སྲོལ་ནུབ་པ་རྣམས་གསར་དུ་བཙུགས། སྲོལ་ཅུང་ཟད་ཡོད་པ་རྣམས་འཕེལ་བར་མཛད། ལོག་པར་རྟོག་པའི་དྲི་མས་སྦགས་པ་རྣམས་ལེགས་པར་བསལ་ཏེ་བསྟན་པ་རིན་པོ་ཆེ་དྲི་མ་དང་བྲལ་པར་མཛད་དོ། །

དེ་ལྟར་ཐུབ་པའི་དགོངས་པ་གསལ་བར་བྱེད་པའི་གཞུང་རྩོམ་པ་ལ་ཡང་ཕུན་སུམ་ཚོགས་པའི་རྒྱུ་གསུམ་ཡོད་དེ། འདི་ལྟར་ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པ་དང༌། དེ་དག་གི་དོན་ཉམས་སུ་ལེན་པའི་གནད་ཀྱི་གདམས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་སྟེ། དམ་པ་བར་མ་ཆད་པ་ལས་བརྒྱུད་པའི་མན་ངག་དང་ལྡན་པ་དང༌། ཡི་དམ་གྱི་ལྷའི་ཞལ་གཟིགས་ནས་གསུང་གི་གནང་བ་ཐོབ་པའོ། །འདི་དག་རེ་རེས་ཀྱང་གཞུང་རྩོམ་པར་ནུས་ན། གསུམ་ག་ཚང་ན་ཆེས་ཕུན་སུམ་ཚོགས་པར་འགྱུར་རོ། །སློབ་དཔོན་ཆེན་པོ་འདི་ལ་ནི་གསུམ་ག་མངའོ། །དེ་ལ་ཡི་དམ་གྱིས་རྗེས་སུ་བཟུང་བ་ནི།

བསྟོད་པ་ལས།
།དཔལ་ལྡན་དགྱེས་པའི་རྡོ་རྗེ་དང༌། །དམ་ཚིག་བཀོད་པའི་རྒྱལ་པོ་དང༌།
།དཔའ་བོ་འཇིག་རྟེན་དབང་ཕྱུག་དང༌། །ཇོ་མོ་རྗེ་བཙུན་སྒྲོལ་མ་སོགས།
།ཞལ་གཟིགས་གནང་བ་ཐོབ་པས་ན། །རྨི་ལམ་ན་འམ་མངོན་སུམ་དུ།
།ཟབ་པ་དང་ནི་རྒྱ་ཆེ་བའི། །དམ་ཆོས་རྟག་ཏུ་གསན་པ་ལགས།

ཞེས་གསུངས་པ་ལྟར་རོ། །བླ་མ་བརྒྱུད་པ་ལ་ཐེག་པ་ཐུན་མོང་བ་དང༌། ཐེག་པ་ཆེན་པོའི་བརྒྱུད་པ་གཉིས། དེ་ལ་ཕ་རོལ་ཏུ་ཕྱིན་པ་དང༌། གསང་སྔགས་གཉིས་ལས། དང་པོ་ལ་ལྟ་བའི་བརྒྱུད་པ་དང༌། སྤྱོད་པའི་བརྒྱུད་པ་གཉིས། ཕྱི་མ་ལ་བྱམས་པ་ནས་བརྒྱུད་པ་དང༌། འཇམ་དབྱངས་ནས་བརྒྱུད་པ་སྟེ་བརྒྱུད་པ་གསུམ་མོ། །གསང་སྔགས་ལ་ཡང་བརྒྱུད་པ་ལུགས་ལྔ་དང༌། གཞན་ཡང་གྲུབ་མཐའི་བརྒྱུད་པ་དང༌། བྱིན་རླབས་ཀྱི་བརྒྱུད་པ་དང༌། གདམས་པ་སྣ་ཚོགས་པའི་བརྒྱུད་པ་ལ་སོགས་པ་བརྒྱུད་པ་དུ་མ་དང་ལྡན་ཞིང༌། དངོས་སུ་གསན་པའི་བླ་མ་ནི།

བསྟོད་པ་ལས།
།རྟག་ཏུ་བསྟེན་པའི་བླ་མ་ནི། །ཤཱནྟི་པ་དང་གསེར་གླིང་བ།
།བྷ་དྲ་བོ་དྷི་ཛྙ་ན་ཤྲཱི། །དངོས་གྲུབ་ཐོབ་པ་མང་པོ་དང༌།
།ཁྱད་པར་དུ་ནི་ཀླུ་སྒྲུབ་ནས། །གཅིག་ནས་གཅིག་ཏུ་བརྒྱུད་པ་ཡི།
།ཟབ་པ་དང་ནི་རྒྱ་ཆེ་བའི། །གདམས་པ་ཁྱོད་ལ་མངའ་བ་ཡིན།

ཞེས་གསུངས་པ་ལྟར་ཏེ། དངོས་གྲུབ་བརྙེས་པའི་བླ་མ་བཅུ་གཉིས་ཡོད་པར་གྲགས་ཤིང་། གཞན་ཡང་མང་ངོ༌། །རིག་པའི་གནས་ལྔ་ལ་མཁས་པ་ནི་བཤད་ཟིན་ཏོ། །དེའི་ཕྱིར་སློབ་དཔོན་འདིས་རྒྱལ་བའི་དགོངས་པ་ལེགས་པར་གཏན་ལ་འབེབས་ནུས་སོ། །དེ་ལྟ་བུའི་སློབ་དཔོན་འདི་ལ་རྒྱ་གར་ཁ་ཆེ་ཨུ་རྒྱན་བལ་པོ་བོད་རྣམས་ན་སློབ་མ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང༌། གཙོ་བོ་ནི་རྒྱ་གར་ན་ཇོ་བོ་དང་མཁྱེན་པ་མཉམ་པའི་པཎྜིཏ་ཆེན་པོ་བི་ཏོ་པ། དྷརྨ་ཨ་ཀ་ར་མ་ཏི། དབུ་མ་སེང་གེ །སའི་སྙིང་པོ་སྟེ་བཞི། ཁ་ཅིག་བཤེས་གཉེན་གསང་བ་དང་ལྔར་བྱེད་དོ། །མངའ་རིས་ནས་ལོ་ཙཱ་བ་རིན་ཆེན་བཟང་པོ། ནག་ཚོ་ལོ་ཙཱ་བ་ལྷ་བླ་མ་བྱང་ཆུབ་འོད། གཙང་ནས་འགར་དགེ་བ་དང་འགོས་ཁུག་པ་ལྷས་བཙས། ལྷོ་བྲག་ནས་ཆག་པ་ཁྲི་མཆོག་དང་དགེ་བ་སྐྱོང༌། ཁམས་ནས་རྣལ་འབྱོར་པ་ཆེན་པོ། དགོན་པ་བ། ཤེས་རབ་རྡོ་རྗེ། ཕྱག་དར་སྟོན་པ། དབུས་ནས་ཁུ་སྡུན་རྩུན་གྲུས་གཡུང་དྲུང་། རྔོག་ལེགས་པའི་ཤེས་རབས། འབྲོམ་སྟོན་པ། ཁུ་རྔོག་འབྲོམ་གསུམ་བྱུང་ངོ༌། །དེ་དག་གི་ནང་ནས་ཀྱང་བླ་མ་ཉིད་ཀྱི་འཕྲིན་ལས་རྒྱས་པར་བྱེད་པའི་རྒྱུད་འཛིན་ཆེན་པོ་ནི། སྒྲོལ་མས་ལུང་བསྟན་པའི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོ། ། འདི་དག་ནི་མཛད་པ་པོའི་ཆེ་བ་མདོར་སྡུས་པ་སྟེ་རྒྱས་པར་ནི་རྣམ་ཐར་གྱི་ཡི་གེ་ཆེན་མོ་རྣམས་སུ་ཤེས་པར་བྱའོ།

གཉིས་པ་ལ། ཆོས་ནི་གདམས་ངག་འདིའི་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མའོ། །ཇོ་བོས་མཛད་པའི་གཞུང་མང་དུ་ཡོད་ཀྱང་རྩ་བ་ལྟ་བུ་ཡོངས་སུ་རྫོགས་པ་ནི་ལམ་སྒྲོན་ཡིན་ཏེ། མདོ་སྔགས་གཉིས་ཀའི་གནད་བསྡུས་ནས་སྟོན་པས་བརྗོད་བྱ་ཡོངས་སུ་རྫོགས་པ་དང༌། སེམས་འདུལ་བའི་རིམ་པ་གཙོ་བོར་བྱས་པས་ལག་ཏུ་བླང་བདེ་བ་དང་། ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ལ་མཁས་པའི་བླ་མ་གཉིས་ཀྱི་གདམས་པས་བརྒྱན་པས། ལུགས་གཞན་ལས་ཁྱད་པར་དུ་འཕགས་སོ། །གཞུང་དེའི་གདམས་ངག་གི་ཆེ་བ་ལ་བཞི་ལས།

དང་པོ་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ་ནི། རྒྱལ་བས་གསུངས་པ་ཇི་སྙེད་པ་ཐམས་ཅད་འདིར་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་གོ་བ་སྟེ། དེ་ཡང་ཁ་ཅིག་ནི་ལམ་གྱི་གཙོ་བོ། ཁ་ཅིག་ནི་ལམ་གྱི་ཡན་ལག་ཅི་རིགས་པར་འགྱུར་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཞེད་དོན་ནི་འཇིགས་རྟེན་གྱི་དོན་སྒྲུབ་པ་ཡིན་ལ། གདུལ་བྱ་ཡང་རིགས་ཅན་གསུམ་ག་རྗེས་སུ་འཛིན་དགོས་པས་དེ་དག་གི་ལམ་ལ་བསླབ་དགོས་ཏེ། ཐེག་པ་གསུམ་གྱི་ལམ་ཤེས་པ་ནི། བྱང་ཆུབ་སེམས་དཔའི་བཞེད་དོན་སྒྲུབ་བྱེད་ཀྱི་ཐབས་ཡིན་པར་རྗེ་བཙུན་བྱམས་པས་གསུངས་པའི་ཕྱིར་རོ། །ཐེག་ཆེན་གྱི་ལམ་ལ་ཐུན་མོང་བ་ཡིན་མིན་གཉིས་ཀྱི། དང་བོ་ནི། ཐེག་དམན་གྱི་སྡེ་སྣོད་ནས་འབྱུང་བ་རྣམས་ཡིན་ལ། དེ་ཡང་རང་གཅིག་པུ་ཞི་བདེ་དོན་གཉེར་ལ་སོགས་པའི་བསམ་པ་ཐུན་མོང་མ་ཡིན་པ་དང་བཅས་པ་ཐུན་མོང་མ་ཡིན་པ་སོགས་མ་གཏོགས་པའོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྐྱོན་ཕྱོགས་རེ་ཟད་པ་དང༌། ཡོན་ཏན་ཕྱོགས་རེ་རྫོགས་པ་མིན་གྱི། སྐྱོན་གྱི་རིགས་ཐམས་ཅད་ཟད་ཅིང་ཡོན་ཏན་གྱི་རིགས་མཐའ་དག་རྫོགས་པ་ཡིན་ལ། དེ་སྒྲུབ་པའི་ཐེག་པ་ཆེན་པོ་ཡང་སྐྱོན་མཐའ་དག་འགོག་ཅིང་ཡོན་ཏན་མཐའ་དག་བསྐྱེད་པས་ན། ཐེག་པ་གཞན་ཐམས་ཅད་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་གྱི་རིགས་ཐམས་ཅད་ཐེག་པ་ཆེན་པོའི་ལམ་དུ་འདུ་བ་ཡིན་ནོ། །དེའི་ཕྱིར་སངས་རྒྱས་སྒྲུབ་པའི་ཐེག་ཆེན་གྱི་ལམ་གྱི་ཡན་ལག་ཏུ་གསུང་རབ་ཐམས་ཅད་འདུ་སྟེ། སྐྱོན་སྣ་རེ་ཟད་པར་བྱེད་པའམ་ཡོན་ཏན་སྣ་རེ་བསྐྱེད་པ་མིན་པའི་ཐུབ་པའི་གསུང་མེད་པའི་ཕྱིར་དང༌། དེ་ཐམས་ཅད་ཀྱང་ཐེག་ཆེན་པས་མི་སྒྲུབ་པ་མེད་པའི་ཕྱིར་རོ།

།གལ་ཏེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་དེ་ལྟར་ཡིན་ཀྱང༌། རྡོ་རྗེ་ཐེག་པར་འཇུག་པ་ལ་དེ་ལྟར་མ་ཡིན་ནོ་སྙམ་ན། ཕར་ཕྱིན་གྱི་ཐེག་པ་ལྟར་སྦྱིན་སོགས་ཀྱི་གསལ་བའི་བྱེ་པ་མཐའ་ཡས་པ་ལ་སློབ་པའི་ཚུལ་སྔགས་དང་མི་འདྲ་ཡང༌། སྤྱོད་པའི་རྟེན་སེམས་བསྐྱེད་པ་དང༌། སྤྱོད་པ་ཕྱིན་དྲུག་ལ་སློབ་པའི་ལམ་གྱི་ལུས་རགས་པ་ལ་འདྲ་བས་དེ་ཙམ་ཞིག་ནི་ཐུན་མོང་བ་ཡིན་ཏེ།

རྡོ་རྗེ་རྩེ་མོ་ལས།
འཚོ་བའི་སྲོག་གི་ཕྱིར་ཡང་ནི། །བྱང་ཆུབ་སེམས་ནི་དོར་མི་བྱ།
ཞེས་དང༌། ཕ་རོལ་ཕྱིན་དྲུག་སྤྱོད་པ་ནི། །ནམ་ཡང་དོར་བར་མི་བྱའོ།

ཞེས་གསུང་ཤིང༌། གཞན་ཡང་སྔགས་ཀྱི་གཞུང་དུ་མར་གསུངས་སོ། །རྣལ་འབྱོར་བླ་མེད་ཀྱི་དཀྱིལ་ཚོག་ཁུངས་ཐུབ་དུ་མར་ཡང་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའི་སྡོམ་པ་གཉིས་གཉིས་བཟུང་དགོས་པར་གསུང་པའི་སྔ་མ་ནི་བྱང་སེམས་ཀྱི་སྡོམ་པ་ཡིན་པའི་ཕྱིར་རོ།

སྟོན་པ་རིན་པོ་ཆེའི་ཞལ་ནས་ཀྱང༌། བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ་ངའི་བླ་མ། ཞེས་གསུང་སྟེ་ཚིག་འདི་དཔྱད་གཞི་ཆེ་བ་ཡིན་ནོ།

གཉིས་པ་གསུང་རབ་ཐམས་ཅད་གདམ་ངག་ཏུ་འཆར་བའི་ཆེ་བ་ནི། གང་ཡང་གཞུང་ཆེན་མོ་རྣམས་ལ་ཉམས་ལེན་གྱི་གནད་མེད་པའི་བཤད་ཆོས་སུ་བྱས་ཤིང༌། ཉམས་ལེན་གྱི་གནད་སྙིང་པོའི་དོན་སྟོན་པའི་མན་ངག་ཟུར་དུ་ཡོད་པར་གོ་ནས། དམ་པའི་ཆོས་རང་ལ་བཤད་པ་དང་སྒྲུབ་པའི་ཆོས་ལོགས་ལོགས་པ་གཉིས་ཡོད་པར་འཛིན་པ་ནི། དྲི་མ་མེད་པའི་མདོ་རྒྱུད་དང་དགོངས་འགྲེལ་གྱི་བསྟན་བཅོས་ལ་གུས་ཆེན་པོ་སྐྱེ་བའི་གེགས་བྱེད་ཅིང༌། དེ་དག་ལ་ནང་གི་དོན་མི་སྟོན་པའི་ཕྱིའི་གོ་རྒྱ་ཙམ་གཅོད་པའོ། ཞེས་བརྙས་པའི་གནས་སུ་འཛིན་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་གསོག་པར་ཤེས་པར་བྱའོ། །དེས་ན་ཐར་འདོད་རྣམས་ལ་མི་བསླུ་བའི་གདམས་པ་མཆོག་ནི་གཞུང་ཆེན་མོ་རྣམས་ཡིན་མོད། འོན་ཀྱང་རང་ཉིད་བློ་ཞན་པ་ལ་སོགས་པའི་རྒྱུ་མཚན་གྱིས་གདམས་པའི་མཆོག་ཏུ་གཞུང་དེ་ཙམ་ལ་བརྟེན་ནས་ངེས་མི་ནུས་བས། དམ་པའི་མན་ངག་ལ་བརྟེན་ནས་དེ་དག་ལ་ངེས་པ་བཙལ་བར་བྱའོ་སྙམ་དུ་མན་ངག་འཚོལ་དགོས་པ་ཡིན་གྱི། གཞུང་རྣམས་ནི་ཕྱི་རྒྱ་གཅོད་པ་ཙམ་ཡིན་པས་སྙིང་པོ་མེད་ལ། མན་ངག་རྣམས་ནི་ནང་གི་དོན་སྟོན་པས་མཆོག་གོ་སྙམ་དུ་མི་བཟུང་ངོ༌།།

རྣལ་འབྱོར་པ་ཆེན་པོ་བྱང་ཆུབ་རིན་ཆེན་གྱི་ཞལ་ནས།
གདམས་ངག་ལ་ནང་བྱན་ཚུད་པ་ནི། བེའུ་བུམ་ལག་མཐིལ་ཙམ་ཞིག་ལ་ངེས་པ་རྙེད་པ་ལ་མི་ཟེར་གྱི། གསུང་རབ་ཐམས་ཅད་གདམས་ངག་ཏུ་གོ་པ་ལ་ཟེར་ཞེས་པ་དང༌།

ཇོ་བོ་ཆེན་པོའི་སློབ་མ་སྒོམ་པ་རིན་ཆེན་བླ་མས་ཀྱང༌།
ཨ་ཏི་ཤའི་གདམས་ངག་ལ་སྟན་ཐོག་གཅིག་ཏུ་ལུས་ངག་ཡིད་གསུམ་རྡུལ་དུ་བརླགས་པས། ད་གཞུང་ཐམས་ཅད་གདམས་ངག་ཏུ་གོ་བ་ཞིག་བྱུང་གསུང་བ་ལྟར་གོ་དགོས་པ་ཡིན་ནོ།

སྟོན་པ་རིན་པོ་ཆེའི་ཞལ་ནས། ཆོས་མང་དུ་བསླབས་ནས་ཆོས་བྱེད་ལུགས་གཞན་དུ་རྩད་གཅོད་དགོས་པ་བྱུང་ན་ནོར་བ་ཡིན་གསུང་བ་ལྟར། ཡུན་རིང་པོར་ཆོས་མང་དུ་བསླབས་ཀྱང་ཆོས་བྱེད་ལུགས་ཡེ་མི་ཤེས་པར་ཆོས་བྱེད་འདོད་བྱུང་བ་ན། རྩད་གཞན་ནས་གཅོད་དགོས་པ་རྣམས་ཀྱང་སྔར་བཤད་པ་སྟར་མ་གོ་བས་ནོངས་ཏེ།

འདི་ལྟར་བསྟན་པ་ནི། མཛོད་ལས།
སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ།

ཞེས་གསུངས་པ་ལྟར། ལུང་རྟོགས་ཀྱི་བསྟན་པ་གཉིས་ལས་མེད་ལ། ལུང་གི་བསྟན་པ་ནི་ཆོས་ལག་ཏུ་ལེན་པའི་ཚུལ་སྒྲུབ་པ་བྱེད་ལུགས་གཏན་ལ་འབེབས་པ་ཡིན་ལ། རྟོགས་པའི་བསྟན་པ་ནི་གཏན་ལ་ཕེབས་པ་ན། ཇི་ལྟར་གཏན་ལ་ཕབ་པ་ལྟར་བསྒྲུབ་པ་ཡིན་པས་དེ་གཉིས་རྒྱུ་འབྲས་སུ་འགྲོ་བ་ཡིན་ཏེ། དཔེར་ན། རྟ་རྒྱུག་པ་ན། སྔོན་ལ་རྟ་ལ་དཀྱུས་ས་སྟོན་པ་དང་། བསྟན་ཟིན་ནས་དེར་རྒྱུག་པ་ལྟ་བུ་ཡིན་ནོ། །དཀྱུས་ས་གཞན་དུ་བསྟན་ནས་རྒྱུག་ས་གཞན་དུ་བྱེད་ན་བཞད་གད་དུ་འགྱུར་བ་ལྟར། ཐོས་བསམ་གྱིས་གཞན་ཞིག་གཏན་ལ་ཕབ་ནས་སྒྲུབ་པ་ན་གཞན་ཞིག་བསྒྲུབ་ཏུ་ག་ལ་རུང༌།

དེ་ལྟར་ཡང་སྒོམ་རིམ་ཐ་མ་ལས།
ཡང་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་རྟོགས་པ་གང་ཡིན་པ་དེ་ཉིད་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་བསྒོམ་པར་བྱ་ཡི། གཞན་དུ་མ་ཡིན་ཏེ། རྟ་དཀྱུས་ཀྱི་ས་བསྟན་ནས་རྒྱུག་པ་བཞིན་ནོ། ཞེས་གསུངས་སོ།

དེ་ལྟར་ན་གདམས་པ་འདིས་བཤེས་གཉེན་བསྟེན་ཚུལ་ནས། ཞི་གནས་དང་ལྷག་མཐོང་གི་བར་གསུང་རབ་དགོངས་འགྲེལ་དང་བཅས་པའི་ལམ་གྱི་གནད་ཐམས་ཅད་ཚང་བར་བསྡུས་ནས། དེ་དག་ཐམས་ཅད་ལ་འཇོག་སྒོམ་དགོས་པ་རྣམས་ལ་འཇོག་སྒོམ་བྱེད། དཔྱད་སྒོམ་དགོས་པ་རྣམས་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་དེ་ཉམས་ལེན་གྱི་རིམ་པར་དྲིལ་ནས་འཁྲིད་པས་ན། གསུང་རབ་ཐམས་ཅད་གདམས་ངག་ཏུ་ཤར་ནས་དེ་དག་ལ་གདམས་པའི་མཆོག་ཏུ་འཛིན་པའི་ངེས་པ་སྐྱེས་ཏེ། དེ་རྣམས་གདམས་ངག་དངོས་མིན་པའི་ཆོས་རྒྱབ་ཙམ་དུ་འཛིན་པའི་ལོག་རྟོག་རྣམས་ལྷག་མ་མེད་པར་བཟློག་པར་འགྱུར་རོ། །

།གསུམ་པ་རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ་ནི།
གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ཆེ་བ་རྣམས་གདམས་པའི་མཆོག་ཡིན་ཀྱང༌། ཡོངས་སུ་མ་སྦྱངས་པའི་གང་ཟག་ལས་དང་པོ་པས་ནི། དམ་པའི་མན་ངག་ལ་མ་བརྟེན་པར་དེ་དག་ལ་ཞུགས་ཀྱང་དགོངས་པ་མི་རྙེད་ལ། རྙེད་དུ་ཆུག་ཀྱང་དུས་ཤིན་ཏུ་རིང་བ་དང་ཚེགས་ཤིན་ཏུ་ཆེ་བ་ལ་ལྟོས་སོ།

།བླ་མའི་མན་ངག་འདི་དང་འདི་འདྲ་བ་ལ་བརྟེན་ན་ནི་བདེ་བླག་ཏུ་རྟོགས་པར་འགྱུར་རོ།

།བཞི་པ་ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བ་ནི། པདྨ་དཀར་པོ་དང་བདེན་པ་པོའི་ལེའུ་ནས་བཤད་པ་ལྟར་སངས་རྒྱས་ཀྱི་བཀའ་ཐམས་ཅད་དངོས་དང་བརྒྱུད་པས་འཚང་རྒྱ་བའི་ཐབས་སྟོན་པར་མ་གོ་བར་འགའ་ཞིག་འཚང་རྒྱ་བའི་ཐབས་དང༌། འགའ་ཞིག་འཚང་རྒྱ་བའི་གེགས་སུ་བཟུང་ནས་བཟང་ངན་དང་རིགས་མི་རིགས་དང་ཐེག་པ་ཆེ་ཆུང་དུ་ཕྱེ་སྟེ། བྱང་སེམས་ཀྱིས་འདི་ལ་སློབ་དགོས་ལ། འདི་ལ་སློབ་མི་དགོས་སོ་ཞེས་དོར་བྱར་བཟུང་ན་ཆོས་སྤོང་བར་འགྱུར་བ་དང༌། ཆོས་སྤོང་གི་ལས་སྒྲིབ་ནི་ཤེས་དཀའ་བའི་ཕྲ་བར་རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་ལས་གསུངས་སོ། །ཆོས་སྤངས་ན་ཉེས་དམིགས་ཤིན་ཏུ་ཆེ་བ་ནི།

ཏིང་འཛིན་རྒྱལ་པོ་ལས།
།གང་གིས་འཛམ་བུའི་གླིང་འདིར་ནི། །མཆོད་རྟེན་ཐམས་ཅད་བཤིག་བྱེད་པས།
།གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས།
།གང་གིས་གངྒཱའི་བྱེ་སྙེད་ཀྱི། །དགྲ་བཅོམ་བསད་པར་གྱུར་པ་བས།
།གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །ཞེས་གསུངས་སོ།

སྤྱིར་ཆོས་སྤོང་འབྱུང་བ་ལ་སྒོ་མང་དུ་སྣང་ནའང་སྔར་བསྟན་པའི་སྒོ་འདི་ཆེ་ཤོས་སུ་སྣང་བས་འབད་པས་སྤང་བར་བྱའོ། །དེ་ཡང་སྔར་བསྟན་པ་ལྟར་གྱི་ངེས་པ་རྙེད་པ་ཙམ་གྱིས་ལྡོག་པར་འགྱུར་བས་ཉེས་སྤྱོད་རང་འགགས་སུ་འགྲོ་བའོ། །ངེས་པ་དེ་ནི་བདེན་པ་པོའི་ལེའུ་དང་དམ་པའི་ཆོས་པདྨ་དཀར་པོ་མང་དུ་བལྟས་པ་ལས་བཙལ་བར་བྱ་ཞིང༌། ཆོས་སྤོང་གི་སྒོ་གཞན་རྣམས་ནི་རྣམ་པར་འཐག་པ་བསྡུས་པའི་མདོ་ལས་ཤེས་པར་བྱའོ།

།གསུམ་པ་ལ་གསུམ། ཉན་པའི་ཚུལ། བཤད་པའི་ཚུལ། མཇུག་ཏུ་ཐུན་མོང་དུ་བྱ་བའི་ཚུལ་ལོ། །དང་པོ་ལ་གསུམ། ཆོས་ཐོས་པའི་ཕན་ཡོན་བསམ་པ། ཆོས་དང་ཆོས་སྨྲ་བ་ལ་རིམ་གྲོ་བསྐྱེད་པ། ཉན་ཚུལ་དངོས་སོ། །དང་པོ་ནི།

ཐོས་པའི་ཚོམས་ལས།
།ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་བྱེད།
།ཐོས་པས་དོན་མ་ཡིན་པ་སྤོང༌། །ཐོས་པས་མྱ་ངན་འདས་པ་འཐོབ།

།ཅེས་པ་བཞིས། ཐོས་པ་ལ་བརྟེན་ནས་རིམ་པཞིན་བླང་དོར་གྱི་གནས་ཤེས་པ་དང༌། ཤེས་ནས་ཉེས་སྤྱོད་ལས་ལྡོག་པའི་ཚུལ་ཁྲིམས་དང༌། དེ་ནས་དོན་མ་ཡིན་པ་ལས་ལོག་ནས། དགེ་བའི་དམིགས་པ་ལ་སེམས་ཇི་ལྟར་འདོད་པར་གནས་པའི་ཏིང་ངེ་འཛིན་སྐྱེ་བ་དང༌། དེ་ནས་བདག་མེད་པའི་དེ་ཉིད་རྟོགས་པའི་ཤེས་རབ་ཀྱི་བསླབ་པས། འཁོར་བར་འཆིང་བའི་རྩ་བ་བཅད་ནས་རྣམ་གྲོལ་འཐོབ་པར་གསུངས་སོ།

།སྐྱེས་རབས་ལས་ཀྱང༌།
།གང་ཞིག་ཐོས་པས་ཡིད་ནི་དད་གྱུར་ནས། །ལེགས་པར་དགའ་ལ་བརྟན་པ་ཉིད་དུ་འགྱུར།
།ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར། །རང་གི་ཤས་ཀྱང་དེ་ནི་ཉོ་བའི་རིགས།
།ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག།
།ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག།
།ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །གནོད་པ་མེད་པ་མྱ་ངན་ནད་ཀྱི་སྨན།
།ཉེས་པ་ཆེན་པོའི་དཔུང་འཇོམས་དཔུང་གི་མཆོག །གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན།
།ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་འགྱུར།

།ཞེས་དང༌།
ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར།
ཞེས་གསུངས་པ་ལ་སོགས་པའི་ཐོས་པའི་ཕན་ཡོན་རྣམས་ཡང་དང་ཡང་དུ་བསམས་ལ་སྙིང་ཐག་པ་ནས་མོས་པ་བསྐྱེད་དོ། །

།གཉིས་པ་ནི་སའི་སྙིང་པོའི་མདོ་ལས།
།གཅིག་ཏུ་དད་ཅིང་གུས་པས་ཆོས་མཉན་གྱི། །དེ་ལ་འཕྱ་ཞིང་སྐུར་བར་མི་བྱའོ།
།ཆོས་སྨྲ་བ་ལ་མཆོད་པ་བྱ་བ་ནི། །སངས་རྒྱས་འདྲ་བར་དེ་ལ་འདུ་ཤེས་བསྐྱེད།

ཅེས་གསུངས་པ་ལྟར་སངས་རྒྱས་དང་འདྲ་བར་བལྟས་ལ་སེངྒེའི་ཁྲི་ལ་སོགས་པའི་བཀུར་སྟི་དང་རྙེད་པས་མཆོད་དེ་མ་གུས་པ་སྤང་ཞིང༌།

བྱང་ས་ལས།
ཁེངས་པ་དང་། ཆོས་དང་ཆོས་སྨྲ་བ་ལ་ཁྱད་དུ་གསོད་པ་དང་བྲལ་ཞིང༌། དེ་གཉིས་ལ་གུས་པར་བྱ་བར་གསུངས་པ་དང༌།

སྐྱེས་རབས་ལས་ཀྱང༌།

།རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད།
།དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན།
།གུས་པ་བསྐྱེད་ཅིང་རྩེ་གཅིག་བཏུད། །རབ་ཏུ་དང་ལ་དྲི་མེད་ཡིད།
།ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་གསུངས་སོ།

།གསུམ་པ་ལ་གཉིས། སྣོད་ཀྱི་སྐྱོན་གསུམ་སྤང་བ། འདུ་ཤེས་དྲུག་བསྟེན་པའོ། །དང་པོ་ནི། སྣོད་ཁ་སྦུབ་པ་དང༌། ཁ་གྱེན་དུ་བཟེད་ཀྱང་མི་གཙང་བ་དང༌། གཙང་དུ་ཟིན་ཀྱང་ཞབས་བརྡོལ་ན། དེར་ལྷས་ཆར་ཕབ་ཀྱང་ནང་དུ་མི་འགྲོ་བ་དང༌། སོང་ཡང་མི་གཙང་བས་སྦགས་པས་འཐུང་བ་ལ་སོགས་པའི་དགོས་པ་མི་འགྲུབ་པ་དང༌། མི་གཙང་བས་མ་བསླད་ཀྱང་ནང་དུ་མི་གནས་པར་ཟགས་ནས་འགྲོ་བའོ། །དེ་བཞིན་དུ་ཆོས་འཆད་པའི་གྲྭར་བསྡད་དུ་ཟིན་ཀྱང་རྣ་ལེགས་པར་མི་གཏོད་པ་དང༌། གཏད་དུ་ཟིན་ཀྱང་ལོག་པར་བཟུང་བའམ། ཀུན་སློང་སྐྱོན་ཆགས་པ་ལ་སོགས་པ་དང༌། སྐྱོན་དེ་དག་མེད་ཀྱང་ཉན་པའི་དུས་སུ་བཟུང་བའི་ཚིག་དང་དོན་རྣམས་བརྟན་པར་མ་བྱས་པར་བརྗེད་པ་ལ་སོགས་པས་ཉམས་པར་གྱུར་ན། ཆོས་ཐོས་པ་དགོས་པ་ཆེན་པོར་མི་འགྱུར་བས། དེ་དག་དང་བྲལ་བ་དགོས་ཏེ།


དེ་གསུམ་གྱི་གཉེན་པོར་མདོ་ལས།

ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག །ཅེས་ཚིག་གསུམ་གསུངས་པ་ཡིན་ནོ།

བྱང་ས་ལས་ཀྱང༌།

ཀུན་ཤེས་པར་འདོད་པ་དང་། རྩེ་གཅིག་པ་དང་། རྣ་བླགས་པ་དང་། ཡིད་བཏུད་པ་དང་། སེམས་ཐམས་ཅད་ཀྱིས་བསམས་ནས་ཉན་པར་གསུངས་སོ། །

།གཉིས་པ་ལ་དྲུག །རང་ལ་ནད་པ་ལྟ་བུའི་འདུ་ཤེས་གཞག་པ། ཆོས་སྨྲ་བ་ལ་སྨན་པ་ལྟ་བུའི་འདུ་ཤེས་གཞག་པ། རྗེས་སུ་བསྟན་པ་ལ་སྨན་གྱི་འདུ་ཤེས་བསྐྱེད་པ། ནན་ཏན་ཉམས་སུ་བླང་བ་ལ་ནད་འཚོ་བའི་འདུ་ཤེས་བསྐྱེད་པ། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས་གཞག་པ། ཆོས་ཀྱི་ཚུལ་ལ་རིང་དུ་གནས་པའི་འདུ་ཤེས་བསྐྱེད་པའོ།

།དང་པོ་ནི། སྤྱོད་འཇུག་ལས།
།ཐ་མལ་ནད་ཀྱིས་བཏབ་པ་ཡང༌། །སྨན་པའི་ངག་བཞིན་བྱ་དགོས་ན།
།འདོད་ཆགས་ལ་སོགས་ཉེས་བརྒྱ་ཡི། །ནད་ཀྱིས་རྟག་བཏབ་སྨོས་ཅི་དགོས།

ཞེས་གསུངས་པ་ལྟར་རྒྱུན་རིང་པ་གསོ་དཀའ་བ་སྡུག་བསྔལ་དྲག་པོ་བསྐྱེད་པའི་ནད་ཆགས་སོགས་ཉོན་མོངས་པས་དུས་རྟག་ཏུ་ན་བ་ཡིན་པས་དེ་ལ་དེར་ངོ་ཤེས་པར་བྱེད་དགོས།

ཀ་མ་བའི་ཞལ་ནས།

དོན་ལ་མིན་ན་དེ་ལྟར་བསྒོམ་པ་ཕྱིན་ཅི་ལོག་ཏུ་འགྲོ་སྟེ། དུག་གསུམ་གྱི་གཅོང་ནད་ཆེན་པོས་ཐེབས་ནས་ནད་ཚབས་ཤིན་ཏུ་ཆེ་བ་ལ། འོ་སྐོལ་གྱིས་ན་བར་ཡེ་མ་ཤེས་གསུང༌།

གཉིས་པ་ནི། དཔེར་ན་རླུང་མཁྲིས་ལ་སོགས་པའི་ནད་ཚབས་པོ་ཆེས་བཏབ་པ་ན་སྨན་པ་མཁས་པ་འཚོལ། དེ་དང་ཕྲད་པ་ན་དགའ་བ་ཆེན་པོ་སྐྱེ། ཅི་ཟེར་ཉན། གུས་པས་བསྙེན་བཀུར་བ་ལྟར། ཆོས་སྟོན་པའི་བཤེས་གཉེན་ལ་ཡང་དེ་ལྟར་འཚོལ་བ་དང༌། རྙེད་ནས་ཁུར་དུ་མི་འགྲོ་བར་རྒྱན་དུ་འཛིན་ཏེ་ཅི་གསུང་བསྒྲུབ་ཅིང་གུས་པས་བསྙེན་བཀུར་བར་བྱེད་པའོ། །

གསུམ་པ་ནི། ནད་པས་སྨན་པས་སྦྱར་བའི་སྨན་ལ་གཅེས་སྤྲས་ཆེན་པོ་བྱེད་པ་ལྟར་ཆོས་སྨྲ་བས་གསུངས་པའི་གདམས་ངག་དང་རྗེས་སུ་བསྟན་པ་ལ་གལ་པོ་ཆེར་མཐོང་ནས། འབད་པ་དུ་མས་གཅེས་སྤྲས་སུ་འཛིན་ཅིང་བརྗེད་པ་ལ་སོགས་པའི་སྒོ་ནས་ཆུད་འཛའ་བར་མི་བྱེད་པའོ། །

།བཞི་པ་ནི། ནད་པས་སྨན་པས་སྦྱར་བའི་སྨན་མ་འཐུངས་ན། ནད་ཞི་མི་ནུས་པར་མཐོང་ནས་འཐུང་བ་ལྟར། ཆོས་སྨྲ་བས་བསྟན་བའི་གདམས་པ་ཉམས་སུ་མ་བླངས་ན། ཆགས་སོགས་གཞོམ་མི་ནུས་པར་མཐོང་ནས་ནན་ཏན་གྱིས་ཉམས་སུ་ལེན་པར་བྱེད་ཀྱི། ཉམས་ལེན་མེད་པར་རྣམ་གྲངས་མང་པོ་གསོག་པའི་ཚིག་ལྷུར་མི་ལེན་པའོ། །དེ་ཡང་མཛེ་ཅན་ལག་པ་དང་རྐང་པ་ཆེད་པ་ལ་སྨན་ཐུན་རེ་རེ་གཉིས་གཉིས་བསྟེན་པས་ཅིར་ཡང་མི་འགྱུར་བ་ལྟར། འོ་སྐོལ་ཐོག་མ་མེད་པ་ནས་ཉོན་མོངས་པའི་ནད་གཞི་ཚབས་ཅན་གྱིས་ཐེབས་པ་ལ། གདམས་ངག་གི་དོན་ལན་རེ་རེ་གཉིས་གཉིས་ཙམ་ཉམས་སུ་བླངས་པས་མི་ཆོག་པས། ལམ་གྱི་ཆ་ཐམས་ཅད་རྫོགས་པ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ཅིང༌། ཆུ་བོའི་རྒྱུན་བཞིན་དུ་འབད་འཚལ་ཏེ།

བཤགས་བསྟོད་ལས།
།དེར་ཡང་རྒྱུན་དུ་སེམས་ནི་རྣམ་རྨོངས་ལ། །ཡུན་རིང་དུས་སུ་ནད་གཞི་སྟེན་བྱེད་ཅིང༌།
།མཛེ་ཅན་རྐང་པ་ལག་པ་ཆད་པ་ལ། །ཐང་འགའ་སྨན་བསྟེན་པ་ཡིས་ཅི་བགྱིར་མཆི།
ཞེས་གསུངས་པ་ལྟར་རོ། །

དེ་ལྟར་ན་རང་ལ་ནད་པ་ལྟ་བུའི་འདུ་ཤེས་ཤིན་ཏུ་གལ་ཆེ་སྟེ། དེ་ཡོད་ན་གཞན་རྣམས་ཀྱང་འབྱུང་ལ། དེ་ཚིག་ཙམ་དུ་སོང་ན་ཉོན་མོངས་པ་བསལ་བའི་ཕྱིར་དུ། གདམས་པའི་དོན་མི་བསྒྲུབ་པར། ཉན་པ་ཙམ་ཞིག་ཏུ་འགྱུར་བས། སྨན་པ་བཙལ་ནས་སྨན་མི་འཐུང་བར། སྨན་སྦྱོར་བ་ཁོ་ན་ལྷུར་བླངས་ན། ནད་པ་ནད་ལས་མི་ཐར་བ་དང་འདྲ་བར་ཏིང་ངེ་འཛིན་རྒྱལ་པོ་ལས་གསུངས་ཤིང༌། ཡང་དེར།

།ངས་ནི་རབ་ཏུ་བཟང་པོའི་ཆོས་བཤད་ཀྱང༌། །ཁྱོད་ཀྱིས་ཐོས་ནས་ཡང་དག་མ་སྤྱད་ན།
།ནད་པ་སྨན་གྱི་རྐྱལ་བ་ཐོགས་པ་དག །བདག་གི་ནད་ནི་གསོ་བར་མི་ནུས་བཞིན།
།ཞེས་དང༌།

སྤྱོད་འཇུག་ལས་ཀྱང༌།
།ལུས་ཀྱིས་འདི་དག་སྤྱད་པར་བྱ། །ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ།
།སྨན་དཔྱད་བཀླགས་པ་ཙམ་གྱིས་ནི། །ནད་པ་དག་ལ་ཕན་འགྱུར་རམ།

ཞེས་གསུངས་སོ། །དེས་ན་ནན་ཏན་ལ་ནི་ནད་སེལ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས་པའི་ནན་ཏན་ནི། བཤེས་གཉེན་གྱི་གདམས་པའི་བླང་དོར་གྱི་གནས་རྣམས་ལ་ལག་ལེན་དུ་བྱེད་པ་སྟེ། དེ་ཡང་བྱེད་པ་ལ་ཤེས་དགོས་ཤིང༌། དེ་ལ་ཐོས་དགོས་པ་དང་ཐོས་ནས་ཤེས་པར་བྱས་པའི་དགོས་པ་ཡང་བྱེད་པ་ཡིན་པས། ཐོས་པའི་དོན་ལ་ནུས་པ་དང་བསྟུན་པའི་ལག་ལེན་རེ་གནད་དུ་ཆེའོ། །དེ་ལྟ་མ་ཡིན་ན་འཆི་བའི་ཚེ་སྒྲུབ་པ་མ་བྱས་པ་ལ་འགྱོད་པ་སྐྱེ་བ་དང༌། ཟློས་གར་མཁན་གཞན་གྱི་ལད་མོ་བྱེད་པ་དང༌། བུ་རམ་དོན་དུ་གཉེར་བས་བུར་ཤིང་ཙམ་ཟ་བ་དང་འདྲ་སྟེ།

ལྷག་བསམ་བསྐུལ་བ་ལས།
།བདག་ནི་སྒྲུབ་ཉམས་ད་ནི་ཅི་བྱ་ཞེས། །འཆི་བའི་དུས་ཚེ་བྱིས་པ་མྱ་ངན་བྱེད།
།གཏིང་རྙེད་མ་གྱུར་ཤིན་ཏུ་སྡུག་བསྔལ་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །ཞེས་དང༌།

།གར་ལ་བལྟ་བའི་ཁྲོད་ན་འདུག་པ་ཞིག །དཔའ་བོ་གཞན་གྱི་ཡོན་ཏན་བརྗོད་པ་བཞིན།
།བདག་ཉིད་ནན་ཏན་ཉམས་པར་འགྱུར་བ་སྟེ། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ།
།ཞེས་དང༌།

།བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག
།ཤུན་པ་ཟོས་པས་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་ནུས་པ་མ་ཡིན་ནོ།
།ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན།
།དེ་ལྟ་བས་ན་སྨྲ་ལ་དགའ་སྤོངས་ཏེ། །རྟག་ཏུ་བག་ཡོད་བྱོས་ལ་དོན་སོམས་ཤིག
།ཅེས་གསུངས་སོ། །

ལྔ་པ་ནི། ཆོས་གསུང་བ་པོ་བཅོམ་ལྡན་འདས་རྗེས་སུ་དྲན་ནས་གུས་པ་བསྐྱེད་པའོ། །

དྲུག་པ་ནི། ཆོས་འདི་ལྟ་བུ་མཉན་པ་ལ་བརྟེན་ནས། རྒྱལ་བའི་བསྟན་པ་འཇིག་རྟེན་ན་རིང་དུ་གནས་ན་ཅི་མ་རུང་སྙམ་དུ་སེམས་པའོ། །

གཞན་ཡང་ཆོས་འཆད་པའམ་ཉན་པ་ན་རང་གི་རྒྱུད་ལོགས་སུ་གཞག །ཆོས་ལོགས་སུ་བཤད་པ་དེས། ཅི་བཤད་ཀྱང་གནད་དུ་མི་འགྲོ་བས། རང་གི་རྒྱུད་གཏན་ལ་དབབ་པའི་ཆེད་དུ་ཉན་པ་ཞིག་དགོས་སོ། །དཔེར་ན་བྱད་བཞིན་གྱི་ནག་ནོག་ལ་སོགས་པའི་དྲི་མ་ཡོད་མེད་རྟོག་པར་འདོད་པ་ན། མེ་ལོང་ལ་བལྟས་ནས་ཤེས་པར་བྱས་ཏེ་དྲི་མ་སེལ་བ་ལྟར། རང་གི་སྤྱོད་པ་སྐྱོན་ཆགས་པ་རྣམས་ཀྱང་ཆོས་ཉན་པ་ན་ཆོས་ཀྱི་མེ་ལོང་དུ་འཆར་ལ། དེའི་ཚེ་བདག་གི་རྒྱུད་འདི་ལྟ་བུར་སོང་ངོ༌། །ཞེས་ཡིད་ལ་གདུང་བ་སྐྱེས་ཏེ། དེ་ནས་སྐྱོན་སེལ་ཞིང་ཡོན་ཏན་སྒྲུབ་པ་ལ་འཇུག་པས་ཆོས་ཀྱི་རྗེས་སུ་སློབ་པ་ཞིག་དགོས་ཏེ།

སྐྱེས་རབས་ལས།
།བདག་གི་སྤྱོད་པ་ངན་པའི་གཟུགས། །ཆོས་ཀྱི་མེ་ལོང་གསལ་མཐོང་ན།
།ཡིད་ལ་གདུང་བ་རབ་སྐྱེས་ཏེ། །བདག་ནི་ཆོས་ལ་ཕྱོགས་པར་འགྱུར།

།ཞེས་སུ་ཏ་སའི་བུས་རྒྱལ་སྲས་ཟླ་བ་ལ་ཆོས་སྟོན་པའི་ཕྱིར་ཞུས་པ་ན། བྱང་ཆུབ་སེམས་དཔས་དེའི་བསམ་པ་ཆོས་ཉན་པའི་སྣོད་དུ་གྱུར་པར་མཁྱེན་ནས། ཆོས་གསུངས་པ་ལྟར་རོ། །མདོར་ན་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེ་ཐོབ་པ་ལ་དེའི་རྒྱུ་ལ་བསླབ་དགོས། དེ་ལ་ཆོས་ཐོས་པ་དགོས་པར་སྣང་བས། ཆོས་མཉན་པར་བྱའོ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྐྱེད། ཐོས་པའི་ཕན་ཡོན་དྲན་པར་བྱས་ཏེ། སྤྲོ་སིང་བ་བྱས་ནས་སྣོད་ཀྱི་སྐྱོན་སྤོང་བ་སོགས་བྱས་ཏེ་མཉན་ནོ། །

གཉིས་པ་ལ་བཞི། ཆོས་བཤད་པའི་ཕན་ཡོན་བསམ་པ། སྟོན་པ་དང་ཆོས་ལ་རིམ་གྲོ་བསྐྱེད་པ། བསམ་པ་དང་སྦྱོར་བ་ཇི་ལྟ་བུས་བཤད་པ། ཡུལ་གང་ལ་བཤད་པ་དང་མི་བཤད་པའི་ཁྱད་པར་རོ།

།དང་པོ་ནི། མཛོད་ལས།
།ཆོས་སྦྱིན་ཉོན་མོངས་ཅན་མིན་པས། །མདོ་སོགས་ཡང་དག་ཇི་བཞིན་སྟོན། ཞེས་དང༌།

དེའི་རང་འགྲེལ་ལས།
།དེའི་ཕྱིར་གང་དག་ཆོས་ལོག་པར་འཆད་པར་བྱེད་པ་དང༌། སེམས་ཉོན་མོངས་པ་ཅན། རྙེད་པ་དང༌། བཀུར་སྟི་དང༌། གྲགས་པ་འདོད་པས་འཆད་པ་དེ་དག་ནི་བདག་ཉིད་ཀྱི་བསོད་ནམས་ཆེན་པོ་ཉམས་པར་བྱེད་པ་ཡིན་ནོ། ཞེས་གསུངས་པས། ཆོས་སྟོན་པའི་ཀུན་སློང་དག་པ་ཤིན་ཏུ་གལ་ཆེ་ལ།

དེ་ཡང་ཁ་རག་སྒོམ་པས།

ཁོ་བོས་ནི་མི་རྟག་པ་ཐུན་རེ་སྔོན་དུ་མ་བསྒོམས་པར་ཆོས་བཤད་མ་མྱོང་གསུང་བ་ལྟར། སྔོན་དུ་ཀུན་སློང་འཆོས་པ་གནད་ཆེའོ། །རྙེད་བཀུར་སོགས་ལ་ལྟ་བའི་ཟང་ཟིང་མེད་པའི་ཆོས་ཀྱི་སྦྱིན་པ་བྱིན་པ་ལ་ཕན་ཡོན་ཉི་ཤུ་པ་ཚན་པ་གཉིས་འབྱུང་བར་ལྷག་བསམ་བསྐུལ་བ་ལས་གསུངས་ལ།

དྲག་ཤུལ་ཅན་ལས་ཀྱང༌།
ཁྱིམ་པས་ཟང་ཟིང་དཔག་ཏུ་མེད་པ་བྱིན་པ་བས། རབ་ཏུ་བྱུང་བས་ཆོས་ཚིགས་སུ་བཅད་པ་གཅིག་ཙམ་བྱིན་པ་བསོད་ནམས་ལྷག་པར་གསུངས་སོ། །

གཉིས་པ་ནི། རྒྱལ་བའི་ཡུམ་གསུང་བ་ན། སྟོན་པ་ཉིད་ཀྱིས་གདན་བཤམ་པ་སོགས་མཛད་པ་ལྟར། ཆོས་ནི་སངས་རྒྱས་རྣམས་ཀྱིའང་བཀུར་བའི་ཞིང་ཡིན་པས། ཆོས་དང༌། སྟོན་པའི་ཡོན་ཏན་དང་བཀའ་དྲིན་དྲན་ཏེ་གུས་པ་བསྐྱེད་པར་བྱའོ། །

གསུམ་པ་ལ་གཉིས། བསམ་པ་དང༌། སྦྱོར་བའོ། །དང་པོ་ནི། བློ་གྲོས་རྒྱ་མཚོས་ཞུས་པ་ལས་གསུངས་པའི་འདུ་ཤེས་ལྔ་བཞག་སྟེ། རང་ལ་སྨན་པ་དང༌། ཆོས་ལ་སྨན་དང༌། ཆོས་ཉན་པ་ལ་ནད་པ་དང༌། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པ་དང༌། ཆོས་ཀྱི་ཚུལ་ལ་རིང་དུ་གནས་པའི་འདུ་ཤེས་བསྐྱེད་པ་དང༌། འཁོར་ལ་བྱམས་པ་བསྒོམ། གཞན་མཐོ་བར་དོགས་པའི་ཕྲག་དོག་དང་། ཕྱི་ཤོལ་བྱེད་པའི་ལེ་ལོ་དང༌། ཡང་ཡང་འཆད་པས་ངལ་བའི་སྐྱོ་བ་དང༌། བདག་ཉིད་སྒྲོགས་ཤིང་གཞན་གྱི་སྐྱོན་གླེང་བ་དང༌། ཆོས་ལ་དཔེ་མཁྱུད་བྱེད་པ་དང་། ཟས་གོས་ལ་སོགས་པའི་ཟང་ཟིང་ལ་ལྟ་བ་སྤངས་ཏེ། རང་གཞན་གྱིས་སངས་རྒྱས་ཐོབ་པའི་ཕྱིར་དུ་བསྟན་པའི་བསོད་ནམས་དེ་ཉིད་བདག་གི་བདེ་བའི་ཡོ་བྱད་དོ་སྙམ་དུ་བསམ་པའོ། །གཉིས་པ་ནི། ཁྲུས་བྱས་ཤིང་གཙང་སྦྲ་དང་ལྡན་པས་གོས་གཙང་མ་བགོས་ཏེ། གཙང་ཞིང་ཡིད་དུ་འོང་པའི་ས་ཕྱོགས་སུ་ཆོས་ཀྱི་ཁྲི་དང་སྟན་ལ་འཁོད་ནས། བདུད་ཚར་གཅོད་པའི་སྔགས་ཁ་ཏོན་དུ་བཏོན་ན་དེའི་ཁོར་ཡུག་དཔག་ཚད་བརྒྱ་ཚུན་ཆད་དུ་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་མི་འོང་ལ། འོངས་ཀྱང་བར་ཆད་བྱ་མི་ནུས་པར་བློ་གྲོས་རྒྱ་མཚོས་ཞུས་པ་ལས་གསུངས་པས་སྔགས་དེ་གདོན་ལ། བཞིན་གྱི་མདངས་རབ་ཏུ་གསལ་བས་དོན་ངེས་པའི་ཡན་ལག་དཔེ་དང་། གཏན་ཚིགས་དང་། ལུང་དང་ལྡན་པར་བཤད་དོ།

།བཞི་བ་ནི། འདུལ་བའི་མདོ་ལས།
མ་གསོལ་བར་མི་བྱའོ། ཞེས་གསུངས་པ་ལྟར་གསོལ་བ་མ་བཏབ་པར་མི་འཆད་ཅིང༌། གསོལ་བ་འདེབས་པ་ལ་ཡང་སྣོད་བརྟག་པ་དང་། སྣོད་དུ་ཤེས་ན་མ་གསོལ་བར་ཡང་བཤད་དུ་རུང་བ་ནི་ཏིང་ངེ་འཛིན་རྒྱལ་པོ་ལས་གསུངས་ལ།
ཀུན་སྤྱོད་གཞན་རྣམས་ནི་འདུལ་བའི་མདོ་ལས་གསུངས་སོ། །

གསུམ་པ་ནི། དེ་ལྟར་བཤད་པ་དང་མཉན་པའི་དགེ་རྩ་རྣམས་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྣམ་པར་དག་པས་རྒྱས་གདབ་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་ཆོས་བཤད་ཅིང་ཉན་ན་ཐུན་རེ་ཙམ་ལ་ཡང་ཇི་སྐད་གསུངས་པའི་ཕན་ཡོན་རྣམས་གདོན་མི་ཟ་བར་འབྱུང་ལ། ཆོས་ཉན་བཤད་གནད་དུ་སོང་བ་ལ་བརྟེན་ནས། ཆོས་དང་ཆོས་སྨྲ་བ་ལ་མ་གུས་པ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་སྔར་བསགས་པ་ཐམས་ཅད་ཀྱང་དག་ཅིང༌། གསར་དུ་གསོག་པ་ཐམས་ཅད་ཀྱང་འཕྲོ་འཆད་པ་དང་། ཉན་པའི་ཚུལ་གནད་དུ་སོང་བས། བཤད་པའི་གདམས་ངག་གིས་ཀྱང་། རྒྱུད་ལ་ཕན་ཐོགས་པར་འགྱུར་བར་གཟིགས་ནས། སྦྱིར་ནི་དམ་པ་སྔ་མ་ཐམས་ཅད་དེ་ལ་ནན་ཏན་མཛད་ཅིང༌། ཁྱད་པར་དུ་གདམས་ངག་འདིའི་བླ་མ་གོང་མ་རྣམས་ནན་ཏན་ཤིན་ཏུ་ཆེ་བར་མཛད་དོ། །དེ་ནི་གདམས་ངག་ཆེན་པོར་སྣང་སྟེ། འདི་ལ་ངེས་པ་མ་རྙེད་ཅིང་བློ་སྣ་མ་འགྱུར་བས་ཆོས་ཟབ་ལ་རྒྱ་ཆེ་བ་ཅི་ཙམ་བཤད་ཀྱང༌། ལྷ་བདུད་དུ་བབས་པ་ལྟར་གྱུར་ནས། ཆོས་དེ་ཉིད་ཉོན་མོངས་པའི་གྲོགས་སུ་འགྲོ་བ་ཆེས་མང་བར་སྣང་ངོ༌། །དེ་བས་ན་ཚེས་གཅིག་ནས་འཆུགས་ན་བཅོ་ལྔའི་བར། ཞེས་ཟེར་བ་ལྟར་ཡིན་པས་ཉན་པ་དང་བཤད་པ་ལམ་དུ་གཏོང་ཚུལ་འདི་ལ་བློ་དང་ལྡན་པ་རྣམས་ཀྱིས་འབད་ནས་འཆད་པ་དང་ཉན་པ་བྱུང་རེས་ཀྱིས་མ་མཐའ་རེ་དང་ལྡན་པར་བྱ་སྟེ། གདམས་པ་སྟོན་པའི་སྔོན་འགྲོའི་མཆོག་ནི་འདི་ཡིན་པའི་ཕྱིར་རོ། །

བཞི་པ་ལ་གཉིས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ། བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པའོ། །དང་པོ་ལ་གཉིས། ངེས་པ་བསྐྱེད་པའི་ཕྱིར་ཅུང་ཟད་སྤྲོས་ཏེ་བཤད་པ། སྐྱོང་ཚུལ་མདོར་བསྡུས་ཏེ་བསྟན་པའོ། །དང་པོ་ནི། སློབ་མའི་རྒྱུད་ལ་ཡོན་ཏན་སྣ་གཅིག་སྐྱེ་བ་དང་། སྐྱོན་སྣ་གཅིག་འགྲིབ་པ་ཡན་ཆད། བདེ་ལེགས་ཐམས་ཅད་ཀྱི་རྩ་བ་དམ་པའི་བཤེས་ཡིན་པས་ཐོག་མར་དེའི་བསྟེན་ཚུལ་གལ་ཆེའོ། །དེ་ལ་དྲུག །

བསྟེན་བྱ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད། སྟེན་བྱེད་སློབ་མའི་མཚན་ཉིད། དེས་དེ་ཇི་ལྟར་བསྟེན་པའི་ཚུལ། བསྟེན་པའི་ཕན་ཡོན། མ་བསྟེན་པའི་ཉེས་དམིགས། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། སྤྱིར་གསུང་རབ་དགོངས་འགྲེལ་དང་བཅས་པ་ནས་ཐེག་པ་སོ་སོའི་དབང་དུ་བྱས་པ་མང་པོ་ཞིག་གསུངས་ཀྱང༌། འདིར་སྐྱེས་བུ་གསུམ་གྱི་ལམ་ལ་རིམ་གྱིས་ཁྲིད་ནས། སངས་རྒྱས་ཀྱི་ལམ་ཐེག་པ་ཆེན་པོ་ལ་འཁྲིད་པའི་དགེ་བའི་བཤེས་གཉེན་ཞིག་སྟོན་པ་ཡིན་ནོ།

།དེ་ནི་མདོ་སྡེའི་རྒྱན་ལས།
།བཤེས་གཉེན་དུལ་བ་ཞི་ཞིང་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག
།དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །རྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན།

ཞེས་བཤེས་གཉེན་ཆོས་བཅུ་དང་ལྡན་པ་ཞིག་ལ་སློབ་མས་བརྟེན་དགོས་པར་གསུངས་སོ། །དེ་ཡང་རང་མ་དུལ་བས་གཞན་འདུལ་བ་གནས་མེད་པར་གསུངས་པས། གཞན་འདུལ་བའི་བླ་མ་དེས། ཐོག་མར་རང་གི་རྒྱུད་བཏུལ་བ་ཞིག་དགོས་སོ། །འོ་ན་ཇི་ལྟར་བཏུལ་བ་ཞིག་དགོས་སྙམ་ན། གང་བྱུང་བྱུང་གི་སྒྲུབ་པ་བྱས་ནས་རྟོགས་པའི་ཡོན་ཏན་དུ་མིང་བཏགས་པ་རེ་རྒྱུད་ལ་ཡོད་པས་མི་ཕན་པས། རྒྱལ་བའི་བསྟན་པ་སྤྱི་དང་མཐུན་པའི་རྒྱུད་འདུལ་ལུགས་ཤིག་དགོས་ཏེ། དེ་ནི་བསླབ་པ་རིན་པོ་ཆེ་གསུམ་དུ་ངེས་པས། དུལ་བ་ལ་སོགས་པ་གསུམ་གསུངས་སོ། །

དེ་ལ་དུལ་བ་ནི་ཚུལ་ཁྲིམས་ཀྱི་བསླབ་པ་སྟེ། སོ་སོར་ཐར་པ་ལས།
།རྟག་ཏུ་འབད་པས་བདའ་བ་ཡི། །སེམས་རྟ་ཁ་བླན་དཀའ་བ་ལ།
།མཐུན་པའི་གཟེར་རྣོན་བརྒྱ་པ་ཡི། །སྲབ་ནི་སོ་སོར་ཐར་འདི་ཡིན།

ཞེས་གསུངས་པ་ལྟར། རྟ་དམུ་རྒོད་འདུལ་སྦྱོང་མཁན་གྱིས་སྲབ་བཟང་པོས་འདུལ་བ་ལྟར། དབང་པོ་ལོག་པའི་ཡུལ་གྱི་རྗེས་སུ་འབྲང་བ་རྟ་དམུ་རྒོད་ལྟ་བུ་བྱ་བ་མ་ཡིན་པ་ལ་འཇུག་ན་ཚར་གཅོད་ཅིང༌། འབད་པ་དུ་མས་བྱ་བར་འོས་པའི་ཕྱོགས་ལ་འཇུག་པར་བྱེད་པའི་ཚུལ་ཁྲིམས་ལ་བསླབས་པས་སེམས་ཀྱི་རྟ་ཐུལ་བར་བྱས་པའོ། །

ཞི་བ་ནི། དེ་ལྟར་ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་འཇུག་ལྡོག་ལ་དྲན་པ་དང་ཤེས་བཞིན་བསྟན་པས། སེམས་ནང་དུ་ཞི་བར་གནས་པའི་ཏིང་ངེ་འཛིན་གྱི་བསླབ་པ་སྐྱེས་པའོ། །ཉེ་བར་ཞི་བ་ནི། སེམས་ལས་སུ་རུང་བའི་ཞི་གནས་ལ་བརྟེན་ནས་ཡང་དག་པའི་དོན་ལ་སོ་སོར་དཔྱད་པས་ཤེས་རབ་ཀྱི་བསླབ་པ་སྐྱེས་པའོ། །དེ་ལྟར་བསླབ་པ་གསུམ་གྱིས་རྒྱུད་དུལ་བར་བྱས་པའི་རྟོགས་པའི་ཡོན་ཏན་ཙམ་དང་ལྡན་པས་མི་ཆོག་གི །ལུང་གི་ཡོན་ཏན་དང་ཡང་ལྡན་དགོས་པས་ལུང་གིས་ཕྱུག་ཅེས་པ་ནི། སྡེ་སྣོད་གསུམ་ལ་སོགས་པ་ལ་མང་དུ་ཐོས་པ་དང་ལྡན་པའོ།

།དགེ་བཤེས་སྟོན་པའི་ཞལ་ནས།
།ཐེག་ཆེན་གྱི་བླ་མ་བྱ་བ་བཤད་པ་ན་འབྱམས་ཀླས་པར་གོ་བ་སྐྱེད་ལ། ལག་ཏུ་ལེན་པ་ན་བསྟན་པའི་ཐ་མ་ལ་གང་ཕན་དང༌། ཐད་ཀར་དོན་དུ་གང་འགྱུར་སྟོན་པ་ཞིག་དགོས་གསུང་ངོ༌། །དེ་ཉིད་རྟོགས་པ་ནི། ཤེས་རབ་ཀྱི་བསླབ་པ་ཁྱད་པར་ཅན་ཆོས་བདག་མེད་པ་རྟོགས་པའམ། ཡང་ན་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་གཙོ་བོར་གཟུང་སྟེ། དེ་མེད་ནའང་ལུང་རིགས་ཀྱིས་རྟོགས་པས་ཀྱང་འགྲུབ། ཅེས་གསུང་ངོ༌། །དེ་ལྟར་ལུང་རྟོགས་དང་ལྡན་ཡང་སློབ་མ་ལས་དམན་པ་དང་མཉམ་པས་མི་ཆོག་པས་ཡོན་ཏན་ལྷག་པ་ཞིག་དགོས་ཏེ།

ཚོམས་ལས།
།དམན་པ་བསྟེན་པས་མི་དག་ཉམས་འགྱུར་ཞིང༌། །ཐད་ཀར་བབ་པ་བསྟེན་པས་སོ་ན་གནས།
།གཙོ་བོ་བསྟེན་པས་དམ་པ་ཐོབ་འགྱུར་བ། །དེ་ཕྱིར་བདག་པས་གཙོར་གྱུར་བསྟེན་པར་བྱ།
།ཚུལ་ཁྲིམས་ཉེ་བར་ཞི་བ་དང༌། །ཤེས་རབ་ཆེས་མཆོག་ལྡན་པ་ཡི།
གཙོ་བོ་གང་ཡིན་དེ་བསྟེན་ན། ། གཙོ་བོ་བས་ཀྱང་ཆེས་གཙོར་འགྱུར།
ཞེས་གསུངས་པའི་ཕྱིར་རོ།

།ཕུ་ཆུང་བས། དམ་པ་རྣམས་ཀྱི་ལོ་རྒྱུས་གསན་ཙ་ན། དེ་ལ་ནི་ང་ཡར་ལྟ་བ་ཡིན་གསུང་བ་དང༌།
མཐའ་བཞིའི་ཞལ་ནས། ང་ནི་ར་སྒྲེང་བའི་རྒད་པོ་དེ་རྣམས་ལ་མིག་རྟེན་བྱེད་གསུང་བ་ལྟར།
ཡོན་ཏན་ལྷག་པ་ལ་མིག་ཡར་ལྟ་བ་ཞིག་དགོས་སོ། །དེ་ལྟར་ཆོས་དྲུག་པོ་དེ་ནི་རང་གིས་ཐོབ་པའི་ཡོན་ཏན་ནོ། །

ལྷག་མ་ནི་གཞན་རྗེས་སུ་འཛིན་བའི་ཡོན་ཏན་ཏེ། དེ་ཡང་ཇི་སྐད་དུ།
།ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།
།ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད།
ཅེས་གསུངས་པ་ལྟར་གཞན་ལ་ལམ་མ་ནོར་བ་བསྟན་ནས་རྗེས་སུ་འཛིན་པ་མ་གཏོགས་པ་སྡིག་པ་ཆུས་འཁྲུ་བ་སོགས་བྱར་མེད་དོ།

།དེ་ལ་ཆོས་བཞི་ལས། སྨྲ་མཁས་པ་ནི་ཇི་ལྟར་བཀྲི་བའི་རིམ་པ་ལ་མཁས་ཤིང་དོན་གདུལ་བྱའི་བློ་ལ་སྐྱེལ་བ་ལ་བཟོ་བའོ། །བརྩེ་བ་ནི། ཆོས་སྟོན་པའི་ཀུན་སློང་དག་པ་སྟེ། རྙེད་བཀུར་སོགས་ལ་མི་བལྟ་བར་སྙིང་རྗེས་ཀུན་ནས་བསླངས་ཏེ་སྟོན་པའོ།

།པོ་ཏོ་བའི་ཞལ་ནས།
སྤྱན་སྔ་བ་ལ། ལི་མོའི་བུ། ཇི་ཙམ་པའི་ཆོས་བཤད་ཅིག་བྱས་ཏེ་ལེགས་སོ་ཞིག་ཀྱང་བདག་གིར་བྱེད་མ་མྱོང༌། འགྲོ་བ་ཉམ་ཐག་པ་མིན་པ་མེད། གསུང་བ་འདྲ་བ་ཞིག་དགོས་པ་ཡིན་པར་གདའ། བརྩོན་བཅས་ནི། གཞན་གྱི་དོན་ལ་སྤྲོ་བ་བརྟན་པའོ། །སྐྱོ་བ་སྤངས་པ་ནི། ཡང་ཡང་འཆད་པས་མི་ངལ་བ་སྟེ་འཆད་པའི་དཀའ་སྤྱད་བཟོད་པའོ།

།པོ་ཏོ་བའི་ཞལ་ནས།
བསླབ་པ་གསུམ་དང་། དེ་ཉིད་རྟོགས་པ་དང་། སྙིང་བརྩེ་བ་དང་ལྔ་གཙོ་བོ་ཡིན། ངེད་ཀྱི་སློབ་དཔོན་ཞང་བཙུན་ཀུན་ལ་མང་དུ་ཐོས་པ་ཡང་མེད། སྐྱོ་བ་བཟོད་པ་ཡང་མེད་པས། གླ་བོ་དྲིན་དུ་གཅགས་པ་རེ་བྱེད་པ་ཡང་མེད་དེ། སྔ་མ་ལྔ་ཡོད་པས་དྲུང་ན་སུ་ཡོད་པ་ལ་ཕན། གཉན་སྟོན་ལ་སྨྲ་མཁས་པ་ཡེ་མེད། ཡོན་བཤད་རེ་བྱེད་པ་ཡང་འདི་ཀུན་གྱིས་ད་རེས་མི་གོ་སྙམ་པ་ལས་མི་ཤེས་ཏེ། ལྔ་པོ་ཡོད་པས་སུ་ཉེ་བ་ལ་ཕན་གསུང་ངོ༌། །དེ་འདྲ་བའི་མཚན་ཉིད་རྫོགས་པར་ཚང་བ་དུས་ཀྱི་དབང་གིས་རྙེད་དཀའ་ནའང༌། སྐྱོན་ཤས་ཆེ་བ་དང་། སྐྱོན་ཡོན་ཆ་མཉམ་པ་ལ་མི་བརྟེན་པ་དང༌། ཡོན་ཏན་ལྷག་པ་ཞིག་ལ་བརྟེན་དགོས་པར་གསུངས་སོ།

།དེ་ལྟར་རྣམ་གྲོལ་སྒྲུབ་པའི་བླ་མ་ནི་གཏན་གྱི་མདུན་མའི་རྩ་བ་ཡིན་པས། བླ་མ་བསྟེན་པར་འདོད་པ་རྣམས་ཀྱིས་ནི་དེ་དག་ཤེས་པར་བྱས་ལ། མཚན་ཉིད་དང་ལྡན་པ་འཚོལ་བ་ལ་འབད་པར་བྱ་ཞིང༌། སློབ་མ་བསྟེན་འདོད་པ་རྣམས་ཀྱིས་ཀྱང་མཚན་ཉིད་དེ་དག་དང་ལྡན་པར་བྱ་བ་ལ་འབད་དོ། །

གཉིས་པ་ནི། བཞི་བརྒྱ་པ་ལས།
།གཟུར་གནས་བློ་ལྡན་དོན་གཉེར་བའི། །ཉན་པོ་སྣོད་ཅེས་བྱ་བར་བཤད།
།སྨྲ་པོ་ཡོན་ཏན་རྣམ་གཞན་དུ། །མི་འགྱུར་ཉན་པ་པོ་ལའང་མིན།

ཞེས་ཆོས་གསུམ་དང་ལྡན་པ་ཞིག་ཉན་པའི་སྣོད་དུ་རུང་བ་དང་། དེ་གསུམ་ཚང་ན་ཆོས་སྨྲ་བ་པོའི་ཡོན་ཏན་ཡོན་ཏན་དུ་སྣང་གི་སྐྱོན་དུ་མི་སྣང་ལ། དེར་མ་ཟད་ཉན་པ་པོའི་ཡོན་ཏན་རྣམས་ཀྱང་གང་ཟག་དེ་ལ་ཡོན་ཏན་དུ་སྣང་གི་སྐྱོན་དུ་མི་སྣང་བར་གསུངས་ཏེ། སྣོད་ཀྱི་མཚན་ཉིད་རྣམས་མ་ཚང་ན་ཆོས་སྨྲ་བ་པོའི་བཤེས་གཉེན་ཆེས་ཡོངས་སུ་དག་ཀྱང་། ཉན་པ་པོའི་སྐྱོན་གྱི་དབང་གིས་སྐྱོན་ཅན་དུ་འཛུད་ལ། འཆད་པ་པོའི་སྐྱོན་ཡང་ཡོན་ཏན་དུ་འཛིན་པར་འགྲེལ་པ་ལས་གསུངས་སོ།

།དེ་ལ་གཟུ་བོར་གནས་པ་ནི་ཕྱོགས་ལྷུང་མེད་པ་སྟེ། དེ་ཡོད་ན་དེས་བསྒྲིབས་ནས་ཡོན་ཏན་མི་མཐོང་བས་ལེགས་པར་བཤད་པའི་དོན་མི་རྙེད་དེ། དབུ་མ་སྙིང་པོ་ལས།
།ཕྱོགས་སུ་ལྷུང་བས་སེམས་གདུངས་པས། །ཞི་བ་ནམ་ཡང་རྟོགས་མི་འགྱུར།

ཞེས་གསུངས་པ་ལྟར་རོ། །ཕྱོགས་ལྷུང་ནི་རང་གི་ལུགས་ལ་ཆགས་པ་དང་གཞན་གྱི་ལུགས་ལ་སྡང་བའོ། །དེ་འདྲ་བ་དེ་རང་རྒྱུད་ལ་བརྟགས་ཏེ་དོར་དགོས་སོ། །དེ་ཙམ་གྱིས་ཆོག་གམ་སྙན་ན། གཟུ་བོར་གནས་ཀྱང་ལེགས་བཤད་ལམ་ཡང་དག་དང༌། ཉེས་བཤད་ལམ་ལྟར་སྣང་གཉིས་འབྱེད་པའི་བློའི་མཐུ་མེད་ན་སྣོད་དུ་མི་རུང་བས། དེ་གཉིས་གོ་བའི་བློ་དང་ལྡན་པ་དགོས་སོ། །དེ་གཉིས་ཙམ་གྱིས་ཆོག་གམ་སྙམ་ན། དེ་གཉིས་ཡོད་ཀྱང་རི་མོའི་ཆོས་ཉན་ལྟར་སོང་ན་སྣོད་དུ་མི་རུང་བས། དོན་གཉེར་ཆེན་པོ་དང་ལྡན་དགོས་སོ།

།འགྲེལ་པ་ལས།
།ཆོས་དང་ཆོས་སྨྲ་བ་ལ་གུས་པ་དང་། ཡིད་གཏོད་པ་གཉིས་བསྣན་ཏེ་ལྔར་གསུངས་སོ།
།དེ་ལྟར་ན་ཆོས་ལ་དོན་གཉེར་ཆེ་བ། ཉན་པའི་ཚེ་ཡིད་ལེགས་པར་གཏོད་པ། ཆོས་དང་ཆོས་སྨྲ་པ་ལ་གུས་པ་ཆེན་པོ་འཇོག་པ། ཉེས་བཤད་དོར་ནས་ལེགས་བཤད་འཛིན་པ་སྟེ་བཞིའོ། །བཞི་པ་དེའི་མཐུན་རྐྱེན་ནི་བློ་དང་ལྡན་པ་ཡིན་ལ། འགལ་རྐྱེན་འདོར་བ་ནི་གཟུ་བོར་གནས་པའོ། །བླ་མས་བཀྲིར་རུང་བའི་ཆོས་དེ་རྣམས་ཚང་མ་ཚང་བརྟགས་ལ། ཚང་ན་དགའ་བ་བསྒོམ། མ་ཚང་ན་ཕྱི་མ་ཚུན་ཆད་དུ་ཚང་བའི་རྒྱུ་ལ་འབད་པར་བྱའོ།

གསུམ་པ་ནི། དེ་ལྟར་སྣོད་དང་ལྡན་པ་དེས་བླ་མ་མཚན་ཉིད་དང་ལྡན་མི་ལྡན་སྔར་བཤད་པ་ལྟར་བརྟགས་ལ། མཚན་ཉིད་དང་ལྡན་པ་ལ་ཆོས་ཀྱི་བཀའ་དྲིན་ནོད་པར་བྱའོ། །དེ་ལྟར་བཀའ་དྲིན་མནོས་པ་སྤྱི་དང་། ཁྱད་པར་དུ་ཡོངས་སུ་རྫོགས་པའི་གདམས་ངག་གིས་བློ་ལེགས་པར་འཁྲིད་པའི་བཤེས་གཉེན་དེ་བསྟེན་པའི་ཚུལ་ལ་གཉིས། བསམ་པས་བསྟེན་པའི་ཚུལ། སྦྱོར་བས་བསྟེན་པའི་ཚུལ་ལོ། །དང་པོ་ལ་གཉིས། རྩ་བ་དད་པ་སྦྱང་བ། བཀའ་དྲིན་རྗེས་སུ་དྲན་ཏེ་གུས་པར་བྱ་བའོ། །དང་པོ་ནི།

དཀོན་མཆོག་ཏ་ལའི་གཟུངས་ལས།
དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད།
ཅེས་དད་པས་ཡོན་ཏན་མ་སྐྱེས་པ་སྐྱེད་པ་དང༌། སྐྱེས་ཟིན་གནས་པ་དང་གོང་ནས་གོང་དུ་སྤེལ་བར་གསུངས་ལ།

ཆོས་བཅུ་པ་ལས་ཀྱང༌།
།གང་གིས་འདྲེན་པ་ངེས་འབྱུང་ལ། །དད་པ་ཐེག་པའི་མཆོག་ཡིན་ཏེ།
།དེ་ཕྱིར་བློ་དང་ལྡན་པའི་མིས། །དད་པའི་རྗེས་སུ་འབྲང་བ་བསྟེན།
།མ་དད་པ་ཡི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ།
།ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ།
ཞེས་རྗེས་སུ་འགྲོ་ལྡོག་གི་སྒོ་ནས་དད་པ་ཡོན་ཏན་ཐམས་ཅད་ཀྱི་གཞིར་གསུངས་སོ། །དེ་ལ་སྤྱིར་དཀོན་མཆོག་དང་། ལས་འབྲས་དང་། བདེན་བཞི་ལ་དད་པ་མང་དུ་ཡོད་ཀྱང་། འདིར་ནི་བླ་མ་ལ་དད་པའོ།

།དེ་ཡང་བླ་མ་ལ་ཇི་ལྟར་ལྟ་བ་ནི།
ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས།
གསང་བ་པའི་བདག་པོ་སློབ་དཔོན་ལ་སློབ་མས་ཇི་ལྟར་བལྟ་བར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ལ་ཇི་ལྟ་བ་དེ་བཞིན་དུའོ། ཞེས་གསུངས་ལ། ཐེག་པ་ཆེན་པོའི་མདོ་སྡེ་དང་། འདུལ་བ་ལས་ཀྱང་དེ་ལྟར་གསུངས་པ་ཡོད་དོ། །དེ་དག་གི་དོན་ནི། ཇི་ལྟར་སངས་རྒྱས་ཡིན་པར་ཤེས་ན་དེ་ལ་སྐྱོན་རྟོག་གི་བློ་མི་འབྱུང་ཞིང་ཡོན་ཏན་སེམས་པའི་བློ་འབྱུང་བ་ལྟར། བླ་མ་ལ་ཡང་ཆེད་དུ་བྱས་ཏེ་སྐྱོན་རྟོག་པ་རྣམ་པ་ཐམས་ཅད་དུ་འདོར་ཞིང་ཡོན་ཏན་རྟོག་པའི་བློ་སྦྱོང་བའོ།

།དེ་ཡང་རྒྱུད་དེར།
།སློབ་དཔོན་གྱི་ནི་ཡོན་ཏན་བཟུང༌། །སྐྱོན་ནི་ནམ་ཡང་བཟུང་མི་བྱ།
།ཡོན་ཏན་བཟུང་ན་དངོས་གྲུབ་འཐོབ། །སྐྱོན་རྣམས་བཟུང་ན་དངོས་མི་འགྲུབ།
ཅེས་གསུངས་པ་ལྟར་བྱ་སྟེ། འདི་ལྟར་བླ་མ་ཡོན་ཏན་ཤས་ཆེ་བ་ཡིན་ཡང་། དེའི་སྐྱོན་ཅུང་ཟད་ཡོད་པའི་ངོས་ནས་བརྟགས་ན་རང་ལ་དངོས་གྲུབ་ཀྱི་གེགས་སུ་འགྱུར་ལ། སྐྱོན་ཤས་ཆེ་ཡང་། སྐྱོན་གྱི་ངོས་ནས་མ་བརྟགས་པར་ཡོན་ཏན་གྱི་ངོས་ནས་དད་པ་སྦྱངས་ན་དངོས་གྲུབ་འབྱུང་བའི་རྒྱུར་འགྱུར་རོ། །དེའི་ཕྱིར་རང་གི་བླ་མ་ཡིན་ན་སྐྱོན་ཆེ་ཆུང་ཅི་ཡོད་ཀྱང་དེའི་ངོས་ནས་རྟོག་པའི་ཉེས་དམིགས་བསམས་ལ་སྤོང་སེམས་མང་དུ་བྱས་ཏེ་དགག་པར་བྱའོ། །གལ་ཏེ་བག་མེད་པའམ་ཉོན་མོངས་མང་བ་སོགས་ཀྱིས་སྐྱོན་རྟོག་པ་བྱུང་བའི་ཚེ་ནའང་བཤགས་བསྡམ་ལ་འབད་པར་བྱའོ། །དེ་ལྟར་གོམས་པ་ན་སྐྱོན་ཐན་ཐུན་ཡོད་པར་མཐོང་ཡང་། བློས་ཡོན་ཏན་གྱི་ཕྱོགས་འཛིན་པས་དད་པ་ལ་གེགས་སུ་མི་འགྲོ་སྟེ། དཔེར་ན་ཇོ་བོ་ཆེན་པོ་ལྟ་བ་དབུ་མ་འཛིན་ཅིང་གསེར་གླིང་པ་ལྟ་བ་སེམས་ཙམ་རྣམ་བདེན་འཛིན་པས་ལྟ་བའི་སྒོ་ནས་མཆོག་དམན་ཡོད་ཀྱང་། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་སྤྱི་དང༌། བྱང་ཆུབ་ཀྱི་ཐུགས་ཁོང་ལ་བརྟེན་ནས་རྙེད་པས་གསེར་གླིང་པ་བླ་མ་རྣམས་ཀྱི་འགྲན་གྱི་དོ་མེད་དུ་འཛིན་པ་བཞིན་ནོ།

།གཉིས་པ་ནི། ཆོས་བཅུ་པ་ལས།
བདག་ཡུན་རིང་དུ་འཁོར་བར་འཁྱམས་པ་འཚོལ་བར་བྱེད་པ་དང་། ཡུན་རིང་དུ་གཏི་མུག་གིས་བསྒྲིབས་ཤིང་གཉིད་ལོག་པའི་སད་བྱེད་དང༌། སྲིད་པའི་རྒྱ་མཚོའི་ནང་དུ་བྱིང་བའི་འབྱིན་བྱེད་དང༌། ལམ་ངན་ཕར་ཞུགས་པ་ལ་ལམ་བཟང་པོ་སྟོན་བྱེད་དང༌། སྲིད་པའི་བཙོན་རར་བཅིངས་པ་འགྲོལ་བྱེད་དང༌། ཡུན་རིང་པོར་ནད་ཀྱིས་ཉམ་ཐག་པའི་སྨན་པ་དང༌། བདག་འདོད་ཆགས་ལ་སོགས་པའི་མེས་ཀུན་ཏུ་འབར་བ་ཞི་བར་བྱེད་པའི་ཆར་སྤྲིན་གྱི་འདུ་ཤེས་བསྐྱེད་དོ།

ཞེས་གསུངས་ཤིང༌། །གཞན་ཡང་སྡོང་པོ་བཀོད་པ་ལས།
འདི་ནི་བདག་གི་དགེ་བཤེས་ཆོས་སྨྲ་བ། །ཆོས་ཀུན་ཡོན་ཏན་ཡོངས་སུ་སྟོན་བྱེད་དེ།
བྱང་ཆུབ་སེམས་དཔའི་སྤྱོད་ལམ་ཡོངས་སྟོན་པ། །ཡིན་ཞེས་སེམས་གཅིག་བསམས་ནས་འདིར་འོངས་སོ།

།འདི་དག་བསྐྱེད་པས་བདག་གི་མ་ལྟ་བུ། །ཡོན་ཏན་འོ་མ་ལྡུད་པས་མ་མ་འདྲ།
།བྱང་ཆུབ་ཡན་ལག་ཡོངས་སུ་སྦྱོང་བ་ཡིན། །དགེ་བཤེས་འདི་དག་གནོད་པ་རྣམ་པར་བཟློག །
།རྒ་ཤི་ཐར་བྱེད་སྨན་པ་ལྟ་བུ་སྟེ། །བདུད་རྩིའི་ཆར་འབེབས་ལྷ་དབང་བརྒྱ་བྱིན་འདྲ།
།ཟླ་ཉ་ལྟ་བུར་དཀར་པོའི་ཆོས་ཀྱིས་རྒྱས། །ཞི་བའི་ཕྱོགས་སྟོན་ཉི་མ་གསལ་བ་འདྲ།
།དགྲ་དང་གྲོགས་ལ་རི་བོ་འདྲ་བ་སྟེ། །རྒྱ་མཚོ་བཞིན་དུ་མི་འཁྲུག་སེམས་དང་ལྡན།
།ཡོངས་སུ་སྐྱོང་དང་མཉན་པ་འདྲ་བ་ཞེས། །དེ་འདྲའི་སེམས་ཀྱིས་ནོར་བཟང་འདིར་འོངས་སོ།
།བྱང་ཆུབ་སེམས་དཔའ་བདག་གི་བློ་སྐྱེད་པ། །སངས་རྒྱས་སྲས་པོ་བྱང་ཆུབ་སྐྱེད་བྱེད་པ།
།འདི་དག་བདག་བཤེས་སངས་རྒྱས་བསྔགས་པ་ཞེས། །དེ་ལྟར་དགེ་བའི་སེམས་ཀྱིས་འདིར་འོངས་སོ།
།འཇིག་རྟེན་སྐྱོབ་པས་དཔའ་བོ་ལྟ་བུ་སྟེ། །དེད་དཔོན་མགོན་དང་སྐྱབས་སུ་གྱུར་པ་ཡིན།
།འདི་དག་བདག་ལ་བདེ་སྟོབས་མིག་ཡིན་ཞེས། །དེ་འདྲའི་སེམས་ཀྱིས་དགེ་བཤེས་བསྙེན་བཀུར་བྱེད།
ཅེས་གསུངས་པ་ལྟར། ཚིགས་སུ་བཅད་པའི་དབྱངས་ཀྱིས་ཀྱང་དྲན་པར་བྱ་སྟེ། ནོར་བཟང་ནི་རང་ལ་འདོན་པ་བསྒྱུར་རོ། །

གཉིས་པ་ནི། བླ་མ་ལྔ་བཅུ་པ་ལས།
།འདིར་མང་སྨོས་པ་ཅི་ཞིག་དགོས། །བླ་མ་དགྱེས་བྱེད་གང་ཡིན་བྱ།
།མི་མཉེས་བྱེད་ཀུན་སྤང་བ་ནི། །དེ་དང་དེ་ལ་འབད་དེ་བརྟག །
།དངོས་གྲུབ་སློབ་དཔོན་རྗེས་འབྲང་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུངས་པར།
།ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ།
ཞེས་གསུངས་པ་ལྟར། མདོར་བསྡུ་ན་མཉེས་པ་སྒྲུབ་པ་དང་མི་མཉེས་པ་སྤོང་བ་ལ་འབད་པར་བྱེད་པའོ། །མཉེས་པ་སྒྲུབ་པ་ནི་སྒོ་གསུམ་སྟེ། ཟང་ཟིང་དབུལ་བ་དང་། ལུས་ངག་གིས་བསྙེན་བཀུར་བ་དང་། བཀའ་བཞིན་དུ་སྒྲུབ་པའོ།

།དེ་ཡང་མདོ་སྡེའི་རྒྱན་ལས།
བཀུར་སྟི་རྙེད་པ་དག་དང་རིམ་གྲོ་དང༌། །སྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ།
ཞེས་སོ། །དེ་ལ་དང་པོ་ནི།

ལྔ་བཅུ་པ་ལས།
།རང་གི་དམ་ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་མ་དང༌།
།རང་སྲོག་གིས་རྟག་བསྟེན་བྱ་ན། །ལོངས་སྤྱོད་གཡོ་བས་སྨོས་ཅི་དགོས།

ཞེས་དང༌།
།དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་ཕུལ་བ་ཉིད་དུ་འགྱུར།
།དེ་ཕུལ་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། ཞེས་གསུངས་པ་ལྟར་རོ།
།གཉིས་པ་ནི། ཁྲུས་བསྐུ་མཉེ་དྲིལ་ཕྱིས་དང་བསྙུན་གཡོག་སོགས་དང་། དེའི་ཡོན་ཏན་བརྗོད་པ་སོགས་སོ། །གསུམ་པ་ནི། ཇི་ལྟར་གདམས་པ་ལས་མི་འགལ་བར་སྒྲུབ་པ་ཡིན་པ་དེ་ཉིད་གཙོ་བོ་ཡིན་ཏེ།

སྐྱེས་རབས་ལས།
།ཕན་པའི་ལན་དུ་མཆོད་པ་བྱ་བ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། ཞེས་གསུངས་སོ།

བཞི་པ་ནི།
སངས་རྒྱས་ཀྱི་གོ་འཕང་ལ་ཉེ་བ་དང་། རྒྱལ་བ་རྣམས་དགྱེས་པ་དང༌། དགེ་བའི་བཤེས་གཉེན་གྱིས་མི་ཕོངས་པ་དང༌། ངན་འགྲོར་མི་ལྟུང་བ་དང་། ལས་ངན་པ་དང་ཉོན་མོངས་པས་ཐུབ་པར་དཀའ་བ་དང༌། བྱང་སེམས་ཀྱི་སྤྱོད་པ་དང་མི་འགལ་ཞིང་དེ་ལ་དྲན་པ་དང་ལྡན་པས་ཡོན་ཏན་གྱི་ཚོགས་ཀྱིས་ཇེ་མཐོ་ཇེ་མཐོར་འགྱུར་ཞིང་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འགྲུབ་པར་གསུངས་པ་དང༌། གཞན་ཡང་བཤེས་གཉེན་བསྙེན་བཀུར་བས་ནི། ངན་འགྲོ་མྱོང་བའི་ལས་རྣམས་ཚེ་འདི་ལ་ལུས་སེམས་ལ་གནོད་པ་ཕྲ་མོ་ཙམ་མམ། རྨི་ལམ་དུ་མྱོང་བས་ཀྱང་ལས་དེ་འདྲོངས་ནས་ཟད་པར་འགྱུར་བ་དང༌། སངས་རྒྱས་དཔག་ཏུ་མེད་པ་ལ་ཡོན་ཕུལ་བ་སོགས་ཀྱི་དགེ་རྩ་རྣམས་ཟིལ་གྱིས་གནོན་པ་སོགས་ཀྱི་ཕན་ཡོན་ཤིན་ཏུ་ཆེ་བར་གསུངས་སོ། །

ལྔ་པ་ནི། བཤེས་གཉེན་དུ་བྱས་ནས་བསྟེན་ཚུལ་ལོག་ན། ཚེ་འདིར་ནད་དང་གདོན་དུ་མས་འཚེ་བ་དང་། ཕྱི་མར་ངན་འགྲོའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་འགྱུར་ཏེ།

ལྔ་བཅུ་པ་ལས།
།ནམ་ཡང་སློབ་དཔོན་དག་གི་ནི། །ཀུན་ཏུ་སེམས་དཀྲུག་མི་བྱ་སྟེ།
།གལ་ཏེ་རྨོངས་པས་བྱས་གྱུར་ན། །དམྱལ་བར་ངེ་པར་འཚེད་པར་འགྱུར།
།མནར་མེད་ལ་སོགས་འཇིགས་རུང་བའི། །དམྱལ་བ་བསྟན་པ་གང་ཡིན་པ།
།སློབ་དཔོན་ལ་ནི་སྨོད་པ་རྣམས། །དེར་ནི་གནས་པར་ཡང་དག་བཤད། ཅེས་དང༌།

དགྲ་ནག་གི་བཀའ་འགྲེལ་དུ་དྲངས་པ་ལས་ཀྱང༌།
།ཚིགས་བཅད་གཅིག་ཙམ་མཉན་པ་ལ། །གང་གིས་བླ་མར་མི་འཛིན་པ།
།ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར།

ཞེས་གསུངས་སོ། །གཞན་ཡང་ཡོན་ཏན་མ་སྐྱེས་པ་རྣམས་མི་སྐྱེ་ལ། སྐྱེས་པ་རྣམས་ཀྱང་ཉམས་ནས་འགྲོ་ཞིང༌། མི་དགེ་བའི་བཤེས་གཉེན་དང་སྡིག་གྲོགས་བསྟེན་ནའང་། ཡོན་ཏན་འགྲིབ་ཅིང་སྐྱོན་འཕེལ་ནས་མི་འདོད་པ་སྐྱེས་པས། རྣམ་པ་ཐམས་ཅད་དུ་སྤང་བར་བྱ་བར་གསུངས་སོ། །

དྲུག་པ་ནི།
དེ་ལྟར་ན་བླ་མའི་རྣལ་འབྱོར་ཞེས་ཡོངས་སུ་གྲགས་པའི་གདམས་པ་ཡང་སྔར་བཤད་པ་ལྟར་གོ་དགོས་ཀྱི་དམིགས་པ་ཐུན་རེ་ཙམ་གྱིས་མི་ཆོག་ལ། སྙིང་ཐག་པ་ནས་ཆོས་ཤིག་བྱེད་ན་ནི་མ་ནོར་བར་འཁྲིད་པའི་བཤེས་གཉེན་གཅིག་ལ་རྒྱུན་རིང་དུ་བརྟེན་དགོས་ལ།

དེའི་ཚེ་ཡང་འཆད་ཁ་བའི་ཞལ་ནས།
བླ་མ་བསྟེན་བདོ་ཙ་ན་སྤངས་དོགས་ཡོད་གསུང་བ་ལྟར། བསྟེན་ཚུལ་མ་ཤེས་ན་ནི་ཁེ་མེད་པར་གྱོང་འབྱུང་བས། བཤེས་གཉེན་བསྟེན་པའི་ཆོས་སྐོར་འདི་རྣམས་གང་ལས་ཀྱང་གལ་ཆེ་བ་གཏན་གྱི་མདུན་མའི་རྩ་བར་སྣང་ངོ༌། །འོ་སྐོལ་ཉོན་མོངས་རགས་ལ་བཤེས་གཉེན་བསྟེན་ཚུལ་མི་ཤེས་ཤིང་ཤེས་ཀྱང་མི་བྱེད་པར། དུ་མ་ལ་ཆོས་ཉན་པ་རྣམས་ལ་བླ་མ་ལ་བརྟེན་པའི་ཁ་ན་མ་ཐོ་བ་མང་པོ་འབྱུང་ཞིང༌། དེ་ལ་ཡང་བཤགས་པ་དང་སྡོམ་པ་སོགས་ཀྱི་བློ་འབྱུང་དཀའ་བས། སྔར་བཤད་པ་ལྟར་ཕན་ཡོན་དང་ཉེས་དམིགས་རྣམས་ཤེས་པར་བྱས་ཏེ། བསྟེན་ཚུལ་ཇི་ལྟ་བ་བཞིན་མ་བྱུང་བ་རྣམས་བསམ་པ་ཐག་པ་ནས་བཤགས་ཤིང་སྡོམ་སེམས་མང་དུ་བྱའོ། །དེ་ལྟར་བྱས་ན་རིང་པོར་མི་ཐོགས་པར་རྒྱལ་སྲས་རྟག་ཏུ་ངུ་དང་། བཤེས་གཉེན་འཚོལ་བས་ངོམས་མི་ཤེས་པ་གཞོན་ནུ་ནོར་བཟང་ལྟ་བུར་འགྱུར་རོ། །

གཉིས་པ་ལ་གཉིས།
སྐྱོང་ཚུལ་དངོས། སྐྱོང་ཚུལ་གཉིས་ཀྱིས་བསྐྱང་དགོས་པའི་རྒྱ་མཚན་ནོ། །དང་པོ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། མཇུག་ཏུ་ཇི་ལྟར་བྱ་བའོ། དང་པོ་ནི། སྦྱོར་བའི་ཆོས་དྲུག་སྟེ། གསེར་གླིང་པའི་རྣམ་ཐར་ཡིན་པས། གནས་ཁང་བྱི་དོར་བྱས་ལ་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ། མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམ། སྟན་བདེ་བ་ལ་ལུས་དྲང་པོར་བསྲང་སྟེ། སྐྱིལ་མོ་ཀྲུང་ངམ་སྐྱིལ་མོ་ཀྲུང་ཕྱེད་དུ་ཡང་རུང་བའི་སྤྱོད་ལམ་གྱིས་འཁོད་ནས་སྐྱབས་འགྲོ་སེམས་བསྐྱེད་རྒྱུད་དང་འདྲེས་ངེས་པ་ཞིག་བྱ། མདུན་གྱི་ནམ་མཁར་རྒྱ་ཆེན་སྤྱོད་པ་དང་ཟབ་མོ་ལྟ་བའི་བརྒྱུད་པའི་བླ་མ་དང༌། སངས་རྒྱས་བྱང་སེམས་འཕགས་པ་ཉན་རང་བཀའ་སྡོད་དང་བཅས་པ་དཔག་ཏུ་མེད་པ་བཞུགས་པར་བསམ་སྟེ་ཚོགས་ཞིང་གསལ་གདབ། ལམ་རྒྱུད་ལ་སྐྱེ་བའི་མཐུན་རྐྱེན་ཚོགས་བསག་པ་དང༌། འགལ་རྐྱེན་སྒྲིབ་པ་སྦྱོང་བ་གཉིས་མེད་ན་ལམ་ཤིན་ཏུ་སྐྱེ་དཀའ་བས། བསག་སྦྱང་གི་གནད་བསྡུས་པའི་ཡན་ལག་བདུན་པས་རྒྱུད་སྦྱང་བ་དགོས་སོ།

།དེ་ལ་ཕྱག་འཚལ་བའི་ཡན་ལག་ལ་སྒོ་གསུམ་བསྡོམས་པའི་ཕྱག་ནི། ཇི་སྙེད་སུ་དག །ཅེས་པའི་ཚིགས་བཅད་གཅིག་སྟེ་འཇིག་རྟེན་གྱི་ཁམས་ཕྱོགས་རེ་བ་དང༌། དུས་རེ་རེའི་སངས་རྒྱས་མ་ཡིན་གྱི། ཕྱོགས་བཅུ་ག་དང༌། དུས་གསུམ་གར་བཞུགས་པའི་རྒྱལ་བ་ཐམས་ཅད་ལ་དམིགས་ནས། བསམ་པ་ཐག་པ་ནས་སྒོ་གསུམ་གུས་པས་ཕྱག་འཚལ་བའོ།

།སྒོ་གསུམ་སོ་སོའི་ཕྱག་ལ་ལུས་ཀྱི་ཕྱག་ནི། བཟང་པོ་སྤྱོད་པའི། ཞེས་སོགས་ཚིགས་བཅད་གཅིག་སྟེ། ཕྱོགས་དང་དུས་ཀྱིས་བསྡུས་པའི་རྒྱལ་བ་ཐམས་ཅད་ཡིད་ཀྱི་ཡུལ་དུ་མངོན་སུམ་པ་ལྟར་དམིགས་ལ། རང་གི་ལུས་རྡུལ་ཕྲ་རབ་དང་གྲངས་མཉམ་པར་སྤྲུལ་ཏེ་ཕྱག་བྱའོ།
།དེ་ཡང་ཡུལ་རྣམས་ཀྱི་བཟང་པོའི་སྤྱོད་པ་ལ་དད་པའི་སྟོབས་བསྐྱེད་པ་ལ་དེས་ཀུན་ནས་བསླང་སྟེའོ།

།ཡིད་ཀྱི་ཕྱག་ནི། རྡུལ་གཅིག་སྟེང་ན། ཞེས་པའི་ཚིགས་བཅད་གཅིག་སྟེ། རྡུལ་ཕྲ་རབ་རེ་རེའི་སྟེང་ན་ཡང་རྡུལ་ཐམས་ཅད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ལ་བྱང་སེམས་ཀྱིས་བསྐོར་བའི་དབུས་ན་བཞུགས་པ་ལ། དེ་དག་གི་ཡོན་ཏན་རྗེས་སུ་དྲན་པའི་མོས་པ་སྐྱེད་པའོ།

ངག་གི་ཕྱག་ནི། དེ་དག་བསྔགས་པ། ཞེས་སོགས་ཚིགས་བཅད་གཅིག་སྟེ། ཡུལ་རྣམས་ཀྱི་ཡོན་ཏན་གྱི་བསྔགས་པ་ཟད་མི་ཤེས་པ་རྣམས་ལུས་རེ་རེ་ལ་མགོ་བོ་དཔག་ཏུ་མེད་པ་དང༌། མགོ་བོ་རེ་རེ་ལའང་ལྕེ་དཔག་ཏུ་མེད་པར་སྤྲུལ་ནས་སྙན་པའི་དབྱངས་ཀྱིས་བརྗོད་པའོ། འདིར་དབྱངས་ནི་བསྟོད་པ་ཡིན་ལ། དེའི་ཡན་ལག་ནི་རྒྱུ་སྟེ་ལྕེའོ། ། རྒྱ་མཚོ་ནི་མང་པོའི་ཚིག་གོ །

།མཆོད་པ་ལ། བླ་ན་ཡོད་པའི་མཆོད་པ་ནི། མེ་ཏོག་དམ་པ། ཞེས་སོགས་ཚིགས་བཅད་གཉིས་ཏེ། མེ་ཏོག་དམ་པ་ནི་ལྷ་དང་མིའི་མེ་ཏོག་རྨད་དུ་བྱུང་བའི་སིལ་མ་རྣམས་སོ།

།ཕྲེང་བ་ནི། མེ་ཏོག་སྣ་ཚོགས་སྤེལ་ཏེ་བརྒྱུས་པ་སྟེ། དེ་གཉིས་ཀའང་དངོས་དང་། བཅོས་མ་ཐམས་ཅད་དོ། །སིལ་སྙན་ནི་རོལ་མོ་རྒྱུད་ཅན་ལ་སོགས་པའི་སྒྲའོ། །བྱུག་པ་ནི་སྤོས་ཞིམ་པོའི་ལྡེ་གུའོ། །གདུགས་མཆོག་ནི་གདུགས་རྣམས་ཀྱི་མཆོག་གོ །མར་མེ་ནི་སྤོས་མར་ལ་སོགས་པ་དྲི་ཞིམ་ལ་འོད་གསལ་བ་དང༌། རིན་པོ་ཆེ་འོད་གསལ་བའོ། །བདུག་པ་ནི་བདུག་སྤོས་སྦྱར་བ་དང་སྣ་གཅིག་པའོ། །ན་བཟའ་དམ་པ་ནི་གོས་ཀྱི་མཆོག་གོ །དྲི་མཆོག་ནི། སྟོང་གསུམ་དུ་དྲི་དང་ལྡང་པའི་དྲིས་བསྒོས་པའི་ཆུ་ལ་སོགས་པའོ། །ཕྱེ་མ་ཕུར་མ་ནི། སྤོས་ཞིམ་པོའི་ཕྱེ་མ་གཏོར་ཞིང་བདུག་ཏུ་རུང་བ་ཐུམ་པོར་བྱས་པའམ། དཀྱིལ་འཁོར་བྲིས་པའི་ཚོན་ཕྱེ་སྤེལ་བའི་རིམ་པ་རྒྱ་དང་རྔམས་རི་རབ་དང་མཉམ་པའོ། །བཀོད་པ་ནི། གོང་མ་ཀུན་གྱི་མཐར་སྦྱོར་བ་སྟེ། ཕལ་ཆེ་བ་དང་སྤྲས་པ་དང་སྣ་ཚོགས་པ་ལ་བྱའོ།

།མཆོད་པ་བླ་ན་མེད་པ་ནི། མཆོད་པ་གང་རྣམས། ཞེས་སོགས་ཚིགས་བཅད་གཅིག་སྟེ། བླ་ན་ཡོད་པ་ནི་འཇིག་རྟེན་པའི་མཆོད་པ་ཡིན་པས། འདིར་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པ་མཐུ་ཆེན་རྣམས་ཀྱིས་བཟང་དགུ་སྤྲུལ་པའོ། །ཚིག་རྐང་ཐ་མ་གཉིས་ནི། གོང་མ་དེ་གཉིས་མ་ཚང་བ་ཐམས་ཅད་ལ་སྦྱར་ཏེ་ཕྱག་དང་མཆོད་པ་རྣམས་ཀྱི་ཀུན་སློང་དང་ཡུལ་སྟོན་པའོ།

།སྡིག་པ་བཤགས་པ་ནི། འདོད་ཆགས། ཞེས་སོགས་ཚིགས་བཅད་གཅིག་སྟེ། རྒྱུ་དུག་གསུམ་ལ་བརྟེན་ནས་གཞི་ལུས་ལ་སོགས་པ་གསུམ་གྱིས། རང་བཞིན་ནི་བདག་གིས་བགྱིས་པ་སྟེ། དེ་ཡང་རང་གིས་དངོས་སུ་བྱས་པ་དང༌། གཞན་བྱེད་དུ་བཅུག་པ་དང༌། གཞན་གྱིས་བྱས་པ་ལ་ཡི་རང་བའོ། །དེ་དག་ཐམས་ཅད་སྤྱིར་བསྡུས་པ་ནི་ཅི་མཆིས་པ་ཞེས་པ་སྟེ། དེ་དག་གི་ཉེས་དམིགས་དྲན་ནས་སྔ་མ་ལ་འགྱོད་ཅིང་ཕྱི་མ་བསྡམ་པའི་སེམས་ཀྱིས་སྙིང་ཐག་པ་ནས་བཤགས་ན། སྔར་བྱས་འཕེལ་བ་འཆད་ཅིང་ཕྱི་མ་རྣམས་འཕྲོ་ཆད་དོ།

།རྗེས་སུ་ཡི་རང་ནི། ཕྱོགས་བཅུའི་རྒྱལ་བ། ཞེས་སོགས་ཚིགས་བཅད་གཅིག་སྟེ། གང་ཟག་ལྔ་པོ་དེའི་དགེ་བའི་ཕན་ཡོན་དྲན་ནས་དགའ་བ་བསྒོམ་པའོ།

ཆོས་འཁོར་བསྐོར་བར་བསྐུལ་བ་ནི། གང་རྣམས་ཕྱོགས་བཅུའི། ཞེས་སོགས་ཚིགས་བཅད་གཅིག་སྟེ། ཕྱོགས་བཅུའི་ཞིང་དུ་བྱང་ཆུབ་ཏུ་རྣམ་པར་སངས་རྒྱས་ཏེ་མ་ཆགས་ཤིང་ཐོགས་པ་མེད་པའི་མཁྱེན་པ་བརྙེས་ནས་རིང་དུ་མ་ལོན་པ་རྣམས་ལ། ལུས་ཀྱང་དེ་སྙེད་དུ་སྤྲུལ་ནས་ཆོས་སྟོན་པར་སྐུལ་མ་གདབ་བོ།

།གསོལ་བ་འདེབས་པ་ནི། མྱ་ངན་འདའ་སྟོན། ཞེས་སོགས་ཚིགས་བཅད་གཅིག་སྟེ། ཕྱོགས་བཅུའི་ཞིང་དུ་མྱ་ངན་ལས་འདའ་ཚུལ་སྟོན་པ་རྣམས་ལ། འགྲོ་བ་རྣམས་ལ་ཕན་པ་དང་བདེ་བ་བསྐྱེད་པའི་ཕྱིར་དུ། ཞིང་གི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་བསྐལ་པར་མྱ་ངན་མི་འདའ་བར་བཞུགས་པར་གསོལ་བ་གདབ་པའོ།

།བསྔོ་བའི་ཡན་ལག་ནི། ཕྱག་འཚལ་བ་དང་། ཞེས་སོགས་ཚིགས་བཅད་གཅིག་སྟེ། གོང་གི་ཡན་ལག་དྲུག་གི་དགེ་བས་མཚོན་ནས་དགེ་རྩ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འདུན་པ་དྲག་པོས་བསྔོས་པས་ནམ་ཡང་མི་འཛད་པའོ། །དེ་ལྟར་ཚིག་དེ་དག་གི་དོན་གོ་བར་བྱས་ལ་ཡིད་གཞན་དུ་མ་ཡེངས་པར་དལ་བུས་ཇི་སྐད་བསྟན་པ་བཞིན་བྱས་ན་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འཛིན་ནོ། །

དེ་ལྟར་ན། ཕྱག །མཆོད་པ། བསྐུལ་བ། གསོལ་གདབ། ཡི་རང་། ལྔ་ནི་ཚོགས་བསག་ཡིན་ལ། བཤགས་པ་ནི་སྒྲིབ་སྦྱོང་དང༌། ཡི་རང་གི་ཕྱོགས་གཅིག་རང་གི་དགེ་བ་ལ་དགའ་བ་བསྒོམ་པ་ནི་དགེ་བ་སྤེལ་བ་དང༌། བསྔོ་བས་ནི་བསགས་པ་དང་སྦྱངས་པ་དང་། སྤེལ་བའི་དགེ་བ་རྣམས་ཉུང་ངུ་ཡང་མང་པོར་སྤེལ་བ་དང༌། གནས་སྐབས་སུ་འབྲས་བུ་ཕྱུང་ནས་ཟད་པར་འགྱུར་བ་རྣམས་ཀྱང་ནམ་ཡང་མི་ཟད་པར་བྱེད་པ་སྟེ་བསྡུ་ན་བསག་པ། སྦྱང་བ། སྤེལ་ཞིང་མི་ཟད་པར་བྱེད་པ་གསུམ་མོ།

།དེ་ནས་དམིགས་པ་གསལ་བར་བྱས་ཏེ་མཎྜལ་ཕུལ་ལ། བཤེས་གཉེན་ལ་མ་གུས་པ་སོགས་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་འགག་པ་དང༌། བཤེས་གཉེན་ལ་གུས་པ་སོགས་ཕྱིན་ཅི་མ་ལོག་པའི་བློ་སྣ་ཐམས་ཅད་བདེ་བླག་ཏུ་སྐྱེ་བ་དང༌། ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་འདུན་པ་དྲག་པོས་ལན་མང་དུ་གསོལ་བ་གདབ་བོ།

།གཉིས་པ་ལ་གཉིས། སྤྱའི་སྐྱོང་ཚུལ། སྐབས་འདིའི་སྐྱོང་ཚུལ་ལོ།
།དང་པོ་ནི། འཆད་པར་འགྱུར་བ་ལྟར་གྱི་ལམ་སྒོམ་པ་འདི་ནི། དགེ་བའི་དམིགས་པ་ལ་ཇི་ལྟར་འདོད་འདོད་དུ་བཀོལ་དུ་རུང་བར་བྱེད་པའི་ཆེད་ཡིན་ལ། དེ་ཡང་གང་ཟིན་ཟིན་ནས་དམིགས་པ་ལ་བསྐྱངས་ན། རང་ཇི་ལྟར་འདོད་པ་ལྟར་དགེ་བའི་དམིགས་པ་གྲངས་འདི་ཙམ་དང་། གོ་རིམ་འདི་བཞིན་བཏང་སྙམ་ནས་བཏང་ཡང་འགྲོར་མི་ཉན་ཅིང༌། དང་པོ་ནས་ལང་དུ་སོང་བས་ཚེ་ཧྲིལ་པོའི་དགེ་སྦྱོར་སྐྱོན་ཅན་དུ་འགྲོའོ། །དེས་ན་ཐོག་མར་གང་བསྐྱང་རྒྱུའི་དམིགས་པ་རྣམས་ཀྱི་གྲངས་དང་། གོ་རིམ་ངེས་ངེས་བྱ། དེ་ནས་ཇི་ལྟར་ངེས་པར་བྱས་པ་དེ་ལས་གཞན་དུ་མི་བཏང་སྙམ་པའི་འཕེན་པ་དྲག་པོ་བཏང་ལ། ཇི་ལྟར་ངེས་པར་བྱས་པ་ལས་ལྷག་ཆད་མེད་པར་དྲན་ཤེས་དང་ལྡན་པས་བསྐྱང་བར་བྱའོ།

།གཉིས་པ་ནི། དང་པོར་བསྟེན་པའི་ཕན་ཡོན་དང༌། མ་བསྟེན་པའི་ཉེས་དམིགས་རྣམས་བསམ། དེ་ནས་བླ་མའི་སྐྱོན་རྟོག་པའི་བློ་ཡེ་མ་ཤོར་བ་བྱ་སྙམ་པའི་སྡོམ་སེམས་མང་དུ་བཏང་ལ། ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན། རང་གིས་གང་རྟོགས་པ་རྣམས་བསམས་ཏེ་སེམས་དང་བའི་རྣམ་པ་ཅན་གྱི་དད་པ་མ་སྐྱེས་བར་དུ་བསྒོམ། དེ་ནས་རང་ལ་ཕན་བཏགས་པ་དང་འདོགས་པར་འགྱུར་བའི་བཀའ་དྲིན་རྣམས་སྔར་མདོ་སྡེ་དྲངས་པ་ལྟར་བསམས་ཏེ་སྙིང་ཐག་པ་ནས་གུས་པ་མ་སྐྱེས་ཀྱི་བར་དུ་བསྒོམ་མོ།

།གསུམ་པ་ནི། བསགས་པའི་དགེ་བ་རྣམས་བཟང་པོ་སྤྱོད་པ་དང༌། སྨོན་ལམ་བདུན་ཅུ་པ་ལ་སོགས་པའི་སྒོ་ནས། གནས་སྐབས་དང་མཐར་ཐུག་གི་སྨོན་གནས་རྣམས་སུ་འདུན་བ་དྲག་པོས་བསྔོ་བར་བྱའོ། །དེ་ལྟ་བུ་དེས། ཐོ་རངས། སྔ་དྲོ༌། ཕྱི་དྲོ། སྲོད་དེ་ཐུན་བཞི་ལ་བསྒོམ་པར་བྱ་སྟེ། དེ་ཡང་དང་པོར་ཡུན་རིང་ན་བྱིང་རྒོད་ཀྱི་དབང་དུ་འགྲོ་སླ་ཞིང༌། དེ་ལ་གོམས་ན་བློ་འཆོས་དཀའ་བས། ཐུན་ཆུང་ལ་གྲངས་མང་བར་བྱ། སྒོམ་འདོད་པའི་འཕྲོ་ལ་བཅད་ཀྱིན་བྱས་ན། ཕྱི་མ་རེས་ཀྱང་འཇུག་སྙིང་འདོད། གཞན་དུ་ན་མལ་མཐོང་བའི་ཚེ་སྐྱུག་ལོག་ལོག་འོང་གསུང་བ་ལྟར་རོ། ཆུང་ཟད་བརྟན་དུ་སོང་བ་ན་ཐུན་བསྲིང་། དེ་ཐམས་ཅད་ལ་ཡང་སྦྱོར་བ་ཧ་ཅང༌དམ་དྲགས་པ་དང་ལྷོད་པའི་སྐྱོན་དང་བྲལ་བར་བསྐྱང་སྟེ། དེས་ནི་གེགས་ཉུང་ཞིང་ཧ་ཅང་དུབ་པ་དང་བྱིང་རྨུགས་སོགས་ཞི་བར་འགྱུར་རོ།

།གཉིས་པ་ནི། སྤྱིར་ཕྱག་དང་སྐོར་བ་དང་ཁ་ཏོན་སོགས་དུ་མ་ཞིག་ཡོད་ཀྱང་གཙོ་བོ་ནི། ཐུན་གྱི་ངོ་བོ་ལ་འབད་ནས། ཐུན་བཏང་བའི་མཚམས་སུ་བསྐྱང་རྒྱུའི་དམིགས་རྣམ་ལ་དྲན་ཤེས་མ་བསྟེན་པར་རྒྱ་ཡན་དུ་བཏང་ན་བསྐྱེད་ཤིན་ཏུ་ཆུང་བས། ཐུན་མཚམས་སུ་ཡང་དེ་སྟོན་པའི་ཆོས་རྣམས་བལྟ་བ་དང༌། ཡང་ཡང་དྲན་པར་བྱ། ཡོན་ཏན་སྐྱེ་བའི་མཐུན་རྐྱེན་ཚོགས་སྒོ་དུ་མ་ནས་གསོག་ཅིང༌། འགལ་རྐྱེན་སྒྲིབ་པ་སྦྱོང་བ་ཡང་སྒོ་དུ་མ་ནས་བྱ། ཐམས་ཅད་ཀྱི་གཞི་ཁས་བླངས་པའི་ཚུལ་ཁྲིམས་ལ་སྡོམ་སེམས་མང་དུ་བྱའོ།
།གཞན་ཡང་ཞི་གནས་དང་ལྷག་མཐོང་གི་ལམ་བདེ་བླག་ཏུ་སྐྱེ་བའི་རྒྱུ་ཚོགས་བཞི་ལ་བསླབ་སྟེ། དེ་ལ་དབང་པོའི་སྒོ་སྡོམ་པ་ནི། ཡུལ་དང་དབང་བོ་ལ་བརྟེན་ནས་རྣམ་ཤེས་དྲུག་སྐྱེས་པའི་མཇུག་ཏུ། ཡིད་ཤེས་ཡུལ་ཡིད་དུ་འོང་བ་དྲུག་དང་མི་འོང་བ་དྲུག་ལ་ཆགས་སྡང་སྐྱེ་བ་དེ་ལས་མི་སྐྱེ་བར་སྲུང་བའོ།
།ཤེས་བཞིན་དུ་སྤྱོད་པ་ནི༌།

སྤྱོད་འཇུག་ལས།
།ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ།
།དེ་དེ་ཁོ་ན་མདོར་ན་ནི། །ཤེས་བཞིན་བསྲུང་བའི་མཚན་ཉིད་དོ།

ཞེས་གསུངས་པ་ལྟར། ལུས་ལ་སོགས་པའི་བྱ་བ་གང་དང་གང་ལ་འཇུག་པ་ན་བྱ་བ་དང་བྱ་བ་མ་ཡིན་པ་ཤེས་པར་བྱས་ནས་སྤྱོད་པའོ།

།ཟས་ཀྱི་ཚོད་རིག་པ་ནི། ཟས་ཧ་ཅང་མང་ཉུང་དུ་ཟས་བ་སྤངས་ཏེ་དགེ་བའི་བྱ་བ་ལ་མི་གནོད་པའི་ཚོད་ཙམ་དུ་ཟ་བའོ། །དེ་ཡང་ཁ་ཟས་ལ་སྲེད་པའི་ཉེས་དམིགས་བསྒོམས་ནས། ཉོན་མོངས་ཅན་མ་ཡིན་པ་དང༌། སྦྱིན་པ་པོ་ལ་ཕན་གདགས་པ་དང༌། ལུས་ཀྱི་སྲིན་བུ་ད་ལྟ་ཟང་ཟིང་གིས་བསྡུས་ལ་མ་འོངས་པ་ན་ཆོས་ཀྱིས་བསྡུ་སྙམ་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་སྙམ་པའི་བསམ་པས་བཟའ་བར་གསུངས་པ་ཡང་དྲན་པར་བྱའོ།
།བཤེས་སྤྲིངས་ལས་ཀྱང༌།
།ཁ་ཟས་སྨན་དང་འདྲ་བར་རིག་པ་ཡིས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ།
རྒྱགས་ཕྱིར་མ་ལགས་བསྙེམས་པའི་ཕྱིར་མ་ལགས། །མཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །ཞེས་གསུངས་སོ།

།མི་ཉལ་བར་རྣལ་འབྱོར་ལ་བརྩོན་ཞིང་ཉལ་བའི་ཚེ་ཇི་ལྟར་བྱ་བ་ནི།
བཤེས་སྤྲིངས་ལས།
།རིགས་པའི་བདག་ཉིད་ཉིན་པར་མཐའ་དག་དང༌། །མཚན་མོའང་ཐུན་གྱི་སྟོད་སྨད་འདས་ནས་ནི།
།མནལ་ཚེའང་འབྲས་བུ་མེད་པར་མི་འགྱུར་བར། །དྲན་དང་ལྡན་པར་དེ་དག་བར་དུ་མནོལ།

ཞེས་གསུངས་པས་ཉིན་མོ་ཧྲིལ་པོ་དང་མཚན་མོའི་ཆ་སྟོད་སྨད་གཉིས་ཐུན་གྱི་ངོ་བོ་དང་ཐུན་མཚམས་སུ་ཇི་ལྟར་བྱ་བ་བསྟན་པས། འཆག་པ་དང༌། འདུག་ནས་སྒྲིབ་པ་ལྔ་ལ་སེམས་ཡོངས་སུ་སྦྱངས་པས་དོན་ལྡན་དུ་བྱའོ།

།ཉལ་བའི་ཀུན་སྤྱོད་ནི་ཐུན་མཚམས་ཡིན་པས། དེ་ཡང་དོན་མེད་དུ་མི་གཏང་ངོ༌། །དེ་ལ་ལུས་ཀྱི་སྤྱོད་ལམ་ནི། མཚན་མོ་ལ་ཆ་གསུམ་དུ་བྱས་པའི་ཆ་བར་པའི་ཚེ། གློ་གཡས་པ་ཕབ་སྟེ་རྐང་པ་གཡོན་པ་གཡས་པའི་སྟེང་དུ་བཞག་ནས་སེང་གེ་ལྟར་ཉལ་པའོ། །དྲན་པ་ནི་ཉིན་པར་གང་གོམས་པ་ཤས་ཆེ་བའི་དགེ་བའི་བྱ་བ་ལ་དྲན་པ་གཉིད་དུ་མ་སོང་གི་བར་དུ་རྗེས་སུ་འབྲང་བར་བསྟེན་པའོ། །དེས་ནི་གཉིད་ལོག་པའི་ཚེ་ཡང་གཉིད་མ་ལོག་པ་དང་འདྲ་བར་ཏིང་ངེ་འཛིན་ལ་སོགས་པའི་དགེ་སྦྱོར་སྐྱོང་ནུས་སོ། །ཤེས་བཞིན་ནི། དྲན་པ་བསྟེན་པའི་ཚེ་ཉོན་མོངས་པ་གང་རུང་བྱུང་ན་དེ་ཤེས་པར་བྱས་ནས་དང་དུ་མི་ལེན་པར་སྤོང་བའོ། །ལྡང་བའི་འདུ་ཤེས་ནི་འདི་ཙམ་ཞིག་ན་ལྡང་བར་བྱའོ་སྙམ་པའི་འཕེན་པ་གཏོང་བའོ། །དེ་ལྟར་ན་དངོས་གཞིའི་སྐབས་ཀྱི་སྐྱོང་ཚུལ་ཐུན་མོང་མ་ཡིན་པ་མ་གཏོགས་པ། སྦྱོར་བ་དང་དངོས་གཞི་དང་མཇུག་དང་ཐུན་མཚམས་སུ་ཇི་ལྟར་བྱ་བ་རྣམས་ནི། འདི་ནས་བཟུང་སྟེ་ལྷག་མཐོང་གི་བར་གྱི་དམིགས་རྣམ་གང་སྐྱོང་ཐམས་ཅད་ལ་སྦྱར་བར་བྱའོ།

གཉིས་པ་ནི། མདོ་སྡེའི་རྒྱན་ལས།
འདི་ན་དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང༌།
ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཀྱང་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང༌།

ཞེས་ཐོས་པའི་དོན་རྣམས་བསམ་བྱུང་གི་ཤེས་རབ་ཀྱིས་ཚུལ་བཞིན་དུ་ཡིད་ལ་བྱས་པ་ལས། ཡང་དག་པའི་དོན་མངོན་སུམ་དུ་རྟོགས་པའི་བསྒོམས་བྱུང་འབྱུང་བར་གསུངས་ལ།

མངོན་རྟོགས་རྒྱན་ལས་ཀྱང༌།
།ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་སྒོམ་པའི་ལམ་ཉིད་ལ།
།ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོག་སྒོམ་པའི་ལམ།

ཞེས་ཐེག་ཆེན་འཕགས་པའི་སྒོམ་ལམ་ཡིན་པའི་ཡང་ཡང་སེམས་པ་དང་། འཇལ་བ་དང་། ངེས་པར་རྟོག་པ་ཡོད་པར་གསུངས་པ་དང༌།

བསླབ་བཏུས་ལས་ཀྱང༌།
དེ་ལྟ་བས་ན་ལུས་དང་། ལོངས་སྤྱོད་དང་། བསོད་ནམས་རྒྱུན་མི་འཆད་པར་བཏང་བ་དང་། བསྲུང་བ་དང༌། དག་པ་དང་། སྤེལ་བ་ཅི་རིགས་པར་བསྒོམ་པར་བྱའོ། །ཞེས་ལུས་ལོངས་སྤྱོད་དགེ་རྩ་གསུམ་རེ་རེ་ལ་བཏང་བསྲུང་དག་སྤེལ་བཞི་བཞི་བྱེད་པ་ཐམས་ཅད་བསྒོམ་པར་བྱ་བར་གསུངས་པའི་སྒོམ་ལ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་སྐྱོང་བའི་དཔྱད་སྒོམ་དང༌། མི་དཔྱོད་པར་རྩེ་གཅིག་ཏུ་འཇོག་པའི་འཇོག་སྒོམ་གཉིས་ཀ་ཡོད་དོ།

།འོ་ན་ལམ་ཇི་འདྲ་བ་ཞིག་དཔྱད་སྒོམ་ཡིན་ལ་ཇི་འདྲ་བ་ཞིག་འཇོག་སྒོམ་ཡིན་ཞེ་ན། བཤེས་གཉེན་ལ་དད་པ་སྒོམ་པ་དང་། དལ་འབྱོར་དོན་ཆེ་ཞིང་རྙེད་དཀའ་བ་དང༌། འཆི་བ་མི་རྟག་པ་དང་། ལས་འབྲས་དང་། འཁོར་བའི་ཉེས་དམིགས་དང་། བྱང་ཆུབ་ཀྱི་སེམས་སྒོམ་པ་ལྟ་བུ་ལ་ནི་དཔྱད་སྒོམ་དགོས་སོ། །འདི་ལྟར་དེ་དག་ལ་ནི་བློ་ཤུགས་དྲག་ལ་རྒྱུན་རིང་བའི་ཡིད་འཁུལ་ནུས་པ་རེ་དགོས་ཏེ། དེ་མེད་ན་དེ་དག་གི་ཟློག་ཕྱོགས་མ་གུས་པ་སོགས་འགོག་མི་ནུས་པའི་ཕྱིར་དང༌། བློ་དེ་ལྟ་བུ་སྐྱེད་པ་ནི་ཡང་དང་ཡང་དུ་སོ་སོར་རྟོག་པས་དཔྱད་ནས་སྒོམ་པ་ཁོ་ན་ལ་རག་ལས་བའི་ཕྱིར་རོ། །དཔེར་ན་ཆགས་ཡུལ་ལ་སྡུག་པའི་མཚན་མ་སྒྲོ་བཏགས་ནས་སྒོམ་པ་མང་ན་འདོད་ཆགས་དྲག་པོ་སྐྱེ་བ་དང༌། དགྲ་ལ་ཡིད་དུ་མི་འོངས་བའི་མཚན་མ་མང་དུ་བསམས་ན་ཞེ་སྡང་དྲག་པོ་སྐྱེ་བ་བཞིན་ནོ། །དེས་ན་ལམ་དེ་དག་སྒོམ་པ་ལ་ནི་ཡུལ་གྱི་རྣམ་པ་གསལ་མི་གསལ་འདྲ་ཡི། བློ་ཡི་འཛིན་སྟངས་ཤུགས་དྲག་ལ་རྒྱུན་རིང་བ་དགོས་པས་དཔྱད་སྒོམ་བྱའོ། །སེམས་དམིགས་པ་གཅིག་ལ་གནས་སུ་མི་བཏུབ་པ། དམིགས་པ་གཅིག་ལ་ཇི་ལྟར་འདོད་འདོད་དུ་བཞག་པས་ཆོག་པའི་ལས་རུང་དུ་བྱེད་པ་ཞི་གནས་སྒྲུབ་པ་ལ་སོགས་པའི་སྐབས་སུ་ནི་ཡང་ཡང་དཔྱད་ན་སེམས་གནས་སྐྱེ་མི་ཉན་པས། དེ་ལ་ནི་འཇོག་སྒོམ་བྱ་དགོས་སོ། །ཚུལ་དེ་ལྟར་མི་ཤེས་པར་མཁས་པ་ཡིན་ན་དཔྱད་སྒོམ་ཁོ་ན་བྱ་ལ། ཀུ་ས་ལིས་ནི་འཇོག་སྒོམ་ཁོ་ན་བྱའོ་ཞེས་སྨྲ་བ་ཡང་མ་ཡིན་ཏེ། རེ་རེས་ཀྱང་གཉིས་ཀ་བྱ་དགོས་པའི་ཕྱིར་ཏེ། མཁས་པས་ཀྱང་ཞི་གནས་སོགས་སྒྲུབ་དགོས་ལ། ཀུ་ས་ལིས་ཀྱང་བཤེས་གཉེན་ལ་དད་པ་ཤུགས་དྲག་པ་སོགས་སྒྲུབ་དགོས་པའི་ཕྱིར་རོ། །

དེས་ན་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་ཡང་དཔྱོད་པ་ནི་ཐོས་བསམ་གྱི་སྐབས་ཡིན་ཏེ་ཉམས་ལེན་གྱི་སྐབས་མིན་ནོ་སྙམ་དུ་འཛིན་པ་མི་རིགས་ལ། རྟོག་པ་ཐམས་ཅད་མཚན་མར་འཛིན་པ་ཡིན་པས་འཚང་རྒྱ་བ་ལ་གེགས་བྱེད་པའོ་སྙམ་དུ་འཛིན་པ་ནི། ཚུལ་མིན་ཡིད་བྱེད་བདེན་འཛིན་གྱི་རྟོག་པ་དང༌། ཚུལ་བཞིན་ཡིད་བྱེད་ཡང་དག་པའི་རྟོག་པ་གཉིས་མ་ཕྱེད་པའི་སྐྱོན་ནོ། །གདམས་ངག་འདིར་སེམས་དམིགས་པ་གཅིག་ལ་ཇི་ལྟར་འདོད་འདོད་དུ་བཞག་པས་ཆོག་པའི་མི་རྟོག་པའི་ཏིང་ངེ་འཛིན་བསྒྲུབ་དགོས་ལ། སྔ་རོལ་ཏུ་དཔྱད་སྒོམ་མང་ན་ཏིང་ངེ་འཛིན་སྐྱེ་བའི་གེགས་སུ་འགྱུར་རོ་སྙམ་དུ་མི་གཟུང་སྟེ། འདི་ལྟར་དཔེར་ན་གསེར་དང་དངུལ་ནི་མགར་བ་མཁས་པས་ཡང་དང་ཡང་དུ་མེར་བསྲེགས་ཤིང་ཆུར་བཀྲུས་ན། དྲི་མ་ཐམས་ཅད་སྦྱངས་ཏེ། ཤིན་ཏུ་མཉེན་ཅིང་ལས་རུང་དུ་འགྱུར་བས། དེ་ནས་རྣ་རྒྱན་ལ་སོགས་པའི་རྒྱན་ཆ་ཅི་འདོད་འདོད་དུ་བསྒྱུར་བས་ཆོག་པ་བཞིན་དུ། སྔོན་ལ་ཉོན་མོངས་དང་ཉེ་བའི་ཉོན་མོངས་པ་དང་། ཉེས་སྤྱོད་རྣམས་ལ་ནག་པོའི་ལས་འབྲས་དང་འཁོར་བའི་ཉེས་དམིགས་སྒོམ་པ་ལ་སོགས་པའི་སྐབས་ནས་འབྱུང་བ་ལྟར། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དེའི་ཉེས་དམིགས་ཡང་ཡང་སྒོམ་པ་སེམས་ཀུན་ཏུ་གདུང་བར་འགྱུར་བའམ། སྐྱོ་བར་འགྱུར་བའི་ཡིད་བྱེད་ཀྱིས། གསེར་མེར་བསྲེགས་པ་བཞིན་དུ། ནག་ཕྱོགས་རྣམས་ལས་ཡིད་ཕྱིར་ཕྱོགས་པར་བྱེད་ཅིང་དྲི་མ་དེ་དག་སྦྱོང་ལ། བཤེས་གཉེན་གྱི་ཡོན་ཏན་དང་དལ་འབྱོར་དོན་ཆེ་བ་དང༌། དཀོན་མཆོག་གསུམ་གྱི་ཡོན་ཏན་དང་དཀར་པོའི་ལས་འབྲས་དང་བྱང་ཆུབ་སེམས་ཀྱི་ཕན་ཡོན་སོགས་ཀྱི་སྐབས་ནས་འབྱུང་བ་ལྟར། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དེ་དག་གི་ཡོན་ཏན་ཡང་ཡང་སྒོམ་པ་སེམས་བརླན་པར་འགྱུར་བའམ། དད་པར་འགྱུར་བའི་ཡིད་བྱེད་ཀྱིས་གསེར་ཆུར་འཁྲུ་བ་ལྟར། དཀར་ཕྱོགས་རྣམས་ལ་ཡིད་མངོན་དུ་ཕྱོགས་པ་དང་དགའ་བར་བྱས་ནས། དགེ་བའི་ཆོས་ཀྱིས་སེམས་བརླན་པར་བྱེད་དོ། །དེ་ལྟར་གྱུར་ན་ཞི་ལྷག་གང་སྒྲུབ་པར་འདོད་པ་དེ་ལ་ཡིད་གཏད་པ་ན་ཚེགས་མེད་པར་འགྲུབ་པས། དེ་ལྟ་བུའི་དཔྱད་སྒོམ་ནི་མི་རྟོག་པའི་ཏིང་ངེ་འཛིན་སྒྲུབ་པའི་ཐབས་མཆོག་ཡིན་པའི་ཕྱིར་རོ།

།དེ་ལྟར་ཡང་འཕགས་པ་ཐོགས་མེད་ཀྱིས།
དཔེར་ན་མགར་བའམ་མགར་བའི་སློབ་མ་མཁས་པ་ཞིག་གིས་གང་གི་ཚེ་གསེར་རམ་དངུལ་ཞིག་དྲི་མ་དང་སྙིགས་མ་ཐམས་ཅད་སྦྱང་བའི་ཕྱིར། དུས་དུས་སུ་མེར་བསྲེགས་ཤིང་ཆུས་བཀྲུས་ན་རྒྱན་དེ་དང་དེ་དག་ཏུ་བྱ་བ་མཉེན་ཅིང་ལས་སུ་རུང་བའི་ཚུལ་གྱིས་མངོན་སུམ་དུ་བྱས་པར་འགྱུར་ཏེ། དེ་ལ་མགར་བའམ་མགར་བའི་སློབ་མ་མཁས་པ་དེ་དང་མཐུན་པའི་བཟོ་ཤེས་པ་དེས་མགར་སྤྱད་ཀྱིས། རྒྱན་གྱི་རྣམ་པ་ཅི་འདོད་པ་དེར་སྒྱུར་བར་བྱེད་པ་དེ་བཞིན་དུ། རྣལ་འབྱོར་པས་ཀྱང་གང་གི་ཚེ་སེམས་དེ་བརྣབ་སེམས་ལ་སོགས་པའི་དྲི་མ་དང་སྙིགས་མ་ལ་མི་ཕྱོགས་པ་ཉིད་ཀྱིས་སྐྱོ་བར་བྱས་ལ་ཉོན་མོངས་པ་ཅན་གྱི་ཡིད་མི་བདེ་བ་ལ་མི་ཕྱོགས་པ་ཉིད་དང༌། དགེ་བའི་ཕྱོགས་ལ་མངོན་པར་དགའ་བ་ལ་མངོན་དུ་ཕྱོགས་པ་ཉིད་ཀྱིས་མངོན་པར་དགའ་བར་བྱས་ན། རྣལ་འབྱོར་པ་དེས་སེམས་དེ་ཞི་གནས་ཀྱི་ཕྱོགས་སམ་ལྷག་མཐོང་གི་ཕྱོགས་གང་དང་གང་དག་ལ་ངེས་པར་སྦྱོར་བར་བྱེད་པ་དེ་དང་དེ་དག་ལ་ཤིན་ཏུ་ཉེ་བར་འབྱོར་པ་དང་། ཤིན་ཏུ་རྣལ་དུ་འབབ་པ་དང༌། མི་གཡོ་བ་དང་། མི་འགུལ་བར་འགྱུར་ཞིང༌། ཇི་ལྟར་བསམས་པའི་དོན་ཡང་དག་པར་འགྲུབ་པའི་ཕྱིར་འགྲོ་བར་ཡང་འགྱུར་རོ། ཞེས་གསུངས་སོ།

།གཞན་ཡང་སེམས་དམིགས་པ་གཅིག་ལ་བརྟན་ཆགས་པར་གནས་པའི་འགལ་རྐྱེན་གྱི་གཙོ་བོ་ནི་གཉིས་ཏེ། བྱིང་བ་དང་རྒོད་པའོ། །དེ་ལ་དཀོན་མཆོག་ལ་སོགས་པའི་ཡོན་ཏན་མཐོང་བའི་བློ་ཤུགས་དྲག་ལ་རྒྱུན་རིང་བ་ཡོད་ན་བྱིང་བ་གཅོད་པར་ཤིན་ཏུ་སླ་སྟེ། དེའི་གཉེན་པོ་ནི་ཡོན་ཏན་མཐོང་བའི་སྒོ་ནས་སེམས་གཟེངས་བསྟོད་པ་ཡིན་པར་ཚད་ལྡན་དུ་མས་གསུངས་པའི་ཕྱིར་རོ། །མི་རྟག་པ་དང་སྡུག་བསྔལ་ལ་སོགས་པའི་ཉེས་དམིགས་མཐོང་བའི་བློ་ཤུགས་དྲག་ལ་རྒྱུན་རིང་བ་ཡོད་ན། རྒོད་པ་གཅོད་པར་ཤིན་ཏུ་སླ་སྟེ། རྒོད་པ་ནི་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་གཡེང་བ་ཡིན་པས། དེའི་གཉེན་པོ་ལ་སྐྱོ་ཤས་བསྔགས་པར་གཞུང་དུ་མ་ནས་གསུངས་པའི་ཕྱིར་རོ།

།གཉིས་པ་ལ་གཉིས། དལ་བའི་རྟེན་ལ་སྙིང་པོ་བླང་བའི་ཕྱིར་དུ་བསྐུལ་བ་དང༌། སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལོ། །དང་པོ་ལ་གསུམ། དལ་འབྱོར་ངོས་གཟུང་བ་དང༌། དེ་དོན་ཆེ་བ་བསམ་པ་དང༌། རྙེད་དཀའ་བ་བསམ་པའོ། །དང་པོ་ལ་གཉིས། དལ་བ་དང༌། འབྱོར་པའོ།

།དང་པོ་ནི། སྡུད་པ་ལས།
།ཁྲིམས་ཀྱིས་དུད་འགྲོའི་འགྲོ་བ་དུ་མའི་ངོ་བོ་དང༌། །མི་ཁོམ་བརྒྱད་སྤོང་དེ་ཡིས་དལ་བ་རྟག་ཏུ་རྙེད།

ཅེས་གསུངས་པ་ལྟར་མི་ཁོམ་པ་བརྒྱད་དང་བྲལ་བ་ནི་དལ་བའོ། །མི་ཁོམ་པ་བརྒྱད་ནི། འཁོར་རྣམ་བཞི་མི་རྒྱུ་བའི་ཡུལ་མཐའ་འཁོབ་པ་དང༌། གླེན་ལྐུགས་དང་ཡན་ལག་དང་རྣ་བ་སོགས་མ་ཚང་བའི་དབང་པོ་མ་ཚང་བ་དང༌། ཚེ་སྔ་ཕྱི་དང་ལས་འབྲས་དང་དཀོན་མཆོག་གསུམ་མེད་པར་འཛིན་པའི་ལོག་ལྟ་ཅན་དང༌། སངས་རྒྱས་འབྱུང་བ་མེད་པའི་རྒྱལ་བའི་བཀའ་མེད་པ་བཞི་ནི་མིའི་མི་ཁོམ་པ་ཡིན་ལ། ངན་སོང་གསུམ་དང་ལྷ་ཚེ་རིང་པོ་ནི་མི་མ་ཡིན་པའི་མི་ཁོམ་པའོ། །ལྷ་ཚེ་རིང་པོ་ནི། བཤེས་སྤྲིངས་འགྲེལ་བར། འདུ་ཤེས་མེད་པ་བ་དང་གཟུགས་མེད་པ་གཉིས་ལ་བཤད་པའི་དང་པོ་ནི། བསམ་གཏན་བཞི་པའི་གནས་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་གྲོང་ལས་དགོན་པའི་ཚུལ་དུ་ཡོད་ལ། ཕྱི་མ་ནི་གཟུགས་མེད་དུ་སྐྱེས་པའི་སོ་སྐྱེའོ།

།མི་ཁོམ་པ་བརྒྱད་ཀྱི་གཏམ་ལས།
འདོད་པའི་བྱ་བས་རྟག་ཏུ་གཡེངས་པའི་འདོད་ལྷ་ལྷ་ཚེ་རིང་པོར་བཤད་དོ།

།གཉིས་པ་ལ་གཉིས་ལས། རང་འབྱོར་ལྔ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། ཅེས་པའོ། །དེ་ལ་དབུས་སུ་སྐྱེས་པ་ནི། འཁོར་རྣམ་བཞི་རྒྱུ་བ་ཡོད་སར་སྐྱེས་པའོ། །དབང་པོ་ཚང་བ་ནི། གླེན་ལྐུགས་སུ་མ་སོང་ཞིང་ཡན་ལག་ཉིང་ལག་མིག་རྣ་སོགས་ཚང་བའོ། །ལས་མཐའ་མ་ལོག་པ་ནི། མཚམས་མེད་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་པའོ། །གནས་ལ་དད་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀར་ཆོས་ཐམས་ཅད་སྐྱེ་བའི་གནས་འདུལ་བ་ལ་དད་པ་སྟེ། འདུལ་བ་ནི་འདིར་སྡེ་སྣོད་གསུམ་ག་ལ་བྱའོ། །ལྔ་པོ་དེ་རང་རྒྱུད་ཀྱིས་བསྡུས་ཤིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་རང་འབྱོར་ཞེས་བྱའོ།

།གཞན་འབྱོར་ལྔ་ནི། སངས་རྒྱས་བྱོན་དང་དམ་ཆོས་སྟོན། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། ཞེས་པའོ། །དེ་ལ་སངས་རྒྱས་བྱོན་པའམ་འབྱུང་བ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཚོགས་བསགས་ནས་མངོན་པར་རྫོགས་པར་འཚང་རྒྱ་བའོ། །དམ་ཆོས་སྟོན་པ་ནི་སངས་རྒྱས་སམ་དེའི་ཉན་ཐོས་ཀྱིས་ཆོས་སྟོན་པའོ། །ཆོས་བསྟན་པ་གནས་པ་ནི། སངས་རྒྱས་ཤིང་ཆོས་བསྟན་པ་ནས་མྱ་ངན་ལས་མ་འདས་བར་དུ་དོན་དམ་པའི་ཆོས་མངོན་དུ་བྱེད་པའི་ཚུལ་གྱིས་སྒྲུབ་པའི་ཆོས་མ་ཉམས་པའོ། །ཆོས་གནས་པ་རྗེས་སུ་འཇུག་པ་ནི། ཆོས་རྟོགས་པ་དེ་ཉིད་ཀྱིས་སྐྱེ་བོ་རྣམས་ལ་དམ་ཆོས་མངོན་སུམ་དུ་བྱ་བའི་མཐུ་ཡོད་པར་རིག་ནས། ཇི་ལྟར་རྟོགས་པ་ལྟར་བསྟན་པ་ལ་རྗེས་སུ་འཇུག་པའོ། །གཞན་གྱིས་ཕྱིར་སྙིང་བརྩེ་བར་བྱེད་པ་ནི། སྦྱིན་པ་པོ་དང་སྦྱིན་བདག་གིས་ཆོས་གོས་སོགས་སྟེར་བའོ། །དེ་ལྔ་ནི་གཞན་རྒྱུད་ལ་ཡོད་ཅིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་གཞན་འབྱོར་རོ།

།གཉིས་པ་ནི། གཏན་གྱི་བདེ་བའི་ཕྱིར་དུ་ཆོས་རྣམ་དག་སྒྲུབ་པ་ཞིག་མ་བྱུང་ན་མ་ཤི་ཚུན་གྱི་བདེ་བ་སྒྲུབ་ཅིང་སྡུག་བསྔལ་སེལ་བ་ཙམ་ལ་བརྩོན་པ་ནི་དུད་འགྲོ་ལ་ཡང་ཡོད་པས་བདེ་འགྲོར་སྐྱེས་ཀྱང་དུད་འགྲོ་དང་འདྲ་ལ། ཐེག་ཆེན་གྱི་ལམ་སྒྲུབ་པ་ལ་ནི་སྔར་བཤད་པའི་རྟེན་དེ་ལྟ་བུ་ཞིག་དགོས་ཏེ། སློབ་སྤྲིངས་ལས་ཀྱང་། བདེར་གཤེགས་ལམ་བརྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང༌། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་རྙེད་མིན་ལྷ་མིན་དང༌། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། ཞེས་གསུངས་སོ། །གཞན་ཡང་སྔོན་མིའི་རྟེན་ལ་ལམ་ལ་སྦྱངས་པའི་བག་ཆགས་འཐུག་པོའི་འདོད་ལྷ་ཁ་ཅིག་དང་པོར་བདེན་པ་མཐོང་བའི་རྟེན་དུ་རུང་ཡང་ཁམས་གོང་གི་རྟེན་ལ་དང་པོར་འཕགས་ལམ་ཐོབ་པ་མི་སྲིད་ཅིང་། འདོད་ལྷ་ཕལ་ཆེར་ཡང་སྔར་བཤད་པ་ལྟར་མི་ཁོམ་པའི་གནས་སུ་གསུངས་པས་ལམ་དང་པོར་སྒྲུབ་བའི་རྟེན་ལ་མི་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ཡང་སྒྲ་མི་སྙན་པ་སྡོམ་པའི་རྟེན་དུ་མི་རུང་བས་གླིང་གསུམ་གྱི་རྟེན་བསྔགས་ལ། དེའི་ནང་ནས་ཀྱང་འཛམ་བུ་གླིང་པ་བསྔགས་སོ། །དེས་ན་འདི་འདྲ་བའི་རྟེན་བཟང་པོ་ཐོབ་བ་འདི། བདག་གིས་ཅིའི་ཕྱིར་འབྲས་བུ་མེད་བར་བྱ། འདི་དོན་མེད་དུ་བྱས་ན་ནི་རང་གིས་རང་བསླུས་བ་དང་རྨོངས་ཚབས་འདི་ལས་ཆེ་བ་ཅི་ཞིག་ཡོད། ངན་འགྲོ་ལ་སོགས་པའི་མི་ཁོམ་པའི་གནས་ཀྱི་འཕྲང་མང་པོ་ལ་བརྒྱུད་བརྒྱུད་ནས་ལན་ཅིག་ཙམ་ཐར་པ་འདི་དོན་མེད་དུ་བཏང་ནས་གནས་དེ་དག་ཏུ་ལོག་ནས་འགྲོ་ན་ནི་རིག་སྔགས་ཀྱིས་རྨོངས་པ་བཞིན་དུ་བདག་ནི་སེམས་མེད་པར་གྱུར་པའོ་སྙམ་པ་སོགས་ཀྱི་སྒོ་ནས་ཡང་ཡང་བསྒོམ་པར་བྱ་སྟེ།

སྤྱོད་འཇུག་ལས།
།འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན།
།འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ།

ཞེས་དང༌།
།ཤིན་ཏུ་རྙེད་དཀའ་ཕན་པའི་ས། །ཇི་ཞིག་ལྟར་སྟེས་རྙེད་གྱུར་ནས།
།བདག་ཉིད་ཤེས་དང་ལྡན་བཞིན་དུ། །ཕྱིར་ཡང་དམྱལ་བ་དེར་ཁྲིད་ན།
།སྔགས་ཀྱིས་རྨོངས་པར་བྱས་པ་བཞིན། །བདག་ལ་འདིར་སེམས་མེད་དུ་ཟད།
།ཅིས་རྨོངས་བདག་ཀྱང་མ་ཤེས་ཏེ། །བདག་གི་ཁོང་ན་ཅི་ཞིག་ཡོད།

ཅེས་གསུངས་སོ། །དེ་ལྟར་མཐར་ཐུག་ལ་ལྟོས་ཏེ་དོན་ཆེ་བར་མ་ཟད་གནས་སྐབས་ལ་ལྟོས་ནས་ཀྱང་མངོན་མཐོའི་ལུས་ལོངས་སྤྱོད་འཁོར་ཕུན་ཚོགས་ཀྱི་རྒྱུ་སྦྱིན་པ་ཚུལ་ཁྲིམས་བཟོད་པ་སོགས་རྟེན་འདིས་བདེ་བླག་ཏུ་སྒྲུབ་ནུས་ལུགས་ཀྱང་བསམ་མོ། །དོན་ཆེ་བའི་རྟེན་དེས་དེ་གཉིས་ཀྱི་རྒྱུ་ལ་ཉིན་མཚན་དུ་མ་འབད་ན། རིན་པོ་ཆེའི་གླིང་ནས་ལག་སྟོང་དུ་ལྡོག་པ་ལྟ་བུར་སྣང་ངོ༌།

།གསུམ་པ་ནི། ལུང་གཞི་ལས།
ངན་འགྲོ་དང་བདེ་འགྲོ་ནས་ཤི་འཕོས་ཏེ་ངན་འགྲོར་འགྲོ་བ་ནི་ས་ཆེན་པོ་དང༌། དེ་ནས་བདེ་འགྲོར་སྐྱེ་བ་ནི་ཕྱག་སེན་གྱི་རྩེ་མོས་བཞེས་པའི་རྡུལ་དང་འདྲ་བར་གསུངས་པས་བདེ་འགྲོ་དང་ངན་འགྲོ་གཉིས་ཀ་ནས་རྙེད་དཀའོ།

།དེ་ཙམ་དུ་རྙེད་དཀའ་བ་ཅི་ཡིན་སྙམ་ན།

བཞི་བརྒྱ་པ་ལས།
།ཕལ་མོ་ཆེར་ན་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན།
།དེས་ན་སོ་སོའི་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོར་འགྲོ།

།ཞེས་གསུངས་པ་ལྟར་མི་ལ་སོགས་པ་ཡང་ཕལ་ཆེར་མི་དགེ་བཅུ་ལ་སོགས་པའི་ཕྱོགས་འཛིན་པ་མང་ལ། དེས་ཀྱང་ངན་འགྲོར་འགྲོ་བའི་ཕྱིར་དང༌། གཞན་ཡང་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་ལྟ་བུ་སྐད་ཅིག་མ་རེ་རེས་ཀྱང་བསྐལ་པར་མནར་མེད་དུ་གནས་དགོས་ན། སྐྱེ་བ་དུ་མར་བསགས་པའི་སྡིག་པ་འབྲས་བུ་མ་ཕྱུང་ཞིང་གཉེན་པོས་མ་བཅོམ་པ་རང་རྒྱུད་ལ་ཡོད་པ་རྣམས་ཀྱིས་ངན་སོང་དུ་བསྐལ་པ་དུ་མར་གནས་དགོས་པ་སྨོས་ཅི་དགོས། དེ་ལྟ་ནའང་ངན་འགྲོའི་རྒྱུ་སྔར་བསགས་འདག་ངེས་སུ་སྦྱོང་ཞིང༌། གསར་དུ་འཇུག་པའི་སྒོ་སྡོམ་པར་བྱེད་ན་བདེ་འགྲོ་མི་དཀོན་ནའང་། དེ་ལྟ་བུ་ནི་ཤིན་ཏུ་ཡང་དཀོན་ནོ། །དེ་ལྟར་མ་བྱས་ན་ངན་འགྲོར་འགྲོ་ལ། ངན་སོང་དུ་སོང་ན་དགེ་བ་མི་བྱེད་ལ་སྡིག་པ་རྒྱུན་དུ་བྱེད་པས་བསྐལ་པ་དུ་མར་བདེ་འགྲོའི་མིང་ཙམ་ཡང་མི་ཐོས་པར་སྤྱོད་འཇུག་ལས་གསུངས་སོ།

།པོ་ཏོ་བའི་ཞལ་ནས།
འཕན་ཡུལ་ན་རྨའི་ཕྱྭ་མཁར་བྱ་བ་རྡོས(གདོས)་ཅན་ཅིག་ཡོད་པ་དགྲས་ཕྲོགས་ནས་ཡུན་རིང་ཁ་ཉེན་པོར་སོང་བས། རྒད་པོ་གཅིག་མཁར་དེས་གདུངས་ཡོད་པ་ལ། ལན་ཅིག་མཁར་དེ་ཐོབ་ཟེར་བ་ཐོས་པས། འགྲོ་མི་ནུས་བཞིན་དུ་མདུང་ཞིག་བཟུང་ནས་བཤལ་དྲུད་བྱེད་ཅིང། རྨའི་ཕྱྭ་མཁར་ཐོབ་པ་འདི་རྨི་ལམ་མིན་ན་རུང་སྟེ་ཟེར་བ་ལྟར། དལ་འབྱོར་ཐོབ་པ་ལ་ཡང་དེ་ལྟ་བུའི་དགའ་བ་རྙེད་ནས་ཆོས་སྒྲུབ་དགོས། ཞེས་གསུངས་པ་ལྟར་བློ་དེ་ལྟ་བུ་རྙེད་རྙེད་དུ་བསྒོམ་པར་བྱའོ། །

དེ་ལྟར་དལ་བའི་རྟེན་ལ་སྙིང་པོ་ལེན་འདོད་མཚན་ཉིད་ཚང་བ་ཞིག་སྐྱེད་པ་ལ་ཆོས་བཞི་བསམ་དགོས་སོ། །དེ་ལ་སྒྲུབ་དགོས་པ་ནི། སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཁོ་ན་ཡིན་ལ། བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བ་ཡང་དམ་པའི་ཆོས་ཁོ་ན་ལ་རག་ལས་པའི་ཕྱིར་རོ། །སྒྲུབ་ནུས་པ་ནི། ཕྱིའི་རྐྱེན་བཤེས་གཉེན་དང་ནང་གི་རྐྱེན་དལ་འབྱོར་དང་ལྡན་པའི་ཕྱིར་རོ། །དེ་ཡང་ཚེ་འདིར་སྒྲུབ་དགོས་པ་ནི། འདིར་མ་བསྒྲུབས་ན་སྐྱེ་བ་དུ་མར་དལ་འབྱོར་རྙེད་དཀའ་བའི་ཕྱིར་རོ། ། ད་ལྟ་ཉིད་ནས་སྒྲུབ་དགོས་པ་ནི། ནམ་འཆི་ལ་ངེས་པ་མེད་པའི་ཕྱིར་རོ། །དེ་ལ་གསུམ་པས་ནི་སྐྱེ་བ་རྟིང་མ་རྣམས་སུ་ཆོས་བྱའོ་སྙམ་ནས་འདོར་བའི་ལེ་ལོ་འགོག་ལ། བཞི་པས་ནི་ཚེ་འདིར་སྒྲུབ་དགོས་ཀྱང་། ལོ་ཟླ་བ་ཞག་སྔ་མ་རྣམས་ལ་མ་གྲུབ་ཀྱང་ཕྱི་མ་ཕྱི་མ་ལ་བསྒྲུབས་པས་ཆོག་སྙམ་ནས་མི་འཇུག་པའི་ལེ་ལོ་འགོག་པས། དེ་གཉིས་མྱུར་དུ་སྒྲུབ་པར་བསྡུས་ནས་གསུམ་དུ་བྱས་ཀྱང་ཆོག་གོ །དེ་ལྟར་ན་འཆི་བ་དྲན་པ་ནི་འདིར་ཡང་འབྲེལ་མོད། འོན་ཀྱང་ཚིག་ཚོགས་ཆེ་བས་འོག་ཏུ་བཤད་པར་བྱའོ། །དེ་ལྟར་སྒོ་སྣ་ཚོགས་ནས་བསམས་ན་བློའི་འཁུལ་ཆེ་བས་སྔར་བཤད་པ་ལྟར་བསམ། དེ་ཙམ་མི་ནུས་ན། དལ་འབྱོར་གྱི་ངོ་བོ་ཇི་ལྟ་བུ་ཡིན་པ་དང་། གནས་སྐབས་དང་མཐར་ཐུག་གི་སྒོ་ནས་དོན་ཆེ་ལུགས་དང་། རྒྱུ་དང་འབྲས་བུའི་སྒོ་ནས་རྙེད་དཀའ་ཚུལ་དུ་བསྡུས་ཏེ། ཇི་ལྟར་འཚམ་པ་རེ་སྔར་བཤད་པ་ནས་བླངས་ལ་བསྒོམ་མོ། །དེ་ལ་རྒྱུའི་སྒོ་ནས་རྙེད་དཀའ་བ་ནི། སྤྱིར་བདེ་འགྲོ་ཙམ་ཞིག་ཐོབ་པ་ལ་ཡང་ཚུལ་ཁྲིམས་ལ་སོགས་པའི་དགེ་བ་རྣམ་དག་སྣ་གཅིག་བྱེད་དགོས་པ་དང༌། ཁྱད་པར་དུ་དལ་འབྱོར་ཚང་བ་ཐོབ་པ་ལ། ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་། སྦྱིན་སོགས་ཀྱིས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱོར་བ་སོགས་དགེ་རྩ་མང་པོ་ཞིག་དགོས་ན། རྒྱུ་དེ་ལྟ་བུ་སྒྲུབ་པ་ཡང་ཤིན་ཏུ་ཉུང་བར་སྣང་བས་དེ་ལ་དཔགས་ནས། འབྲས་བུ་བདེ་འགྲོའི་རྟེན་སྤྱི་དང་ཁྱད་པར་རྙེད་དཀའ་བར་སེམས་པའོ། །འབྲས་བུའི་སྒོ་ནས་རྙེད་དཀའ་བ་ནི། རིགས་མི་མཐུན་ངན་འགྲོ་རྣམས་ལ་བལྟོས་ཏེ་བདེ་འགྲོ་ཙམ་ཡང་སྲིད་མཐར་སྣང་ལ། རིགས་མཐུན་བདེ་འགྲོ་ལ་བལྟོས་ཏེ་ཡང་དལ་བ་ཁྱད་པར་ཅན་ནི་ཆེས་དཀོན་པར་སྒོམ་པའོ། །དགེ་བཤེས་དོལ་པས་འདི་ལ་ནན་ཆེར་མཛད་པས། ཆོས་གཞན་ཀུན་དེས་སྣ་དྲངས་ནས་བྱུང་གསུང་བ་ལྟར་ཡིན་པས་འབད་པར་བྱའོ། །

།གཉིས་པ་ལ་གཉིས། ལམ་སྤྱིའི་རྣམ་གཞག་ལ་ངེས་པ་བསྐྱེད་པ། དེ་ལ་སྙིང་པོ་ལེན་ཚུལ་དངོས་སོ། །དང་པོ་ལ་གཉིས། སྐྱེས་བུ་གསུམ་གྱི་ལམ་དུ་གསུང་རབ་ཐམས་ཅད་འདུ་བའི་ཚུལ། སྐྱེས་བུ་གསུམ་གྱི་སྒོ་ནས་རིམ་པ་བཞིན་དུ་འཁྲིད་པའི་རྒྱུ་མཚན་བསྟན་པའོ། །དང་པོ་ནི། སངས་རྒྱས་ཀྱིས་ཐོག་མར་ཐུགས་བསྐྱེད་པ་དང་། བར་དུ་ཚོགས་བསགས་པ་དང་། མཐར་མངོན་པར་རྫོགས་པར་སངས་རྒྱས་པ་ཐམས་ཅད་སེམས་ཅན་ཁོ་ནའི་དོན་དུ་ཡིན་པས། ཆོས་གསུངས་པ་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་ཁོ་ན་སྒྲུབ་པར་བྱེད་པའོ། །དེ་ལྟར་ན་བསྒྲུབ་བྱ་སེམས་ཅན་གྱི་དོན་ནི་གཉིས་ཏེ། གནས་སྐབས་མངོན་མཐོ་དང་། མཐར་ཐུག་ངེས་ལེགས་སོ། །དང་པོ་སྒྲུབ་པ་ལས་བརྩམས་ཏེ་ཇི་སྙེད་གསུངས་པ་ཐམས་ཅད་ནི། སྐྱེས་བུ་ཆུང་ངུ་དངོས་སམ། ཆུང་ངུ་དང་ཐུན་མོང་བའི་ཆོས་སྐོར་དུ་འདུ་སྟེ། སྐྱེས་བུ་ཆུང་ངུ་ཁྱད་པར་ཅན་ནི་ཚེ་འདི་ལ་ཆེད་ཆེར་མི་བྱེད་པར། ཚེ་ཕྱི་མའི་མཐོ་རིས་ཀྱི་ཕུན་ཚོགས་དོན་དུ་གཉེར་ཞིང༌། དེའི་རྒྱུ་རྣམས་སྒྲུབ་པ་ལ་འཇུག་པའི་ཕྱིར་ཏེ།

ལམ་སྒྲོན་ལས།
།གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ།
།རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་ཤེས།

ཞེས་སོ། །ངེས་ལེགས་ལ་གཉིས། འཁོར་བ་ལས་གྲོལ་བ་ཙམ་གྱི་ཐར་པ་དང༌། ཐམས་ཅད་མཁྱེན་པའོ། །དེ་ལ་ཉན་རང་གི་ཐེག་པ་ལས་བརྩམས་ཏེ་ཇི་སྙེད་གསུངས་པ་ཐམས་ཅད་ནི། སྐྱེས་བུ་འབྲིང་དངོས་སམ། དེ་དང་ཐུན་མོང་བའི་ཆོས་སྐོར་དུ་འདུ་སྟེ། སྐྱེས་བུ་འབྲིང་ནི་སྲིད་པ་མཐའ་དག་ལ་སྐྱོ་བ་བསྐྱེད་ནས། སྲིད་པ་ལས་གྲོལ་བའི་ཐར་པ་རང་གི་དོན་དུ་ཐོབ་བྱར་བྱས་ཏེ། དེའི་ཐབས་བསླབ་པ་གསུམ་ལ་འཇུག་པ་ཡིན་པའི་ཕྱིར་ཏེ།

ལམ་སྒྲོན་ལས།
།སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌། །སྡིག་པའི་ལས་ལས་ལྡོག་བདག་ཉིད།
།གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲེང་ཞེས་བྱ།

ཞེས་སོ། །རྣམ་མཁྱེན་སྒྲུབ་པའི་ཐབས་ནི་གཉིས་ཏེ། གསང་སྔགས་དང་ཕར་ཕྱིན་གྱི་ཐེག་ཆེན་ནོ། །དེ་གཉིས་ནི་སྐྱེས་བུ་ཆེན་པོའི་ཆོས་སྐོར་དུ་འདུ་སྟེ། སྐྱེས་བུ་ཆེན་ནི་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པས། སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་དུ་སངས་རྒྱས་ཐོབ་བྱར་བྱས་ཏེ། ཕྱིན་དྲུག་དང་རིམ་གཉིས་སོགས་ལ་སློབ་པ་ཡིན་པའི་ཕྱིར་ཏེ།

ལམ་སྒྲོན་ལས།
།རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན།
།ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ།

ཞེས་གསུངས་ཤིང་། སྐྱེས་བུ་དེས་བྱང་ཆུབ་སྒྲུབ་པའི་ཐབས་ལ་ཕར་ཕྱིན་དང་སྔགས་གཉིས་ཀ་འོག་ནས་གསུངས་པའི་ཕྱིར་རོ། །སྐྱེས་བུ་གསུམ་གྱི་ཐ་སྙད་ནི་གཏན་ལ་དབབ་པ་བསྡུ་བ་དང་། མཛོད་འགྲེལ་སོགས་མང་པོར་གསུངས་སོ། །སྐྱེས་བུ་ཆུང་ངུ་ལ་ཚེ་འདི་ལྷུར་ལེན་པ་དང་ཕྱི་མ་ལྷུར་ལེན་པ་གཉིས་ཡོད་ཀྱང་འདིར་ནི་གཉིས་པ་སྟེ། དེ་ཡང་མངོན་མཐོའི་ཐབས་མ་ནོར་བ་ལ་ཞུགས་པ་གཟུང་ངོ༌།

གཉིས་པ་ལ་གཉིས། སྐྱེས་བུ་གསུམ་གྱི་ལམ་གྱི་སྒོ་ནས་འཁྲིད་པའི་དོན་གང་ཡིན་པ། རིམ་པ་དེ་ལྟར་འཁྲིད་པའི་རྒྱུ་མཚན་བསྟན་པའོ། །དང་པོ་ནི། དེ་ལྟར་སྐྱེས་བུ་གསུམ་དུ་བཤད་ཀྱང་། སྐྱེས་བུ་ཆེན་པོའི་ལམ་དུ་གཞན་གཉིས་ཀྱི་ལམ་ཡང་འདུ་བས། དེ་གཉིས་ཐེག་ཆེན་གྱི་ལམ་གྱི་ཡན་ལག་ཡིན་པར་སློབ་དཔོན་རྟ་དབྱངས་ཀྱིས་གསུངས་སོ། །དེས་ན་འདིར་སྲིད་པའི་བདེ་བ་ཙམ་ལ་ཐོབ་བྱར་བྱེད་པའི་སྐྱེས་བུ་ཆུང་ངུ་དང༌། འཁོར་བ་ལས་ཐར་པ་ཙམ་རང་དོན་དུ་ཐོབ་བྱར་བྱེད་པའི་སྐྱེས་བུ་འབྲིང་གི་ལམ་དུ་འཁྲིད་པ་མིན་གྱི། དེ་གཉིས་དང་ཐུན་མོང་བའི་ལམ་འགའ་ཞིག་སྐྱེས་བུ་ཆེན་པོའི་ལམ་ལ་འཁྲིད་པའི་སྔོན་འགྲོར་བྱས་ནས། སྐྱེས་བུ་ཆེན་པོའི་ལམ་སྦྱོང་བའི་ཡན་ལག་ཏུ་བྱེད་པ་ཡིན་ནོ།

།གཉིས་པ་ལ་གཉིས། རྒྱུ་མཚན་དངོས་དང༌། དགོས་པའོ། །དང་པོ་ནི། ཐེག་ཆེན་དུ་འཇུག་པའི་འཇུག་སྒོ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཉིད་ཡིན་ཏེ། དེ་རྒྱུད་ལ་སྐྱེས་ན།

སྤྱོད་འཇུག་ལས།
།བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས།
།བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌།

ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་ཞེས་པའི་མིང་ཐོབ་ནས་རྟེན་དེ་ཐེག་ཆེན་པར་ཚུད་ལ། དེ་ཉམས་ན་ཐེག་ཆེན་པའི་གསེབ་ནས་འཐོན་པར་འགྱུར་བའི་ཕྱིར་རོ། །དེས་ན་ཐེག་ཆེན་དུ་འཇུག་འདོད་པ་རྣམས་ཀྱིས་ནི། སེམས་དེ་སྒོ་དུ་མ་ནས་འབད་དེ་བསྐྱེད་དགོས་ལ། དེ་སྐྱེད་པ་ལ་ནི་སྔོན་དུ་སེམས་དེ་བསྐྱེད་པའི་ཕན་ཡོན་བསྒོམས་ནས། ཕན་ཡོན་ལ་སྤྲོ་ཤུགས་འཕེལ་བ་ཞིག་དང༌། ཡན་ལག་བདུན་པ་སྐྱབས་འགྲོ་དང་བཅས་པ་དགོས་པར་བསླབ་བཏུས་དང་སྤྱོད་འཇུག་ལས་གསུངས་སོ།

།དེ་ལྟར་གསུངས་པའི་ཕན་ཡོན་ཡང་བསྡུ་ན་གཉིས། གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་ནོ། །དང་པོ་ལ་ཡང་ངན་འགྲོར་མི་ལྟུང་བ་དང་། བདེ་འགྲོར་སྐྱེ་བ་གཉིས་ཏེ། སེམས་དེ་སྐྱེས་ན་ངན་སོང་གི་རྒྱུ་སྔར་བསགས་འདག་པ་དང་། ཕྱིས་གསོག་པ་རྒྱུན་འཆད་ལ། བདེ་འགྲོའི་རྒྱུ་སྔར་བསགས་རྣམས་དེས་ཟིན་པས་རྒྱ་ཆེར་འཕེལ་བ་དང་། གསར་དུ་བྱེད་པ་རྣམས་ཀྱང་དེས་ཀུན་ནས་སློང་བས་ཟད་པའི་མཐའ་མེད་དོ། །མཐར་ཐུག་གི་དོན་ཐར་པ་དང་ཐམས་ཅད་མཁྱེན་པ་རྣམས་ཀྱང་སེམས་དེ་ལ་བརྟན་ནས་བདེ་བླག་ཏུ་འགྲུབ་པ་ལ། སྔོན་དུ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་ལ་ཐོབ་འདོད་བཅོས་མ་མིན་པ་ཞིག་མེད་ན། ཕན་ཡོན་དེ་རྣམས་སེམས་བསྐྱེད་ལས་འབྱུང་བས་སེམས་དེ་སྐྱེད་པ་ལ་འབད་པར་བྱའོ་ཞེས་སྨྲས་ཀྱང་ཚིག་ཙམ་ཡིན་པ་རང་རྒྱུད་ལ་བརྟགས་ན་ཤིན་ཏུ་གསལ་ལོ། །དེ་ལ་སྔོན་དུ་མངོན་མཐོ་ངེས་ལེགས་ཀྱི་ཕན་ཡོན་གཉིས་པོ་དེ་ལ་ཐོབ་འདོད་སྐྱེད་པ་ལ་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་བསམ་པ་སྐྱོང་དགོས་སོ། །དེ་ལྟར་ཕན་ཡོན་གཉིས་ལ་ཐོབ་འདོད་བསྐྱེད་ནས་ཕན་ཡོན་ཅན་གྱི་སེམས་སྒོམ་པ་ན། སེམས་དེའི་རྩ་བ་བྱམས་པ་དང་སྙིང་རྗེ་བསྐྱེད་དགོས་ལ། དེ་ཡང་རང་བདེ་བས་ཕོངས་ཤིང་སྡུག་བསྔལ་གྱིས་མནར་བའི་འཁོར་བར་འཁྱམས་ཚུལ་བསམས་པ་ན། བ་སྤུ་གཡོ་འགུལ་མེད་པ་ཞིག་ལ། སེམས་ཅན་གཞན་བདེ་བས་ཕོངས་ཤིང་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པ་འོང་ས་མེད་དེ།

སྤྱོད་འཇུག་ལས།
།སེམས་ཅན་དེ་དག་ཉིད་ལ་སྔོན། །རང་གི་དོན་དུ་འདི་འདྲའི་སེམས།
།རྨི་ལམ་དུ་ཡང་མ་རྨིས་ན། །གཞན་གྱི་དོན་དུ་ག་ལ་སྐྱེ།

ཞེས་གསུངས་སོ། །དེའི་ཕྱིར་སྐྱེས་བུ་ཆུང་ངུའི་སྐབས་སུ་རང་ལ་ངན་སོང་གི་སྡུག་བསྔལ་གྱི་གནོད་པ་འབབ་ཚུལ་དང༌། འབྲིང་གི་སྐབས་སུ་མཐོ་རིས་ན་ཡང་སྡུག་བསྔལ་ཞིང་། ཞི་བདེ་མེད་ཚུལ་བསམས་ནས། དེ་ནས་གཉེན་དུ་གྱུར་བའི་སེམས་ཅན་རྣམས་ལ་ཡང་རང་ཉམས་ལ་དཔགས་ནས་བསྒོམས་པས་བྱམས་པ་དང་སྙིང་རྗེ་སྐྱེ་བའི་རྒྱུར་འགྱུར་ཞིང༌། དེ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་བས་ཆུང་འབྲིང་དང་ཐུན་མོང་བའི་བསམ་པ་སྦྱོང་བ་ནི། བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་སྐྱེ་བའི་ཐབས་ཡིན་ནོ། །དེ་བཞིན་དུ་དེ་གཉིས་ཀྱི་སྐབས་སུ་སྐྱབས་འགྲོ་དང་ལས་འབྲས་བསམས་པ་སོགས་ཀྱི་སྒོ་ནས་བསག་སྦྱང་གི་སྒོ་དུ་མ་ལ་འབད་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་སྔོན་འགྲོ་རྒྱུད་སྦྱོང་བའི་ཐབས་ཡན་ལག་བདུན་པ་སྐྱབས་འགྲོ་དང་བཅས་པ་རྣམས་ཅི་རིགས་སུ་འགྱུར་བས། དེ་དག་ཀྱང་སེམས་དེ་སྐྱེ་བའི་ཐབས་སུ་གོ་བར་བྱའོ། འདིར་ཆུང་འབྲིང་གི་ཆོས་སྐོར་རྣམས་བྱང་ཆུབ་ཀྱི་སེམས་སྐྱེ་བའི་ཡན་ལག་ཏུ་འགྲོ་ལུགས་རྣམས་བླ་མས་ཀྱང་བརྡ་སྤྲད། སློབ་མས་ཀྱང་དེ་ལ་ངེས་པ་རྙེད་པར་བྱས་ལ། སྐྱོང་རེས་ཀྱིས་དེ་དག་དྲན་པར་བྱས་ནས་སྦྱོང་བ་ཤིན་ཏུ་གཅེས་ཏེ། །དེ་ལྟར་མ་བྱས་ན་སྐྱེས་བུ་ཆེན་པོའི་ལམ་དང་། ལམ་སོ་སོ་བ་འབྲེལ་མེད་དུ་འགྱུར་ཞིང༌། སྐྱེས་བུ་ཆེན་པོའི་ལམ་དངོས་ལ་མ་སླེབ་བར་དུ་བྱང་ཆུབ་ཀྱི་སེམས་ལ་ངེས་པ་མི་རྙེད་པས་སེམས་དེ་སྐྱེ་བའི་གེགས་སམ། དེའི་བར་དུ་དོན་ཆེན་པོ་ལས་ཉམས་ནས་འགྲོ་བས་འདི་ལ་ནན་ཏན་བྱའོ།

དེ་ལྟར་སྦྱངས་ནས་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རྒྱུད་ལ་ཅི་སྐྱེ་བྱ། དེ་ནས་སེམས་དེ་བརྟན་པར་བྱ་བའི་ཕྱིར་དུ་སྐྱབས་འགྲོ་ཐུན་མོང་མ་ཡིན་པ་སྔོན་དུ་བཏང་ནས་སྨོན་པའི་ཆོ་ག་བྱ། སྨོན་པ་ཆོ་གས་བཟུང་ནས་དེའི་བསླབ་བྱ་རྣམས་ལ་བསླབ། དེ་ནས་སྤྱོད་པ་ཕྱིན་དྲུག་དང་བསྡུ་བཞི་སོགས་ལ་སློབ་འདོད་པའི་སློབ་འདོད་མང་དུ་སྦྱང་ལ། སྙིང་ཐག་པ་ནས་སློབ་འདོད་བྱུང་བ་ན། འཇུག་སྡོམ་རྣམ་དག་ཅིག་བླང༌། དེ་ནས་རྩ་ལྟུང་གིས་མ་གོས་པ་ལ་སྲོག་བསྡོས་བྱ། ཟག་བ་ཆུང་འབྲིང་དང་ཉེས་བྱས་རྣམས་ཀྱིས་ཀྱང་མ་གོས་པ་ལ་འབད་ཅིང་། ཅི་སྟེ་གོས་ནའང༌ལྟུང་བའི་ཕྱིར་བཅོས་ཇི་ལྟར་གསུངས་པའི་སྒོ་ནས་ལེགས་པར་སྦྱང༌། དེ་ནས་ཕྱིན་དྲུག་སྤྱི་ལ་བསླབ་ཅིང༌། ཁྱད་པར་དུ་སེམས་དགེ་བའི་དམིགས་པ་ལ་ཇི་ལྟར་འདོད་འདོད་དུ་བཀོལ་རུང་དུ་བྱ་བའི་ཕྱིར་ཞི་གནས་ཀྱི་ངོ་བོ་བསམ་གཏན་ལ་བསླབ་བོ།

།ལམ་སྒྲོན་ལས་མངོན་ཤེས་སྐྱེད་པའི་ཕྱིར་དུ་ཞི་གནས་ལ་བསླབ་པར་གསུངས་པ་ནི་མཚོན་པ་ཙམ་སྟེ། ཇོ་བོ་ཉིད་ཀྱིས་སྐབས་གཞན་དུ་ལྷག་མཐོང་བསྐྱེད་པའི་ཕྱིར་དུ་ཡང་གསུངས་པས། དེའི་ཕྱིར་དུ་ཡང་ཞི་གནས་བསྒྲུབ་བོ། །དེ་ནས་བདག་གཉིས་སུ་འཛིན་པའི་འཆིང་བ་གཅད་པའི་ཕྱིར་དུ་སྟོང་ཉིད་ཀྱི་དོན། ལྟ་བས་ཐག་ཆོད་པར་བྱས་པ་ལ་སྒོམ་ཚུལ་མ་ནོར་བར་བསྐྱངས་ནས་ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་བསྒྲུབ་པར་བྱའོ། །དེ་ལྟར་ན་ཞི་ལྷག་སྒྲུབ་པ་མ་གཏོགས་པའི་འཇུག་སྡོམ་གྱི་བསླབ་བྱ་ལ་སློབ་པ་མན་ཆད་ནི་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ཞི་གནས་ནི་སེམས་ཀྱི་བསླབ་པ་དང༌། ལྷག་མཐོང་ནི་ཤེས་རབ་ཀྱི་བསླབ་པར་ལམ་སྒྲོན་འགྲེལ་པར་གསུངས་སོ། །གཞན་ཡང་ཞི་གནས་མན་ཆད་ཐབས་དང་བསོད་ནམས་ཀྱི་ཚོགས་དང་། ཀུན་རྫོབ་བདེན་པ་ལ་བརྟེན་པའི་ལམ་དང་། རྒྱ་ཆེ་བའི་ལམ་རིམ་ཡིན་ལ། ཤེས་རབ་ཁྱད་པར་ཅན་གསུམ་སྐྱེད་པ་ནི་ཤེས་རབ་དང་། ཡེ་ཤེས་ཀྱི་ཚོགས་དང་། དོན་དམ་བདེན་པ་ལ་བརྟེན་པ་དང་། ཟབ་མོའི་ལམ་རིམ་ཡིན་པས། དེ་དག་གི་གོ་རིམ་དང་གྲངས་ངེས་པ་དང་ཐབས་ཤེས་ཡ་བྲལ་གྱིས་བྱང་ཆུབ་མི་འགྲུབ་པ་ལ་ངེས་པ་ཆེན་པོ་བསྐྱེད་པར་བྱའོ། །དེ་ལྟར་ལམ་ཐུན་མོང་བས་རྒྱུད་སྦྱངས་ནས་ནི། ངེས་པར་སྔགས་ལ་འཇུག་དགོས་ཏེ། དེ་ལ་ཞུགས་ན་མྱུར་དུ་ཚོགས་གཉིས་རྫོགས་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ཙམ་ལས་མི་ལྕོགས་པའམ། རིགས་ནུས་ཆུང་བས་མི་སྤྲོ་ན་ལམ་རིམ་དེ་ཉིད་ཇེ་རྒྱས་སུ་གཏོང་བ་ཙམ་བྱའོ། །སྔགས་ལ་འཇུག་ན་ནི་སྤྱིར་ཐེག་པ་ཐམས་ཅད་དང་། ཁྱད་པར་དུ་སྔགས་ནས་ནན་ཆེར་གསུངས་པས། བཤེས་གཉེན་བསྟེན་ཚུལ་སྔོན་ལས་ཁྱད་པར་དུ་གྱུར་པ་ཞིག་བྱ། དེ་ནས་རྒྱུད་སྡེ་རྣམ་དག་ནས་འབྱུང་བའི་དབང་གིས་རྒྱུད་སྨིན་པར་བྱས་ནས་དེའི་དུས་སུ་ཐོབ་པའི་དམ་ཚིག་དང་། སྡོམ་པ་སྲོག་བསྡོས་བྱས་ཏེ་བསྲུང༌། ཁྱད་པར་དུ་རྩ་ལྟུང་ཕོག་ན་སླར་བླང་དུ་ཡོད་ཀྱང་རྒྱུད་ཆུད་ཟོས་ཏེ། ཡོན་ཏན་སྐྱེ་དཀའ་བས་དེས་མ་གོས་པར་བྱེད། ཡན་ལག་གི་ལྟུང་བ་རྣམས་ཀྱིས་ཀྱང་མ་གོས་པ་བྱེད་ཅིང་། གོས་ནའང་ཇི་མི་སྙམ་པར་མི་འཇོག་པར་བཤགས་བསྡམ་གྱིས་དག་པར་བྱའོ། །དེ་ནས་རྒྱུད་སྡེ་འོག་མ་ལྟར་ན་མཚན་བཅས་དང༌། གོང་མ་ལྟར་ན་བསྐྱེད་རིམ་གྱི་རྣལ་འབྱོར་གང་རུང་ཞིག་ལ་འཁྲིད། དེ་བརྟེན་ནས་རྒྱུད་སྡེ་འོག་མ་ལྟར་ན་མཚན་མེད་ཀྱི་རྣལ་འབྱོར་དང༌། གོང་མ་ལྟར་ན་རྫོགས་རིམ་གྱི་རྣལ་འབྱོར་གང་རུང་ལ་བསླབ་བོ། །དེ་ལྟ་བུའི་ལམ་གྱི་རྣམ་གཞག་གི་ལུས་ནི་ལམ་སྒྲོན་ལས་གསུངས་ཏེ། ལམ་རིམ་གྱིས་ཀྱང་དེ་བཞིན་དུ་འཁྲིད་པའོ།

།གཉིས་པ་ནི། གལ་ཏེ་སྐྱེས་བུ་ཆུང་འབྲིང་གི་ཆོས་སྐོར་རྣམས་སྐྱེས་བུ་ཆེན་པོའི་སྔོན་འགྲོ་ཡིན་ན། སྐྱེས་བུ་ཆེན་པོའི་ལམ་རིམ་དུ་བྱས་པས་ཆོག་མོད། སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་ལམ་རིམ་ཞེས་ཐ་སྙད་བྱ་ཅི་དགོས་ཤེ་ན། སྐྱེས་བུ་གསུམ་སོ་སོར་ཕྱེ་སྟེ་ཁྲིད་པ་ལ་དགོས་པ་ཆེན་པོ་གཉིས་ཡོད་དེ། འདི་ལྟར། སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་བློ་མ་སྐྱེས་པར་ཡང་། རང་ཉིད་སྐྱེས་བུ་ཆེན་པོར་ཁས་འཆེ་བའི་ང་རྒྱལ་གཞོམ་པ་དང༌། བློ་རབ་འབྲིང་ཐ་གསུམ་ལ་ཕན་ཆེ་བའོ། །ཆེ་ལུགས་ནི་སྐྱེས་བུ་གོང་མ་གཉིས་ལའང་མངོན་མཐོ་དང་ཐར་པ་དོན་གཉེར་དགོས་པས། བཀྲི་བར་བྱ་བའི་གང་ཟག་ཆེ་འབྲིང་གཉིས་ལ་ཡང་། དེ་གཉིས་ཀྱི་བསམ་པ་སྦྱོང་བ་བསྟན་པ་སྐྱོན་དུ་མི་འགྱུར་ཞིང་ཡོན་ཏན་བསྐྱེད་པའི་ཕྱིར་དང༌། གང་ཟག་ཐ་མ་ཞིག་ཡིན་ན་ནི་གོང་མ་ནས་སྦྱངས་ཀྱང་གསམ་པ་གོང་མ་མི་སྐྱེ་ལ། འོག་མ་དོར་བས་གང་ཡང་མི་སྐྱེ་བའི་ཕྱིར་རོ། །གཞན་ཡང་གོང་མའི་སྐལ་བ་ཅན་ལ་ལམ་ཐུན་མོང་བ་བསྟན་ཏེ་སྦྱངས་པས་སྔར་སྐྱེས་ཟིན་པའམ། མ་སྐྱེས་ཀྱང་མྱུར་དུ་ཡོན་ཏན་དེ་དག་སྐྱེ་བར་འགྱུར་བས། འོག་མ་འོག་མ་སྐྱེས་པ་ན་གོང་མ་གོང་མར་ཁྲིད་པས་ཆོག་པས། རང་ལམ་ལས་འགྱང་བ་མེད་དོ།

།བློ་རིམ་གྱིས་བསྐྱེད་དགོས་པ་ནི། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་ལས།
།ནོར་བུ་མཁན་མཁས་པས་ནོར་བུ་རིམ་གྱིས་སྦྱོང་བའི་དཔེ་དོན་དུ་སྦྱར་ནས་བཀའ་སྩལ་ཏོ།

།མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང༌།
།དང་པོར་མངོན་པར་མཐོ་བའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བ།
།གང་ཕྱིར་མངོན་པར་མཐོ་ཐོབ་ནས། །རིམ་གྱིས་ངེས་པར་ལེགས་པ་འོང༌།

ཞེས་མངོན་མཐོ་ངེས་ལེགས་ཀྱི་ལམ་ལ་རིམ་ཅན་དུ་འཁྲིད་པར་གསུངས་པ་དང༌།

འཕགས་པ་ཐོགས་མེད་ཀྱིས་ཀྱང༌། ཡང་བྱང་ཆུབ་སེམས་དཔའ་ནི། རིམ་གྱིས་དགེ་བའི་ཕྱོགས་ཡང་དག་པར་འགྲུབ་པར་བྱ་བའི་ཕྱིར། སེམས་ཅན་བྱིས་པའི་ཤེས་རབ་ཅན་རྣམས་ལ། ཐོག་མར་སླ་བའི་ཆོས་སྟོན་པར་བྱེད་ཅིང༌། སླ་བའི་གདམས་ངག་དང་རྗེས་སུ་བསྟན་པ་རྗེས་སུ་འཇུག་པར་བྱེད་དོ། །དེ་དག་ཤེས་རབ་འབྲིང་དང་ལྡན་པར་གྱུར་པར་རྟོགས་ནས། ཆོས་བསྟན་པ་འབྲིང་དང་གདམས་ངག་དང་རྗེས་སུ་བསྟན་པ་འབྲིང་རྗེས་སུ་འཇུག་པར་བྱེད་དོ། །དེ་དག་ཤེས་རབ་རྒྱ་ཆེན་པོ་དང་ལྡན་པར་གྱུར་པར་རྟོགས་ནས། ཆོས་ཟབ་མོ་སྟོན་ཅིང་གདམས་ངག་དང་རྗེས་སུ་བསྟན་པ་ཕྲ་བ་རྗེས་སུ་འཇུག་པར་བྱེད་དེ། འདི་ནི་དེའི་སེམས་ཅན་རྣམས་ལ་དོན་སྤྱོད་པ་གོ་རིམ་དུ་འབབ་པ་ཡིན་ནོ།

ཞེས་གསུངས་པ་དང༌། འཕགས་པ་ལྷས་ཀྱང༌། སྤྱོད་པ་བསྡུས་པའི་སྒྲོན་མེར། སྔོན་དུ་ཕར་ཕྱིན་གྱི་ཐེག་པའི་བསམ་པ་ལ་སྦྱངས་ནས་དེ་ནས་སྔགས་ལ་འཇུག་པའི་ཚུལ་རིམ་ཅན་དུ་དགོས་པར་བསྒྲུབས་ཤིང་། དེའི་དོན་བསྡུས་ཏེ།

སེམས་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་དོན་ལ་འཇུག་པ་ལ།
།ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་སོ།

།གཉིས་པ་ལ་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་དང༌། འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་དང༌། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བའོ། །དང་པོ་ལ་གསུམ། ཆུང་ངུའི་བསམ་པ་སྦྱོང་བ་དངོས། བསམ་པ་དེ་སྐྱེས་པའི་ཚད། དེ་ལ་ལོག་རྟོག་བསལ་བའོ། །དང་པོ་ལ་གཉིས། འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ། འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟེན་པའོ། །དང་པོ་ལ་གཉིས། འཇིག་རྟེན་འདིར་རིང་དུ་མི་གནས་པ་འཆི་བ་རྗེས་སུ་དྲན་པ་བསམ་པ། འཇིག་རྟེན་ཕྱི་མར་ཇི་ལྟར་འགྱུར་བ་འགྲོ་བ་གཉིས་ཀྱི་བདེ་སྡུག་བསམ་པའོ། །དང་པོ་ལ་བཞི། འཆི་བ་དྲན་པ་མ་བསྒོམས་པའི་ཉེས་དམིགས། བསྒོམས་པའི་ཕན་ཡོན། འཆི་བ་དྲན་པའི་བློ་ཇི་ལྟ་བུ་ཞིག་བསྐྱེད་པ། འཆི་བ་དྲན་པ་བསྒོམ་པའི་ཚུལ་ལོ།

།དང་པོ་ནི། ད་གཟོད་མཐར་འཆི་བ་ཞིག་འོང་སྙམ་པ་ཀུན་ལ་ཡོད་ཀྱང་། ཉི་མ་རེ་རེ་ཞིང་དེ་རིང་མི་འཆི་དེ་རིང་ཡང་མི་འཆི་སྙམ་དུ། བློས་མི་འཆི་བའི་ཕྱོགས་འཛིན་པ་འཆི་བ་མ་ཚུན་ལ་འབྱུང་ངོ༌། །དེའི་གཉེན་པོ་ཡིད་ལ་མ་བྱས་པར་དེ་ལྟ་བུའི་བློ་དེས་བསྒྲིབས་ན། ཚེ་འདིར་སྡོད་པའི་བློ་སྐྱེས་ནས་འདི་དང༌འདི་དགོས་སོ་ཞེས་ཚེ་འདི་ཙམ་གྱི་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་ཐབས་འབའ་ཞིག་སེམས་སེམས་ནས། ཚེ་ཕྱི་མ་དང་ཐར་པ་དང་ཐམས་ཅད་མཁྱེན་པ་སོགས་དོན་ཆེན་པོ་ལ་དཔྱོད་པའི་བློ་མི་སྐྱེ་བས་ཆོས་ལ་འཇུག་ཏུ་མི་སྟེར་ལ། བརྒྱ་ལ་ཐོས་བསམ་སྒོམ་པ་སོགས་ལ་ཞུགས་ཀྱང་ཚེ་འདི་པ་ཙམ་གྱི་ཆེད་དུ་སོང་ནས། དགེ་བ་ཅི་བྱས་མཐུ་ཆུང་ཞིང༌། དེ་ཡང་ཉེས་སྤྱོད་སྡིག་ལྟུང་དང་འབྲེལ་བར་འཇུག་པས་ངན་འགྲོའི་རྒྱུ་དང་མ་འདྲེས་པ་དཀོན་ནོ། །གལ་ཏེ་འཇིག་རྟན་ཕྱི་མ་ལ་དམིགས་ནས་སྒྲུབ་ཏུ་ཆུག་ཀྱང༌། ཕྱི་ནས་བསྒྲུབ་བོ་སྙམ་པའི་ཕྱི་ཤོལ་གྱི་ལེ་ལོ་འགོག་མི་ནུས་ཤིང་། གཉིད་རྨུགས་དང་། བྲེ་མོའི་གཏམ་དང༌། བཟའ་བཏུང་སོགས་ཀྱི་རྣམ་གཡེང་གིས་དུས་འདའ་བས་བརྩོན་པ་ཆེན་པོས་ཚུལ་བཞིན་དུ་སྒྲུབ་པ་མི་འོང་ངོ༌། །དེ་ཙམ་དུ་མ་ཟད་ཚེ་འདིའི་ཕུན་ཚོགས་ལྷུར་བླངས་པས་ཉོན་མོངས་དང་། དེས་དྲངས་པའི་ཉེས་སྤྱོད་རྣམས་ཇེ་རྒྱས་སུ་སོང་ནས་ཆོས་ཀྱི་བདུད་རྩི་ལས་རྒྱབ་ཀྱིས་ཕྱོགས་ཏེ། ངན་སོང་དུ་འཁྲིད་པར་བྱེད་པས་དེ་ལས་མ་རུངས་པ་ཅི་ཞིག་ཡོད།

བཞི་བརྒྱ་པ་ལས་ཀྱང༌།
།གང་ལ་འཇིག་རྟེན་གསུམ་མངའ་བདག །རང་ཉིད་འཆི་བདག་བྱེད་པོ་མེད།
།ཡོད་དེས་རྣལ་བཞིན་གཉིད་ལོག་ན། །དེ་ལས་མ་རུངས་གཞན་ཅི་ཡོད།

ཅེས་གསུངས་པ་དང༌། སྤྱོད་འཇུག་ལས་ཀྱང༌།
།ཐམས་ཅད་བོར་ཏེ་ཆ་དགོས་པར། །བདག་གིས་དེ་ལྟར་མ་ཤེས་པས།
།མཛའ་དང་མི་མཛའི་དོན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས།

ཞེས་གསུངས་སོ། །གཉིས་པ་ནི། འཆི་བ་དྲན་པའི་བློ་རྣལ་མ་ཞིག་སྐྱེས་ན། དཔེར་ན་དེ་རིང་སང་རང་འཆི་བར་ཐག་ཆོད་པ་ན། ཆོས་ཀྱི་གོ་བ་ཐན་ཐུན་ཡོད་པ་ཡན་ཆད་ལ་གཉེན་ལ་སོགས་པ་དང་འགྲོགས་སུ་མེད་པར་མཐོང་ནས། དེ་ལ་སྲེད་པ་ལྡོག་ཅིང་གཏོང་བ་ལ་སོགས་པའི་སྒོ་ནས་སྙིང་པོ་ལེན་འདོད་ཕལ་ཆེར་ལ་ངང་གིས་འབྱུང་བ་ལྟར། རྙེད་བཀུར་སོགས་འཇིག་རྟེན་གྱི་ཆོས་ཀྱི་ཕྱིར་འབད་པ་ཐམས་ཅད་སྙིང་པོ་མེད་པར་མཐོང་ནས་ཉེས་སྤྱོད་ལས་ལྡོག་ཅིང་། སྐྱབས་འགྲོ་དང༌། ཚུལ་ཁྲིམས་ལ་སོགས་པའི་ལས་བཟང་པོ་གསོག་པས། གོ་འཕང་དམ་པར་རང་ཉིད་འཛེགས་ཏེ། འགྲོ་བ་རྣམས་ཀྱང་དེར་འཁྲིད་པས་ན། དེ་ལས་དོན་ཆེ་བ་ཅི་ཞིག་ཡོད། དེའི་ཕྱིར་དཔེ་དུ་མས་ཀྱང་བསྔགས་ཏེ། མྱ་ངན་འདས་ཆེན་ལས།

ཞིང་རྨོ་བ་ཐམས་ཅད་ཀྱི་ནང་ན་སྟོན་གྱི་ལོག་མཆོག་གོ །རྗེས་ཐམས་ཅད་ཀྱི་ནང་ན་བ་ལང་གི་རྗེས་མཆོག་གོ །འདུ་ཤེས་ཐམས་ཅད་ཀྱི་ནང་ན་མི་རྟག་པ་དང་འཆི་བའི་འདུ་ཤེས་མཆོག་ཡིན་ཏེ། འདི་དག་གིས་ནི་ཁམས་གསུམ་གྱི་འདོད་པ་དང་། མ་རིག་པ་དང་། ང་རྒྱལ་ཐམས་ཅད་སེལ་ཏོ།

ཞེས་སོ། །དེ་བཞིན་དུ་ཉོན་མོངས་དང་ཉེས་སྤྱོད་ཐམས་ཅད་ཅིག་ཅར་འཇོམས་པའི་ཐོ་བ་དང༌། དགེ་ལེགས་ཐམས་ཅད་ཅིག་ཅར་སྒྲུབ་པའི་སྒོར་གྱུར་པ་ལ་སོགས་པས་བསྔགས་པའོ། །མདོར་ན་སྐྱེས་བུའི་དོན་སྒྲུབ་པའི་དུས་ནི། རྟེན་ཁྱད་པར་ཅན་ཐོབ་དུས་འདི་ཁོ་ན་ཡིན་ལ། འོ་སྐོལ་ཕལ་ཆེར་ངན་འགྲོར་བསྡད་ཅིང་། བདེ་འགྲོར་ལན་རེ་ཙམ་འོངས་ཀྱང་མི་ཁོམ་པའི་གནས་སུ་ཤས་ཆེ་བས་དེར་ཆོས་སྒྲུབ་པའི་སྐབས་མ་རྙེད་ལ། བསྒྲུབས་པས་ཆོག་པའི་རྟེན་རེ་ཐོབ་པ་ན་ཡང་ཆོས་ཚུལ་བཞིན་དུ་མི་སྒྲུབ་པ་ནི། ད་དུང་མི་འཆི་སྙམ་པ་འདི་ལ་ཐུག་འདུག་པས་ན། བློས་མི་འཆི་བའི་ཕྱོགས་འཛིན་པ་ནི་རྒུད་པ་ཀུན་གྱི་སྒོ་དང༌། འཆི་བ་དྲན་པ་ནི་ཕུན་ཚོགས་ཐམས་ཅད་ཀྱི་སྒོའོ། །དེའི་ཕྱིར་འདི་ལྟ་བུ་ལ་ཆོས་ཟབ་མོ་གཞན་སྒོམ་རྒྱུ་མེད་པ་རྣམས་ཀྱི་ཉམས་ལེན་ནོ་སྙམ་པ་དང༌། བསྒོམ་བྱ་ཡིན་ཀྱང་དང་པོར་ཅུང་ཟད་སྒོམ་གྱི། རྒྱུན་དུ་ཉམས་ལེན་དུ་མི་འོས་སོ་སྙམ་དུ་མི་བཟུང་བར། ཐོག་མཐའ་བར་གསུམ་དུ་དགོས་ལུགས་ལ་ངེས་པ་སྙིང་ཐག་པ་ནས་བསྐྱེད་དེ་བསྒོམ་པར་བྱའོ།

།གསུམ་པ་ནི། གཉེན་ལ་སོགས་པ་དང་བྲལ་གྱིས་དོགས་ནས་སྐྲག་པ་ནི། ལམ་ལ་མ་སྦྱངས་པའི་འཆི་བ་ལ་སྐྲག་ལུགས་ཡིན་པས་འདིར་དེ་སྐྱེད་པ་མིན་ནོ། །འོ་ན་གང་སྙམ་ན། ལས་ཉོན་གྱི་དབང་གིས་ལུས་བླངས་པ་ཐམས་ཅད་འཆི་བ་ལས་མ་འདས་པས་དེ་ལ་སྐྲག་པ་བསྐྱེད་ཀྱང་རེ་ཞིག་ལ་དགག་མི་ནུས་མོད། འོན་ཀྱང་ངན་འགྲོའི་རྒྱུ་འགོག་པ་དང་། མངོན་མཐོ་ངེས་ལེགས་ཀྱི་རྒྱུ་མ་བསྒྲུབས་པར་འཆི་བ་ལ་འཇིགས་པར་བྱ་སྟེ། དེ་ལ་ནི་དེས་སྐྲག་པ་བསམས་ན་དེ་བསྒྲུབ་ཏུ་ཡོད་པས། འཆི་ཁར་མི་སྐྲག་པར་བྱར་ཡོད་ལ། དོན་དེ་མ་བསྒྲུབས་ན་སྤྱིར་འཁོར་བ་ལས་མི་ཐར་ཞིང༌། ཁྱད་པར་དུ་ངན་འགྲོར་ལྟུང་བས་འཇིགས་ནས་འཆི་བའི་ཚེ་འགྱོད་པས་གདུང་བར་འགྱུར་རོ།

བཞི་པ་ནི། རྩ་བ་གསུམ། རྒྱུ་མཚན་དགུ །ཐག་བཅད་པ་གསུམ་གྱི་སྒོ་ནས་བསྒོམ་པར་བྱའོ། །དེ་ལ་གསུམ། ངེས་པར་འཆི་བ་བསམ་པ་དང༌། ནམ་འཆི་ངེས་མེད་བསམ་པ་དང༌། འཆི་བའི་ཚེ་ཆོས་མ་གཏོགས་པ་གང་གིས་ཀྱང་མི་ཕན་པ་བསམ་པའོ། །དང་པོ་ལ་གསུམ། འཆི་བདག་ངེས་པར་འོང་ལ་དེ་ཡང་རྐྱེན་གྱིས་བཟློག་ཏུ་མེད་བ་བསམ་པ། ཚེ་ལ་སྣོན་པ་མེད་ཅིང་འབྲིད་བྱེད་བར་མ་ཆད་དུ་ཡོད་པ་བསམ་པ། གསོན་པའི་ཚེ་ཡང་ཆོས་བྱ་བའི་ལོང་མེད་པར་ངེས་པར་འཆི་བ་བསམ་པའོ། །དང་པོ་ནི། ལུས་ཇི་འདྲ་ཞིག་བླངས་པ་དང༌། ཡུལ་གང་དུ་བསྡད་པ་དང༌། དུས་ནམ་ཡང་འཆི་བས་འཇོམས་པར་ཚོམས་ལས་གསུངས་ལ། དེ་ལྟར་འོང་བ་དེ་ཡང་། མགྱོགས་པས་འབྲོས་པའམ་སྟོབས་དང་ནོར་དང་རྫས་དང་སྔགས་དང་སྨན་གྱིས་བཟློག་ཏུ་མེད་པར་རྒྱལ་པོ་ལ་གདམས་པ་ལས་གསུངས་སོ།

།ཀ་མ་པའི་ཞལ་ནས།
།ད་ལྟ་འཆི་བས་འཇིགས་པ་ཞིག་དགོས། །འཆི་བར་མི་མཚེར་བ་ཞིག་དགོས་ཏེ། འོ་སྐོལ་དེ་ལས་བཟློག་ནས་ད་ལྟ་མི་འཇིགས་འཆི་ཁར་བྲང་ལ་སེན་མོ་འདེབས་གསུང་ངོ༌།

།གཉིས་པ་ནི། མངལ་འཇུག་ལས་གསུངས་པ་ལྟར་ཚེ་ཚད་ལོ་བརྒྱ་ཐུབ་པ་ནི་སྲིད་མཐར་སྣང་ལ། དེ་ཐུབ་ཏུ་ཆུག་ཀྱང་དེའི་བར་གྱི་ལོ་ནི་ཟླ་བ་ཞག་དང་ཞག་ཉིན་མཚན་སོང་བས་འཛད་ལ། དེ་ཡང་སྔ་དྲོ་སོགས་སོང་བས་འཛད་པས་ན། ཚེའི་སྤྱི་ཚད་དེ་ཡང་སྔར་དུ་མ་ཞིག་ཟད་སྣང་ཞིང༌། ལྷག་ལ་ཡང་སྣོན་པ་མེད་པར་འབྲིད་བྱེད་བར་མ་ཆད་དུ་ཡོད་པའི་ཕྱིར་ཏེ།

སྤྱོད་འཇུག་ལས།
།ཉིན་མཚན་སྡོད་པ་ཡོད་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང༌།
།སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར།

ཞེས་སོ། །དེ་ཡང་ཐ་ག་པ་ཐགས་འཐག་པ་དང་། གསད་བྱ་གསོད་སར་གོམ་པ་རེ་རེས་ཉེར་སོང་བ་དང་། ཕྱུགས་རྫིས་ཕྱུགས་རང་དབང་མེད་པར་རང་གནས་སུ་སྐྱེལ་པ་སོགས་དཔེ་དུ་མའི་སྒོ་ནས་བསམ་ཞིང༌།

རྒྱ་ཆེར་རོལ་པ་ལས་ཀྱང༌།
སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།

འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། ། རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། །

ཞེས་དཔེ་དུ་མས་གསུངས་སོ། །དེས་ན་ནང་དུ་བསམས་པའི་འཕྲིག་ཚུད་པ་ཞིག་ལ་ཕྱིའི་དངོས་པོ་ཐམས་ཅད་ཀྱིས་མི་རྟག་པ་མི་སྟོན་པ་མེད་གསུང་བ་ལྟར་ཡིན་པས་སྒོ་དུ་མ་ནས་ལན་མང་དུ་བསམས་ན་ངེས་པ་སྐྱེ། ཅུང་ཟད་རེ་ལ་མ་བྱུང་བྱས་པས་མི་ཕན་ཏེ།

ཀ་མ་བའི་ཞལ་ནས།
བསམས་པས་མ་བྱུང་ཟེར་ཏེ། ཁྱེད་ཀྱིས་ནམ་བསམས། ཉིན་མོ་ནི་ཡེང་ཡེང་བྱེད། མཚན་མོ་ནི་གཉིད་ལོག་ཀྱིན་འདུག་ན་རྫུན་མ་ཟེར། གསུང་བ་ལྟར་རོ། །ཚེའི་མཐར་འཆི་བདག་གིས་བཅོམ་སྟེ་འཇིག་རྟེན་ཕ་རོལ་ཏུ་འགྲོ་བར་མ་ཟད་དེའི་བར་སྐབས་སུ་ཡང་ཚེ་བྲི་ནས་མི་འགྲོ་བའི་སྐབས་ཡེ་མེད་པས། མངལ་དུ་ཞུགས་པ་ནས་བཟུང་སྟེ་སྐད་ཅིག་ཙམ་ཡང་མི་སྡོད་པར་ཕྱི་མར་འགྲོ་བར་ཁ་བལྟས་པ་ཡིན་ནོ། །དེས་ན་བར་གྱི་གསོན་པ་ཡང་ན་རྒའི་ཕོ་ཉས་ཁྲིད་ནས་འཆི་བའི་ཕྱིར་དུ་འགྲོ་བ་ཁོ་ནར་ཟད་པས་གསོན་པའི་སྐབས་ལ་འཇིག་རྟེན་ཕྱི་མར་མི་འགྲོ་བའི་སྡོད་པར་བཟུང་ནས་དགའ་བར་མི་བྱ་སྟེ། དཔེར་ན་བྲག་མཐེན་པོའི་རྩེ་མོ་ནས་ལྷུང་བའི་ཚེ། ས་ལ་མ་ལྷུང་བའི་བར་སྣང་ལ་འགྲོ་བའི་སྐབས་ལ་དགའ་བར་མི་འོས་པར་གསུངས་པ་བཞིན་ནོ།

།དེ་ཡང་བཞི་བརྒྱ་པའི་འགྲེལ་པར་དྲངས་པ་ལས།
།མི་ཡི་དཔའ་བོ་ཐོག་མའི་མཚན་མོར་ནི། །གང་ན་འཇིག་རྟེན་མངལ་ན་གནས་གྱུར་པ།
།དེ་ནས་བརྩམས་ནས་དེ་ནི་ཉིན་རེ་བཞིན། །འགྲོས་བཤོལ་མེད་པར་འཆི་བདག་དྲུང་དུ་འགྲོ། །ཞེས་སོ།

།གསུམ་པ་ནི། དེ་ཙམ་ཐུབ་ཏུ་ཆུག་ཀྱང་ལོང་ཡོད་བྱར་མི་རུང་སྟེ། མངལ་འཇུག་ལས་གསུངས་པ་ལྟར། དང་པོ་བྱིས་པའི་དུས་ལོ་བཅུར་ནི་ཆོས་སྒྲུབ་པའི་བསམ་པ་མི་རྙེད་ཅིང༌། མཐར་རྒས་པའི་སྐབས་ལོ་ཉི་ཤུ་ནི་ཆོས་སྒྲུབ་པའི་མཐུ་མེད་ལ། དེའི་བར་གྱི་དུས་སུ་ཡང་གཉིད་ཀྱིས་ཕྱེད་འཁྱེར་ཞིང༌། ནད་སོགས་ཀྱིས་ཀྱང་དུས་དུ་མ་ཞིག་ཟད་ནས། ཆོས་བྱེད་པའི་སྐབས་ཅུང་ཟད་ལས་མེད་དོ། །དེ་ལྟར་ན་ཚེ་འདིའི་ཕུན་ཚོགས་ཐམས་ཅད་ནི་རྨི་ལམ་ཐུན་གཅིག་ལ་བདེ་བ་སྤྱད་པ་སད་ནས་དྲན་པ་ལྟར། འཆི་བའི་དུས་སུ་དྲན་པའི་ཡུལ་ཙམ་དུ་འགྱུར་ལ། འཆི་བའི་དགྲ་ནི་ངེས་པར་འོང་ན། ཚེ་འདིའི་བསླུ་བྲིད་ལ་ཅིའི་ཕྱིར་དགའ་བར་བྱ་སྙམ་དུ་བསམ་སྟེ། ཆོས་ངེས་པར་བྱ་དགོས་པ་ལ་ཐག་བཅད་ཅིང་ཞེ་དམ་མང་དུ་བྱ་སྟེ།

སྐྱེས་རབས་ལས།
།ཀྱེ་མའོ་འཇིག་རྟེན་ཉོན་མོངས་དག །གནས་པ་མི་བརྟན་དགའ་མི་འགྱུར།
།ཀུ་མུ་ཏ་ཡི་དཔལ་འདི་ཡང༌། །དྲན་པར་བྱ་བ་ཉིད་དུ་འགྱུར། །ཞེས་སོ།

།གཉིས་པ་ནི། དེ་རིང་ཕན་བརྒྱ་ཚུན་ལ་འཆི་བ་འོང་བར་ངེས་ཤིང་དེའི་བར་དུ་ཞག་གང་ལ་འོང་མ་ངེས་པས། དེ་རིང་ལྟ་བུ་འཆི་མི་འཆི་གང་དུ་ཡང་ཐག་མི་ཆོད་མོད། འོན་ཀྱང་བློས་འཆི་བའི་ཕྱོགས་བཟུང་ནས་དེ་རིང་འཆི་སྙམ་པའི་བློ་བསྐྱེད་དགོས་ཏེ། དེ་རིང་མི་འཆི་སྙམ་དུ་བློས་མི་འཆི་བའི་ཕྱོགས་བཟུང་ན། ཚེ་འདིའི་སྡོད་གྲབས་བྱེད་བྱེད་ནས་ཕྱི་མའི་གྲབས་བྱེད་པ་མི་འོང་བས། དེའི་བར་དུ་འཆི་བདག་གིས་བཟུང་སྟེ་མྱ་ངན་དང་བཅས་བཞིན་དུ་འཆི་དགོས་སོ། །ཉི་མ་རེ་རེ་ཞིང་འཆི་གྲབས་བྱས་ན་ཕྱི་མའི་དོན་མང་པོ་འགྲུབ་པས་མ་ཤི་ཡང་དེ་བྱས་པ་ལེགས་ལ། ཤི་ན་ནི་ཁྱད་པར་དུ་ཡང་དེ་དགོས་སོ། །འདི་ལ་གསུམ། འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པས་ནམ་འཆི་ངེས་མེད་བསམ་པ། འཆི་རྐྱེན་ཤིན་ཏུ་མང་ཞིང་གསོན་རྐྱེན་ཉུང་བ་བསམ་པ། ལུས་ཤིན་ཏུ་ཉམ་ཆུང་བས་ནམ་འཆི་ངེས་མེད་བསམ་པའོ། །དང་པོ་ནི། སྤྱིར་སྒྲ་མི་སྙན་པའི་ཚེ་ནི་ངེས་ཀྱི། གཞན་རྣམས་ཀྱིས་རང་རང་གི་ཚེ་ཚད་ཐུབ་པའི་ངེས་པ་མེད་ནའང་ཕལ་ཆེར་ངེས་པ་མང་ལ། འཛམ་བུ་གླིང་པ་ནི་ཤིན་ཏུ་མ་ངེས་པ་ཡིན་ཏེ། དང་པོར་ལོ་དཔག་མེད་ཐུབ་པའང་བྱུང་ལ། ད་གདོད་ལོ་བཅུ་ལ་རིང་མཐའ་བྱེད་དགོས་ཤིང་ད་ལྟ་ཡང་རྒན་གཞོན་བར་མ་གང་ལ་འཆི་ངེས་པ་མི་སྣང་ངོ༌།

།དེ་ལྟར་ཡང་མཛོད་ལས།
།འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད།

ཅེས་སོ། །བླ་མའམ་གྲོགས་ལ་སོགས་པ་ཚེའི་མཐར་མ་ཕྱིན་པར། གློ་བུར་དུ་ཕྱི་ནང་གི་འཆི་རྐྱེན་གྱིས་ཤི་བ་རྣམས་ཡིད་ལ་བྱས་ལ། བདག་ཀྱང་དེ་ལྟ་བུའི་ཆོས་ཅན་ནོ་སྙམ་དུ་ཡང་ཡང་བསམ་མོ།

།གཉིས་པ་ནི། སྲོག་འདི་ལ་སེམས་ཡོད་སེམས་མེད་ཀྱི་གནོད་པ་མང་སྟེ། འདི་ལྟར་མི་དང་མི་མ་ཡིན་པ་གདོན་རིགས་ཀྱིས་འཚེ་བ་དང༌། དུད་འགྲོའི་རིགས་ལུས་སྲོག་ལ་གནོད་པ་དུ་མས་འཚེ་ཚུལ་དང༌། དེ་བཞིན་དུ་ནང་གི་ནད་དང་ཕྱིའི་འབྱུང་བ་རྣམས་ཀྱིས་གནོད་ཚུལ་ཞིབ་ཏུ་བསམ་མོ། །གཞན་ཡང་རང་གི་ལུས་འབྱུང་བ་བཞི་ལས་གྲུབ་དགོས་ལ། དེ་དག་ཀྱང་ཕན་ཚུན་གཅིག་ལ་གཅིག་གནོད་པ་བྱེད་པས་འབྱུང་བའི་ཁམས་ཆ་མ་སྙོམས་པར་འཕེལ་འགྲིབ་ཏུ་གྱུར་ན་ནད་སྐྱེད་དེ། སྲོག་འཕྲོག་པས་དེ་དག་ནི་རང་དང་ལྷན་སྐྱེས་སུ་ཡོད་པས་ལུས་སྲོག་བརྟན་བརྟན་ལྟར་སྣང་ཡང་ཡིད་བརྟན་མེད་དེ།

འདས་ཆེན་ལས།
འཆི་བའི་འདུ་ཤེས་ནི། སྲོག་འདི་རྟག་ཏུ་དགྲ་སྡང་བ་དུ་མས་བསྐོར་ཏེ་སྐད་ཅིག་རེ་རེར་ཉམས་པར་བྱེད་ཅིང་འཕེལ་བར་བྱེད་པ་ནི་གང་ཡང་མེད་དོ།

ཞེས་དང༌། རིན་ཆེན་འཕྲེང་བ་ལས་ཀྱང༌།
།འཆི་བདག་རྐྱེན་གྱི་ནང་གནས་པ། །རླུང་དམར་ནང་འདུག་མར་མེ་བཞིན།
ཞེས་སོ། །གཞན་ཡང་གསོན་པ་ཉིད་འཆི་བའི་དོན་དུ་ཞུགས་བ་ཡིན་པས་གསོན་རྐྱེན་མང་ཡང་དེ་ལ་ཡིད་བརྟན་མི་རུང་སྟེ།

རིན་ཆེན་འཕྲེང་བ་ལས།
།འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པ་ཡི་ནི་ཉུང་ཟད་ཅིག
།དེ་དག་རྣམས་ཀྱང་འཆི་བའི་ཡང༌། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་གསུངས་སོ།

།གསུམ་བ་ནི། ལུས་ཆུའི་དབུ་བ་ལྟར་ཤིན་ཏུ་ཉམ་ཆུང་བས་གནོད་པ་ཆེན་པོ་མི་དགོས་པར་ཚེར་མ་ཟུག་པ་ལྟ་བུ་རེ་རེས་ཀྱང་སྙད་འདོགས་བྱས་ནས་སྲོག་འཇིག་པས་ན། འཆི་རྐྱེན་ཐམས་ཅད་ཀྱིས་གཞོམ་པ་ཡང་ཤིན་ཏུ་སླ་སྟེ།

བཤེས་སྤྲིངས་ལས།
།ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང༌།
།ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ།
ཞེས་སོ། །དེ་ལྟར་བསམས་པའི་མཐར་འཆི་བདག་གིས་ལུས་སྲོག་ནམ་འཇོམས་ངེས་པ་མེད་པས་ལོང་ཡོད་མི་བྱ་བར་ད་ལྟ་ཉིད་ནས་ཆོས་བྱ་བར་ཐག་གཅོད་པའི་ཞེ་དམ་མང་དུ་བྱ་སྟེ།

ཤྲཱི་ཛ་ག་ཏ་མི་ཏྲས།
།ས་བདག་ཇི་ལྟར་གཡར་པོའི་ལུས། །ནད་མེད་རྒུད་མེད་བདེར་གནས་པ།
།དེ་ཉིད་ཚེ་ན་སྙིང་པོ་བླང༌། །ན་འཆི་རྒུད་པས་འཇིགས་མེད་བགྱི།
།གང་ཚེ་ན་རྒས་རྒུད་སོགས་ན། །དྲན་ཡང་དེ་ཚེ་ཅི་བགྱིར་མཆིས།
ཞེས་གསུངས་བ་ལྟར་རོ། །རྩ་བ་གསུམ་གྱི་ནང་ནས་གལ་ཆེ་ཤོས་ནམ་འཆི་ངེས་མེད་བསམ་པ་འདི་ཉིད་ཡིན་པས་འབད་བར་བྱའོ།
། གསུམ་པ་ནི། དེ་ལྟར་འཇིག་རྟེན་ཕ་རོལ་ཏུ་འགྲོ་དགོས་པར་མཐོང་བ་ན། དེའི་ཚེ་གཉེན་ནམ་བཤེས་བརྩེ་ཞིང་གདུང་བ་ཆེ་བས་མཐའ་བསྐོར་ཡང་གཅིག་ཀྱང་འཁྲིད་ས་མེད། ཡིད་དུ་འོང་བའི་ནོར་གྱི་ཕུང་པོ་ཇི་སྙེད་ཡོད་ཀྱང་རྡུལ་ཕྲན་ཙམ་ཡང་འཁྱེར་དུ་མེད་དེ་ལྷན་ཅིག་སྐྱེས་པའི་ཤ་རུས་ཀྱང་འདོར་ན་གཞན་ལྟ་ཅི་སྨྲོས། དེས་ན་ཚེ་འདིའི་ཕུན་ཚོགས་ཐམས་ཅད་ཀྱིས་ཀྱང་བདག་འདོར་ལ། བདག་གིས་ཀྱང་འདི་དག་དོར་ནས་འཇིག་རྟེན་གཞན་དུ་འགྲོ་བ་ཞིག་ངེས་བར་འོང་། དེ་ཡང་དེ་རིང་འོང་སྙམ་དུ་བསམས་ལ། གཉེན་དང་ལུས་དང་ལོངས་སྤྱོད་སོགས་ཀྱི་རྐྱེན་དབང་དུ་མི་གཏང་བར་ཆོས་བྱ་བར་ཐག་གཅོད་མང་དུ་བྱའོ། །དེས་ན་སྐྱེ་དཀའ་སེ་བྱུང་ཡང་ལམ་གྱི་གཞི་ཡིན་པས་འབད་དགོས་ཏེ། པོ་ཏོ་བའི་གསུང་ནས། ངེད་ཀྱི་སྣང་སེལ་མི་རྟག་པ་སྒོམ་པ་འདི་ཡིན་ཏེ། ཉེ་འབྲེལ་དང་ཡོ་བྱད་སོགས་ཚེ་འདིས་སྣང་བ་ཀུན་བསལ་ནས། རང་གཅིག་པུ་གཉིས་སུ་མེད་པར་ཚེ་ཕ་རོལ་ཏུ་ཕྱད་ཀྱིས་འགྲོ་བར་ཤེས་ནས་ཆོས་མིན་པ་ཅིས་ཀྱང་བྱར་མེད་སྙམ་ནས་ཚེ་འདི་ལ་མ་ཆགས་པ་ཞིག་གདོད་འོང༌། འདི་སློ་ལ་མ་སྐྱེས་བར་དུ་ཆོས་ཐམས་ཅད་ཀྱི་ལམ་འགགས་ནས་འདུག་པ་ཡིན་གསུང༌། དོལ་པའི་ཞལ་ནས་ཀྱང་། ཞར་ལ་ཚོགས་བསག་པ་དང་སྒྲིབ་པ་སྦྱོང༌། ལྷ་དང་བླ་མ་ལ་གསོལ་བ་འདེབས་ཤིང་། རུས་ཤིང་དང་བཅས་ནས་ནན་ཏན་གྱིས་བསམས་ན་ལོ་བརྒྱར་ཡང་མི་སྐྱེ་སྙམ་པ་ཞིག་ཀྱང་འདུས་བྱས་སོ་ན་མི་སྡོད་པས་ཅི་ཞིག་ལྟར་ལ་སྐྱེ་བ་ཡིན་གསུང་ངོ༌། །ཀ་མ་པ་ལ་དམིགས་པ་སྤོ་བར་ཞུས་པ་ན་སྔ་མ་སྐྱོར་སྐད། འཕྲོ་ནས་ཞུས་ཙ་ན་འཕྲོ་ཡེ་མ་ཐོད་པ། ཞེས་གསུང་སོ།

།དེ་ལྟར་ན་བཤེས་གཉེན་བསྟེན་པ་དང་དལ་འབྱོར་དང་མི་རྟག་པའི་སྐོར་རྣམས་གསུང་རབ་དགོངས་འགྲེལ་དང་བཅས་པ་གང་ན་འདུག་ཀྱང་སྐབས་དེ་དང་དེའི་ཉམས་ལེན་དུ་ཤེས་ནས་བསྐྱངས་ན་རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པར་འགྱུར་ཏེ། སྐབས་གཞན་དུ་ཡང་དེ་ལྟར་ཤེས་པར་བྱའོ།

།གཉིས་པ་ནི། དེ་ལྟར་མྱུར་དུ་འཆི་བར་ངེས་པས་ཚེ་འདིར་བསྡོད་ལོང་མེད་ཅིང་ཤི་བའི་འོག་ཏུ་མེད་དེ་མི་འགྲོ་བར་སྐྱེ་བ་བླང་དགོས་སོ། །དེ་ཡང་འགྲོ་བ་གཉིས་ལས་གཞན་སྐྱེ་ས་མེད་པས་བདེ་འགྲོའམ་ངན་འགྲོར་སྐྱེའོ། །དེ་ཡང་རང་དབང་མེད་ཅིང་ལས་ཀྱི་གཞན་དབང་ཅན་ཡིན་པས། ལས་དཀར་ནག་གིས་ཇི་ལྟར་འཕངས་པ་བཞིན་སྐྱེའོ། །དེ་ལྟར་ན་བདག་ངན་སོང་དུ་སྐྱེས་ན། བདག་ཇི་འདྲ་ཞིག་ཏུ་འགྱུར་སྙམ་དུ་ངན་འགྲོའི་སྡུག་བསྔལ་བསམ་སྟེ།

ཀླུ་སྒྲུབ་ཀྱིས།
།རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན།
།བཀྲེས་སྐོམ་དག་གིས་རིད་པ་ཡི། །ཡི་དྭགས་དག་ཀྱང་དྲན་པར་བྱ།
།རྨོངས་པའི་སྡུག་བསྔལ་རབ་མང་བའི། །བྱོལ་སོང་བལྟ་ཞིང་དྲན་པར་བྱ།
།དེའི་རྒྱུ་རྣམ་སྤང་བདེ་རྒྱུ་སྤྱད། །ཐོབ་དཀའ་འཛམ་གླིང་མི་ཡི་ལུས།
།དེ་ཐོབ་དུས་སུ་ངན་སོང་རྒྱུ། །རབ་ཏུ་བསྒྲིམས་ཏེ་གཅད་པར་བྱ།

ཞེས་སོ། ། དེ་ལ་འཁོར་བ་སྤྱི་དང་ཁྱད་པར་དུ་ངན་འགྲོའི་སྡུག་བསྔལ་སྒོམ་པ་ཤིན་ཏུ་གནད་ཆེ་སྟེ། འདི་ལྟར་རང་ཉིད་སྡུག་བསྔལ་གྱི་མཚོར་ལྷུང་བ་ལ་བསམས་ན་ནི་ཡིད་འབྱུང་བས་ང་རྒྱལ་དང་དྲེགས་པ་ལྡོག་པ་དང༌། སྡུག་བསྔལ་དེ་མི་དགེ་བའི་འབྲས་བུར་མཐོང་ནས་སྡིག་ལྟུང་ལ་ཆེས་ཤིང་ཏུ་འཛེམ་པ་དང་། སྡུག་བསྔལ་མི་འདོད་པས་ནི་བདེ་བ་འདོད་ལ། དེ་ཡང་དགེ་བའི་འབྲས་བུར་མཐོང་ནས་དགེ་བ་སྒྲུབ་པ་ལ་དགའ་བ་དང༌། རང་ཉམས་ལ་དཔགས་ཏེ་གཞན་ལ་སྙིང་རྗེ་སྐྱེ་ཞིང་འཁོར་བ་ལ་ཡིད་བྱུང་ནས་ཐར་པ་ལ་དོན་གཉེར་དང༌། སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་འགྲོ་ཤུགས་དྲག་པོ་སོགས་ཉམས་ལེན་གྱི་གནད་དུ་མ་ཞིག་འདུས་པའི་སྡོམ་ཆེན་པོའོ། །སྡུག་བསྔལ་གྱི་ཡོན་ཏན་དེ་རྣམས་སྤྱོད་འཇུག་ཏུ་རང་རྒྱུད་ལ་བྱུང་བའི་སྡུག་བསྔལ་གྱི་དབང་དུ་བྱས་ནས་གསུངས་ཀྱང༌། སྡུག་བསྔལ་མྱོང་བར་འགྱུར་བ་ལ་ཡང་འདྲ་བ་ཡིན་ནོ།

།དེ་ལྟར་ན་ངན་འགྲོའི་སྡུག་བསྔལ་བསམ་པ་ལ་གསུམ། དམྱལ་བ། དུད་འགྲོ། ཡི་དྭགས་ཀྱི་སྡུག་བསྔལ་བསམ་པའོ། །དང་པོ་ལ་བཞི། སེམས་ཅན་དམྱལ་བ་ཆེན་པོ། ཉེ་འཁོར་བའི་དམྱལ་བ། གྲང་བའི་དམྱལ་བ། ཉི་ཚེ་བའི་དམྱལ་བའོ། །དང་པོ་ནི། འདི་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་གི་འོག་ན་ཡང་སོས་ཡོད་ལ། དེ་ནས་དཔག་ཚད་བཞི་སྟོང་བཞི་སྟོང་གིས་ཆོད་པ་ན་གཞན་བདུན་ཡོད་དོ། །དེ་ལྟར་བརྒྱད་ལས་དང་པོ་ཡང་སོས་ནི། སེམས་ཅན་དེ་དག་ཕན་ཚུན་འདུས་ནས་ལས་ཀྱི་དབང་གིས་བྱུང་བའི་མཚོན་སྣ་ཚོགས་ཀྱིས་གཅིག་ལ་གཅིག་བསྣུན་པར་བྱེད་དོ། །དེ་ནས་བརྒྱལ་ཏེ་ས་ལ་འགྱེལ་པ་ན་ནམ་མཁའ་ལས་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་ཅེས་སྒྲ་འབྱུང་ངོ༌། །དེ་ནས་ཡང་ལངས་ཏེ་སྔར་བཞིན་བསྣུན་པས་སྡུག་བསྔལ་དཔག་ཏུ་མེད་པ་ཉམས་སུ་མྱོང་ངོ༌། །ཐིག་ནག་ནི། སེམས་ཅན་དེར་སྐྱེས་པ་རྣམས་དམྱལ་སྲུངས་རྣམས་ཀྱིས་ཟུར་བཞི་ལ་སོགས་པ་དུ་མར་ཐིག་ནག་པོ་བཏབ་ནས་དེའི་སྟེང་དུ་མཚོན་གྱིས་གཤེག་པ་སོགས་ཀྱི་སྡུག་བསྔལ་མྱོང་ངོ་། །བསྡུས་འཇོམས་ནི། སེམས་ཅན་དེ་རྣམས་གཅིག་ཏུ་འདུས་པའི་ཚེ་དམྱལ་སྲུངས་རྣམས་ཀྱིས་ལྕགས་ཀྱི་རི། ར་ལ་སོགས་པའི་གདོང་པ་ལྟ་བུ་གཉིས་ཀྱི་བར་དུ་འཚང་ངོ༌། །དེ་ནས་དེ་མ་ཐག་ཏུ་དེ་གཉིས་ཀྱིས་འཚིར་ལ། དེའི་ཚེ་སྒོ་ཐམས་ཅད་ནས་ཁྲག་གི་ཀླུང་འབབ་བོ། །ངུ་འབོད་ནི། སེམས་ཅན་དེ་དག་གནས་འཚོལ་ཞིང་ལྕགས་ཀྱི་ཁང་པའི་ནང་དུ་འཇུག་གོ །ཞུགས་པ་དང་མེ་ཀུན་ཏུ་འབར་ནས་སྲེག་གོ། །ངུ་འབོད་ཆེན་པོ་ནི། སྔ་མ་དང་འདྲ་བ་ལ་ཁྱད་བར་ནི་ལྕགས་ཁང་ཉིས་རིམ་མོ། །ཚ་བ་ནི། སེམས་ཅན་དེ་དག་དམྱལ་སྲུངས་རྣམས་ཀྱིས་ལྕགས་ཟངས་དཔག་ཚད་དུ་མ་ཡོད་པ་ཤིན་ཏུ་ཚ་ཞིང་འབར་བར་བཅུག་སྟེ་ཉ་བཞིན་བསྲེག་ཅིང༌། ལྕགས་ཀྱི་གསལ་ཤིང་རབ་ཏུ་འབར་བས་འཕོངས་ནས་ཕུག་སྟེ་སྤྱི་བོར་འབྱིན་པ་དང༌། ཁ། མིག །སྣ། རྣ་བའི་བུ་ག་གཉིས་གཉིས་དང་། བ་སྤུའི་ཁུང་བུ་ཐམས་ཅད་ནས་མེ་རབ་ཏུ་འབར་བ་དང༌། ལྕགས་ཀྱི་ས་གཞི་འབར་བ་ལ་གན་རྒྱལ་ལམ་ཁ་སྤུབ་ཏུ་བཞག་སྟེ་ལྕགས་ཀྱི་ཐོ་བ་མེ་རབ་ཏུ་འབར་བས་རྡུང་ཞིང་དམྱལ་བར་བྱེད་དོ། །རབ་ཏུ་ཚ་པ་ནི། ལྕགས་ཀྱི་གསལ་ཤིང་རྩེ་གསུམ་པ་འཕོངས་སུ་བཅུག་སྟེ་རྩེ་གཡས་གཡོན་གཉིས་ཕྲག་པ་གཉིས་དང་དབུས་མ་སྤྱི་བོ་ནས་འབྱིན་ཏོ། །དེ་ལ་བརྟེན་ནས་ཁ་ལ་སོགས་པའི་སྒོ་རྣམས་སུ་མེ་ལྕེ་འབར་བ་འབྱུང་། །ལྕགས་གླེབས་པ་ཚ་ཞིང་རབ་ཏུ་འབར་བས་ལུས་དཀྲི་ཞིང་ལྕགས་ཟངས་འགྱུར་བྱེད་འབར་བས་གང་བའི་ནང་དུ་སྤྱིའུ་ཚུགས་བྱས་ནས་བསྐོལ་བ་ན་སྟེང་འོག་ཐད་ཀ་རྣམས་སུ་འགྲོའོ། །དེའི་ཚེ་པགས་པ་དང་ཤ་ཁྲག་རྣམས་ཞིག་ནས་ཀེང་རུས་འབའ་ཞིག་ལུས་པའི་ཚེ། ཡང་ཕྱུང་ནས་ལྕགས་ཀྱིས་གཞི་ལ་འགྲེམས་སོ། །དེ་ནས་པགས་པ་དང་ཤ་ཁྲག་སྐྱེས་པ་ན། ཡང་ནང་དུ་འཇུག་གོ །ལྷག་མ་ནི་ཚ་བ་དང་འདྲའོ། །མནར་མེད་ན་ནི། ཤར་ཕྱོགས་ནས་ས་གཞི་དཔག་ཚད་བརྒྱ་ཕྲག་དུ་མ་ཡོད་པ་ཀུན་ཏུ་འབར་ཞིང་མཆེད་པ་ལས་མེ་འབར་བའི་ཤུགས་འོང་སྟེ། དེས་སེམས་ཅན་དེ་དག་གི་པགས་པ། ཤ། རྒྱུས་བ། རུས་པ་རྣམས་རིམ་གྱིས་བཤིག་ནས་རྐང་ལ་ཐུག་པར་བྱེད་དོ། །མར་མེའི་སྙིང་པོ་བཞིན་དུ་ལུས་ཐམས་ཅད་མེ་ལྕེ་འབར་བས་ཁྱབ་བོ། །ཕྱོགས་གཞན་གསུམ་ཡང་དེ་དང་འདྲ་སྟེ། ཕྱོགས་བཞི་ནས་མེ་འོངས་བ་དེར་འདྲེས་པས་སྡུག་བསྔལ་བར་མ་ཆད་དུ་མྱོང་བས་ཉམ་ཐག་པའི་སྐད་འབྱིན་པས་སེམས་ཅན་དུ་ཤེས་པ་ཙམ་མོ། །ལྕགས་ཀྱི་ཞིབ་མའི་ནང་དུ་ལྕགས་ཀྱི་མེ་མདག་རབ་ཏུ་འབར་པ་འཁྲབ་ཏུ་འཇུག་གོ །ལྕགས་ཀྱི་ས་གཞིར་ལྕགས་ཀྱི་རི་ཆེན་པོ་རྣམས་ལ་འབབ་འཛེག་བྱེད་དུ་འཇུག་ཅིང༌། ཁ་ནས་ལྕེ་ཕྱུང་སྟེ་ཕུར་པ་བརྒྱས་བརྒྱངས་ནས་གླང་གི་ཀོ་བ་ལ་བྱེད་པ་བཞིན་ཐང་བཅད་དེ་གཉེར་མ་དང་ཁམ་ཁུམ་མེད་པར་བྱེད་དོ། །ཡང་ལྕགས་ཀྱི་ས་གཞི་ལ་གན་རྐྱལ་དུ་བཞག་ནས། ལྕགས་ཀྱི་འབྱེད་སྤྱད་ཀྱིས་ཁ་ཕྱེ་ནས་ལྕགས་ཀྱི་ཐུ་ལུམ་འབར་བ་ཁར་འཇུག་ཅིང༌། ཟངས་བསྐོལ་བ་ཁར་བླུགས་ནས་ཁ་དང་ལྐོག་མ་དང་རྒྱུ་མ་རྣམས་ཚིག་སྟེ་རོ་སྨད་ནས་འབྱུང༌། ལྷག་མ་གཞན་ནི་རབ་ཏུ་ཚ་བ་བཞིན་ནོ།

།སྡུག་བསྔལ་དེ་རྣམས་ཡུན་ཇི་ཙམ་དུ་མྱོང་བ་ནི་བཤེས་སྤྲིངས་ལས།
།དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་ལོ། །བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི།
།ཇི་སྲིད་མི་དགེ་དེ་ཟད་མ་གྱུར་པ། །དེ་སྲིད་སྲོག་དང་ཕྲལ་བར་མི་འགྱུར་རོ།

།ཞེས་གསུངས་པ་ལྟར་རོ། །དེ་ཡང་མི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིས་བཞི་པའི་ཞག་གཅིག། དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་ལོ་ལྔ་བརྒྱ་ནི་རྒྱལ་ཆེན་རིས་བཞི་པའི་ཚེ་ཚད་ཡིན་ལ། དེ་ཐམས་ཅད་ལ་ཞག་གཅིག། དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་ལོ་ལྔ་བརྒྱ་ནི་དམྱལ་བ་ཡང་སོས་པའི་ཚེ་ཚད་དོ། །དེ་བཞིན་དུ་མི་ལོ་བརྒྱ་དང༌། ཉིས་བརྒྱ་དང༌། བཞི་བརྒྱ་དང༌། བརྒྱད་བརྒྱ་དང༌། སྟོང་དྲུག་བརྒྱ་ནི་སུམ་ཅུ་རྩ་གསུམ་པ་ནས་གཞན་འཕྲུལ་དབང་བྱེད་པའི་བར་གྱི་རིམ་པ་བཞིན་ཞག་གཅིག་ཡིན་ལ། ཚེ་ཚད་ནི་ལྷའི་ལོ་སྟོང༌། ཉིས་སྟོང༌། བཞི་སྟོང༌། བརྒྱད་སྟོང༌། ཁྲི་དྲུག་སྟོང་ཐོབ་བོ། །དེ་དག་ནི་རིམ་པ་ལྟར་ཐིག་ནག་ནས་ཚ་བའི་བར་གྱི་ཞག་རེ་རེར་བྱས་པའི་རང་ལོ་སྟོང་ནས། ཁྲི་དྲུག་སྟོང་གི་བར་ཐུབ་ལ། རབ་ཏུ་ཚ་བ་པས་ནི་བར་བསྐལ་ཕྱེད་དང༌། མནར་མེད་པས་ནི་བར་བསྐལ་གཅིག་ཐུབ་པར་མཛོད་དང་སའི་དངོས་གཞི་ལས་གསུངས་སོ། །

གཉིས་པ་ནི། དམྱལ་བ་བརྒྱད་པོ་དེ་རེ་རེ་ལ་ཡང་རྩིག་ངོས་བཞི་བཞི་དང་སྒོ་བཞི་བཞི་ཡོད་ལ། དེ་དག་གི་ཕྱི་རོལ་ཏུ་ནི་ལྕགས་ཀྱི་ར་བས་བསྐོར་ཞིང་ར་བ་དེ་ལ་ཡང་སྒོ་བཞི་བཞི་ཡོད་དོ། །སྒོ་དེ་རེ་རེ་ན་སེམས་ཅན་དམྱལ་བ་ལྷག་པ་བཞི་བཞི་ཡོད་དེ། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ་མམ་ཕྱི་སའི་འདམ་རོ་ལྟར་མནམ་པ། སྤུ་གྲིའི་ལམ་སོགས་དང༌། ཆུ་ཀླུང་རབ་མེད་དོ། །

དེ་ལ་དང་པོ་ནི་མེ་མུར་པུས་ནུབ་ཙམ་ཡོད་ལ། སེམས་ཅན་དེ་དག་གནས་འཚོལ་དུ་འགྲོ་བ་ན་དེར་རྐང་པ་བཞག་པའི་ཚེ་པགས་པ་དང་ཤ་ཁྲག་ཀུན་འཇིག་ལ་བཏེག་པའི་ཚེ་དེ་དག་སླར་སྐྱེའོ། །

གཉིས་པ་ནི། དེ་དང་འདབས་ཆགས་པ་ན་ཕྱི་སའི་འདམ་རོ་ལྟར་མནམ་པ་ཡོད་པ་ལ་སེམས་ཅན་གནས་འཚོལ་བ་དག་གིས་བརྒལ་བ་དང་དེར་འགྱེལ་ནས་མགོ་མན་ཆད་བྱིང་སྟེ་འདུག་གོ །འདམ་དེ་ན་འབུ་མཆུ་རྣོན་ཞེས་བྱ་བ་ཡོད་པས་དེ་དག་གིས་པགས་པ་དང་ཤ་དང་རྒྱུས་པ་དང་རུས་པ་རྣམས་འབིགས་ཤིང་རྐང་ལ་གཏུགས་ཤིང་འབྲུ་བར་བྱེད་དོ། །

གསུམ་པ་ནི། འདམ་དེ་དང་འདབས་ཆགས་པ་ན་སྤུ་གྲིའི་སོ་གཏམས་པའི་ལམ་ཡོད་དོ། །སེམས་ཅན་གནས་འཚོལ་བ་དག་དེར་སོང་བ་དང་རྐང་པ་བཞག་ན་ནི་པགས་པ་དང་ཤ་དང་ཁྲག་གཅོད་ལ་བཏེག་ན་དེ་དག་སླར་སྐྱེའོ། །དེ་དང་འདབས་ཆགས་པ་ན་ནགས་ཚལ་རལ་གྲི་ལོ་མ་ཅན་ཡོད་དེ། །སེམས་ཅན་གནས་འཚོལ་བ་དག་དེར་སོང་སྟེ་དེའི་གྲིབ་མ་ལ་བརྟེན་ཅིང་འཁོད་པ་ན་ཤིང་ལས་རལ་གྲི་ལྷགས་ཏེ་དེ་དག་གིས་ཡན་ལག་དང་ཉིང་ལག་གཤེག་གོ །དེ་དག་དེར་འགྱེལ་བ་ན་ཁྱི་སྲེ་པོ་དག་འོངས་ནས་རྒྱབ་ནས་འཐོག་ཅིང་ཟའོ། ། དེ་དང་འདབས་ཆགས་པ་ན་ལྕགས་ཀྱི་ཤིང་ཤལ་མ་ལིའི་ཚལ་ཡོད་དོ། །སེམས་ཅན་གནས་འཚོལ་བ་དག་དེར་སོང་བ་དང་དེ་ལ་འཛེག་ཏུ་འཇུག་སྟེ། འཛེག་པའི་ཚེ་ཚེར་མའི་རྩེ་ཁ་ཐུར་དུ་ལྟ་ལ། འབབ་པའི་ཚེ་ཁ་གྱེན་དུ་བལྟ་སྟེ། དེ་དག་གིས་ཡན་ལག་དང་ཉིང་ལག་གཤེག་གོ །དེ་ན་ཁྭ་ལྕགས་ཀྱི་མཆུ་ཅན་བྱ་བ་ཡོད་པས་དེས་ཕྲག་པའམ་མགོ་བོ་ལ་བསྡད་ནས་མིག་འབྲས་འཐོག་ཅིང་ཟའོ། །དེ་དག་ནི་མཚོན་ཆའི་གནོད་པར་འདྲ་བས་གཅིག་ཏུ་བྱའོ། །

བཞི་པ་ནི། ཤལ་མ་ལི་དང་འདབས་ཆགས་པ་ན་ཆུ་ཀླུང་རབ་མེད་ཅེས་བྱ་བ་འགྱུར་བྱེད་ཀྱི་ཆུ་བསྐོལ་བས་གང་བ་ཡོད་དེ། སེམས་ཅན་གནས་འཚོལ་བ་དག་དེར་ལྷུང་ནས་སྟེང་འོག་ཏུ་འགྲོ་ཞིང་འཚེད་པ་ནི། དཔེར་ན་ཟངས་ཆུས་བཀང་བ་མེ་ཆེན་པོ་སྦར་བའི་ནང་དུ་སྲན་མ་སོགས་བླུགས་པ་བཞིན་ནོ། །ཆུ་ཀླུང་དེའི་འགྲམ་གཉིས་ན་ལག་ན་དབྱུག་པ་དང་མཆིལ་པ་དང་རྒྱ་བཟུང་བ་དག་བསྡད་ནས། ཕྱིར་འབྱུང་དུ་ཡང་མི་སྟེར་ལ། མཆིལ་པའམ་རྒྱས་ཕྱིར་ཕྱུང་ནས་ས་གཞི་ཆེན་པོ་འབར་བ་ལ་གན་རྐྱལ་དུ་བཞག་སྟེ་ཅི་འདོད་ཅེས་འདྲིའོ། །དེ་དག་གིས། བདག་གིས་ཅི་ཡང་མི་ཤེས་མི་མཐོང་སྟེ། འོན་ཀྱང་བཀྲེས་སོ། སྐོམ་མོ་ཟེར་བ་ན་ལྕགས་ཀྱི་ཐུ་ལུམ་མེ་རབ་ཏུ་འབར་བ་ཁར་འཇུག་ཅིང་། ཟངས་བསྐོལ་བ་ཁར་ལྡུགས་སོ། །ཉེ་འཁོར་བ་དང་ཉི་ཚེ་བ་གཉིས་ལ་ཚེ་ཚད་ངེས་མེད་དུ་སའི་དངོས་གཞིར་བཤད་དོ། །འོན་ཀྱང་སྡུག་བསྔལ་དེ་དག་མྱོང་བའི་ལས་ཀྱི་ནུས་པ་མ་ཟད་པ་དེ་སྲིད་དུ་སྡུག་བསྔལ་མྱོང་བར་འགྱུར་རོ།

གསུམ་པ་ནི། སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་ཀྱི་ཐད་སོ་དཔག་ཚད་ཁྲི་ཕྲག་རེའི་ཕ་རོལ་ན་ཡོད་ཅིང་། འདི་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་གི་འོག་ན་ཆུ་བུར་ཅན་ཡོད་ལ། དེ་ནས་དཔག་ཚད་ཉིས་སྟོང་ཉིས་སྟོང་གིས་ཆོད་པ་ན་གཞན་བདུན་ཡོད་དོ། །དེ་ལ་བརྒྱད་ལས་ཆུ་བུར་ཅན་ནི། ལྷགས་པ་ཆེན་པོས་བཏབ་པས་ལུས་ཐམས་ཅད་ཆུ་བུར་བྱུང་བ་བཞིན་དུ་འཁུམས་པའོ། །ཆུ་བུར་རྡོལ་བ་ནི། ཆུ་བུར་རྡོལ་བ་བཞིན་དུ་འཁུམས་བའོ། །སོ་ཐམ་ཐམ་པ་དང༌། ཀྱི་ཧུད་ཟེར་བ་དང༌། ཨ་ཆུ་ཟེར་བ་ནི། ཚིག་འདོན་ལུགས་ལས་བཏགས་པའོ། ། ཨུཏྤལ་ལྟར་གས་པ་ནི། ལྷགས་པ་ཆེན་པོས་བཏབ་པས་ཁ་དོག་སྔོ་ཞིང་ཁ་ལྔའམ་དྲུག་ཏུ་གས་པའོ། །པདྨ་ལྟར་གས་པ་ནི། སྔོན་པོ་ལས་འདས་ཏེ་དམར་པོར་གྱུར་ཏེ་ཁ་བཅུའམ་དེ་ལས་མང་བར་གས་པའོ། །པདྨ་ལྟར་ཆེར་གས་པ་ནི། པགས་པ་ཤིན་ཏུ་དམར་བར་གྱུར་ནས་ཁ་བརྒྱའམ་དེ་ལས་ཀྱང་མང་བར་གས་པའོ། །དེ་དག་ནི་སའི་དངོས་གཞིར་བཤད་དོ། །ཚེ་ཚད་ནི། མ་ག་དྷའི་ཏིལ་གྱི་སྦྱང་ཁལ་བརྒྱད་ཅུ་པ་ཞིག་ཏིལ་གྱིས་བྱུར་བུར་བཀང་སྟེ། དེ་ནས་ལོ་བརྒྱ་བརྒྱ་ན་ཏིལ་རེ་རེ་ཕྱུང་བས་ཏིལ་དེ་མ་ལུས་པར་ཟད་པ་ལས། ཆུ་བུར་ཅན་གྱི་ཚེ་ཆེས་རིང་བ་དང༌། འོག་མ་རྣམས་ཀྱི་ཚེ་ནི་སྔ་མ་སྔ་མ་ལས་ཉི་ཤུ་འགྱུར་དུ་གསུངས་སོ། །

ཉི་ཚེ་བའི་དམྱལ་བ་ནི། ཚ་དམྱལ་དང་གྲང་དམྱལ་གྱི་ཉེ་འཁོར་ན་ཡོད་ཅིང་མིའི་ཡུལ་ནའང་ཡོད་པར་སའི་དངོས་གཞིར་གསུངས་ཤིང༌། མཚོ་ཆེན་པོའི་འགྲམ་དང་ཉེ་བ་ན་ཡོད་པར་ཡང་ལུང་གཞི་ལས་གསུངས་ཏེ། དགེ་འདུན་སྲུངས་ཀྱི་རྟོགས་བརྗོད་ལས་འབྱུང་བ་བཞིན་ནོ། །དེ་ལྟར་ན་དེ་དག་ཏུ་སྐྱེ་བའི་རྒྱུ་ནི་འོག་ནས་འཆད་པ་ལྟར་ཤིན་ཏུ་འབྱུང་ཉེ་བས་ཉི་མ་རེ་རེ་ཞིང་ཡང་མང་པོ་གསོག་ལ། སྔར་བསགས་ཀྱང་ད་དུང་དཔག་ཏུ་མེད་པ་ཡོད་པས་ཡིད་བདེ་བར་སྡོད་པ་མི་རིགས་པས་དེ་དག་བསམས་ལ་འཇིགས་པར་བྱ་སྟེ། དེ་དག་དང་བར་ན་དབུགས་གྱུ་གྱུ་བ་འདི་ལས་མེད་པའི་ཕྱིར་ཏེ།

སྤྱོད་འཇུག་ལས།
།དམྱལ་བ་ཡི་ནི་ལས་བྱས་ནས། །ཅི་ཕྱིར་འདི་ལྟར་བདེ་བར་གནས།

ཞེས་དང༌། བཤེས་སྦྲིངས་ལས་ཀྱང༌།
།སྡིག་ཅན་དབུགས་འབྱུང་འགག་པ་ཙམ་ཞིག་གི །དུས་ཀྱིས་བར་དུ་ཆོད་རྣམས་དམྱལ་བ་ཡི།
།སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་སྟོང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ།
།དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང༌། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང༌།
།འཇིགས་པ་བསྐྱེད་པར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་འཚལ།

ཞེས་སོ། །སྡུག་བསྔལ་དྲག་པ་ཡང་བཤེས་སྤྲིངས་ལས།
།བདེ་བ་ཀུན་གྱི་ནང་ན་སྲེད་ཟད་པ། །བདེ་བའི་བདག་པོ་བགྱིད་པ་ཇི་ལྟ་བར།
།དེ་བཞིན་སྡུག་བསྔལ་ཀུན་གྱི་ནང་ན་ནི། །མནར་མེད་དམྱལ་བའི་སྡུག་བསྔལ་རབ་མི་བཟད།
།འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ།
།དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང༌། །འོལ་ཡང་མི་དབྱི་ཆར་ཡང་མི་ཕོད་དོ།

ཞེས་སོ། །དེ་ལྟ་བུའི་སྡུག་བསྔལ་སྐྱེད་པའི་རྒྱུ་ནི་རང་གི་ཉེས་སྤྱོད་ཁོ་ན་ཡིན་པར་ཤེས་པར་བྱས་ལ། ཉེས་སྤྱོད་ཆུང་ངུས་ཀྱང་མ་གོས་པ་ལ་རྩལ་ཅི་ཡོད་ཀྱིས་འབད་དེ།

དེ་ཉིད་ལས།
།མི་དགེའི་འབྲས་འདི་རྣམས་ཀྱི་ས་བོན་ནི། །ལུས་ངག་ཡིད་ཀྱི་ཉེས་སྤྱོད་ཁྱོད་ཀྱིས་ནི།
།ཅི་ནས་དེ་རྡུལ་ཙམ་ཡང་མ་མཆིས་པ། །དེ་ལྟར་ཉིད་ཀྱི་རྩལ་གྱིས་འབད་པར་མཛོད། ། ཅེས་སོ།

གཉིས་པ་ནི། དུད་འགྲོ་རྣམས་མཐུ་ཆེ་བས་ཆུང་བ་གསོད་པ་དང་། ལྷ་མིའི་ཡོ་བྱད་དུ་གྱུར་ཏེ། རང་དབང་མེད་ཅིང་གཞན་དབང་དུ་གྱུར་པས་གསོད་པ་དང་རྡེག་པ་དང་གནོད་པ་བྱེད་ལ། ལྷ་མི་དང་ལྷན་ཅིག་རྒྱུ་བས་གནས་གཞན་མེད་པར་སའི་དངོས་གཞིར་བཤད། དེ་དག་གི་གནས་ཀྱི་རྩ་བ་རྒྱ་མཚོ་ཆེན་པོ་དང་། གཞན་རྣམས་ནི་དེ་ལས་འཕྲོས་པ་ཡིན་པར་མཛོད་འགྲེལ་ལས་བཤད་དོ། །གཞན་ཡང་མུན་པ་དང་ཆུར་སྐྱེས་ཤིང་དེ་དག་ཏུ་རྒས་ཏེ་འཆི་བ་དང་ཁུར་ལྕི་བས་ངལ་བ་དང་རྨོ་བ་དང་སྤུ་བྲེག་པ་དང་བདའ་བ་དང༌། གསོད་ལུགས་ཀྱང་མི་འདྲ་བ་དུ་མས་ཉམ་ཐག་པར་བྱས་ཏེ། གསོད་པ་དང༌། བཀྲེས་སྐོམ་དང་ཉི་ལྷགས་ཀྱིས་གཟིར་བ་དང་། རྔོན་པ་སོགས་ཀྱིས་སྒོ་དུ་མ་ནས་གཙེ་བས། དེ་དག་ལ་དུས་ནམ་ཡང་འཇིགས་ཡེ་རེ་བས་སྡུག་བསྔལ་བའི་ཚུལ་རྣམས་བསམས་ཏེ་སྐྱོ་ཞིང་ཡིད་འབྱུང་བར་བྱའོ།

།ཚེ་ཚད་ནི་མཛོད་ལས།
།དུད་འགྲོ་རྣམས། མཆོག་རིང་བསྐལ་པའོ། ཞེས་ཚེ་རིང་བས་བསྐལ་པ་ཙམ་ཐུབ་ཅིང་ཐུང་བ་ངེས་མེད་དུ་བཤད་དོ།

གསུམ་པ་ནི། སེར་སྣ་ཤས་ཆེར་བསྟེན་པ་རྣམས་ཡི་དྭགས་སུ་སྐྱེ་ལ། དེ་དག་ཀྱང་བཀྲེས་སྐོམ་དང་ལྡན་པ། པགས་པ་དང་ཤ་ཁྲག་སྐམས་པས་སྡོང་དུམ་ཚིག་པ་ལྟ་བུ། གདོང་སྐྲས་ཁེབས་པ། ཁ་ཤིན་ཏུ་སྐམས་ཤིང་ལྕེས་ལྡག་པའོ། །འདི་ལ་གསུམ། ཟས་སྐོམ་ལ་ཕྱི་ན་སྒྲིབ་པ་ཡོད་པ། ཟས་སྐོམ་ལ་ནང་གི་སྒྲིབ་པ་ཡོད་པ། ཟས་སྐོམ་ཉིད་ལ་སྒྲིབ་པ་ཡོད་པའོ། །དང་པོ་ནི། དེ་དག་ཆུ་མིག་དང་མཚོ་དང་མཚེའུ་རྣམས་སུ་རྒྱུ་བ་ན་དེར་སེམས་ཅན་རལ་གྲི་དང་མདུང་དང་མདུང་ཐུང་བཟུང་བ་དག་གིས་ཕྱིར་འགོག་པར་བྱེད་པ་དང་ཆུ་ཡང་རྣག་ཁྲག་ཏུ་མཐོང་ནས་འཐུང་བར་མི་འདོད་པའོ། །གཉིས་པ་ནི། ཁ་ཁབ་མིག་ཙམ་ཡོད་པ་ལ། ཁ་འབར་བ་དང་། ཝ་བ་ཅན་དང་། གསུས་པ་ཆེ་བ་སྟེ། གཞན་གྱིས་གེགས་མ་བྱས་པར་རང་གིས་ཟས་སྐོམ་རྙེད་དུ་ཟིན་ཀྱང་བཟའ་བཏུང་མི་ནུས་པའོ། །གསུམ་པ་ནི། མེ་ལྕེའི་ཕྲེང་བ་ཅན་ཞེས་བྱ་བས་ནི་ཟོས་པ་དང་འཐུངས་བ་ཐམས་ཅད་མེར་འབར་ནས་འཚིག་ལ། ལྗན་ལྗིན་ཟ་བ་ཞེས་བྱ་བས་ནི་བཤང་གཅི་ཟ་ཞིང་འཐུང་བ་དང་མི་གཙང་ཞིང་མནམ་ལ་དྲི་ང་བ་དང་གནོད་པ་དང་སྨད་པར་བྱ་བ་ཙམ་ལ་བཟའ་བཏུང་བྱེད་དོ། །ཁ་ཅིག་ནི་རང་གི་ཤ་ལ་བཅད་ཅིང་ཟ་ལ། གཙང་མ་དང་བཟང་པོའི་བཟའ་བཏུང་སྤྱོད་མི་ནུས་སོ། །གནས་ནི། རྒྱལ་པོའི་ཁབ་འཇམ་བུའི་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱས་བཅད་པ་ན་ཡོད་ཅིང༌། གཞན་ནི་དེ་ལས་འཕྲོས་པར་མཛོད་འགྲེལ་ལས་བཤད་དོ།

།ཚེ་ཚད་ནི་སའི་དངོས་གཞི་དང་མཛོད་ལས།
མི་རྣམས་ཀྱི་ཟླ་བ་གཅིག་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ་པར་གསུངས་ལ།

བཤེས་སྤྲིངས་ལས།
།བར་ཆད་མེད་པར་སྡུག་བསྔལ་བསྟེན་གྱུར་པ། །ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ནི།
།སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆིར་མི་འགྱུར།

ཞེས་གསུངས་ཏེ། ཡི་དྭགས་ཁ་ཅིག་གི་ཚེ་ཚད་ལོ་ལྔ་སྟོང་དང༌། ཁ་ཅིག་གི་ལོ་ཁྲི་ཡིན་པར་འགྲེལ་པར་བཤད་དོ། །ངན་སོང་གསུམ་ག་ལ་ལུས་ཀྱི་ཚད་ངེས་པ་མེད་དེ། མི་དགེ་བའི་དབང་གིས་ཆེ་ཆུང་སྣ་ཚོགས་སུ་སའི་དངོས་གཞིར་གསུངས་སོ། །དེ་ལྟར་ན་ངན་འགྲོའི་སྡུག་བསྔལ་དེ་རྣམས་བསམས་པ་ན། ད་ལྟ་མེ་མ་མུར་དུ་ལག་པ་བཅུག་ནས་ཞག་གཅིག་སྡོད་པ་དང༌། དགུན་ལྷགས་སྒང་ལ་འཁྱགས་སྦུབས་སུ་གོས་མེད་པར་དེ་ཙམ་དུ་སྡོད་པ་དང༌། ཞག་ཁ་ཡར་བཟའ་བཏུང་མེད་པ་དང༌། ལུས་ལ་སྦྲང་བུ་སོགས་ཀྱིས་སོ་བཏབ་པ་ཙམ་ཡང་བཟོད་དཀའ་ན། ཚ་དམྱལ། གྲང་དམྱལ། ཡི་དྭགས། དུད་འགྲོ་གཅིག་གིས་གཅིག་གསོན་པོར་མིད་པའི་སྡུག་བསྔལ་སོགས་བདག་གིས་ཇི་ལྟར་བཟོད་སྙམ་དུ། ད་ལྟར་གྱི་ཉམས་ལ་དཔགས་ནས་ཤིན་ཏུ་འཇིགས་ཤིང་སྐྲག་པའི་ཡིད་ཀྱི་འགྱུར་པ་མ་ཐོན་བར་དུ་བསྒོམ་པར་བྱའོ། །ད་ལྟ་རྟེན་བཟང་བས་དེ་ལྟར་བསམས་ན་སྔར་བསགས་སྦྱོང་བ་དང་ཕྱི་མ་ལ་འཇུག་པ་ཉུང་དུ་འགྲོ་ཞིང༌། དགེ་བ་སྔར་བསགས་འདུན་པ་དྲག་པོའི་སྨོན་ལམ་གྱིས་ཁ་བསྒྱུར་བས་མང་པོར་སྤེལ་བ་དང༌། གསར་དུ་འཇུག་པའི་སྒོ་དུ་མ་ཞིག་ལ་ཞུགས་པས་ཆོག་པས་ཉི་མ་རེ་རེ་ལ་ཡང་དལ་བ་དོན་ཅན་དུ་བྱར་ཡོད་ལ། ད་ལྟ་དེ་རྣམས་མ་བསམས་ན་ངན་འགྲོང་ལྷུང་བའི་ཚེ་འཇིགས་པ་དེ་དག་སྐྱོབ་པའི་སྐྱབས་བཙལ་ཡང་མི་རྙེད་ཅིང་དེའི་ཚེ་བྱ་བ་དང་བྱ་བ་མ་ཡིན་པའི་འདོར་ལེན་ལ་བློའི་མཐུ་མེད་པར་སྤྱོད་འཇུག་ལས་གསུངས་སོ།

གཉིས་པ་ལ་གཉིས། བསྟན་པ་ལ་འཇུག་པའི་སྒོ་དམ་པ་སྐྱབས་འགྲོ་སྦྱང་བ། བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ཡིད་ཆེས་ཀྱི་དད་པ་བསྐྱེད་པའོ། །དང་པོ་ལ་བཞི། གང་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་རྒྱུ། དེ་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་ཡུལ། ཅི་ཙམ་གྱིས་སྐྱབས་སུ་སོང་བའི་ཚུལ། སྐྱབས་སུ་སོང་ནས་བསླབ་བར་བྱ་བའི་རིམ་པའོ། །དང་པོ་ནི། སྦྱིར་རྒྱུ་མང་ཡང་འདིར་ནི་སྔར་བཤད་པ་ལྟར་ཚེ་འདིར་མི་སྡོད་པར་མྱུར་དུ་འཆི་བ་དང༌། ཤི་བའི་འོག་ཏུ་ཡང་གང་དུ་སྐྱེ་ལ་རང་དབང་མེད་ཅིང་ལས་ཀྱི་གཞན་དབང་ཅན་ཡིན་ལ།

སྤྱོད་འཇུག་ལས།
།ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར།
།དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང༌།
།དེ་ལྟས་དགེ་བ་ཉམ་ཆུང་ཉིད་ལ་རྟག །སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ།

ཞེས་གསུངས་པ་ལྟར་དཀར་པོའི་ལས་སྟོབས་ཆུང་ཞིང་ནག་པོའི་ལས་ཤིན་ཏུ་སྟོབས་ཆེ་བས་ངན་འགྲོར་ལྟུང་བའི་ཚུལ་བསམས་པས་ངན་འགྲོས་འཇིགས་ཤིང་དཀོན་མཆོག་ལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་པ་གཉིས་ཡིན་ནོ། །དེས་ན་དེ་གཉིས་ཚིག་ཙམ་དུ་སོང་ན་སྐྱབས་འགྲོ་ཡང་དེ་དང་འདྲ་ལ། དེ་གཉིས་ཤུགས་དྲག་ལ་བརྟན་པ་ཞིག་ཡོད་ན་སྐྱབས་འགྲོ་ཡང་ཡིད་འཁུལ་བ་ཞིག་འོང་བས་རྒྱུ་གཉིས་ལ་འབད་པར་བྱའོ།

གཉིས་པ་ལ་གཉིས། ཡུལ་ངོས་བཟུང་བ། དེ་སྐྱབས་སུ་འོས་པའི་རྒྱུ་མཚན་ནོ། །དང་པོ་ནི།

བསྟོད་པ་བརྒྱ་ལྔ་བཅུ་པ་ལས།
།གང་ཞིག་ལ་ནི་ཉེས་པ་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང༌།
།གང་ལ་རྣམ་པ་ཐམས་ཅད་དུ། །ཡོན་ཏན་ཐམས་ཅད་གནས་གྱུར་པ།
།གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང༌།
།དེ་བསྟོད་དེ་ནི་བཀུར་བ་དང༌། །དེ་ཡི་བསྟན་ལ་གནས་པའི་རིགས།

ཞེས་གསུངས་པ་ལྟར་སྐྱབས་དང་སྐྱབས་མ་ཡིན་པ་འབྱེད་པའི་བློ་ཞིག་ཡོད་ན་ནི། སླུ་བ་མེད་པའི་སྐྱབས་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་བར་རིགས་སོ། །དེས་ནི་ཆོས་དང་དགེ་འདུན་དཀོན་མཆོག་ཀྱང་མཚོན་པ་ཡིན་ཏེ།

སྐྱབས་འགྲོ་བདུན་ཅུ་པ་ལས།
།སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། ཞེས་སོ།

།གཉིས་པ་ནི། རང་ཉིད་འཇིགས་པ་ཐམས་ཅད་ལས་འགྲོལ། གཞན་འཇིགས་པ་ལས་སྒྲོལ་བའི་ཐབས་ལ་མཁས། ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག །ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་པ་ཞིག་སྐྱབས་སུ་འོས་ལ། དེ་ཡང་སངས་རྒྱས་ཁོ་ན་ལ་ཡོད་ཀྱི་དབང་ཕྱུག་སོགས་ལ་མེད་པས། དེ་ཉིད་སྐྱབས་ཡིན་ལ། དེའི་ཕྱིར་དེས་བསྟན་པའི་ཆོས་དང་ཉན་ཐོས་ཀྱི་དགེ་འདུན་ཡང་སྐྱབས་སུ་འོས་སོ། །དེས་ན་བསྡུ་བ་ནས་གསུངས་པ་འདི་རྣམས་ལ་ངེས་པ་དྲངས་ནས་རྩེ་གཅིག་པའི་བློ་ལྟོས་འཆའ་ནུས་ན་མི་སྐྱོབ་པ་མི་སྲིད་པས་སྙིང་ཐག་པ་ནས་ངེས་པ་བསྐྱེད་པར་བྱ་སྟེ། རང་སྐྱོབ་པ་ལ་རྒྱུ་གཉིས་ལས་ཕྱིའི་རྒྱུ་མ་ཚང་བ་མེད་པར་སྟོན་པས་བསྒྲུབས་ཟིན་ཀྱང་ནང་གི་རྒྱུ་བློ་བཀལ་ནས་སྐྱབས་སུ་འཛིན་པ་མ་བྱུང་བས་སྡུག་བསྔལ་བ་ཡིན་པའི་ཕྱིར་རོ།

གསུམ་པ་ལ་བཞི། ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་བླངས་པ། གཞན་དུ་མི་སྨྲ་བས་སྐྱབས་སུ་སོང་བའོ། །དང་པོ་ནི། སྐྱབས་ཀྱི་ཡོན་ཏན་དྲན་དགོས་པས་དེ་ལ་གསུམ། སངས་རྒྱས་ཀྱི་ཡོན་ཏན། ཆོས་དང༌། དགེ་འདུན་གྱི་ཡོན་ཏན་ནོ། །དང་པོ་ལ་བཞི། སྐུའི་ཡོན་ཏན། གསུང་གི་ཡོན་ཏན། ཐུགས་ཀྱི་ཡོན་ཏན། འཕྲིན་ལས་ཀྱི་ཡོན་ཏན་ནོ།

དང་པོ་ནི། སངས་རྒྱས་ཀྱི་མཚན་དང་དཔེ་བྱད་རྣམས་དྲན་པར་བྱེད་པ་སྟེ།

དཔེ་ལ་བསྟོད་པ་ལས།
།ཁྱོད་སྐུ་མཚན་གྱིས་སྤྲས་གྱུར་པ། །མཛེས་གྱུར་མིག་གི་བདུད་རྩི་ནི།
།སྤྲིན་མེད་སྟོན་གྱི་ནམ་མཁའ་ལ། །སྐར་མའི་ཚོགས་ཀྱིས་སྤྲས་པ་འདྲ།
།ཐུབ་པ་གསེར་གྱི་མདོག་ལྡན་པ། །ཆོས་གོས་ཀྱིས་གཡོགས་མཛེས་གྱུར་པ།
།གསེར་གྱི་རི་བོའི་རྩེ་མོ་ནི། །མཚམས་ཀྱི་སྤྲིན་གྱིས་དཀྲིས་པ་འདྲ།
།མགོན་ཁྱོད་རྒྱན་གྱིས་མ་བརྒྱན་ཀྱང༌། །ཞལ་གྱི་དཀྱིལ་འཁོར་མདངས་གང་ཡིན།
།ཟླ་བའི་དཀྱིལ་འཁོར་རྒྱས་གྱུར་པ། །སྤྲིན་དང་བྲལ་ལའང་དེ་མ་མཆིས།
།ཁྱོད་ཀྱི་ཞལ་གྱི་པདྨ་དང༌། །པདྨ་ཉི་མས་ཁ་བྱེ་བ།
།བུང་བས་མཐོང་ན་པདྨར་ནི། །ཐེ་ཚོམ་དཔྱང་ཐག་ལ་འཇུག་འགྱུར།
།ཁྱོད་ཞལ་གསེར་གྱི་མདོག་ལྡན་པར། །ཚེམས་དཀར་མཛེས་པར་གྱུར་པ་ནི།
།གསེར་གྱི་རི་གསེབ་སྟོན་ཀ་ཡི། །ཟླ་ཟེར་དྲི་མེད་ཞུགས་པ་འདྲ།
།མཆོད་འོས་ཁྱོད་ཀྱི་ཕྱག་གཡས་ནི། །འཁོར་ལོའི་མཚན་གྱིས་མཛེས་གྱུར་པ།
།འཁོར་བས་སྐྲག་པའི་མི་རྣམས་ལ། །ཕྱག་གིས་དབུགས་འབྱིན་མཛད་པ་ལགས།
།ཐུབ་ཁྱོད་གཤེགས་པར་གྱུར་པའི་ཚེ། །ཞབས་གཉིས་དཔལ་གྱི་པདྨ་འདྲས།
།ས་གཞི་འདི་ནི་བྲིས་གྱུར་པ། །པདྨ་ཅན་གྱིས་ཇི་ལྟར་མཛེས།

ཞེས་གསུངས་པ་ལྟར་དྲན་པར་བྱའོ།

།གཉིས་པ་ནི། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཡོད་ཀྱིས་དུས་གཅིག་ཏུ་དྲི་བ་མི་འདྲ་བ་རེ་རེ་ནས་དྲིས་ཀྱང་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱི་བཟུང་ནས། གསུང་གཅིག་གིས་དྲི་བ་ཐམས་ཅད་ཀྱི་ལན་མཛད་ཅིང༌། དེ་རྣམས་ཀྱིས་ཀྱང་རང་རང་གི་སྐད་དུ་གོ་བར་འགྱུར་བ་ཤིན་ཏུ་རྨད་དུ་བྱུང་བའི་ཚུལ་སེམས་པ་སྟེ།

བདེན་པ་པོའི་ལེའུ་ལས།
།འདི་ལྟར་སེམས་ཅན་ཀུན་གྱིས་ངེས་པའི་ཚིག །མང་པོ་དག་གིས་དུས་གཅིག་ཞུ་ཞུས་ན།
།སེམས་ཀྱི་སྐད་ཅིག་གཅིག་ལ་ཐུགས་ཆུད་ནས། །གསུང་དབྱངས་གཅིག་གིས་སོ་སོར་ལན་ཀྱང་འདེབས།
།དེ་ལྟ་བས་ན་འདྲེན་པ་འཇིག་རྟེན་ན། །ཚངས་པའི་སྒྲ་དབྱངས་གསུང་སྒྲོགས་མཁྱེན་པར་མཛོད།
།དེ་ནི་ལྷ་མིའི་སྡུག་བསྔལ་མཐར་འབྱིན་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་མཛད།

ཅེས་གསུངས་པའི་ཚུལ་གྱིས་སེམས་པའོ།

གསུམ་པ་ལ་གཉིས། མཁྱེན་པའི་ཡོན་ཏན། བརྩེ་བའི་ཡོན་ཏན་ནོ། །དང་པོ་ནི། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་ལ་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་མཁྱེན་པ་ཐོགས་པ་མི་མངའ་བར་འཇུག་པས། ཤེས་བྱ་མཐའ་དག་ལ་ཐུབ་པའི་མཁྱེན་པས་ཁྱབ་ཀྱི། དེ་ལས་གཞན་པ་རྣམས་ཀྱི་ནི་ཤེས་བྱ་རྒྱ་ཆེ་ལ། ཤེས་པ་རྒྱ་ཆུང་བས་མ་ཁྱབ་པ་ཡིན་ནོ།

།དེ་ཡང་བསྔགས་འོས་བསྔགས་བསྟོད་ལས།
།ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས། །ཤེས་བྱ་མཐའ་དག་ཁྱབ་ལགས་ཀྱི།
།ཁྱོད་ལས་གཞན་པ་ཐམས་ཅད་ཀྱི། །ཤེས་བྱ་ཁོ་ན་ལྷག་པ་ལགས།

ཞེས་དང༌།

།བཅོམ་ལྡན་དུས་ཀུན་གཏོགས་པའི་ཆོས། །རྣམ་ཀུན་འབྱུང་གནས་ཐམས་ཅད་ནི།
།ལག་མཐིལ་སྐྱུ་རུ་ར་ལྟ་བུར། །ཁྱོད་ཀྱི་ཐུགས་ཀྱི་སྤྱོད་ཡུལ་གྱུར།
།ཆོས་རྣམས་གཡོ་དང་མི་གཡོར་བཅས། །གཅིག་དང་སྣ་ཚོགས་སོ་སོ་ལ།
།མཁའ་ལ་རླུང་དག་རྒྱུ་བ་བཞིན། །ཁྱོད་ཀྱི་ཐུགས་དག་ཐོགས་མི་མངའ།

ཞེས་གསུངས་པ་ལྟར་བསམ་པའོ།

།གཉིས་པ་ནི། སེམས་ཅན་རྣམས་ཉོན་མོངས་པས་རང་དབང་མེད་པར་བཅིངས་པ་བཞིན་དུ་ཐུབ་པ་ཡང་སྙིང་རྗེ་ཆེན་པོས་རང་དབང་མེད་པར་བཅིངས་བས་འགྲོ་བ་རྣམས་སྡུག་བསྔལ་བ་གཟིགས་པ་ན་ཐུགས་རྗེ་ཆེན་པོ་རྒྱུན་ཆད་མེད་པར་སྐྱེ་སྟེ།

བརྒྱ་ལྔ་བཅུ་པ་ལས།
།འགྲོ་བ་འདི་དག་ཐམས་ཅད་ནི། །ཁྱད་མེད་ཉོན་མོངས་རྣམས་ཀྱིས་བཅིངས།
།ཁྱོད་ནི་འགྲོ་བའི་ཉོན་མོངས་དག །དགྲོལ་སླད་ཡུན་རིང་ཐུགས་རྗེས་བསྡམས།
།དང་པོར་ཁྱོད་ལ་ཕྱག་བགྱི་འམ། །འོན་ཏེ་གང་གིས་འཁོར་བར་ཁྱོད།
།སྐྱོན་མཁྱེན་ཡུན་རིང་དེ་ལྟ་བུར། །བཞུགས་མཛད་ཐུགས་རྗེ་ཆེ་ལ་བགྱི།

ཞེས་དང༌། བདེན་པ་པོའི་ལེའུ་ལས་ཀྱང༌།
།གཏི་མུག་མུན་པ་མུན་ནག་གིས་རྟག་ཏུ། །སེམས་ནི་བསྒྲིབས་པར་གྱུར་པའི་སྐྱེ་དགུ་དང༌།
།འཁོར་བའི་བཙོན་རར་ཆུད་པར་རྣམ་གཟིགས་ན། །དྲང་སྲོང་དམ་པ་དེ་ནི་ཐུགས་རྗེ་སྐྱེ།

ཞེས་གསུངས་པ་ལྟར་དྲན་པར་བྱའོ།

།བཞི་པ་ནི། སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་འཆད་པ་གཉིས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་མཛད་པའོ། །དེ་ཡང་གདུལ་བྱའི་ངོས་ནས་བཀྲིར་རུང་ན་ཐུབ་པས་གདུལ་བྱ་དེ་ཕུན་ཚོགས་དང་མ་སྤྲད་པ་དང་རྒུད་པ་ལས་མ་དྲངས་པ་མེད་པས། བགྱི་བར་འོས་པ་ཐམས་ཅད་ངེས་པར་མཛད་པར་གསུངས་སོ། །

པོ་ཏོ་བའི་ཞལ་ནས། ཡང་ཡང་བསམས་ན་ཡིད་ཇེ་ཆེས་དང་རྒྱུད་ཇེ་དག་ཏུ་སོང་ནས་བྱིན་རླབས་འབྱུང༌། དེ་ལ་ངེས་ཤེས་རྙེད་པས་སྙིང་ཐག་པ་ནས་སྐྱབས་སུ་སོང་སྟེ་དེའི་བསླབ་བྱ་ལ་སློབ་ཙམ་ན་ཅི་བྱས་ཐམས་ཅད་སངས་རྒྱས་ཀྱི་ཆོས་བྱ་བ་ཞིག་ཏུ་འགྱུར་བ་ཡིན་ཏེ། འོ་སྐོལ་སངས་རྒྱས་ཀྱི་མཁྱེན་པ་ལ་མོ་མ་རྣོ་ཤོས་ཙམ་དུ་ཡང་མི་རྩི་གསུང་ངོ༌། །མོ་མ་རྣོ་ཤོས་གཅིག་གིས་ད་ལོ་ཁྱོད་ལ་རྩུབ་ཆགས་མེད། ང་ཤེས་ཟེར་ན་བདེ་འབོལ་གྱིས་འགྲོ། དེ་ན་རེད། ད༌ལོ་ཆགས་ཆེ་འདི་ཙུག་གྱིས་འདི་མ་བྱེད་ཟེར་ན་འབད་ནས་སྒྲུབ། མ་གྲུབ་ན་འདི་སྐད་ཟེར་བ་ངས་མ་གྲུབ་སྙམ་ནས་བློ་མི་བདེ་པ་བྱེད། སངས་རྒྱས་ཀྱིས་འདི་དང་འདི་གྱིས་འདི་དང་འདི་བསྒྲུབ་པོ་ཞེས་བཅས་པ་ལ་བློ་འགེལ་ལམ། མ་གྲུབ་ན་བློ་མི་བདེ་པ་འོང་ངམ། ཆོས་ནས་དེ་སྐད་བཤད་དེ་ད་ལྟ་ཡུལ་དུས་ཀྱིས་དེ་ཙུག་མི་བཏུབ་འདི་ཙུག་བྱེད་དགོས་ཟེར་ནས། སངས་རྒྱས་ཀྱི་གསུང་རས་སུ་བོར་ནས་རང་ཤེས་ཤིག་གི་ཐོག་ཏུ་འགྲོ་བ་ཡིན་གསུང་སྟེ། མ་བརྟགས་ཉམས་དགའ་བ་ཚིག་ཙམ་ལ་འཁྲུལ་བ་མིན་པ་ཡིད་ནང་དུ་ལོག་ནས་ཞིབ་ཏུ་བརྟགས་ན་ཤིན་ཏུ་མད་པར་སྣང་ངོ༌། །དེས་ན་སངས་རྒྱས་ཀྱི་ཡོན་ཏན་ཡང་ཡང་བསམས་ལ་སྙིང་ཐག་པ་ནས་ངེས་པ་ཅི་འདྲོངས་ལ་འབད་དེ། དེ་བྱུང་ན་དེ་གང་ལས་བྱུང་བའི་ཆོས་དང་ཆོས་དེ་སྒྲུབ་པའི་དགེ་འདུན་ལ་ཡང་ངེས་པ་དེ་དང་འདྲ་བ་རེ་འོང་བས་སྐྱབས་འགྲོ་གནད་དུ་འགྲོ་ལ། དེ་མིན་ན་ནི་ལམ་གཞན་ལྟ་ཞོག་སྐྱབས་སུ་འགྲོ་བ་ཡིད་འཁུལ་བ་འོང་ས་མེད་དོ།

།གཉིས་པ་ནི། སངས་རྒྱས་ལ་གུས་པ་རྒྱུ་མཚན་དུ་བྱས་ཏེ། སངས་རྒྱས་ཡོན་ཏན་མཐའ་ཡས་པ་ཅན་འདི་ནི་ལུང་རྟོགས་ཀྱི་ཆོས་འགོག་པ་དང་ལམ་གྱི་བདེན་པ་སྐྱོན་སྤང་པ་དང་ཡོན་ཏན་སྒྲུབ་པའི་བདག་ཉིད་ཅན་མངོན་དུ་བྱས་པ་དང་བསྒོམས་པ་ལས་བྱུང་པའོ་སྙམ་དུ་དྲན་པར་བྱས་ཏེ། ཆོས་ཡང་དག་པར་སྡུད་པའི་དོན་ནོ།

།གསུམ་པ་ནི། གཙོ་བོ་འཕགས་པའི་གང་ཟག་རྣམས་ཡིན་ལ། དེ་ཡང་ཆོས་ཀྱི་ཡོན་ཏན་དྲན་ཏེ་དེ་ཚུལ་བཞིན་དུ་སྒྲུབ་པའི་སྒོ་ནས་དྲན་པར་བྱེད་དེ། ཆོས་ཡང་དག་པར་སྡུད་པའི་དོན་ནོ།

།གཉིས་པ་ནི། བསྡུ་བ་ནས་འབྱུང་བ་ལྟར་དཀོན་མཆོག་གསུམ་ནང་ཕན་ཚུན་གྱི་ཁྱད་པར་ཤེས་ནས་སྐྱབས་སུ་འགྲོ་བའོ།

།གསུམ་པ་ནི། སངས་རྒྱས་ལ་སྐྱབས་སྟོན་པ་དང་། ཆོས་མྱང་འདས་ལ་སྐྱབས་དངོས་དང༌། དགེ་འདུན་ལ་སྐྱབས་སྒྲུབ་པའི་གྲོགས་སུ་བཟུང་བའི་སྒོ་ནས་སྐྱབས་སུ་འགྲོ་པ་སྟེ་འདུལ་བ་རྒྱ་ཆེར་འགྲེལ་ལས་འབྱུང་བ་ལྟར་རོ།

།བཞི་པ་ནི། ནང་པ་དང་ཕྱི་པའི་སྟོན་པ་དང་། བསྟན་པ་དང་དེ་ལ་སློབ་པ་རྣམས་ཀྱི་མཆོག་དམན་ཤེས་ནས་དཀོན་མཆོག་གསུམ་ཁོ་ན་ལ་སྐྱབས་སུ་འཛིན་གྱི། དེ་དག་དང་མི་མཐུན་པའི་སྟོན་པ་སོགས་ལ་སྐྱབས་སུ་མི་འཛིན་པའོ། །དེ་གཉིས་ཀྱི་ཁྱད་པར་ལ་སྟོན་པའི་ཁྱད་པར་ནི། སངས་རྒྱས་ནི་སྐྱོན་མེད་ཅིང་ཡོན་ཏན་རྫོགས་ལ། གཞན་གྱི་སྟོན་པ་ནི་དེ་ལས་བཟློག་པ་སྟེ།

ཁྱད་པར་འཕགས་བསྟོད་ལས།
།བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱོད་ལ་བདག་སྐྱབས་མཆི།
།དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན།

ཞེས་དང༌།
།མུ་སྟེགས་གཞན་གྱི་གཞུང་ལུགས་ལ། །ཇི་ལྟ་ཇི་ལྟར་རྣམ་བསམས་པ།
།དེ་ལྟ་དེ་ལྟར་མགོན་ཁྱོད་ལ། །བདག་གི་སེམས་འདི་དད་པར་གྱུར།
།དེ་ལྟར་ཐམས་ཅད་མཁྱེན་མིན་པའི། །གྲུབ་མཐའི་སྐྱོན་གྱིས་བརླག་སེམས་ལྡན།
།བསམ་བརླག་རྣམས་ཀྱིས་སྐྱོན་མེད་པའི། །སྟོན་པ་ཁྱོད་ཀྱང་མི་མཐོང་ངོ༌།

།ཞེས་གསུངས་པ་ལྟར་རོ། །བཞི་པ་ལ་གཉིས། སོ་སོའི་བསླབ་བྱ། ཐུན་མོང་གི་བསླབ་བྱའོ། །དང་པོ་ལ་གཉིས། དགག་པ་དང༌། སྒྲུབ་པའི་བསླབ་བྱའོ།

།དང་པོ་ནི། མྱང་འདས་ལས།
གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ།
།ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ།
།དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གསོད་པའི་སེམས་དང་བྲལ།
།དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་པ་མིན།

ཞེས་གསུངས་པ་ལྟར་ལྷ་གཞན་ལ་སྐྱབས་སུ་མི་འགྲོ་བ་དང༌། སེམས་ཅན་ལ་གནོད་འཚེ་སྤོང་བ་དང༌། མུ་སྟེགས་ཅན་དང་མི་འགྲོགས་པ་གསུམ་མོ། །དེ་ལ་དང་པོ་ནི། འཇིག་རྟེན་པའི་ལྷ་དྲག་པོ་དང་ཁྱབ་འཇུག་སོགས་ལའང་ཕུགས་ཀྱི་སྐྱབས་སུ་མི་འཛིན་ན། ཡི་དྭགས་སུ་གྱུར་པའི་གཞི་བདག་དང་ཀླུ་ལ་ལྟ་ཅི་སྨོས། དེ་ཡང་སྐྱབས་གསུམ་ལ་ཡིད་མ་ཆེས་ནས་དེ་དག་ལ་བློ་འགེལ་ན་མི་རུང་བ་ཡིན་གྱི། དེ་དག་ལ་འཕྲལ་གྱི་ཆོས་ལྡན་གྱི་བྱ་བ་འགའ་ཞིག་གི་གྲོགས་འཚོལ་བ་མི་རུང་བ་མིན་ནོ། །དཔེར་ན་སྦྱིན་བདག་ལ་འཚོ་བའི་གྲོགས་འཚོལ་བ་དང༌། སྨན་པ་ལ་ནད་གསོལ་བའི་རེ་ལྟོས་འཆའ་བ་བཞིན་ནོ།

།གཉིས་པ་ནི་མི་དང་དུད་འགྲོ་སོགས་ལ་རྡེག་པ་འཆིང་བ་གོ་རར་གཞུག་པ། སྣ་འབུགས་པ་མི་ཐེག་བཞིན་དུ་འགེལ་བ་སོགས་བསམ་པ་དང་སྦྱོར་བས་གནོད་འཚེ་སྤོང་པའོ།

།གསུམ་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་ཡིད་མི་ཆེས་ཤིང་སྐུར་བར་བྱེད་པ་རྣམས་དང་མཐུན་པར་མི་བྱེད་པའོ།

།གཉིས་པ་ནི། སངས་རྒྱས་ཀྱི་སྐུ་གཟུགས་རི་མོར་བྲིས་པ་ལེགས་ཉེས་ཅི་འདྲ་ཞིག་ལའང་དཔྱས་མི་གདགས་ཤིང་འོ་བརྒྱལ་སར་མི་གཞག །གཏའ་མར་འཇོག་པ་སོགས་མི་གུས་པ་དང་བརྙས་ཐབས་སྤངས་ནས། སྟོན་པ་ལྟར་བཀུར་བའི་ཞིང་དུ་བཟུང་སྟེ།

བཤེས་སྤྲིངས་ལས།
།ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང༌། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། ཅེས་གསུངས་སོ།

།ལུང་རྣམ་འབྱེད་ལས།
ཤེད་བུ་སེར་སྐྱས་སློབ་པ་དང་མི་སློབ་པའི་དགེ་འདུན་རྣམས་ལ་གླང་པོའི་མགོ་ཅན་ཁྱོད་ཀྱིས་ཆོས་སམ་ཆོས་མ་ཡིན་པ་ཅི་ཤེས། ཞེས་པ་སོགས་ངན་སྨྲས་མི་འདྲ་བ་བཅོ་བརྒྱད་བྱས་པས། མགོ་བརྙན་མི་འདྲ་བ་བཅོ་བརྒྱད་ཡོད་པའི་ཆུ་སྲིན་ཉའི་རིགས་སུ་སྐྱེས་ཏེ། སྟོན་པ་འོད་སྲུངས་ཀྱི་དུས་ནས་ཤཱཀྱའི་རྒྱལ་པོའི་བར་དུ་དུད་འགྲོར་བསྡད་པར་གསུངས་པ་དང༌།

ལུང་ཕྲན་ཚེགས་ལས།
སྟོན་པ་འཁོར་བ་འཇིག་མྱ་ངན་ལས་འདས་རྗེས་སུ། རྒྱལ་པོ་མཛེས་ལྡན་གྱིས་མཆོད་རྟེན་ཆེན་པོ་ཞིག་བྱེད་དུ་བཅུག་པ་ན་གླ་མི་ཞིག་གིས་འདི་ལྟ་བུའི་མཆོད་རྟེན་ཆེན་པོ་ནམ་ཟིན་པར་འགྱུར་མ་ཤེས་སོ། ཞེས་ལན་གཉིས་སུ་འཕྱས་པ་ལ། ཕྱིས་ལེགས་པར་ཟིན་པ་ན་འགྱོད་དེ། གླ་རྔན་གྱིས་གསེར་གྱི་དྲིལ་བུ་བྱེད་དུ་བཅུག་སྟེ་མཆོད་རྟེན་ལ་བཏགས་པས། མདོག་ངན་ཞིང་ལུས་ཆུང་ལ་སྐད་སྙན་པའི་སྙན་པ་བཟང་ལྡན་དུ་སྐྱེད་པར་གསུངས་པས། སྐུ་གཟུགས་ལ་འདི་ནི་འདི་འདྲའོ། ཞེས་མི་སྨྲ་ཞིང་སྐུ་གཟུགས་རྒྱུ་བཟང་པོ་དང་ཆེན་པོ་སྒྲུབ་པ་ལ་འཕྱ་བ་དང༌། དེ་ལས་ལྡོག་པའི་ཁ་གཏོགས་སོགས་བྱར་མི་རུང་ངོ༌།

།རྣལ་འབྱོར་པ་ཆེན་པོས་ཇོ་བོ་ལ་འཇམ་དབྱངས་ཀྱི་སྐུ་ཞིག་གཟིགས་སུ་ཕུལ་ནས་འདི་ལེགས་ཉེས་ཅི་འདྲ། ལེགས་ན་རོང་པ་འགར་དགེས་བྱིན་པའི་གསེར་ཞོ་བཞིན་བྱིན་ནས་ལེན་པ་ལགས་ཞུས་པས། ཇོ་བོའི་ཞལ་ནས་རྗེ་བཙུན་གྱི་སྐུ་ལ་མི་ལེགས་པ་མེད་ལྷ་བཟོ་ནི་འབྲིང་གསུང་ནས་སྤྱི་བོར་བཞག །བཟོ་ཟིན་པ་ཀུན་ལའང་དེ་ལྟར་མཛད་སྐད། ཆོས་ཚིག་བཞི་པ་ཞིག་ཡན་ཆད་ལ་ཡང་མ་གུས་པ་སྤང་ཞིང་། གླེགས་བམ་གཏའ་མར་འཇོག་པ། ཟོང་དུ་བྱེད་པ། ས་སྒྲེ་བོ་དང་འོ་བརྒྱལ་སར་འཇོག་པ། ལྷམ་དང་སྦྲགས་ཏེ་འཁུར་བ་དང་འགོམ་ཡུགས་སོགས་སྤངས་ཏེ་ཆོས་དཀོན་མཆོག་ལྟར་གུས་པར་བྱེད་དོ། །དགེ་བཤེས་སྤྱན་སྔ་པ་གསུང་རབ་གདན་དྲངས་པ་མཐོང་བ་ན་ཐལ་མོ་སྦྱར་ནས་ལྡང༌། ཕྱིས་ལྡང་མ་ནུས་པ་ན་ཐལ་མོ་སྦྱོར་སྐད། ཇོ་བོ་མངའ་རིས་སུ་བྱོན་པ་ན་སྔགས་པ་ཞིག་ཁོང་ལ་ཆོས་མི་ཉན་པ་ལ། ཡིག་མཁན་ཞིག་གིས་སོ་དྲིག་གིས་ཆོས་ལ་སྐུད་པ་གཟིགས་ནས་ཇོ་བོས་མ་བཟོད་པར་ཨ་ཙ་མ་མི་རུང་མི་རུང་གསུངས་པས་སྔགས་པ་དེ་དད་དེ་ཆོས་ཉན་སྐད། ཤ་ར་བའི་ཞལ་ནས། རང་ཅག་ཆོས་ལ་རྩེད་མོ་ཅི་ཡང་བྱེད་པར་འདུག་སྟེ། ཆོས་དང་ཆོས་སྨྲ་བ་ལ་མ་གུས་པ་ཤེས་རབ་འཆལ་བའི་རྒྱུ་ཡིན། རྨོངས་པ་ད་ལྟའི་འདིས་ཆོག་འདི་ལས་རྨོངས་པ་ན་ཅི་བཏུབ་གསུང་ངོ༌། །དགེ་འདུན་ནམ་རབ་བྱུང་གི་རྟགས་ཙམ་འཛིན་པ་ལ་ཡང་མི་གཤེ་ཞིང་མི་བརྙས་པ་དང༌། ཁྱེད་དང་ངེད་ཀྱི་ཚོ་ཞེས་རིས་སུ་བཅད་ནས་དགྲར་ལྟ་བ་རྣམ་པ་ཐམས་ཅད་དུ་མི་བྱ་བར་དགེ་འདུན་དཀོན་མཆོག་ལྟར་གུས་པར་བྱེད་དེ།

ལྷག་བསམ་བསྐུལ་བ་ལས།
།ཡོན་ཏན་འདོད་པ་ནགས་ན་གནས་པ་ཡིས། །ཕ་རོལ་དག་གི་སྐྱོན་ལ་བརྟག་མི་བྱ།
།བདག་ནི་ཁྱད་པར་འཕགས་ཤིང་བདག་མཆོག་ཅེས། །དེ་སྙམ་དུ་ནི་སེམས་བསྐྱེད་མི་བྱ་འོ།
།རྒྱགས་འདི་བག་མེད་ཀུན་གྱི་རྩ་བ་སྟེ། །དགེ་སློང་དམན་ལ་བརྙས་པར་ཡོང་མི་བྱ།
།བསྐལ་པ་གཅིག་གིས་ཐར་པ་ཐོབ་མི་འགྱུར། །འདི་ནི་བསྟན་པ་འདི་ལ་གོ་རིམ་ཡིན།

ཞེས་སོ། །དགེ་བཤེས་སྟོན་པ་དང་རྣལ་འབྱོར་པ་ཆེན་པོས་ལྷན་པ་སེར་པོ་རེ་འགོམ་པའི་སར་ཡོད་པ་ཡང་མི་འགོམ་པར་སྦྲུགས་ནས་གཙང་སར་སྐྱེལ་བའི་ཕྱག་ལེན་ལྟར་བསླབ་སྟེ། རང་ཉིད་དཀོན་མཆོག་ལ་གུས་པ་དེ་ཙམ་དུ་འགྲོ་བ་རྣམས་ཀྱང་རང་ལ་ཆེས་ཆེར་གུས་པར་འགྱུར་བའི་ཕྱིར་ཏེ།

ཏིང་འཛིན་རྒྱལ་པོ་ལས།
།ཅི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་ཐོབ་པར་འགྱུར། ཞེས་སོ།

།གཉིས་པ་ལ་དྲུག །དཀོན་མཆོག་གསུམ་གྱི་ཁྱད་པར་དང་ཡོན་ཏན་རྗེས་སུ་དྲན་པས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ། བཀའ་དྲིན་ཆེན་པོ་རྗེས་སུ་དྲན་པས་དུས་རྟག་ཏུ་མཆོད་པ་ལ་བརྩོན་ཞིང་བཟའ་བ་དང་བཅའ་བའི་ཕུད་ཀྱང་དབུལ་བ། སྙིང་རྗེ་ཆེན་པོ་རྗེས་སུ་དྲན་པས་འགྲོ་བ་གཞན་ཡང་ཚུལ་འདི་ལྟ་བུ་ལ་འགོད་པ། བྱ་བ་གང་བྱེད་པ་དང་དགོས་པ་ཅི་ཡོད་པ་ན་དཀོན་མཆོག་གསུམ་ལ་མཆོད་ནས་གསོལ་བ་འདེབས་ཤིང་འཇིག་རྟེན་པའི་ཐབས་གཞན་སྦོང་བ། ཕན་ཡོན་ཤེས་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སྐྱབས་སུ་འགྲོ་བ། དཀོན་མཆོག་གསུམ་སྲོག་གམ་བཞད་གད་ཀྱི་ཕྱིར་ཡང་མི་གཏོང་ཞིང་སྲུང་བའོ། །དང་པོ་ནི། སྔར་བཤད་པ་ལྟར་ཕྱི་ནང་དང་དཀོན་མཆོག་གསུམ་ནང་ཕན་ཚུན་གྱི་ཁྱད་པར་དང་དེ་དག་གི་ཡོན་ཏན་ཡང་ཡང་སེམས་པའོ། །གཉིས་པ་ནི། རང་ལ་བདེ་ལེགས་གང་བྱུང་ཐམས་ཅད་དཀོན་མཆོག་གི་དྲིན་དུ་ཤེས་པར་བྱས་ལ་བྱས་པ་གཟོ་བའི་བསམ་པས་མཆོད་པར་བྱའོ། །བཟའ་བཏུང་རྒྱུན་དུ་བྱ་དགོས་པས་དེའི་ཚེ་དེ་དག་གི་ཕུད་ཀྱིས་མཆོད་པ་མ་ཆག་ནའང་ཚོགས་མང་པོ་ཚེགས་ཆུང་བས་རྫོགས་པས་ཆུ་ཡན་ཆད་གང་ལ་ལོངས་སྤྱོད་པའི་ཕུད་ཀྱིས་ཀྱང་སྙིང་ཐག་པ་ནས་མཆོད་པར་བྱའོ། །དེ་ཡང་ཤ་ར་བའི་ཞལ་ནས། ཐུད་ཀྱི་སྔོ་ས་དང་ལོ་མའི་སེར་ས་ལྟ་བུ་ནས་མ་ཡིན་གྱི་གང་བཟང་བ་ནས་བྱ་དགོས་ལ། ཇ་ཕུད་སུན་རེ་ལ་འབུལ་བ་ཀུན་གྱིས་ཀྱང་རྡུལ་སེལ་བ་འདྲ་བ་རེས་མི་འོང་ཞེས་གསུང་ངོ༌། །དཔེར་ན་ཞིང་ས་གཤིན་པ་ཞིག་ལ་ས་བོན་འདེབས་དུས་སུ་མ་བཏབ་པར་ལུས་པ་འདྲ་ན་དེ་འཇོག་མི་ཕོད་པ་ལྟར། འདི་ཕྱིའི་བདེ་ལེགས་ཐམས་ཅད་འབྱུང་བའི་ཞིང་ས་དམ་པ་དུས་བཞི་ཐམས་ཅད་དུ་རྒྱུན་ཆད་མེད་པར་བདེ་ལེགས་ཀྱི་ས་བོན་བཏབ་པས་ཆོག་པ་འདི་ལ་ཡང་དད་པའི་གཤོལ་གྱིས་བསོད་ནམས་ཀྱི་ཞིང་རྨེད་པར་གྱུར་ཅིག་ཅས་མདོ་ལས་གསུངས་པ་ལྟར་བྱ་རྒྱུ་མ་བྱུང་ན་ཆེས་ཤིན་ཏུ་ཕངས་པས། ཞིང་གི་མཆོག་ལ་ཐ་མལ་པའི་ཞིང་གི་མཐོང་ཙམ་ཡང་མེད་པ་འདི་འོ་སྐོལ་སྟངས་བཟང་བར་མི་འདུག་པས་དཀོན་མཆོག་མཆོད་པ་ལ་དུས་ཐམས་ཅད་དུ་བརྩོན་པར་བྱའོ། །

དེ་ལྟར་བྱས་ན་ཞིང་དམ་པ་ལ་དགེ་རྩ་བསྐྲུན་པའི་མཐུ་ལས་ལམ་གྱི་རིམ་པ་རྣམས་ལ་བློའི་མཐུ་ཇེ་རྒྱས་སུ་འགྲོ་བས་མཉན་ན་ཚིག་མི་ཟིན། བསམས་ན་དོན་མི་གོ །བསྒོམས་ན་རྒྱུད་ལ་མི་སྐྱེ་བའི་བློ་མཐུ་ཤིན་ཏུ་ཆུང་བའི་དུས་སུ་ཞིང་གི་མཐུ་ལ་བརྟེན་པ་ནི་མན་ངག་ཡིན་ནོ། །མཆོད་པ་ཡང་དངོས་པོ་ལ་མ་འཐོགས་རང་གི་དད་པ་ལ་འཐོགས་པ་ཡིན་གསུང་བ་ལྟར་དད་པ་ཡོད་ན་མཎྜལ་དང་ཆུ་དང་བློས་མ་བཟུང་བའི་མཆོད་པ་སོགས་ཀྱིས་མཆོད་པས་ཆོག་པས་ཟང་ཟིང་མེད་ཀྱང་དེ་ལྟར་བྱ། ཡོད་བཞིན་དུ་གཏོང་མི་ནུས་པར། བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། ཞེས་ཟེར་བ་ནི། པོ་ཏོ་བའི་ཞལ་ནས། དུང་ཕོར་དྲི་མ་ཅན་ཅིག་ཏུ་སྤང་སྤོས་རེ་བཏབ་ནས། ཙན་དན་ག་པུར་སྤོས་ཀྱི་ཆུ། ཞེས་དམུས་ལོང་གིས་མིག་ལྡན་ལ་མགོ་སྐོར་བྱེད་གསུང་བ་དང་འདྲའོ། །ཕུ་ཆུང་བའི་ཞལ་ནས་ངས་དང་པོ་སྤང་སྤོས་སྣ་ཚ་ཏིང་ངེ་བ་ཕུལ། དེ་ནས་རེང་བུ་བཞི་སྦྱོར་མངར་སིང་བ་དབུལ་རྒྱུ་བྱུང༌། ད་ལྟ་ཨ་ཀ་རུ་དང་དུ་རུ་ཀ་སོགས་དྲི་བསུང་ཆིང་ངེ་བ་འབུལ་གསུང་བ་ལྟར་མཆོད་པ་ཆུང་ངུ་ལ་བརྙས་ནས་མ་ཕུལ་ན་ཚེ་རངས་པོ་དེ་འདྲ་ཞིག་ཏུ་འགྲོ་ལ། ཆུང་རིམ་ནས་ནན་ཏན་བསྐྱེད་ན་ཇེ་བཟང་དུ་འགྲོ་བས་ཁོང་གི་ཕྱག་ལེན་ལྟར་བསླབ་སྟེ། ཁོང་གིས་རེས་གཅིག་ལ་གསེར་སྲང་ཉི་ཤུ་རྩ་གཉིས་ཀྱི་སྤོས་སྦྱར་སྐད། ཡོ་བྱད་ལ་དབང་ཐོབ་པའི་སེམས་དཔའ་ཆེན་པོ་རྣམས་ཀྱིས་ལུས་འབུམ་ཕྲག་དུ་མར་སྤྲུལ་པ་དང༌། ལུས་རེ་རེ་ལ་ཡང་ལག་པ་བརྒྱ་སྟོང་ལ་སོགས་པར་སྤྲུལ་ཏེ་ཞིང་ཐམས་ཅད་དུ་བྱོན་ནས་རྒྱལ་བ་རྣམས་ལ་བསྐལ་པ་དུ་མར་མཆོད་པ་མཛད་ན། ཡོན་ཏན་ལྟར་སྣང་རེས་ཆོག་ཤེས་པ་དག་ཁོ་བོ་ནི་དེ་ལྟ་བུ་ལ་བྱང་ཆུབ་མི་རེ་ཞེས་སྨྲ་བ་ནི་ཆོས་རྒྱུས་ཤིན་ཏུ་ཆུང་བའི་ཅལ་ཅོལ་ལོ།

།དཀོན་མཆོག་སྤྲིན་ལས།
མདོ་སྡེ་རྣམས་ལས་མཆོད་པ་དང་རིམ་གྲོ་བྱ་བ་རྒྱ་ཆེན་པོ་གང་ཡིན་པ་དེ་ལྟ་བུ་དག་མཉན་ཅིང་། དེ་དག་སྙིང་ཐག་པ་ནས་ལྷག་པའི་བསམ་པ་མཆོག་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བསྔོའོ། ཞེས་གསུངས་པ་ལྟར་བྱའོ།

།གསུམ་པ་ནི། སེམས་ཅན་གཞན་ཡང་ཅི་ནུས་ཀྱིས་སྐྱབས་སུ་འགྲོ་བ་ལ་བརྩེ་བས་འགོད་པའོ།

།བཞི་པ་ནི། བྱ་བ་ཅི་འདྲ་ཞིག་བྱེད་པ་དང་དགོས་པ་ཅི་འདྲ་བ་ཞིག་མཐོང་ཡང་དཀོན་མཆོག་གསུམ་ལ་བརྟེན་པ་དང༌། དེ་དག་དང་རྗེས་སུ་མཐུན་པའི་དཀོན་མཆོག་མཆོད་པ་སོགས་བྱ་ཡི། དེ་དག་དང་མི་མཐུན་པའི་བོན་ལ་སོགས་པ་ལ་རྣམ་པ་ཐམས་ཅད་དུ་བརྟེན་དུ་མི་རུང་བས་དུས་ཐམས་ཅད་དུ་དཀོན་མཆོག་ལ་བློ་ཁེལ་བར་བྱའོ།

།ལྔ་པ་ལ་བརྒྱད། ནང་པ་སངས་རྒྱས་པར་ཚུད་པ། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ། སྔོན་བསགས་པའི་ལས་སྒྲིབ་རྣམས་བསྲབས་ཤིང་ཟད་པར་འགྱུར་བ། བསོད་ནམས་རྒྱ་ཆེན་པོ་གསོག་པ། ངན་འགྲོར་མི་ལྟུང་བ། མི་དང་མི་མ་ཡིན་གྱི་བར་ཆད་ཀྱིས་མི་ཚུགས་པ། ཅི་བསམས་པ་ཐམས་ཅད་འགྲུབ་པ། མྱུར་དུ་འཚང་རྒྱ་བའོ། །དང་པོ་ནི། སྤྱིར་ཕྱི་ནང་ལ་འཇོག་ཚུལ་མང་དུ་སྣང་ནའང་ཇོ་བོ་དང་ཤཱནྟི་པ་སྐྱབས་འགྲོས་འབྱེད་པར་གྲགས་པས་སྐྱབས་འགྲོ་ཐོབ་ལ་མ་བཏང་བ་ལ་བྱའོ། །དེས་ན་ཐོག་མར་སངས་རྒྱས་པར་ཚུད་པ་ལ་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྟོན་པ་ལ་སོགས་པར་འཛིན་པ་དགོས་ཀྱི་དེ་མེད་ན་དགེ་བ་གང་བྱས་ཀྱང་སངས་རྒྱས་པར་མི་ཚུད་དོ།

།གཉིས་པ་ནི། མཛོད་འགྲེལ་ལས།
སྐྱབས་སུ་འགྲོ་བ་རྣམས་ནི་སྡོམ་པ་ཡང་དག་པར་བླང་བ་ཐམས་ཅད་ལ་སྒོར་གྱུར་པ་ཡིན་ནོ།

ཞེས་དང༌།
སྐྱབས་འགྲོ་བདུན་ཅུ་པ་ལས་ཀྱང༌།
།དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན།

ཞེས་གསུངས་ཏེ་སྐྱབས་འགྲོས་མྱང་འདས་ཀྱི་བསམ་པ་བརྟན་པར་བྱེད་ཅིང་དེ་ལས་སྡོམ་པ་སྐྱེ་བ་ལ་དགོངས་སོ། །གསུམ་པ་ནི། བསླབ་བཏུས་སུ་སྐྱབས་འགྲོས་སྡིག་པ་འདག་པར་སྟོན་པའི་སྐབས་སུ་འདིར་ཕག་གི་རྟོགས་བརྗོད་དཔེར་བྱའོ། ཞེས་གསུངས་པས་ཕག་ཏུ་སྐྱེ་བར་འགྱུར་བའི་ལྷའི་བུས་སྐྱབས་འགྲོ་བྱས་པས་དེར་མ་སྐྱེས་པ་ལྟ་བུའོ།

གང་དག་སངས་རྒྱས་སྐྱབས་སོང་བ། །དེ་དག་ངན་འགྲོར་འགྲོ་མི་འགྱུར།
།མི་ཡི་ལུས་ནི་སྤངས་ནས་སུ། །དེ་དག་ལྷ་ཡི་ལུས་འཐོབ་བོ།

།ཞེས་ཆོས་དང་དགེ་འདུན་ལ་ཡང་དེ་ལྟར་གསུངས་སོ།

།བཞི་པ་ནི། ཕར་ཕྱིན་བསྡུས་པ་ལས།
།སྐྱབས་སོང་བསོད་ནམས་གཟུགས་ཡོད་ན། །ཁམས་གསུམ་འདི་ཡང་སྣོད་དུ་ཆུངས།
།རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་གྱིས་བཅལ་བར་གཞལ་མི་ནུས།

ཞེས་གསུངས་པ་ལྟར་རོ། །ལྔ་པ་ནི། སྔ་མས་ཤེས་པར་བྱའོ། །དྲུག་པ་ནི། གོ་སླའོ། །བདུན་པ་ནི། ཆོས་ལྡན་གྱི་བྱ་བ་གང་སྒྲུབ་པའི་ཐོག་མར་དཀོན་མཆོག་ལ་མཆོད་དེ་སྐྱབས་སུ་སོང་ནས་གསོལ་བ་བཏབ་ན་བདེ་བླག་ཏུ་འགྲུབ་པའོ། །བརྒྱད་པ་ནི།

སེང་གེས་ཞུས་པ་ལས།
།དད་པས་མི་ཁོམ་སྤོང་བར་འགྱུར།

ཞེས་གསུངས་པ་ལྟར་དལ་པ་ཁྱད་པར་ཅན་རྙེད་ཅིང་སྐྱབས་དང་མཇལ་ནས་ལམ་ཁྱད་པར་ཅན་ལ་སློབ་ལ། དེས་ནི་རིང་པོ་མི་ཐོགས་པར་འཚང་རྒྱའོ། །དེ་ལྟ་བུའི་ཕན་ཡོན་དྲན་པས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སྐྱབས་འགྲོ་བྱའོ། །དྲུག་པ་ནི། ལུས་སྲོག་ལོངས་སྤྱོད་ནི་གདོན་མི་ཟ་བར་འབྲལ་བས་དེ་དག་གི་ཕྱིར་དུ་དཀོན་མཆོག་བཏང་ན་ནི་ཚེ་རབས་ཀུན་ཏུ་སྡུག་བསྔལ་བརྒྱུད་མར་འབྱུང་བའི་ཕྱིར་ཅི་ལ་བབ་ཀྱང་སྐྱབས་མི་བཏང་ངོ་སྙམས་དམ་འཆའ་ཞིང༌། བཞད་གད་ཙམ་གྱི་ཕྱིར་དུ་ཡང་སྐྱབས་གཏོང་བའི་ཚིག་སྨྲ་བར་མི་བྱའོ། །ཕྱོགས་གར་འགྲོ་ཡང་དེའི་དེ་བཞིན་གཤེགས་པ་ལ་སྐྱབས་སུ་འགྲོ་བ་ལ་བསླབ་ཅེས་པའི་བསླབ་བྱ་ཞིག་གོང་མ་རྣམས་གསུང་སྟེ་ཁུངས་མ་མཐོང་ངོ༌། །དེ་ལྟར་ཐུན་མོང་གི་བསླབ་བྱ་དྲུག་ནི་ལམ་སྒྲོན་འགྲེལ་པར་འབྱུང་བ་བཞིན་ཡིན་ལ། སོ་སོའི་བསླབ་བྱ་དང་པོ་གསུམ་ནི་མདོ་སྡེ་ལས་བཤད་ཅིང་ཕྱི་མ་གསུམ་ནི་སྐྱབས་འགྲོ་ཡན་ལག་དྲུག་པ་ལས་འབྱུང་ངོ༌། །བསླབ་བྱ་དེ་དག་དང་འགལ་པ་ལ་ཉམས་པ་དང་གཏོང་བའི་རྒྱུར་འགྱུར་ཚུལ་ནི། སྲོག་གི་ཕྱིར་ཡང་མི་གཏོང་བ་དང་འགལ་བ་ནི་སྐྱབས་འགྲོ་གཏོང་བ་དངོས་ཡིན་ལ། དེ་བཞིན་དུ་དཀོན་མཆོག་གསུམ་མ་བཏང་ཡང་དེ་དག་དང་མི་མཐུན་པའི་སྟོན་པ་སོགས་གསུམ་ལ་གཉིས་འཛིན་བྱེད་ན་ཡང་གཞན་དུ་མི་སྨྲ་བ་དང་འགལ་ཞིང་སྐྱབས་ལ་བློ་མ་ཁེལ་བས་གཏོང་ལ། དེ་དག་མ་བྱུང་ན་བསླབ་བྱ་དང་འགལ་བ་ཙམ་ཡིན་གྱི་གཏོང་རྒྱུ་མིན་པར་སེམས་སོ། །དེ་ལྟར་ན་སྐྱབས་སུ་འགྲོ་བ་ནི་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པའི་སྒོ་ཆེན་པོ་ཡིན་ཞིང༌། སྐྱབས་འགྲོ་ཚིག་ཙམ་མིན་པ་ཡོད་ན་མཐུ་ཕུལ་དུ་བྱུང་བ་ལ་བརྟེན་པ་ཡིན་པས་ཕྱི་ནང་གི་བར་ཆད་ཀྱི་མི་བརྫི་བ་དང༌། ཡོན་ཏན་གྱི་ཁྱད་པར་རྣམས་བསྐྱེད་སླ་ཞིང་ཉམས་དཀའ་བས་གོང་ནས་གོང་དུ་འཕེལ་བར་འགྱུར་བས་སྔར་བཤད་པ་ལྟར་འཇིགས་པ་དང་ཡོན་ཏན་དྲན་པ་སོགས་ཀྱི་སྒོ་ནས། སྐྱབས་སུ་བཟུང་ཞིང་དེའི་བསླབ་བྱ་ལས་མི་འདའ་བ་ལ་འབད་པ་གནད་དུ་ཆེའོ།

།གཉིས་པ་ལ་གསུམ། ལས་འབྲས་སྤྱིར་བསམ་པ། བྱེ་བྲག་ཏུ་བསམ་པ། བསམ་ནས་འཇུག་ལྡོག་བྱ་ཚུལ། དང་པོ་ལ་གཉིས། སྤྱིར་བསམ་ཚུལ་དངོས། སོ་སོར་ཕྱེ་སྟེ་བསམ་བའོ། །དང་པོ་ལ་བཞི། ལས་ངེས་པའི་ཚུལ། ལས་འཕེལ་ཆེ་བ། ལས་མ་བྱས་པ་དང་མི་ཕྲད་པ། ལས་བྱས་པ་ཆུད་མི་ཟ་བའོ། །དང་པོ་ནི། སོ་སོ་སྐྱེ་བོ་དང་འཕགས་པ་གང་ཡིན་ཀྱང་ཚོར་བ་སིམ་པའི་རྣམ་པ་ཅན་གྱི་བདེ་བ་ཐ་ན་སེམས་ཅན་དམྱལ་བར་སྐྱེས་པ་ན་རླུང་བསིལ་བ་ལངས་པ་ལ་བརྟེན་ནས་སྐྱེས་པ་ཡན་ཆད་ཐམས་ཅད་ནི་སྔོན་དགེ་བའི་ལས་བསགས་པ་ལས་འབྱུང་གི །མི་དགེ་བའི་ལས་ལས་བདེ་བ་འབྱུང་བ་ནི་གནས་མེད་ལ། ཚོར་བ་གདུང་བའི་རྣམ་པ་ཅན་གྱི་སྡུག་བསྔལ་ཐ་ན་དགྲ་བཅོམ་པའི་རྒྱུད་ལ་སྐྱེས་པ་མན་ཆད་ཐམས་ཅད་སྔོན་མི་དགེ་བ་བསགས་པ་ལས་འབྱུང་གི །དགེ་བའི་ལས་ལས་སྡུག་བསྔལ་འབྱུང་བ་ནི་གནས་མེད་དེ།

རིན་ཆེན་ཕྲེང་བ་ལས།
།མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ།
།དགེ་ལས་བདེ་འགྲོ་ཐམས་ཅད་དང༌། །སྐྱེ་བ་ཀུན་ཏུ་བདེ་བ་དག །

ཅེས་སོ། །དེའི་ཕྱིར་བདེ་སྡུག་རྣམས་ནི་རྒྱུ་མེད་དང་གཙོ་བོ་དང་དབང་ཕྱུག་སོགས་མི་མཐུན་པའི་རྒྱུ་ལས་བྱུང་བ་ཡང་མིན་པར་དགེ་མི་དགེའི་ལས་སྤྱི་ལས་བདེ་སྡུག་སྤྱི་དང༌། བདེ་སྡུག་གི་ཁྱད་པར་སྣ་ཚོགས་པ་རྣམས་ཀྱང་ལས་གཉིས་ཀྱི་ཁྱད་པར་སྣ་ཚོགས་ལས་ཅུང་ཟད་ཀྱང་མ་འཆོལ་བར་སོ་སོར་འབྱུང་བའི་ལས་འབྲས་ངེས་ཅན་ནམ་མི་སླུ་བ་ལ་ངེས་པ་རྙེད་པ་ནི། སངས་རྒྱས་པ་ཐམས་ཅད་ཀྱི་ཡང་དག་པའི་ལྟ་བ་ཞེས་པ་དཀར་ཆོས་ཐམས་ཅད་གྱི་གཞིར་བསྔགས་པའོ།

།གཉིས་པ་ནི། ལས་དགེ་བ་ཆུང་ངུ་ལས་ཀྱང་འབྲས་བུ་བདེ་བ་ཤིན་ཏུ་ཆེ་བ་འབྱུང་ལ། ལས་མི་དགེ་བ་ཆུང་ངུ་ལས་ཀྱང་འབྲས་བུ་སྡུག་བསྔལ་ཤིན་ཏུ་ཆེན་པོ་འབྱུང་བས་ནང་གི་རྒྱུ་འབྲས་ཀྱི་འཕེལ་འདྲ་བ་ནི་ཕྱི་རོལ་གྱི་རྒྱུ་འབྲས་ལ་མེད་དོ།

དེ་ཡང་ཚོམས་ལས།
།སྡིག་པ་ཆུང་ངུ་བྱས་པས་ཀྱང༌། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང༌།
།ཕུང་ཀྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ།
།བསོད་ནམས་ཆུང་ངུ་བྱས་པས་ཀྱང༌། །འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན།
།དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་ཚོགས་སྨིན་པ་བཞིན། །ཞེས་སོ།

།གསུམ་པ་ནི། བདེ་སྡུག་མྱོང་བའི་རྒྱུར་གྱུར་པའི་ལས་མ་བསགས་ན་ལས་དེའི་འབྲས་བུ་བདེ་སྡུག་གཏན་མི་མྱོང་བ་སྟེ། སྟོན་པས་ཚོགས་གྲངས་མེད་པ་བསགས་པའི་འབྲས་བུ་ལ་སྤྱོད་པ་རྣམས་ཀྱིས་ཀྱང་དེའི་རྒྱུ་ཐམས་ཅད་བསག་མི་དགོས་ཀྱང་ཆ་གཅིག་བསག་དགོས་སོ།

།བཞི་པ་ནི། ལས་དགེ་མི་དགེ་བྱས་པ་རྣམས་ཀྱིས་ཡིད་དུ་འོང་མི་འོང་གི་འབྲས་བུ་འབྱིན་པ་སྟེ།

ཁྱད་པར་འཕགས་བསྟོད་ལས།
།བྲམ་ཟེ་རྣམས་ནི་དགེ་སྡིག་དག །བྱིན་པ་ལེན་བཞིན་འཕོ་བར་སྨྲ།
།ཁྱོད་ཀྱིས་བྱས་ཆུད་མི་ཟ་དང༌། །མ་བྱས་པ་དང་ཕྲད་མེད་གསུངས།

ཞེས་དང༌། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང༌།
།དེ་ཡང་བྱས་ནས་རེག་པར་མི་འགྱུར་མིན། །གཞན་གྱིས་བྱས་པ་ཚོར་བར་འགྱུར་བའང་མེད།

ཅེས་དང༌། ལུང་ལས་ཀྱང༌།
།ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས།
།རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །ཅེས་གསུངས་སོ།

།གཉིས་པ་ལ་གཉིས། ལས་ལམ་བཅུ་གཙོ་བོར་བསྟན་པ། ལས་དང་འབྲས་བུ་གཏན་ལ་དབབ་པའོ། ། དང་པོ་ནི། དེ་ལྟར་བདེ་སྡུག་གི་རྒྱུ་འབྲས་སོ་སོར་ངེས་པ་དང་ལས་འཕེལ་ཆེ་བ་དང༌། མ་བྱས་པ་དང་མི་འཕྲད་ཅིང་བྱས་པ་ཆུད་མི་ཟ་བར་རིག་པ་དེས་ལས་དང་འབྲས་བུའི་ཚུལ་ཇི་འདྲ་ཞིག་ལ་ཐོག་མར་ངེས་པ་བསྐྱེད་ནས་བླང་དོར་བྱ་ཞེ་ན། སྤྱིར་ལེགས་སྤྱད་ཉེས་སྤྱད་ཀྱི་སྤྱོད་པ་འཇུག་པའི་སྒོ་ནི་གསུམ་དུ་ངེས་ལ། སྒོ་གསུམ་གྱི་དགེ་མི་དགེ་ཐམས་ཅད་ལས་ལམ་བཅུར་མ་འདུས་ཀྱང་དགེ་མི་དགེའི་ཆེ་ལོང་ངམ་རགས་པ་ཁ་ན་མ་ཐོ་བའི་གཞི་ཆེ་བ་རྣམས། བཅོམ་ལྡན་འདས་གྱིས་གནད་བསྡུས་ནས་ནག་པོའི་ལས་ལམ་བཅུར་གསུངས་ཤིང༌། དེ་དག་སྤངས་ན་དོན་ཤིན་ཏུ་ཆེ་བའི་གནད་རྣམས་ཀྱང་བཅུར་འདུ་བར་གཟིགས་ནས་དཀར་པོའི་ལས་ལམ་བཅུར་གསུངས་ཏེ།

མཛོད་ལས།
།དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ།

ཞེས་དང༌། ལུང་རྣམ་འབྱེད་ལས་ཀྱང༌།
།ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང༌།
།ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན། །དྲང་སྲོང་གསུངས་པའི་ལམ་ནི་འཐོབ་པར་འགྱུར།

ཞེས་གསུངས་སོ། །དེའི་ཕྱིར་ས་བཅུ་པའི་མདོ་ནས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལ་བསྔགས་པའི་དོན།

དབུ་མ་ལ་འཇུག་པ་ལས་ཀྱང༌།
།སོ་སོའི་སྐྱེ་བོ་རྣམས་དང་གསུང་སྐྱེས་དང༌། །རང་བྱང་ཆུབ་ལ་བདག་ཉིད་ངེས་རྣམས་དང༌།
།རྒྱལ་སྲས་རྣམས་ཀྱི་ངེས་པར་ལེགས་པ་དང༌། །མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད།

།ཅེས་བསྡུས་ནས་གསུངས་སོ། །དེ་ལྟར་ཚུལ་ཁྲིམས་སྣ་རེ་ལ་ཡང་སྡོམ་སེམས་ཡང་ཡང་བསྟེན་ནས་སྲུང་རྒྱུ་མེད་ཀྱང་ཁོ་བོ་ནི་ཐེག་ཆེན་པའོ་ཞེས་སྨྲ་ན་ཤིན་ཏུ་སྨད་དེ།

སའི་སྙིང་པོའི་མདོ་ལས།
།དགེ་བའི་ལམ་བཅུ་པོ་འདི་དག་གིས་སངས་རྒྱས་སུ་འགྱུར་གྱི། །གང་ཇི་སྲིད་འཚོའི་བར་དུ་ཐ་ན་དགེ་བའི་ལས་ཀྱི་ལམ་གཅིག་ཙམ་ཡང་མི་སྲུང་ལ། འོན་ཀྱང་ཚིག་འདི་སྐད་དུ་ང་ནི་ཐེག་པ་ཆེན་པོ་པ་སྟེ། ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཚོལ་ལོ་ཞེས་ཟེར་ན། གང་ཟག་དེ་ནི་ཤིན་ཏུ་ཚུལ་འཆོས་པ་བརྫུན་ཆེན་པོ་སྨྲ་བ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་སྤྱན་སྔར་འཇིག་རྟེན་ལ་སླུ་བར་བྱེད་པ་ཆད་པར་སྨྲ་བ་སྟེ། དེ་རྨོངས་བཞིན་དུ་འཆི་བའི་དུས་བྱེད་ཅིང་ལོག་པར་ལྟུང་བར་འགྲོའོ།

ཞེས་གསུངས་སོ། །ལོག་པར་ལྟུང་བ་ནི་ཐམས་ཅད་དུ་ངན་འགྲོའི་མིང་གི་རྣམ་གྲངས་སུ་གོ་བར་བྱའོ།

།གཉིས་པ་ལ་གསུམ། ནག་པོའི་ལས་འབྲས། དཀར་པོའི་ལས་འབྲས། ལས་ཀྱི་རྣམ་དབྱེ་གཞན་བསྟན་པའོ། །དང་པོ་ལ་གསུམ། ནག་པོའི་ལས་ལམ་དངོས། ལྕི་ཡང་གི་ཁྱད་པར། དེ་དག་གི་འབྲས་བུ་བསྟན་པའོ། །དང་པོ་ནི། དེ་ལ་སྲོག་གཅོད་ཀྱི་གཞི་ནི་སེམས་ཅན་ཕ་རོལ་པོའོ། །བསམ་པ་ལ་གསུམ་ལས་འདུ་ཤེས་ནི་བཞི་སྟེ། གཞི་སེམས་ཅན་ལྟ་བུ་ལ་དེར་འདུ་ཤེས་པ་དང་། སེམས་ཅན་མིན་པར་འདུ་ཤེས་པ་དང༌། སེམས་ཅན་མིན་པ་ལ་སེམས་ཅན་མིན་པར་འདུ་ཤེས་པ་དང་། སེམས་ཅན་དུ་འདུ་ཤེས་པ་བཞི་སྟེ། འདུ་ཤེས་པ་དང་པོ་དང་གསུམ་པ་ནི་མ་འཁྲུལ་པ་དང་། གཉིས་པ་དང་བཞི་པ་ནི་འཁྲུལ་པའོ། །འདི་ལ་ཀུན་སློང་བྱེ་བྲག་པ་དཔེར་ན་ལྷ་སྦྱིན་ཁོ་ན་གསོད་སྙམ་ནས་སྦྱོར་བ་བརྩམས་པ་ན་མཆོད་སྦྱིན་དུ་ནོར་ནས་བསད་ན་དངོས་གཞིའི་སྡིག་པ་མེད་པས། དེ་ལྟ་བུ་ལ་འདུ་ཤེས་མ་འཁྲུལ་བ་དགོས་ཤིང་། སྦྱོར་བའི་དུས་སུ་གང་བྱུང་ཡང་གསོད་སྙམ་པ་ཀུན་སློང་སྤྱི་ཞུགས་ཡོད་ན་མ་འཁྲུལ་བ་མི་དགོས་སོ། །ཚུལ་འདི་ནི་ལྷག་མ་དགུ་ལའང་ཅི་རིགས་པར་ཤེས་པར་བྱའོ། །ཉོན་མོངས་ནི་དུག་གསུམ་གང་རུང་ངོ༌། །ཀུན་སློང་ནི། གསོད་པར་འདོད་པའོ། །སྦྱོར་བ་རང་གིས་སམ་གཞན་བྱེད་དུ་འཇུག་པ་གཉིས་འདྲ་སྟེ། སྦྱོར་བའི་ངོ་བོ་ནི། མཚོན་ནམ་དུག་གམ་རིག་སྔགས་ཀྱི་སྒོ་ནས་བྱས་པ་གང་རུང་འོ། །མཐར་ཐུག་ནི། སྦྱོར་བ་དེའི་རྐྱེན་གྱིས་དེའི་ཚེའམ་གཞན་གྱི་ཚེ་རང་གི་སྔ་རོལ་ཏུ་ཤི་བའོ། །མ་བྱིན་ལེན་གྱི་གཞི་ནི། གཞན་གྱི་ཡོངས་སུ་བཟུང་བའི་རྫས་གང་རུང་ངོ༌། །བསམ་པ་ལ་གསུམ་ལས། འདུ་ཤེས་དང་ཉོན་མོངས་ནི་སྔར་བཞིན་ནོ། །ཀུན་སློང་ནི། མ་གནང་ཡང་ཕ་རོལ་ལས་དབྲལ་བར་འདོད་པའོ། །སྦྱོར་བ་ལ་སྦྱོར་བ་པོ་ནི་སྔར་དང་འདྲ་ལ། སྦྱོར་བའི་ངོ་བོ་ནི། མཐུས་འཕྲོག་པ་དང་འཇབས་ནས་རྐུ་བ་གང་བྱེད་ཀྱང་འདྲའོ། །དེ་ཡང་བུ་ལོན་དང་བཅོལ་བ་ལ་གཡོ་བྱས་བ་དང་གཡོ་ཐབས་གཞན་གྱིས་ཀྱང་མ་བྱིན་པར་ལེན་པ་དང་རང་ངམ་གཞན་དོན་ནམ་ཕ་རོལ་ལ་གནོད་པ་སོགས་ཀྱི་ཕྱིར་བྱེད་ནའང་མ་བྱིན་ལེན་ནོ། །མཐར་ཐུག་ནི། ཐོབ་བློ་སྐྱེས་པའོ། །དེ་ཡང་འཕྲོག་ཏུ་འཇུག་པའམ་རྐུར་འཇུག་ན་དེ་ལ་སྐྱེས་པས་ཆོག་སྟེ། དཔེར་ན་རང་གིས་མ་ཤེས་ཀྱང་མངགས་པས་ཕ་རོལ་པོ་བསད་ན་དེ་ནམ་ཤི་བ་དང་གསོད་དུ་འཇུག་མཁན་ལ་དངོས་གཞིའི་སྡིག་པ་འབྱུང་བ་བཞིན་ནོ། །ལོག་གཡེམ་གྱི་གཞི་ལ་བཞི་ལས། བགྲོད་བྱ་མིན་པ་ནི། མ་ལ་སོགས་པ་དང་། མས་བསྲུངས་པ་སོགས་ཀྱི་བུད་མེད་དང་སྐྱེས་པ་ཐམས་ཅད་དང་མ་ནིང་དང་རབ་བྱུང་མའོ། །ཡན་ལག་མིན་པ་ནི། མངལ་སྒོ་མ་གཏོགས་པའི་ཁ་ལ་སོགས་པའོ། །གནས་མིན་པ་ནི། བླ་མ་ལྟ་བུ་རྣམས་ཀྱི་ཉེ་འཁོར་དང་མཆོད་རྟེན་གྱི་གནས་སོགས་སོ། །དུས་མིན་པ་ནི། སྦྲུམ་མ་དང་བསྙེན་གནས་ལ་གནས་པ་ལ་སོགས་པའོ། །བསམ་པ་ལ་གསུམ་ལས། འདུ་ཤེས་ནི། བསྡུ་བ་ལས། དེ་ལ་དེར་འདུ་ཤེས་པ། ཞེས་མ་འཁྲུལ་བ་དགོས་པར་གསུངས་ལ།

འདུལ་བ་ལས། མི་ཚངས་སྤྱོད་ཀྱི་ཕམ་པ་ལ་འདུ་ཤེས་འཁྲུལ་མ་འཁྲུལ་འདྲ་བར་གསུངས་སོ། །མཛོད་འགྲེལ་ལས། རང་གི་ཡིན་པའི་འདུ་ཤེས་ཀྱིས་གཞན་གྱི་ཆུང་མའི་གན་དུ་སོང་ན་ལས་ལམ་དུ་མི་འགྱུར་བ་དང༌། གཞན་ཞིག་གི་ཆུང་མ་ལ་དེ་ལས་གཞན་པའི་ཆུང་མར་འདུ་ཤེས་ནས་ཞུགས་པ་ལ་འགྱུར་བ་དང་མི་འགྱུར་བའི་ཚུལ་གཉིས་བཤད་དོ། །ཉོན་མོངས་ནི་དུག་གསུམ་གང་རུང་ངོ༌། །ཀུན་སློང་ནི་མི་ཚངས་པར་སྤྱོད་པས་བགྲོད་པར་འདོད་པའོ། །སྦྱོར་པ་ནི། དེའི་དོན་ལ་རྩོལ་བའོ། །མཐར་ཐུག་ནི་གཉིས་ཀྱིས་གཉིས་སྤྲད་པའོ།

།བརྫུན་དུ་སྨྲ་བའི་གཞི་ལ་གཉིས་ལས། བརྗོད་པའི་གཞི་ནི། མཐོང་བ་ཐོས་པ་བྱེ་བྲག་ཕྱེད་པ་རྣམ་པར་ཤེས་པ་བཞི་དང་། དེ་ལས་ལྡོག་པ་བཞིའོ། གོ་བྱའི་ཡུལ་ནི། ཕ་རོལ་པོས་དོན་གོ་བའོ། །བསམ་པ་ལ་གསུམ་ལས། འདུ་ཤེས་ནི་མཐོང་བ་ལ་མ་མཐོང་བར་བསྒྱུར་བ་སོགས་སོ། །ཉོན་མོངས་ནི་གསུམ་མོ། །ཀུན་སློང་འདུ་ཤེས་བསྒྱུར་ཏེ་སྨྲ་འདོད་པའོ། །སྦྱོར་བ་སྨྲ་བའམ་ཅང་མི་སྨྲ་བས་དང་དུ་ལེན་པའམ་ལུས་བསྒྱུར་བའི་མཚན་མས་སྟོན་པའོ། །དེ་ཡང་དགོས་པ་རང་གཞན་ཇི་འདྲ་ཞིག་གི་ཕྱིར་དུ་སྨྲས་ཀྱང་འདྲ་བར་གསུངས་སོ། །འདིར་ནི་བརྫུན་ཕྲ་མ་ཚིག་རྩུབ་པ་གསུམ་ལ་བཅོལ་བས་ཀྱང་དེ་གསུམ་དུ་འགྱུར་བར་གསུངས་ཤིང་། མཛོད་རྩ་འགྲེལ་དུ། ངག་གི་བཞི་ཀ་བཅོལ་བས་ལས་ལམ་དུ་འགྱུར་བར་བཤད་དོ། །འདུལ་བ་ལས་ནི། དེ་དག་གི་མཐར་ཐུག་གི་ལྟུང་བ་སྐྱེད་པ་ལ་རང་གིས་སྨྲས་པ་དགོས་པར་གསུངས་སོ། །མཐར་ཐུག་ནི། ཕ་རོལ་པོས་གོ་བའོ། །མ་གོ་ན་ངག་བཀྱལ་པ་ཙམ་དུ་འགྲོ་བར་མཛོད་འགྲེལ་ལས་བཤད་དོ། །དེ་ནི་ཕྲ་མ་དང་ཚིག་རྩུབ་ལ་ཡང་འདྲའོ། །ཕྲ་མའི་གཞི་ནི། སེམས་ཅན་མཐུན་པ་དང་མི་མཐུན་པ་རྣམས་སོ། །བསམ་པ་ལ་གསུམ་ལས། འདུ་ཤེས་དང་ཉོན་མོངས་ནི་སྔར་བཞིན་ནོ། །ཀུན་སློང་ནི་སེམས་ཅན་མཐུན་པ་ལ་དབྱེ་འདོད་དང༌། མི་མཐུན་པ་ལ་མི་འདུམ་པར་འདོད་པའོ། །སྦྱོར་བ་ནི། བདེན་པ་དང་མི་བདེན་བའི་ཚིག་གང་རུང་གིས་བརྗོད་བྱ་སྙན་མི་སྙན་གང་རུང་བརྗོད་པ་དང༌། །དགོས་པ་རང་གཞན་གང་རུང་གི་ཕྱིར་སྨྲ་བའོ། །མཐར་ཐུག་ནི། འབྱེད་པའི་ཚིག་སྨྲས་པ་གོ་བའོ། །ཚིག་རྩུབ་པོའི་གཞི་ནི། ཀུན་ནས་མནར་སེམས་སྐྱེ་བའི་གཞིར་གྱུར་པའི་སེམས་ཅན་ནོ། །བསམ་པ་ལ། འདུ་ཤེས་དང་ཉོན་མོངས་ནི་སྔར་བཞིན་ནོ། །ཀུན་སློང་ནི། ངག་རྩུབ་པོས་སྨྲ་འདོད་པའོ། །སྦྱོར་བ་ནི། བདེན་མི་བདེན་གང་རུང་གིས་རིགས་སམ་ལུས་སམ་ཚུལ་ཁྲིམས་སམ་ཀུན་སྤྱོད་ཀྱི་སྐྱོན་ལས་བརྩམས་ཏེ་མི་སྙན་པ་སྨྲ་བའོ། །མཐར་ཐུག་ནི། གང་ལ་སྨྲ་བའི་ཡུལ་དེས་དོན་གོ་བའོ། །ངག་བཀྱལ་པའི་གཞི་ནི། དོན་མེད་པ་དང་ལྡན་པའི་དོན་ནོ། །བསམ་པ་ལ་གསུམ་ལས། འདུ་ཤེས་ནི། དེ་ལ་དེར་འདུ་ཤེས་པའོ། ཞེས་པ་ཙམ་ལས་མ་གསུངས་ཀྱང་འདིར་ནི་བརྗོད་འདོད་པའི་དོན་དེ་ཉིད་ལ་དེར་འདུ་ཤེས་ནས་སྨྲ་བ་ཡིན་ཏེ། འདི་ལ་གོ་བྱའི་ཡུལ་མི་དགོས་པའི་ཕྱིར་རོ། །ཉོན་མོངས་ནི་གསུམ་པོ་གང་རུང༌། །ཀུན་སློང་ནི། མ་འབྲེལ་བའི་བྱུང་རྒྱལ་སྨྲ་འདོད་པའོ། །སྦྱོར་བ་ངག་བཀྱལ་སྨྲ་བར་རྩོམ་པའོ། །མཐར་ཐུག་ནི། ངག་བཀྱལ་སྨྲས་ཟིན་པའོ། །བརྣབ་སེམས་ཀྱི་གཞི་ནི། གཞན་གྱི་ནོར་དང་ཡོ་བྱད་དོ། །བསམ་པ་ལ་གསུམ་ལས། འདུ་ཤེས་ནི། གཞི་དེ་ལ་དེར་འདུ་ཤེས་པའོ། །ཉོན་མོངས་ནི་གསུམ་པོ་གང་རུང་ངོ༌། །ཀུན་སློང་ནི་བདག་གིར་བྱ་བར་འདོད་པའོ། །སྦྱོར་བ་ནི་བསམས་པའི་དོན་དེ་ལ་རྩོལ་བ་བྱེད་པའོ། །མཐར་ཐུག་ནི་ནོར་ལ་སོགས་པ་དེ་བདག་གིར་གྱུར་ཅིག་སྙམ་པའོ། །གནོད་སེམས་ཀྱི་གཞི་དང་འདུ་ཤེས་དང་ཉོན་མོངས་ནི་ཚིག་རྩུབ་ཇི་ལྟ་བ་བཞིན་ནོ། །ཀུན་སློང་ནི་རྡེག་པ་ལ་སོགས་པར་འདོད་པ་སྟེ། གསད་པ་དང་བཅིངས་པ་དང་གཞན་ནམ་རང་གི་ངང་གིས་ལོངས་སྤྱོད་རྒུད་ན་ཅི་མ་རུང་སྙམ་པ་སོགས་སོ། །སྦྱོར་བ་ནི་བསམ་པ་དེ་ལ་སྦྱོར་བ་བྱས་པའོ། །མཐར་ཐུག་ནི་རྡེག་པ་སོགས་བྱ་བར་ཐག་བཅད་པའོ། །ལོག་ལྟའི་གཞི་ནི་ཡོད་པའི་དོན་ནོ། །བསམ་པ་ལ་གསུམ་ལས། འདུ་ཤེས་ནི་སྐུར་བ་འདེབས་པའི་དོན་ལ་བདེན་པར་འདུ་ཤེས་པའོ། །ཉོན་མོངས་ནི་གསུམ་པོ་གང་རུང༌ངོ་། ཀུན་སློང་ནི་སྐུར་བ་འདེབས་འདོད་པའོ། །སྦྱོར་བ་ནི་བསམ་པ་དེ་ལ་སྦྱོར་བ་བརྩམས་པའོ། །དེ་ཡང་བཞི་སྟེ། རྒྱུ་ལ་སྐུར་བ་ནི། ལེགས་སྤྱད་ཉེས་སྤྱད་སོགས་མེད་དོ་ཞེས་པའོ། །འབྲས་བུ་ལ་སྐུར་བ་ནི། དེ་གཉིས་ཀྱི་རྣམ་སྨིན་མེད་དོ་ཞེས་པའོ། །བྱེད་པ་ལ་སྐུར་བ་ལ་གསུམ་ལས། ས་བོན་འདེབས་པ་དང་འཛིན་པའི་བྱེད་པ་ལ་སྐུར་བ་ནི། ཕས་ས་བོན་བཏབ་པ་དང་མས་ས་བོན་བཟུང་བ་མེད་དོ་ཞེས་པའོ། །འགྲོ་འོང་གི་བྱེད་པ་ལ་སྐུར་བ་ནི། འཇིག་རྟེན་སྔ་མ་ནས་འདིར་འོང་བ་དང་འདི་ནས་ཕྱི་མར་འགྲོ་བ་མེད་དོ་ཞེས་པའོ། །སྐྱེ་བར་འགྱུར་བའི་བྱེད་པ་ལ་སྐུར་བ་ནི། སེམས་ཅན་བརྫུས་ཏེ་སྐྱེ་བ་བར་དོ་མེད་དོ་ཞེས་པའོ། །ཡོད་པའི་དངོས་པོ་ལ་སྐུར་བ་ནི། དགྲ་བཅོམ་པ་སོགས་མེད་དོ་ཞེས་པའོ། །མཐར་ཐུག་ནི་སྐུར་བ་གདབ་པར་ངེས་པའོ། །དེ་དག་ལས་ཡིད་ལས་སེམས་པ་ནི་ལས་ཡིན་ལ་ལས་ཀྱི་ལམ་མིན་ནོ། །ལུས་ངག་གི་ལས་བདུན་ནི་ལས་ཀྱང་ཡིན་ལ། སེམས་པ་འཇུག་པའི་གཞི་ཡང་ཡིན་པས་ལས་ཀྱི་ལམ་ཡང་ཡིན་ནོ། །བརྣབ་སེམས་སོགས་གསུམ་ནི་ལས་ཀྱི་ལམ་ཡིན་གྱི་ལས་མིན་ནོ།

།གཉིས་པ་ལ་གཉིས། ལས་ལམ་བཅུའི་ལྕི་ཡང་དང༌། ཞར་ལ་སྟོབས་ལྡན་གྱི་ལས་ཀྱི་སྒོ་བསྡུས་ཏེ་བསྟན་པའོ། །དང་པོ་ནི། སའི་དངོས་གཞི་ལས་ལྕི་བའི་ཚུལ་དྲུག་གསུངས་སྟེ། མངོན་པར་འདུ་བྱེད་པ་ནི། དུག་གསུམ་མམ་དེ་གསུམ་མེད་པ་དྲག་པོས་ལས་ཀུན་ནས་སློང་བའོ། །གོམས་པ་ནི། དགེ་མི་དགེའི་ལས་གཉིས་ཡུན་རིང་པོ་ནས་ཀུན་ཏུ་བསྟེན་གོམས་ལན་གྲངས་མང་དུ་བྱས་པའོ། །ངོ་བོ་ཉིད་ནི་ལུས་ངག་གི་བདུན་ཕྱི་མ་ཕྱི་མ་ལས་སྔ་མ་སྔ་མ་ལྕི་ཞིང༌། ཡིད་ཀྱི་གསུམ་ནི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ལྕི་བའོ། །གཞི་ནི་སངས་རྒྱས་ཆོས་དགེ་འདུན་བླ་མ་ལྟ་བུ་རྣམས་ལ་ཕན་གནོད་བྱེད་པའོ། །མི་མཐུན་པའི་ཕྱོགས་གཅིག་ཏུ་ངེས་པ་ནི། ཇི་སྲིད་འཚོའི་བར་དུ་གཅིག་ཏུ་ངེས་པར་མི་དགེ་བའི་ལས་བླངས་ཏེ་འདུག་ལ། དགེ་བ་ནི་གཅིག་ཀྱང་མི་བྱེད་པའོ། །མི་མཐུན་ཕྱོགས་སེལ་བ་ནི། མི་དགེ་བའི་ཕྱོགས་སྤངས་ཏེ་འདོད་ཆགས་དང་བྲལ་ནས་དགེ་བའི་ལས་སྦྱོང་བའོ།

།བཤེས་སྦྲིངས་ལས་ཀྱང༌།
།རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས།
།དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་ལས་དགེ་བ་སྤྱོད་ལ་བརྩོན་པར་གྱིས།

ཞེས་སོ། །དེ་ཡང་དཀོན་མཆོག་ལ་སོགས་བ་ཡོན་ཏན་དང་ལྡན་པའི་གཞི་དང་ཕ་མ་སོགས་ཕན་འདོགས་པའི་གཞི་གཉིས་སུ་ཕྱེ་བས་ལྔའོ།

།གཉིས་པ་ལ་བཞི། ཞིང་གི་སྒོ་ནས་སྟོབས་ཆེ་བ། རྟེན་གྱི་སྒོ་ནས་སྟོབས་ཆེ་བ། དངོས་པོའི་སྒོ་ནས་སྟོབས་ཆེ་བ། བསམ་པའི་སྒོ་ནས་སྟོབས་ཆེ་བའོ། །དང་པོ་ནི། དཀོན་མཆོག་གསུམ་དང་བླ་མ་དང་བླ་མ་དང་འདྲ་བ་དང་ཕ་མ་སོགས་ཏེ་འདི་དག་ལ་ནི་བསམ་པ་ཤུགས་དྲག་པོ་མེད་ཅིང་ཕན་གནོད་ཆུང་ངུ་ཞིག་བྱས་ཀྱང་བསོད་ནམས་དང་ཁ་ན་མ་ཐོ་བ་ཆེ་བའི་ཕྱིར་རོ།

། དེ་ཡང་དྲན་པ་ཉེར་གཞག་ལས།
།དཀོན་མཆོག་གསུམ་གྱི་རྫས་ཆུང་ངུ་ཡང་མ་བྱིན་པར་བླངས་པ་ལས་སླར་ཕུལ་ན་སངས་རྒྱས་དང་ཆོས་ཀྱི་ནི་འདག་ཅིང༌། དགེ་འདུན་གྱི་ནི་ཚོར་བ་མ་མྱོང་བར་དུ་མི་འདག་ལ། དེ་ཡང་ཞལ་དུ་འདུ་བའི་སྒོ་ཡིན་ན་དམྱལ་བ་ཆེན་པོ་དང༌། གཞན་ཡིན་ན་མནར་མེད་ཀྱི་འཁོར་མུན་ནག་ཆེན་པོར་སྐྱེ་བར་གསུངས་སོ།

།བྱང་ཆུབ་སེམས་དཔའ་ནི། དགེ་མི་དགེའི་ཞིང་ཤིན་ཏུ་སྟོབས་ཆེ་སྟེ།
དད་པའི་སྟོབས་སྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས།
འགའ་ཞིག་ཁྲོས་ནས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་བཙོན་ར་མུན་ནག་ཏུ་བཅུག་པ་བས། ཁྲོས་ཏེ་བྱང་སེམས་ལ་རྒྱབ་ཀྱིས་ཕྱོགས་ཏེ་འདུག་ནས་མ་རུངས་པ་འདི་མི་བལྟའོ། ཞེས་ཟེར་ན་སྡིག་ཆེས་གྲངས་མེད་པ་སྐྱེད་པ་དང༌། མཆོད་རྟེན་གངྒཱའི་ཀླུང་གི་བྱེ་མ་སྙེད་བཤིག་པ་དང་བསྲེགས་པ་ལས། བྱང་སེམས་ལ་ཁོང་ཁྲོ་དང་གནོད་སེམས་བསྐྱེད་ཅིང་མི་སྙན་པ་སྨྲས་ན་སྔར་ལྟར་གསུངས་པ་དང༌།

ངེས་པ་དང་མ་ངེས་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས།
ཕྱོགས་བཅུའི་སེམས་ཅན་གྱི་མིག་ཕྱུང་བ་ལ་བྱམས་པའི་སེམས་ཀྱིས་མིག་སླར་བསྐྱེད་པ་དང༌། སེམས་ཅན་སྔ་མ་རྣམས་བརྩོན་ར་ནས་བཏོན་ཏེ་འཁོར་སྒྱུར་རམ་ཚངས་པའི་བདེ་བ་ལ་བཀོད་པ་བས་ཐེག་ཆེན་ལ་མོས་པའི་བྱང་སེམས་ལ་དང་བས་ལྟ་བ་དང་དང་བས་ལྟ་འདོད་ཅིང་དེའི་བསྔགས་པ་བརྗོད་ན་བསོད་ནམས་ཆེས་གྲངས་མེད་པ་སྐྱེད་པར་གསུངས་པ་དང༌།

རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས་ཀྱང༌།
འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་ཀྱི་སྲོག་བཅད་དམ། བདོག་པ་ཐམས་ཅད་ཕྲོགས་པ་ལས་བྱང་སེམས་ཀྱིས་ཐ་ན་དུད་འགྲོ་ལ་ཟན་ཆངས་གཅིག་སྦྱིན་པའི་དགེ་བ་ལ་བར་ཆད་བྱས་ན་སྡིག་པ་ཆེས་གྲངས་མེད་པ་སྐྱེད་པར་གསུངས་པས་གནས་འདི་ལ་ནི་ཤིན་ཏུ་གཟབ་པར་བྱའོ།

།གཉིས་པ་ནི། ལྕགས་ཀྱི་གོང་བུ་ཆུང་ཡང་གཏིང་དུ་འབྱིང་ལ། དེ་ཉིད་སྣོད་དུ་བྱས་པ་ནི་ཆེ་ཡང་སྟེང་དུ་འཕྱོ་བ་བཞིན་དུ། མི་མཁས་པ་དང་མཁས་པས་བྱས་པའི་སྡིག་པ་ཡང་ལྕི་བ་དང་ཡང་བར་གསུངས་སོ། །དེ་ཡང་སྔ་མ་ལ་འགྱོད་ལ་ཕྱི་མ་སྡོམ་ཞིང་སྡིག་པ་མི་གསང་བར་དེའི་གཉེན་པོ་དགེ་བ་བྱེད་པའི་མཁས་པ་ལ་ཡང་བར་གསུངས་ཀྱི། དེ་དག་མི་བྱེད་པར་ཁྱད་གསོད་ཀྱི་སྒོ་ནས་ཤེས་བཞིན་དུ་འཇུག་པའི་མཁས་པར་རློམ་པ་ལ་ནི་ལྕི་བ་ཡིན་ནོ།

།རིན་པོ་ཆེའི་ཕུང་པོའི་མདོ་ལས་ཀྱང༌།
།སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ཐེག་ཆེན་ལ་ཞུགས་ཏེ་འཁོར་སྒྱུར་གྱི་རྒྱལ་སྲིད་དང་ལྡན་པས། རེ་རེས་ཀྱང་མར་མེའི་སྣོད་རྒྱ་མཚོ་ཙམ་ལ་སྙིང་པོ་རི་རབ་ཙམ་གྱི་མར་མེས་སངས་རྒྱས་ཀྱི་མཆོད་རྟེན་ལ་མཆོད་པ་བས་བྱང་སེམས་ཁྱིམ་ནས་བྱུང་བས་མར་མེའི་སྙིང་པོ་འབྲུ་མར་གྱིས་བསྐུས་པ་མཆོད་རྟེན་གྱི་དྲུང་དུ་འཛིན་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་མི་ཕོད་པར་གསུངས་ཏེ།

འདི་ནི་བསམ་པ་དང་ཞིང་ལ་ཁྱད་མེད་ཅིང་དངོས་པོ་ལ་ཁྱད་པར་ཤིན་ཏུ་ཆེ་ཡང་རྟེན་གྱི་སྟོབས་སུ་གསལ་ལོ། །འདིའི་རིགས་པས་སྡོམ་པ་ཡོད་མེད་དང་ཡོད་པ་ལ་ཡང་གཅིག་ལྡན་དང་གཉིས་ལྡན་དང་གསུམ་ལྡན་གྱི་རྟེན་གྱིས་ལམ་སྒོམ་པ་ཡང་སྔ་མ་སྔ་མ་རྣམས་ལས་ཕྱི་མ་ཕྱི་མ་ས་ཆོད་ཆེ་བར་གསལ་ཞིང༌། ཁྱིམ་པ་ལྟ་བུས་སྦྱིན་གཏོང་སོགས་བྱེད་པའི་ཚེ་ཡང་བསྙེན་གནས་འདྲ་བའི་སྡོམ་པ་དང་ལྡན་པའི་སྟེང་ནས་བྱེད་པ་དང༌། སྡོམ་པ་མེད་པར་བྱེད་པ་གཉིས་དགེ་རྩ་སྟོབས་ཆེ་ཆུང་ཤིན་ཏུ་ཆེ་བར་གསལ་ལོ།

།ཚུལ་ཁྲིམས་འཆལ་བ་ཚར་གཅོད་པའི་མདོ་ལས།
མི་དགེ་བཅུ་དང་ལྡན་པའི་མི་ཞིག་རྒྱུན་དུ་བར་ཆད་མེད་པར་ལོ་བརྒྱའི་བར་དུ་སྡིག་པ་བསགས་པ་ལས། དགེ་སློང་ཚུལ་ཁྲིམས་རལ་བས་དྲང་སྲོང་གི་རྒྱལ་མཚན་གྱིས་གཡོགས་ནས་དད་པས་བྱིན་པ་ལ་ཞག་གཅིག་ལོངས་སྤྱད་ན་མི་དགེ་བ་ཆེས་མང་བར་གསུངས་པ་ཡང་རྟེན་གྱི་སྒོ་ནས་སྡིག་པ་སྟོབས་ཆེ་བའོ།

།ལུང་རྣམ་འབྱེད་ལས་ཀྱང༌།
།ལྕགས་གོང་མེ་ལྕེ་འབར་བ་དག །ཟོས་པར་གྱུར་པ་མཆོག་ཡིན་གྱི།
།ཚུལ་འཆལ་ཡང་དག་མི་སྡོམ་པས། །ཡུལ་འཁོར་བསོད་སྙོམས་ཟ་བ་མིན།

ཞེས་ཚུལ་འཆལ་དང་བསླབ་པ་ལ་ལྷོད་པ་གཉིས་ཀ་ལ་གསུངས་སོ། །འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། སྟོན་པའི་གསུང་ནས། ཆོས་ལ་བརྟེན་པའི་སྡིག་པའི་གམ་ན་མི་དགེ་བ་བཅུ་སྡིག་པ་བྲུད་བྲུད་ཡིན་གསུང་སྟེ་མེད་པར་སྣང་ངོ༌།

།གསུམ་པ་ནི། སེམས་ཅན་ལ་སྦྱིན་པ་གཏོང་པ་ལ་ཆོས་ཀྱི་སྦྱིན་པ་དང་། སངས་རྒྱས་མཆོད་པ་ལ་སྒྲུབ་པའི་མཆོད་པ་ནི་ཟང་ཟིང་གི་སྦྱིན་པ་དང་མཆོད་པ་ལས་ཆེས་ཕུལ་དུ་བྱུང་བ་སྟེ་དེས་མཚོན་ནས་གཞན་ཡང་ཤེས་པར་བྱའོ།

།བཞི་པ་ནི། རིན་པོ་ཆེའི་ཕུང་པོ་ལས།
སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་སོ་སོ་ནས་སངས་རྒྱས་ཀྱི་མཆོད་རྟེན་རི་རབ་ཙམ་བྱེད་ལ། དེ་དག་ལ་ཡང་བསྐལ་པ་བྱེ་བ་སྙེད་དུ་བསྟི་སྟང་དུ་བྱ་བ་ཐམས་ཅད་ཀྱིས་བསྟི་སྟང་དུ་བྱེད་པ་ལས། བྱང་སེམས་ཀྱིས་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བས་མེ་ཏོག་གཅིག་ཙམ་དོར་བ་བསོད་ནམས་མང་བར་གསུངས་ཏེ། དེ་བཞིན་དུ་ཐོབ་བྱ་མཆོག་དམན་དང་རང་གཞན་གྱི་དོན་ལ་དམིགས་པ་སོགས་བསམ་པའི་ཁྱད་པར་དང༌། དེ་ཡང་ཤུགས་དྲག་གཞན་དང་རྒྱུན་རིང་ཐུང་སོགས་ཀྱི་སྒོ་ནས་ཤེས་པར་བྱའོ། །ཉེས་སྤྱོད་ལ་ཡང་ཉོན་མོངས་པའི་བསམ་པ་ཤུགས་དྲག་པ་དང་རྒྱུན་རིང་པ་སྟོབས་ཆེ་ལ། དེའི་ནང་ནས་ཀྱང་ཁོང་ཁྲོ་ཤིན་ཏུ་སྟོབས་ཆེ་སྟེ།

སྤྱོད་འཇུག་ལས།
།བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས།
།ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང༌། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། ཅེས་སོ།

།དེ་ཡང་ཚངས་པ་མཚུངས་པར་སྤྱོད་པ་དང༌། དེ་ལས་ཀྱང་རྒྱལ་སྲས་ལ་ཁྲོ་བ་ནི་ཤིན་ཏུ་ལྕི་སྟེ།

ཏིང་འཛིན་རྒྱལ་པོ་ལས།
།གཅིག་ལ་གཅིག་ཀྱང་གནོད་སེམས་བྱས་ན་ནི། །དེ་ལ་ཚུལ་ཁྲིམས་ཐོས་པས་སྐྱོབ་མི་ནུས།
།བསམ་གཏན་མི་སྐྱོབ་དགོན་གནས་སྐྱོབ་མི་ནུས། །སྦྱིན་པས་མི་སྐྱོབ་སངས་རྒྱས་མཆོད་པས་མིན། ཞེས་སོ།

།གསུམ་པ་ལ་གསུམ། རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། བདག་པོའམ་དབང་གི་འབྲས་བུའོ། །དང་པོ་ནི། ལས་ལམ་བཅུ་པོ་རེ་རེ་ཡང་གཞི་དུག་གསུམ་ཆུང་འབྲིང་ཆེ་གསུམ་ལ་བརྟེན་པས་གསུམ་གསུམ་མོ། །དེ་ལ་སྲོག་གཅོད་སོགས་ཆེན་པོ་བཅུ་པོ་རེ་རེས་དམྱལ་བ། འབྲིང་བཅུ་པོ་རེ་རེས་ཡི་དྭགས། ཆུང་ངུ་བཅུ་པོ་རེ་རེས་དུད་འགྲོར་སྐྱེ་བར་སའི་དངོས་གཞིར་གསུངས་ལ། ས་བཅུ་པའི་མདོ་ལས་ནི་ཆུང་འབྲིང་གཉིས་ཀྱི་འབྲས་བུ་ལྡོག་སྟེ་གསུངས་སོ། །གཉིས་པ་ནི། ངན་འགྲོ་ནས་མིར་སྐྱེས་ཀྱང་རིམ་པ་ལྟར་ཚེ་ཐུང་བ་དང་། ལོངས་སྤྱོད་ཀྱིས་ཕོངས་པ་དང་། ཆུང་མ་མ་བསྲུངས་པར་འགྱུར་པ་དང་། སྐུར་བ་མང་བ་དང་། མཛའ་བོ་དང་འབྱེ་བ་དང་། ཡིད་དུ་མི་འོང་བའི་སྒྲ་ཐོས་པ་དང༌། གཞན་གྱིས་ཚིག་མི་ཉན་པ་དང་། ཆགས་སྡང་རྨོངས་གསུམ་ཤས་ཆེ་བའོ།

།གསུམ་པ་ནི། སྲོག་གཅོད་པའི་ནི། ཕྱིའི་འཇིག་རྟེན་གྱི་བཟའ་བཏུང་དང་སྨན་དང་འབྲས་བུ་སོགས་མཐུ་ཆུང་བ་སོགས་སོ། །མ་བྱིན་ལེན་གྱི་ནི། ཐན་པ་དང་ཆར་ཆེས་པ་དང་འབྲས་བུ་ཉུང་བ་སོགས་སོ། །ལོག་གཡེམ་གྱི་ནི་འདམ་རྫབ་དང་ལྗན་ལྗིན་མང་བ་དང་ཉམས་མི་དགའ་བ་སོགས་སོ། །བརྫུན་དུ་སྨྲ་བའི་ནི། ཞིང་ལས་དང་གྲུ་སྤྱོད་པའི་ལས་ཀྱི་མཐའ་རྒྱས་པར་མི་འགྱུར་བ་སོགས་སོ། །ཕྲ་མའི་ནི། ས་ཕྱོགས་འབར་འབུར་དང་མཐོ་དམན་དང་བགྲོད་དཀའ་བ་སོགས་སོ། །ངག་རྩུབ་པོའི་ནི། ས་ཕྱོགས་སྡོང་དུམ་དང་ཚེར་མ་དང་རྡོ་དང་གསེག་མ་དང་གྱོ་མོ་མང་བ་སོགས་སོ། །ཚིག་བཀྱལ་པའི་ནི། འབྲས་བུའི་ལྗོན་ཤིང་ལ་འབྲས་བུ་མི་ཆགས་པ་དང་དུས་མ་ཡིན་པར་ཡང་འབྲས་བུ་ཆགས་པ་སོགས་སོ། །བརྣབ་སེམས་ཀྱི་ནི། ཕུན་ཚོགས་ཐམས་ཅད་ལོ་དང་ཟླ་བ་དང་ཞག་རེ་རེར་ཡང་ཉམས་པ་སོགས་སོ། །གནོད་སེམས་ཀྱི་ནི། ཡམས་དང་གནོད་པ་དང་ནད་འགོ་བ་དང་འཁྲུག་པ་དང་ཕ་རོལ་གྱི་དམག་ཚོགས་ལས་འཁྲུག་ལོང་མང་བ་སོགས་སོ། །ལོག་ལྟའི་ནི། སྣོད་ཀྱི་འཇིག་རྟེན་ན་འབྱུང་ཁུངས་མཆོག་ནུབ་པ་སོགས་སོ།

།གཉིས་པ་ལ་གཉིས། དཀར་པོའི་ལས་དང༌། འབྲས་བུའོ། །དང་པོ་ནི། སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་ལོག་གཡེམ་ལ་ཉེས་དམིགས་ཀྱི་བསམ་པ་ཅན་དགེ་བའི་སེམས་དང་ལྡན་པས། དེ་དག་ཡང་དག་པར་སྡོམ་པའི་སྦྱོར་བ་བྱས་པ་དང་བསྡམས་པ་མཐར་ཐུག་པར་བྱས་པའི་ལུས་ཀྱི་ལས་སོ། །དེ་བཞིན་དུ་ངག་གི་བཞི་དང་། ཡིད་ཀྱི་གསུམ་ལ་ཡང་སྦྱར་ཏེ། ཁྱད་པར་ནི་ངག་གི་ལས་དང་ཡིད་ཀྱི་ལས་ཞེས་བྱའོ། ཞེས་སའི་དངོས་གཞིར་གསུངས་པས། གཞི་དང་། བསམ་པ་དང་། སྦྱོར་བ་དང་། མཐར་ཐུག་རྣམས་ཅི་རིགས་པར་སྦྱར་ཏེ་སྲོག་གཅོད་སྤོང་བའི་ལས་ལམ་ལ་སྦྱར་ན། གཞི་ནི། སེམས་ཅན་གཞན་ནོ། །བསམ་པ་ནི། ཉེས་དམིགས་མཐོང་ནས་སྤོང་འདོད་པའོ། སྦྱོར་བ་ནི། གསོད་པ་ཡང་དག་པར་བསྡམས་པའི་འདུ་བྱེད་དོ། མཐར་ཐུག་ནི། ཡང་དག་པར་བསྡམས་པ་རྫོགས་པའི་ལུས་ཀྱི་ལས་སོ། །ཚུལ་དེས་གཞན་ཡང་ཤེས་པར་བྱའོ། །གཉིས་པ་ལ་གསུམ། རྣམ་སྨིན་ནི། དགེ་བའི་ལས་ཆུང་ངུ་དང་འབྲིང་དང་ཆེན་པོས་མི་དང་འདོད་ལྷ་དང་ཁམས་གོང་མ་གཉིས་ཀྱི་ལྷར་སྐྱེའོ། །རྒྱུ་མཐུན་དང༌། བདག་འབྲས་ནི། མི་དགེ་བ་ལས་བཟློག་སྟེ་སྦྱར་རོ། །གསུམ་པ་ལ་གཉིས་ལས། འཕེན་རྫོགས་ཀྱི་དབྱེ་བ་ནི། བདེ་འགྲོ་འཕེན་པའི་ལས་ནི་དགེ་བ་དང༌། ངན་འགྲོ་འཕེན་པའི་ལས་ནི་མི་དགེ་བ་ཡིན་ལ། རྫོགས་བྱེད་ལ་ངེས་པ་མེད་དེ། བདེ་འགྲོ་ཡང་ཡན་ལག་དང་ཉིང་ལག་དང་དབང་པོ་མ་ཚང་བ་དང་མདོག་མི་སྡུག་པ་དང༌། ཚེ་ཐུང་བ་དང་ནད་མང་བ་དང་དབུལ་བ་སོགས་ནི་མི་དགེ་བས་བྱེད་ལ། དུད་འགྲོ་དང་ཡི་དྭགས་ལ་ཡང་དཔལ་འབྱོར་ཕུན་ཚོགས་ཡོད་པ་ནི་དགེ་བས་བྱེད་པའོ། །དེ་ལྟར་ན་འཕེན་བྱེད་དགེ་བས་འཕངས་པ་ལ་རྫོགས་བྱེད་ཀྱང་དགེ་བས་རྫོགས་པ་དང་མི་དགེ་བས་རྫོགས་པ་གཉིས་དང༌། འཕེན་བྱེད་མི་དགེ་བས་འཕངས་པ་ལ་རྫོགས་བྱེད་མི་དགེ་བས་རྫོགས་པ་དང་དགེ་བས་རྫོགས་པ་གཉིས་ཏེ་མུ་བཞིའོ། །མྱོང་བར་ངེས་པ་དང་མ་ངེས་པ། མྱོང་ངེས་ནི་བསམས་བཞིན་དུ་བྱས་པ་དང་བསགས་པའོ། །མྱོང་བར་མ་ངེས་པ་ནི་བསམས་བཞིན་དུ་བྱས་ལ་མ་བསགས་པའོ། །བྱས་པ་དང་བསགས་པའི་ཁྱད་པར་ལ། བྱས་པ་ནི་བསམས་པའམ་བསམས་ནས་ཀྱང་ལུས་ངག་གིས་ཀུན་ནས་བསླང་བའོ། །བསགས་པ་ནི་རྨི་ལམ་དུ་བྱས་པ་སོགས་བཅུ་པོ་མ་གཏོགས་པའི་ལས་སོ། །མ་བསགས་པ་ནི་རྨི་ལམ་དུ་བྱས་པ་སོགས་རྣམ་པ་བཅུ་པོའོ། །མྱོང་ངེས་ལ་འབྲས་བུ་མྱོང་བའི་དུས་ཀྱི་སྒོ་ནས་གསུམ་མོ། །དེ་ལ་མཐོང་ཆོས་ལ་མྱོང་བ་ནི་ལས་དེའི་འབྲས་བུ་ཚེ་དེ་ལ་མྱོང་བའོ། །སྐྱེས་ནས་མྱོང་འགྱུར་ནི་ཚེ་གཉིས་པ་ལ་འབྲས་བུ་མྱོང་བའོ། །ལན་གྲངས་གཞན་ལ་མྱོང་བ་ནི་ཚེ་གསུམ་པ་ཕན་ཆད་དུ་མྱོང་བའོ།

།གཉིས་པ་ནི། མི་དགེ་ཅུ་སྤོང་གིས་ཀྱང་རྟེན་བཟང་པོ་ཞིག་རྙེད་མོད་ཀྱང་། རྣམ་མཁྱེན་སྒྲུབ་པའི་རྟེན་མཚན་ཉིད་ཚང་པ་ཞིག་གྲུབ་ན་ལམ་སྒོམ་པའི་ས་ཆོད་གཞན་དང་མི་འདྲ་བས་རྟེན་དེ་བསྒྲུབ་པར་བྱའོ། །འདི་ལ་གཉིས། རྣམ་སྨིན་གྱི་ཡོན་ཏན་དང་བྱེད་ལས། རྣམ་སྨིན་གྱི་རྒྱུའོ།

།དང་པོ་ལ་བརྒྱད། ཚེ་ཕུན་སུམ་ཚོགས་པ། །ཁ་དོག་ཕུན་ཚོགས། རིགས་ཕུན་ཚོགས། དབང་ཕྱུག་ཕུན་ཚོགས། ཚིག་བཙུན་པ། དབང་ཆེ་བར་གྲགས་པ། སྐྱེས་པ་ཉིད་དང༌། སྟོབས་དང་ལྡན་པའོ། །དང་པོ་ནི། སྔོན་གྱི་འཕེན་པས་ཚེ་རིང་དུ་འཕེན་ཞིང་འཕངས་པ་ལྟར་གནས་པའོ། །དེས་ནི་རང་གཞན་གྱི་དོན་ལས་བརྩམས་ཏེ་ཡུན་རིང་པོར་དགེ་བ་མང་པོ་གསོག་གོ །གཉིས་པ་ནི། ཁ་དོག་དང་དབྱིབས་ལེགས་ལ་དབང་པོ་མ་ཚང་བ་མེད་པས་ཆུ་ཞེང་གབ་པའོ། །དེས་ནི་མཐོང་བ་ཙམ་གྱིས་གདུལ་བྱ་དགའ་ནས་འདུ་ཞིང་དེའི་ཚིག་ཉན་ནོ། །གསུམ་པ་ནི། འཇིག་རྟེན་པས་བཀུར་ཞིང་གྲགས་པའི་རིགས་མཐོན་པོར་སྐྱེས་པའོ། །དེས་ནི་བསྒོ་བ་ལས་མི་འདའ་བར་སྒྲུབ་བོ། །བཞི་པ་ནི། ལོངས་སྤྱོད་དང་གཉེན་དང་འཁོར་ཕལ་ཆེ་བའོ། །དེས་ནི་སེམས་ཅན་རྣམས་བསྡུས་ཏེ་སྨིན་པར་བྱེད་དོ། །ལྔ་པ་ནི། ལུས་ངག་གིས་གཞན་མི་སླུ་བས་སེམས་ཅན་རྣམས་ཀྱིས་ཚིག་འཛིན་པའོ། །དེས་ནི་བསྡུ་བཞིས་སེམས་ཅན་སྡུད་ཅིང་སྨིན་པར་བྱེད་དོ། །དྲུག་པ་ནི། སྦྱིན་པ་ལ་བརྩོན་པ་སོགས་ཀྱི་ཡོན་ཏན་དང་ལྡན་པས་སྐྱེ་བོ་ཆེན་པོ་རྣམས་ཀྱི་མཆོད་གནས་སུ་གྱུར་པའོ། །དེས་ནི་བྱ་བ་ཐམས་ཅད་ཀྱི་གྲོགས་བྱས་པས་བྱས་པ་གཟོ་ཞིང་བསྒོ་བ་མྱུར་དུ་ཉན་ནོ། །བདུན་པ་ནི། ཕོ་དབང་དང་ལྡན་པའོ། །དེས་ནི་ཡོན་ཏན་ཐམས་ཅད་ཀྱི་སྣོད་དང་འདུན་པ་དང་རྩོལ་བས་ཤེས་རབ་ཡངས་པའི་སྣོད་དུ་འགྱུར་ལ། འཁོར་དུ་མི་འཇིགས་པ་དང་སེམས་ཅན་ཐམས་ཅད་དང་ལྷན་ཅིག་འགྲོ་བའམ། དབེན་པར་གནས་པ་ལ་གེགས་བྱེད་མེད་དོ། །བརྒྱད་པ་ནི། སྔོན་གྱི་ལས་ཀྱི་མཐུས་རང་བཞིན་གྱིས་གནོད་པ་ཆུང་ཞིང་ནད་མེད་ལ་ཚེ་འདིའི་རྐྱེན་ལས་བྱུང་བའི་སྤྲོ་བ་ཆེ་བའོ། །དེས་ནི་རང་གཞན་གྱི་དོན་གང་ལ་ཡང་མི་སྐྱོ་ཞིང་སྤྲོ་ཤུགས་ཆེ་ལ་བརྟན་པས་སོ་སོར་རྟོག་པའི་སྟོབས་ཐོབ་ནས་མངོན་ཤེས་མྱུར་རོ།

།གཉིས་པ་ལ་བརྒྱད་ལས། དང་པོ་ནི། སེམས་ཅན་ལ་མི་འཚེ་བ་དང་། མི་འཚེ་བའི་བསམ་པ་བསྟེན་པའོ། །གཞན་ཡང༌། གསོད་སར་ཆུད་པ་ལེགས་བཏང་དང༌། །དེ་བཞིན་སྲོག་གིས་ཕན་བཏགས་ཤིང༌།
སྲོག་ཆགས་འཚེ་བ་ལས་ལྡོག་པས། །ཚེ་རིང་བ་ནི་འཐོབ་པར་འགྱུར། ནད་པའི་བསྙེན་བཀུར་བྱས་སྨན་པ། །སྨན་ནི་རབ་ཏུ་བྱིན་པ་དང༌། སྲོག་ཆགས་བོང་བ་དབྱིག་སོགས་ཀྱིས། །འཚེ་བ་མེད་ལས་ནད་མེད་ཡིན། །ཞེས་སོ།

གཉིས་པ་ནི། མར་མེ་ལ་སོགས་པའི་སྣང་བ་དང་གོས་གསར་པ་སྦྱིན་པའོ།

།གཞན་ཡང༌། ཁྲོ་བ་མེད་ལ་བརྟེན་པ་དང༌། །རྒྱན་བྱིན་པ་ཡིས་གཟུགས་བཟང་ཉིད།
ཕྲག་དོག་མེད་པའི་འབྲས་བུ་ནི། །སྐལ་བ་བཟང་པོར་རབ་ཏུ་བཤད། །ཅེས་སོ།

།གསུམ་པ་ནི། ང་རྒྱལ་བཅོམ་ནས་བླ་མ་ལ་སོགས་པ་དང་གཞན་ལ་བྲན་ལྟར་གུས་པར་བྱའོ། །བཞི་པ་ནི། ཟས་གོས་སོགས་སློང་བ་ལ་སྦྱིན་ཞིང་མི་སློང་ཡང་ཕན་འདོགས་པ་དང་། སྡུག་བསྔལ་བ་དང་ཡོན་ཏན་གྱི་ཞིང་ཡོ་བྱད་མེད་པ་ལ་ཕར་སྦྱིན་པའོ། །ལྔ་པ་ནི། ངག་གི་མི་དགེ་བ་བཞི་སྤོང་བ་ལ་གོམས་པའོ། །དྲུག་པ་ནི། ཕྱི་མ་ལ་རང་ལ་ཡོན་ཏན་སྣ་ཚོགས་སྒྲུབ་པར་སྨོན་ལམ་འདེབས་ཤིང་། དཀོན་མཆོག་གསུམ་དང་ཕ་མ་དང་ཉན་རང་དང་མཁན་སློབ་དང་བླ་མ་ལ་མཆོད་པར་བྱེད་པའོ། །བདུན་པ་ནི། སྐྱེས་པའི་ཡོན་ཏན་ལ་དགའ་ཞིང་བུད་མེད་ལ་མི་དགའ་བར་ཉེས་དམིགས་སུ་ལྟ་ལ། བུད་མེད་ཀྱི་ལུས་འདོད་པ་རྣམས་འདུན་པ་བཟློག་པ་དང་། ཕོ་དབང་གཅོད་པ་རྣམས་ཐར་བར་བྱེད་པའོ། །བརྒྱད་པ་ནི། གཞན་གྱིས་གཏན་མི་ནུས་པ་ང་རང་གིས་བྱེད་པ་དང་རང་དང་བསྡོམས་པས་ནུས་པ་ལ་གྲོགས་བྱེད་པ་དང་བཟའ་བཏུང་སྟེར་བའོ། །རྒྱུ་བརྒྱད་པོ་དེ། རྒྱུ་གསུམ་དང་ལྡན་ན་རྣམ་པར་སྨིན་པ་རྣམས་ཕུལ་དུ་བྱུང་བར་འགྱུར་རོ། །རྒྱུ་གསུམ་ལ། སེམས་རྣམ་པར་དག་པ་ལ་རང་ལ་ལྟོས་པ་གཉིས་ནི། རྒྱུ་བསྒྲུབ་པའི་དགེ་བ་རྣམས་བླ་མེད་བྱང་ཆུབ་ཏུ་བསྔོ་བ་ནི་རྣམ་སྨིན་ལ་མི་རེ་བའོ། །སྙིང་ཐག་པ་ནས་རྒྱུ་རྣམས་སྒྲུབ་པའི་ཤུགས་དྲག་པའོ། །གཞན་ལ་ལྟོས་པ་གཉིས་ནི། ཆོས་མཐུན་པ་རབ་འབྲིང་ཐ་གསུམ་མཐོང་ན། ཕྲག་དོག་འགྲན་སེམས་བརྙས་པ་སྤངས་ནས་རྗེས་སུ་ཡི་རང་དང༌། དེ་དག་ལྟར་མ་ནུས་ནའང་ཉིན་རེ་བཞིན་སྤྱད་བྱར་ལན་མང་དུ་རྟོག་པའོ། །སྦྱོར་བ་དག་པ་ལ་རང་ལ་ལྟོས་ནས་ནི། དུས་རིང་བ་དང་བར་མ་ཆད་པ་དང་ཤུགས་དྲག་པའོ། །གཞན་ལ་ལྟོས་པ་ནི། ཡང་དག་པར་མ་བླངས་པ་ལེན་དུ་གཞུག་པ་དང༌། བླངས་པ་རྣམས་དགའ་བ་བསྐྱེད་པའི་ཕྱིར་བསྔགས་པ་བརྗོད་པ་དང་རྒྱུན་མི་འཆད་པར་བྱེད་པ་དང་མི་འདོར་པར་བྱེད་པའོ། །ཞིང་དག་པ་ནི། བསམ་སྦྱོར་དེ་གཉིས་ཉིད་འབྲས་བུ་མང་ཞིང་བཟང་བ་སྟེར་བས་ན་ཞིང་དུ་འདྲ་བས་སོ།

།གསུམ་པ་ལ་གཉིས། སྤྱིར་བསྟན་པ་དང༌། ཁྱད་པར་དུ་སྟོབས་བཞིས་སྦྱང་ཚུལ་ལོ། །དང་པོ་ནི།

སྤྱོད་འཇུག་ལས།
།མི་དགེ་བ་ལས་སྡུག་བསྔལ་འབྱུང༌། །དེ་ལས་ཇི་ལྟར་ངེས་ཐར་ཞེས།
།ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས།

ཞེས་དང༌།
།དགེ་བའི་ཕྱོགས་ནི་ཐམས་ཅད་ཀྱི། །རྩ་བ་མོས་པར་ཐུབ་པས་གསུངས།
།དེའི་ཡང་རྩ་བ་རྟག་ཏུ་ནི། ། རྣམ་སྨིན་འབྲས་བུ་བསྒོམས་པས་སོ།

ཞེས་གསུངས་པ་ལྟར། དཀར་ནག་གི་ལས་འབྲས་ཤེས་པར་བྱས་ནས་ཡང་དང་ཡང་དུ་བསྒོམ་པར་བྱ་སྟེ་འདི་ཤིན་ཏུ་ལྐོག་ཏུ་གྱུར་བས་ངེས་པ་ཆེས་རྙེད་དཀའ་བའི་ཕྱིར་རོ།

།དེ་ཡང་ཏིང་འཛིན་རྒྱལ་པོ་ལས།
།ཟླ་བ་སྐར་མར་བཅས་པ་གནས་ལྟུང་ཞིང༌། །རི་དང་གྲོང་དུ་བཅས་པའི་ས་ཞིག་ལ།
།ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང༌། །ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུངས།

ཞེས་གསུངས་པ་ལྟར། དེ་བཞིན་གཤེགས་པའི་གསུང་ལ་ཡིད་ཆེས་པར་བྱས་ལ་བསྐྱང་སྟེ། འདི་ལ་བཅོས་མིན་གྱི་ངེས་པ་མ་རྙེད་ན་ཆོས་གང་ལ་ཡང་རྒྱལ་བ་དགྱེས་པའི་ངེས་པ་མི་རྙེད་དོ། །ཁ་ཅིག་སྟོང་པ་ཉིད་ལ་ངེས་པ་རྙེད་པ་སྐད་ཟེར་ནས་ལས་འབྲས་ལ་ངེས་པ་མེད་ཅིང་དེ་ལ་མི་རྩི་བ་ནི་སྟོང་ཉིད་ཀྱི་གོ་བ་ཕྱིན་ཅི་ལོག་ཏུ་སོང་སྟེ། སྟོང་ཉིད་གོ་ན་ནི་དེ་ཉིད་རྟེན་འབྲེལ་གྱི་དོན་དུ་མཐོང་བས་ལས་འབྲས་ལ་ངེས་པ་སྐྱེ་བའི་གྲོགས་སུ་འགྱུར་བའི་ཕྱིར་ཏེ།

མདོ་དེ་ཉིད་ལས།
།སྒྱུ་མ་ཆུ་བུར་སྨིག་རྒྱུ་ཀློག་འདྲ་ཞིང༌། །ཆོས་རྣམས་ཐམས་ཅད་ཆུ་ཡི་ཟླ་བ་བཞིན།
།ཤི་ནས་འཇིག་རྟེན་ཕ་རོལ་འགྲོ་བ་ཡི། །སེམས་ཅན་ཤེད་ལས་སྐྱེས་པ་མི་དམིགས་ཀྱང༌།
།ལས་རྣམས་བྱས་པ་མེད་པར་མི་འགྱུར་ཏེ། །དཀར་ནག་ཇི་བཞིན་འབྲས་བུ་སྨིན་པར་བྱེད།
།རིགས་པའི་ཚུལ་གྱི་སྒོ་འདི་བཟང་པོ་སྟེ། །ཕྲ་ཞིང་མཐོང་དཀའ་རྒྱལ་བའི་སྤྱོད་ཡུལ་ཡིན།

།ཞེས་སོ། །དེས་ན་ལས་གཉིས་རྒྱུ་དང་འབྲས་བུར་བཅས་པ་ལ་ངེས་པ་སྐྱེད་ཅིང་ཉིན་མཚན་ཀུན་ཏུ་སྒོ་གསུམ་ལ་རྟོག་པ་ཞིག་གིས་ངན་འགྲོ་གཅོད་ཀྱི་ཐོག་མར་རྒྱུ་འབྲས་ཀྱི་རྣམ་དབྱེ་ལ་མི་མཁས་ཤིང་ཅུང་ཟད་ཤེས་ཀྱང་སྒོ་གསུམ་བག་ཡེངས་སུ་འཇུག་པ་ནི་ངན་འགྲོའི་སྒོ་འབྱེད་པ་ཁོ་ན་སྟེ་རྒྱ་མཚོས་ཞུས་པ་ལས། ཀླུའི་བདག་པོ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་གཅིག་གིས་ངན་སོང་ངན་འགྲོ་ལོག་པར་ལྟུང་བར་སྐྱེ་བ་ཡང་དག་པར་གཅོད་དོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། བདག་ཇི་ལྟར་གྱུར་ཅིང་ཉིན་མཚན་རྣམས་འདའ་ཞིང་འདུག་སྙམ་དུ་དགེ་བའི་ཆོས་རྣམས་ལ་སོ་སོར་རྟོག་པ་སྟེ། ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བསམས་ནས་ཀྱང་ཉེས་སྤྱོད་ལས་ལྡོག་པའི་ཚུལ་ནི།

བདེན་པ་པོའི་ལེའུ་ལས།
།རྒྱལ་པོ་ཁྱོད་ནི་སྲོག་གཅོད་མ་མཛད་ཅིག །སྐྱེ་བོ་ཀུན་ལ་སྲོག་ནི་རབ་ཏུ་ཕངས།
།དེ་བས་ཡུན་རིང་ཚེ་བསྲུང་སུ་འདོད་པས། །ཡིད་ཀྱི་དགུ་ལའང་སྲོག་གཅོད་མི་བསམ་མོ།

ཞེས་གསུངས་པ་ལྟར་མི་དགེ་བཅུ་ལ་སོགས་པའི་ཁ་ན་མ་ཐོ་བ་རྣམས་ལ་ཀུན་སློང་ཙམ་ཡང་མི་རྒྱུ་བར་སྡོམ་སེམས་མང་དུ་བསྟེན་པ་གོམས་པར་བྱའོ། །ཕུ་ཆུང་བ་ལ། ཁམ་ལུང་པས། དགེ་བཤེས་པ་ནི་ལས་འབྲས་ཁོ་ན་གལ་ཆེ་བར་གསུང་བ་ལ། ད་ལྟ་བཤད་པ་དང་ཉན་པ་དང་སྒོམ་རིན་མེད་པར་བྱེད་དེ། འདི་ཁོ་ན་ཉམས་སུ་བླང་དཀའ་འམ་སྙམ་གསུངས་པས། ཕུ་ཆུང་བ་ཡང་། དེ་ཙུག་ལགས་གསུང་བ་དང༌། སྟོན་པའི་ཞལ་ནས། ཇོ་བོ་པ་སྙིང་ཁམ་ཆེར་མི་རུང་རྟེན་འབྲེལ་འདི་ཕྲག་གསུང་བ་དང༌།
ཕུ་ཆུང་བའི་ཞལ་ནས། ང་ནི་རྒས་ཁར་མཛངས་བླུན་ལ་ཁ་ལྷན་སོང་གསུང་བ་དང༌།
ཤ་ར་བའི་ཞལ་ནས། སངས་རྒྱས་ཀྱིས་ཉེས་སྐྱོན་ཅི་བྱུང་ཡང་ཕྱོགས་ངན་དང་མཁར་ལན་ལ་ལེ་ལན་མ་བདས་པར་ལས་འདི་བྱས་པས་འདིར་སྐྱེས་བྱ་བ་ཤ་སྟག་གསུངས་གསུང་ངོ༌།

།གཉིས་པ་ནི། དེ་ལྟར་ཉེས་སྤྱོད་ཀྱིས་མ་གོས་པ་ལ་འབད་ཀྱང་བག་མེད་པ་དང་ཉོན་མོངས་མང་བ་ལ་སོགས་པའི་དབང་གིས་ཉེས་པ་བྱུང་ན་ཇི་མི་སྙམ་པར་གཞག་ཏུ་མི་རུང་བས། སྟོན་པ་ཐུགས་རྗེ་ཅན་གྱིས་ཕྱིར་བཅོས་པའི་ཐབས་གསུངས་པ་རྣམས་ལ་འབད་དགོས་སོ། །དེ་ཡང་ལྟུང་བ་ཕྱིར་བཅོས་ཚུལ་ནི་སྡོམ་པ་གསུམ་སོ་སོ་ནས་གསུང་བ་ལྟར་བྱ་ལ། སྡིག་པ་ཕྱིར་བཅོས་པ་ནི་སྟོབས་བཞིས་བྱའོ། །དེ་ལ་སྟོབས་དང་པོ་སུན་འབྱིན་པའི་སྟོབས་ནི། ཐོག་མ་མེད་པ་ནས་མི་དགེ་བ་བྱས་པ་ལ་འགྱོད་པ་མང་བ་ཡིན་ཏེ། འདི་སྐྱེ་བ་ལ་རྣམ་སྨིན་སོགས་ཀྱི་འབྲས་བུ་གསུམ་སྐྱེད་ཚུལ་བསྒོམ་དགོས་སོ། །ལག་ལེན་གྱི་ཚེ་གསེར་འོད་དམ་པའི་བཤགས་པ་དང་སངས་རྒྱས་སོ་ལྔའི་སྒོ་ནས་ཀྱི་བཤགས་པ་གཉིས་ཀྱིས་བྱའོ། །གཉིས་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ལ་དྲུག །མདོ་སྡེ་ཟབ་མོ་ལ་བརྟེན་པ། སྟོང་ཉིད་ལ་མོས་པ། བཟླས་པ་ལ་བརྟེན་པ། སྐུ་གཟུགས་ལ་བརྟེན་པ། མཆོད་པ་ལ་བརྟེན་པ། མཚན་ལ་བརྟེན་པའོ། །དང་པོ་ནི། ཤེར་ཕྱིན་ལ་སོགས་པའི་མདོ་སྡེའི་ཚིག་ལེན་པ་དང་འཛིན་པ་དང་ཀློག་པ་སོགས་སོ། །གཉིས་པ་ནི། བདག་མེད་ཅིང་འོད་གསལ་བའི་ཆོས་ཉིད་ལ་འཇུག་ཅིང་གདོད་མ་ནས་དག་པར་ཡིད་ཆེས་པའོ། །གསུམ་པ་ནི། ཡི་གེ་བརྒྱ་པ་སོགས་ཀྱི་གཟུངས་ཁྱད་པར་ཅན་རྣམས་ཆོ་ག་བཞིན་ཟློས་པའོ།

།དཔུང་བཟང་གིས་ཞུས་པ་ལས།
།སོ་ཀ་ནགས་མེས་མཆེད་པའི་མེ་ལྕེ་ཡིས། །མ་བསྒྲིམས་བཞིན་དུ་ཚང་ཚིང་ཀུན་བསྲེག་ལྟར། །བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྤར། །བརྩོན་འགྲུས་ཆེན་པོའི་མེ་ལྕེས་སྡིག་པ་བསྲེག ། །ཇི་ལྟར་གངས་ལ་ཉི་མའི་འོད་ཟེར་གྱིས། །གདུངས་ན་གཟི་བརྗིད་མི་བཟོད་འཇུ་བ་བཞིན། །ཚུལ་ཁྲིམས་ཉི་མའི་འོད་ཟེར་བཟླས་བརྗོད་ཀྱིས། །གདུངས་ན་སྡིག་པའི་གངས་ཀྱང་ཟད་པར་འགྱུར། །མུན་ནག་སྨག་ལ་མར་མེ་ཕྱུང་བ་ཡིས། །མུན་ནག་མ་ལུས་སེལ་བར་བྱེད་པ་བཞིན། །ཚེ་རབས་སྟོང་ནས་བསགས་པའི་སྡིག་པའི་མུན། །བཟླས་བརྗོད་མར་མེས་མྱུར་དུ་སེལ་བར་བྱེད།

ཅེས་སོ། །དེ་ཡང་སྡིག་པ་བྱང་བའི་མཚན་མ་མཐོང་གི་བར་དུའོ། །མཚན་མ་ནི་རྨི་ལམ་ན་ཟས་ངན་སྐྱུག་པ་དང༌། ཞོ་དང་འོ་མ་སོགས་འཐུང་བ་དང་སྐྱུག་པ་དང༌། །ཉི་ཟླ་མཐོང་བ་དང་ནམ་མཁའ་ལ་འགྲོ་བ་དང༌། མེ་འབར་བ་དང་མ་ཧེ་དང་མི་ནག་པོ་ཐུབ་པ་དང༌། དགེ་སློང་དང་དགེ་སློང་མའི་དགེ་འདུན་མཐོང་བ་དང་འོ་མ་འབྱུང་བའི་ཤིང་དང་གླང་པོ་དང་ཁྱུ་མཆོག་དང་རི་དང་སེང་གེའི་ཁྲི་དང་ཁང་བཟང་གི་སྟེང་དུ་འཛེག་པ་དང༌། ཆོས་ཉན་པ་རྨིས་པ་ཡིན་པར་སྐུལ་བྱེད་ཀྱི་གཟུངས་ལས་གསུངས་སོ།

།བཞི་པ་ནི། སངས་རྒྱས་ལ་དད་པ་རྙེད་ནས་སྐུ་གཟུགས་བྱེད་པའོ། །ལྔ་པ་ནི། སངས་རྒྱས་དང་དེའི་མཆོད་རྟེན་ལ་མཆོད་པ་རྣམ་པ་སྣ་ཚོགས་བྱེད་པའོ། །དྲུག་པ་ནི། སངས་རྒྱས་དང་རྒྱལ་སྲས་ཆེན་པོ་རྣམས་ཀྱི་མཚན་ཐོས་ཤིང་བཟུང་བའོ། །འདི་དག་ནི་བསླབ་བཏུས་སུ་དངོས་སུ་བྱུང་བ་ཙམ་སྟེ་གཞན་ཡང་མང་ངོ༌།

།གསུམ་པ་ཉེས་པ་ལས་སླར་ལྡོག་པའི་སྟོབས་ནི། མི་དགེ་བཅུ་ཡང་དག་པར་སྡོམ་པ་སྟེ་འདིས་ནི་སྲོག་གཅོད་སོགས་ཀྱི་སྒོ་ནས་སྒོ་གསུམ་གྱི་ལས་དང་ཉོན་དང་ཆོས་ཀྱི་སྒྲིབ་པ་བྱས་པ་བྱེད་དུ་བཅུག་པ། རྗེས་སུ་ཡི་རང་སྔོན་ཅི་བྱས་པ་ཐམས་ཅད་འཇོམས་པར་ཉི་མའི་སྙིང་པོ་ལས་གསུངས་སོ། །ཞེ་ཐག་པ་ནས་སྡོམ་སེམས་མེད་པའི་བཤགས་པ་ཚིག་ཙམ་དུ་འགྲོ་བ་ལ་དགོངས་ནས། ཕྱིན་ཆད་སྡོམ་མམ། ཞེས་ལུང་ལས་གསུངས་པར་རྒྱ་ཆེར་འགྲེལ་ལས་བཤད་དོ། །དེའི་ཕྱིར་ཕྱིན་ཆད་མི་བྱེད་པའི་སྡོམ་སེམས་གལ་ཆེ་ལ། དེ་སྐྱེ་བ་ཡང་སྟོབས་དང་པོ་ལ་རག་ལས་སོ།

།བཞི་པ་རྟེན་གྱི་སྟོབས་ནི། སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །དེ་ལ་སྤྱིར་རྒྱལ་བས། ལས་དང་པོ་པས་སྡིག་པ་སྦྱོང་བའི་སྒོ་སྣ་ཚོགས་ཤིག་གསུངས་ཀྱང་གཉེན་པོ་ཡོངས་སུ་རྫོགས་པ་ནི་སྟོབས་བཞི་ཚང་བའོ། །སྡིག་པ་འདག་ལུགས་ནི། ངན་འགྲོ་སྡུག་བསྔལ་ཆེན་པོར་སྐྱེ་བའི་རྒྱུ་རྣམས་སྡུག་བསྔལ་ཆུང་བར་སྐྱེ་བའི་རྒྱུར་འགྱུར་བའམ། ངན་འགྲོར་སྐྱེས་ཀྱང་དེའི་སྡུག་བསྔལ་མི་མྱོང་བའམ་ད་ལྟའི་རྟེན་ལ་མགོ་བོ་ན་བ་ཙམ་གྱིས་དག་ནས་འགྲོ་བ་དང༌། དེ་བཞིན་དུ་རྒྱུན་རིང་པོར་མྱོང་དགོས་པ་རྣམས་ཡུན་ཐུང་ངུའམ། གཏན་མྱོང་མི་དགོས་པར་འགྱུར་ཏེ། དེ་ཡང་སྦྱོང་མཁན་སྟོབས་ཆེ་ཆུང་དང་གཉེན་པོ་སྟོབས་བཞི་རྫོགས་མ་རྫོགས་དང་ཤུགས་དྲག་མི་དྲག་དང་རྒྱུན་རིང་ཐུང་སོགས་ཀྱི་སྒོ་ནས་ཡིན་པས་མཐའ་གཅིག་ཏུ་ངེས་པ་མེད་དོ།

། མདོ་སྡེ་དང་འདུལ་བ་ནས།
།ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ། ཞེས་གསུངས་པ་ནི་སྟོབས་བཞིའི་གཉེན་པོ་སྒོམ་པ་མེད་པ་ལ་དགོངས་ཀྱི། སྟོབས་བཞིའི་གཉེན་པོས། བཤད་པ་ལྟར་སྦྱངས་ན་ནི་མྱོང་ངེས་ཀྱང་འདག་པར་བརྒྱད་སྟོང་འགྲེལ་པར་གསུངས་སོ།

།དེ་ལྟར་བཤགས་པ་དང་བསྡམས་པ་ལ་སོགས་པས་རྣམ་སྨིན་འབྱིན་པའི་ནུས་པ་ཉམས་པར་བྱས་པ་རྣམས་ནི། རྐྱེན་གཞན་དང་ཕྲད་ཀྱང༌། རྣམ་སྨིན་འབྱིན་པར་མི་འགྱུར་ལ། དེ་བཞིན་དུ་ལོག་ལྟ་དང༌། ཁོང་ཁྲོས་དགེ་རྩ་བཅོམ་པ་ལ་ཡང་འདྲ་བར་རྟོག་གེ་འབར་བ་ལས་གསུངས་སོ། །བཤགས་བསྡམ་གྱིས་ལྷག་མ་མ་ལུས་པར་འདག་ཏུ་ཆུག་ཀྱང༌། དང་པོ་ནས་ཉེས་པས་མ་གོས་པའི་དག་པ་དང༌བཤགས་ནས་དག་པ་གཉིས་ཁྱད་པར་ཆེ་སྟེ། དཔེར་ན། བྱང་ས་ལས། རྩ་ལྟུང་བྱུང་བ་ལ་བྱང་སེམས་ཀྱི་སྡོམ་པ་བླངས་པས་ཕྱིར་འཆོས་ནུས་ཀྱང༌། ཚེ་དེ་ལ་ས་དང་པོ་ཐོབ་མི་སྲིད་པར་གསུངས་པ་དང༌།

རྣམ་པར་འཐག་པ་བསྡུས་པའི་མདོ་ལས་ཀྱང༌།
མདོ་དེ་ནས་བཤད་པའི་ཆོས་སྤོང་གི་སྡིག་པ་བྱུང་བ་ཞིག་གིས་ལོ་བདུན་གྱི་བར་དུ། ཉིན་རེ་ཞིང༌། དུས་གསུམ་དུ་བཤགས་ན་སྡིག་པ་འདག་ཀྱང༌། ཇི་ལྟར་མྱུར་ཡང༌། བཟོད་པ་ཐོབ་པ་ལ་བསྐལ་པ་བཅུ་དགོས་པར་གསུངས་སོ།

།དེས་ན་མ་ལུས་པར་དག་པའི་དོན་ནི། འབྲས་བུ་ཡིད་དུ་མི་འོང་བ་འབྱིན་པ་མ་ལུས་པར་དག་པ་ཡིན་གྱི། ལམ་གྱི་རྟོགས་པ་སྐྱེ་བ་སོགས་ནི་ཆེས་རིང་དུ་འགྲོ་བ་ཡིན་པས། དང་པོ་ནས་མ་གོས་པ་ལ་འབད་པར་བྱའོ། །དེའི་ཕྱིར་ཡང༌། འཕགས་པ་རྣམས་སྲོག་གི་ཕྱིར་ཡང༌། སྡིག་ལྟུང་ཕྲ་མོ་ལ་ཡང༌། ཤེས་བཞིན་དུ་མི་འཇུག་པར་གསུངས་ཏེ། བཤགས་པས་དག་བ་དང༌། དང་པོ་ནས་མ་བྱུང་བ་གཉིས་ཁྱད་མེད་ན། དེ་ལྟར་བྱ་མི་དགོས་པའི་ཕྱིར་རོ། །འཇིག་རྟེན་ན་ཡང༌། རྐང་ལག་སོགས་བསྣད་པ་ཕྱིར་བཅོས་སུ་ཡོད་ཀྱང༌། དང་པོ་ནས་མ་བསྣད་པ་དང་མི་འདྲ་བ་བཞིན་ནོ།

།གཉིས་པ་ནི། སྔར་འཇིག་རྟེན་འདི་དོན་གཉེར་བཅོས་མ་མིན་པ་ཡོད་ལ། འཇིག་རྟེན་ཕྱི་མའི་དོན་གཉེར་ཚིག་རྗེས་འབྲངས་པའི་གོ་བ་ཙམ་དུ་འགྱུར་བ་དེ་གོ་ས་འཕོས་ཏེ། ཕྱི་མའི་དོན་གཉེར་གཙོ་བོར་སོང་ཞིང༌། འཇིག་རྟེན་འདི་ཞར་བྱུང་ཙམ་དུ་སོང་ན་སྐྱེས་པ་ཡིན་ལ། འོན་ཀྱང་བརྟན་པར་བྱེད་དགོས་པས་དེ་བྱུང་ནས་ཀྱང་འབད་དེ་སྦྱང་བར་བྱའོ།

།གསུམ་པ་ནི། གསུང་རབ་ལས།
།འཁོར་བའི་ཕུན་ཚོགས་ཐམས་ཅད་ལས་ཡིད་ཕྱིར་ཕྱོགས་དགོས་པར་གསུངས་པས་འཁྲུལ་གཞི་བྱས་པ་ཁ་ཅིག །ལུས་དང་ལོངས་སྤྱོད་སོགས་ཕུན་སུམ་ཚོགས་པའི་མངོན་མཐོ་ནི་འཁོར་བ་ཡིན་པས། དེ་ལ་དོན་གཉེར་སྐྱེད་པ་མི་རིགས་སོ་སྙམ་ན། དོན་དུ་གཉེར་བྱ་ལ་གནས་སྐབས་དང༌། མཐར་ཐུག་གི་དོན་དུ་གཉེར་བྱ་གཉིས་ལས། འཁོར་བའི་ལུས་སོགས་ཀྱི་ཕུན་ཚོགས་ནི། གྲོལ་བ་དོན་གཉེར་གྱིས་ཀྱང་གནས་སྐབས་སུ་དོན་དུ་གཉེར་དགོས་ཏེ། རྟེན་དེ་རིམ་པར་བརྒྱུད་པ་ལས། མཐར་ངེས་ལེགས་ཐོབ་བར་བྱ་བ་ཡིན་པའི་ཕྱིར་རོ། །ལུས་ལོངས་སྤྱོད་འཁོར་ཕུན་ཚོགས་ཀྱི་མངོན་མཐོ་གང་ཡིན་ཐམས་ཅད་འཁོར་བས་བསྡུས་པ་མ་ཡིན་ཏེ། ལུས་ལ་སོགས་པ་ཕུན་ཚོགས་མཐར་ཕྱིན་པ་ནི་གཟུགས་སྐུ་དང༌། དེའི་ཞིང་གི་འབྱོར་པ་དང༌། དེའི་འཁོར་རྣམས་ཡིན་པའི་ཕྱིར་རོ།

།དེ་ལ་དགོངས་ནས་མདོ་སྡེའི་རྒྱན་ལས།
།ཕར་ཕྱིན་དང་པོ་བཞིས་ལུས། ལོངས་སྤྱོད། འཁོར་རྩོམ་པ་ཕུན་ཚོགས་ཀྱི་མངོན་མཐོ་སྒྲུབ་པར་གསུངས་ཤིང༌།
གཞུང་མང་པོ་ནས། དེ་དག་གིས་གཟུགས་སྐུ་སྒྲུབ་པར་གསུངས་པས་སོ།

།སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་བཤད་ཟིན་ཏོ།

།དེ་ལྟར་འཆི་བ་རྗེས་སུ་དྲན་པ་དང༌། ཤི་ནས་ངན་འགྲོར་ལྟུང་བའི་ཚུལ་བསམས་ཏེ། འཇིག་རྟེན་འདི་ལས་བློ་ལོག་ནས་ཕྱི་མའི་བདེ་འགྲོ་དོན་གཉེར་སྐྱེས་ཏེ། སྐྱབས་འགྲོ་ཐུན་མོང་བ་དང༌། དཀར་ནག་གི་ལས་འབྲས་ངེས་པའི་སྒོ་ནས་སྡིག་པ་སྤོང༌། དགེ་བ་སྒྲུབ་པ་ལ་འབད་པས། བདེ་འགྲོའི་གོ་འཕང་འཐོབ་མོད་ཀྱང༌། འདིར་ནི་དེ་ཙམ་གྱིས་ཆོག་པར་མི་འཛིན་གྱི། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་བསམ་པ་དེ་སྐྱེས་པ་དང༌། འབྲིང་དང་ཐུན་མོང་བ་འཁོར་བ་མཐའ་དག་ལ་ཞེན་པ་ལོག་པའི་བསམ་པ་བསྐྱེད་ནས། དེ་ལ་བརྟེན་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སྐྱེས་བུ་ཆེན་པོར་འཁྲིད་པས། སྐྱེས་བུ་འབྲིང་གི་བསམ་པ་སྦྱང་དགོས་ཏེ། འདི་ལྟར་ལྷ་མིའི་གོ་འཕང་ཐོབ་ཀྱང༌། འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་པས་དེ་ལ་རང་བཞིན་གྱིས་བདེ་བར་འཛིན་པ་ཕྱིན་ཅི་ལོག་ཡིན་པས། ཡང་དག་པར་ན་བདེ་བ་མེད་ལ། སླར་ཡང་ངན་འགྲོར་ངེས་པར་ལྟུང་བས་མཐའ་ངན་པའི་ཕྱིར་རོ། ། དེའི་ཕྱིར་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ལ་བཞི། བསམ་པ་སྦྱང་བ་དངོས། དེ་སྐྱེས་བའི་ཚད། དེ་ལ་ལོག་རྟོག་བསལ་བ། ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབ་པའོ། །དང་པོ་ལ་གཉིས། ཐར་པ་དོན་གཉེར་གྱི་བློ་ངོས་གཟུང་བ།

དེ་སྐྱེད་བའི་ཐབས་སོ། །དང་པོ་ནི། ཐར་པ་ཞེས་པ་ནི་བཅིངས་བ་ལས་གྲོལ་བ་སྟེ། དེ་ཡང་ལས་ཉོན་གཉིས་ནི་འཁོར་བར་འཆིང་བྱེད་ཡིན་ལ། དེ་གཉིས་ཀྱི་དབང་གིས། ཁམས་ཀྱི་དབང་གིས་འདོད་ཁམས་སོགས་གསུམ་དང༌། འགྲོ་བས་ཕྱེ་ན་ལྷ་ལ་སོགས་པ་ལྔའམ་དྲུག་དང༌། སྐྱེ་གནས་ཀྱི་སྒོ་ནས་མངལ་ལ་སོགས་པ་བཞིར་ཕུང་པོ་ཉིང་མཚམས་སྦྱར་བ་ནི་བཅིངས་པའི་ངོ་བོ་ཡིན་པས་དེ་ལས་གྲོལ་བ་ནི་ཐར་པའོ། །དེ་ཐོབ་པར་འདོད་པ་ནི་ཐར་པ་དོན་གཉེར་གྱི་བློའོ། །

གཉིས་པ་ནི། དཔེར་ན་སྐོམ་པའི་སྡུག་བསྔལ་ཞི་བ་ལ་ཐོབ་འདོད་འབྱུང་བ་དེ། སྐོམ་པས་གདུངས་པ་ལ་མི་འདོད་པར་མཐོང་བ་ལ་རག་ལས་བ་བཞིན་དུ། ཉེར་ལེན་གྱི་ཕུང་པོའི་སྡུག་བསྔལ་ཉེ་བར་ཞི་བའི་ཐར་པ་ལ་ཐོབ་འདོད་འབྱུང་བ་ཡང༌། ཉེར་ལེན་གྱི་ཕུང་པོ་སྡུག་བསྔལ་གྱི་རང་བཞིན་ཅན་གྱི་ཉེས་དམིགས་མཐོང་བ་ལ་རག་ལས་པས། སྲིད་པའི་ཉེས་དམིགས་བསྒོམས་ནས་དེ་ལ་འདོར་འདོད་ཀྱི་བློ་མ་སྐྱེས་ན་སྡུག་བསྔལ་དེ་ཞི་བ་ལ་ཐོབ་འདོད་མི་འབྱུང་སྟེ།

བཞི་བརྒྱ་པ་ལས།
གང་ལ་འདིར་སྐྱོ་ཡོད་མིན་པ། །དེ་ལ་ཞི་གུས་ག་ལ་ཡོད།

ཅེས་གསུངས་པའི་ཕྱིར་རོ། །དེས་ན་དེ་ལ་གཉིས། སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་པ། ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པའོ། །དང་པོ་ལ་གཉིས། སྡུག་བདེན་བདེན་བཞིའི་ཐོག་མར་གསུངས་པའི་དགོངས་པ་བསྟན་པ། སྡུག་བསྔལ་སྒོམ་པ་དངོས་སོ། །དང་པོ་ནི། ཀུན་འབྱུང་ནི་རྒྱུ་དང༌། སྡུག་བདེན་ནི་དེའི་འབྲས་བུ་ཡིན་པས། ཀུན་འབྱུང་སྔ་ལ། སྡུག་བསྔལ་འཕྱི་བ་ཡིན་ན། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས། རིམ་པ་དེ་དང་མི་མཐུན་པར། དགེ་སློང་དག་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། ཞེས་གསུངས་ཤེ་ན། དེ་ལ་སྟོན་པས་རྒྱུ་འབྲས་ཀྱི་རིམ་པ་ལས་བཟློག་སྟེ་གསུངས་པ་ལ་ནི། ཉམས་ལེན་གྱི་གནད་ཆེན་པོ་ཡོད་པས་སྐྱོན་མེད་དོ། །དེ་ཡང་གང་ཞེ་ན། འདི་ལྟར། གདུལ་བྱ་རང་ཉིད་ལ་ཐོག་མར་འཁོར་བ་ལས་ཐར་འདོད་ཕྱིན་ཅི་མ་ལོག་པ་ཞིག་མ་སྐྱེས་ན། རྩ་བ་ཆད་པས་དེ་ཐར་པར་ཇི་ལྟར་འཁྲིད། དེས་ན་ཐོག་མར་གདུལ་བྱ་མ་རིག་པའི་མུན་པས་བསྒྲིབས་ནས་འཁོར་བའི་ཕུན་ཚོགས་སྡུག་བསྔལ་བ་ལ་བདེ་བར་འཛིན་པའི་ཕྱིན་ཅི་ལོག་གིས་བསླུས་པ་ལ།

བཞི་བརྒྱ་པ་ལས།
།སྡུག་བསྔལ་རྒྱ་མཚོ་འདི་ལ་མཐའ། །རྣམ་པ་ཀུན་ཏུ་ཡོད་མིན་ན།
།བྱིས་ཁྱོད་འདིར་ནི་བྱིང་བ་ལ། །འཇིགས་པ་ཅིས་ན་སྐྱེ་མི་འགྱུར།

ཞེས་གསུངས་པ་ལྟར། འདི་ནི་ཡང་དག་པར་ན་བདེ་བ་མིན་གྱི་སྡུག་བསྔལ་ལོ། ཞེས་སྡུག་བསྔལ་གྱི་རྣམ་པ་དུ་མ་གསུངས་ནས་སྐྱོ་བ་སྐྱེད་དགོས་པས་སྡུག་བདེན་ཐོག་མར་གསུངས་སོ། །དེ་ནས་རང་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བ་མཐོང་ནས་དེ་ལས་ཐར་བར་འདོད་པ་ན། སྡུག་བསྔལ་དེ་བཟློག་དགོས་པར་མཐོང་ལ། དེ་ཡང་རྒྱུ་མ་བཟློག་ན། མི་ལྡོག་བར་ཤེས་ནས། དེའི་རྒྱུ་ཇི་ལྟ་བུ་ཞིག་ཡིན་སྙམ་དུ་ཀུན་འབྱུང་བདེན་པ་ཤེས་པར་བྱེད་པས། དེའི་འོག་ཏུ་ཀུན་འབྱུང་བདེན་པ་གསུངས་སོ། །དེ་ནས་འཁོར་བའི་སྡུག་བསྔལ་ཟག་བཅས་ཀྱི་ལས་དང༌། ལས་དེ་ཉོན་མོངས་ཀྱིས་བསྐྱེད་ཅིང༌། དེའི་རྩ་བ་བདག་འཛིན་དུ་ཤེས་པའི་ཀུན་འབྱུང་བདེན་པ་ཤེས་པ་སྐྱེས་ཤིང༌། བདག་འཛིན་ཡང་བཟློག་ནུས་སུ་མཐོང་བ་ན། སྡུག་བསྔལ་འགགས་པའི་འགོག་པ་མངོན་དུ་བྱ་བར་ཡི་དམ་འཆའ་བས་དེའི་འོག་ཏུ་འགོག་བདེན་གསུངས་སོ། །འོ་ན་སྡུག་བདེན་བསྟན་པ་ན་ཐར་པ་ལ་འདོད་པ་སྐྱེ་བས། སྡུག་བདེན་གྱི་འོག་ཏུ་འགོག་བདེན་སྟོན་པར་རིགས་སོ་ཞེ་ན། སྐྱོན་མེད་དེ། དེའི་ཚེ་སྡུག་བསྔལ་ཞི་བའི་འགོག་པ་ལ་ཐོབ་ན་སྙམ་པའི་ཐར་འདོད་ཡོད་ཀྱང༌། སྡུག་བསྔལ་གྱི་རྒྱུ་ངོས་མ་ཟིན་ཅིང༌། རྒྱུ་དེ་བཟློག་ནུས་སུ་མ་མཐོང་བས། འགོག་པ་མངོན་དུ་བྱའོ་སྙམ་དུ་ཐར་པ་ལ་ཐོབ་བྱར་མི་འཛིན་པའི་ཕྱིར་རོ། །དེ་ལྟར་ཐར་པ་འགོག་པ་མངོན་དུ་བྱའོ། སྙམ་དུ་འཛིན་པ་ན། དེར་འགྲོ་བའི་ལམ་གང་ཡིན་སྙམ་དུ། ལམ་བདེན་ལ་འཇུག་པས་ལམ་བདེན་ཐ་མར་གསུངས་སོ། །དེ་ལྟར་ན་བདེན་བཞི་ནི་ཐེག་པ་ཆེ་ཆུང་ཀུན་ཏུ་ལན་དུ་མར་གསུངས་ཤིང༌། འཁོར་བར་འཇུག་པ་དང༌། དེ་ལས་བཟློག་པའི་གནད་རྣམས་བདེ་བར་གཤེགས་པས་བསྡུས་པ་ཡིན་པས། རྣམ་གྲོལ་སྒྲུབ་པ་ལ་ཤིན་ཏུ་གལ་ཆེ་ཞིང༌། ཉམས་ལེན་གྱི་འགག་བསྡོམས་ཆེ་བས་རིམ་པ་དེ་ལྟར་དུ་སློབ་མ་འཁྲིད་དགོས་ཏེ། སྡུག་བདེན་བསམས་པའི་སྒོ་ནས་འཁོར་བ་ལ་ཞེན་ལོག་རྣལ་མ་ཞིག་མེད་ན། ཐར་པ་ཐོབ་འདོད་ཚིག་ཙམ་དུ་འགྲོ་བས། ཅི་བྱས་ཀུན་འབྱུང་དུ་འགྲོ་ལ། ཀུན་འབྱུང་བསམས་པའི་སྒོ་ནས་འཁོར་བའི་རྩ་བ་ལས་ཉོན་རྣམས་ལེགས་པར་མི་ཤེས་ན། འབེམ་མ་མཐོང་བའི་མདའ་བརྡེག་པ་ལྟར། ལམ་གྱི་གནད་རྣམས་ཆད་ཅིང༌སྲིད་པ་ལས་གྲོལ་བའི་ལམ་མ་ཡིན་པ་ལ་ཡིན་པར་བཟུང་ནས་ངལ་བ་འབྲས་བུ་མེད་པར་འགྱུར་བའི་ཕྱིར་དང༌། སྤང་བྱ་སྡུག་ཀུན་མ་ཤེས་ན། དེ་ཉེ་བར་ཞི་བའི་ཐར་པ་ཡང་ངོས་མི་ཟིན་པས་ཐར་པ་དོན་གཉེར་ཡང་རློམ་པ་ཙམ་དུ་ཟད་པའི་ཕྱིར་རོ།

གཉིས་པ་ལ་གཉིས། འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ། སོ་སོའི་སྡུག་བསྔལ་བསམ་པའོ། །དང་པོ་ལ་གཉིས། སྡུག་བསྔལ་བརྒྱད་བསམ་པ། སྡུག་བསྔལ་དྲུག་བསམ་པའོ། །དང་པོ་ནི། འབྲིང་དང་ཐུན་མོང་བའི་དམིགས་སྐོར་སྐྱོང་བ་ཐམས་ཅད་ལ་ཡང༌ཐུན་མོང་བ་རྣམས་ནི་ཆུང་ངུའི་སྐབས་སུ་བཤད་པ་རྣམས་འདིར་ཡང་བླང་བར་བྱ་ཞིང༌། ཐུན་མོང་མ་ཡིན་པའི་སྐྱོང་རྒྱུ་རྣམས་ལ་ནི། བློའི་མཐུ་ཡོད་ན་ཇི་ལྟར་བྲིས་པ་ལྟར་བསྐྱང་ལ། བློའི་མཐུ་ཆུང་ན་ལུང་འདྲེན་དོར་ནས་སྐབས་སུ་གང་བབ་པའི་དོན་གྱི་ངོ་བོ་ཙམ་བསྐྱང་བར་བྱའོ། །འདི་རྣམས་དཔྱད་སྒོམ་ཡིན་ཡང༌། བསྒོམ་རྒྱུའི་དམིགས་པ་དེ་དག་ལས་གཞན་པའི་དགེ་མི་དགེ་ལུང་མ་བསྟན་གང་ལ་ཡང་མི་གཏང་བར། སེམས་དམིགས་པ་ལ་རྒོད་པ་སོགས་དགག །གཉིད་རྨུགས་དང༌། བྱིང་བའི་དབང་དུ་མི་གཏང་བར། ཤེས་པ་ཆེར་གསལ་ཞིང་དྭངས་པའི་ངང་ནས་བྲེང་ཆགས་སུ་བསྒོམ་སྟེ།

སྤྱོད་འཇུག་ལས།
།བཟླས་བརྗོད་དང་ནི་དཀའ་ཐུབ་སོགས། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང༌།
།སེམས་གཞན་གཡེངས་པས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས།

ཞེས་ཡིད་གཞན་དུ་ཡེངས་པའི་དགེ་སྦྱོར་ཐམས་ཅད་འབྲས་བུ་ཆུང་བར་གསུངས་པའི་ཕྱིར་དང༌།

ཐེག་པ་ཆེན་པོ་ལ་དད་པ་སྒོམ་པའི་མདོ་ལས་ཀྱང༌། རིགས་ཀྱི་བུ། རྣམ་གྲངས་འདིས་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ། ཐེག་པ་ཆེན་པོ་ལས་འབྱུང་བ་གང་ཅི་ཡང་རུང༌། དེ་ཐམས་ཅད་ནི་རྣམ་པར་མ་གཡེངས་པའི་སེམས་ཀྱིས་དོན་དང་ཆོས་ཡང་དག་པར་བསམས་པ་ལས་འབྱུང་བར་རིག་པར་བྱའོ།

ཞེས་གསུངས་པའི་ཕྱིར་རོ། །དེ་ལ་རྣམ་པར་མ་གཡེངས་པའི་སེམས་ནི། དགེ་བའི་དམིགས་པ་ལས་གཞན་དུ་མི་གཡེངས་བ་ཡིན་ལ། དོན་དང་ཆོས་ནི་དོན་དང་ཚིག་སྟེ། ཡང་དག་པར་བསམས་པ་ནི། སོ་སོར་རྟོག་པའི་བློས་དཔྱད་ཅིང་སེམས་པའོ། །དེས་ནི་ཡོན་ཏན་གྱི་ཆོས་སྒྲུབ་པ་ཐམས་ཅད་ལ་དེ་གཉིས་དགོས་པར་བསྟན་ཏོ། །དེས་ན་ཐེག་པ་གསུམ་གྱི་ཡོན་ཏན་སྒྲུབ་པ་ཐམས་ཅད་ལ་སེམས་དགེ་བའི་དམིགས་པ་དེ་ལས་གཞན་དུ་མི་གཡེངས་བར་གནས་པའི་རྩེ་གཅིག་པ་ཞི་གནས་དངོས་སམ། དེ་དང་རྗེས་སུ་མཐུན་པ་གཅིག་དང༌། དགེ་པའི་དམིགས་པ་ལ་སོ་སོར་དཔྱོད་པའི་ཇི་ལྟ་བ་དང་ཇི་སྙེད་པ་འབྱེད་པའི་ལྷག་མཐོང་དངོས་སམ། དེ་དང་རྗེས་སུ་མཐུན་པ་གཅིག་སྟེ། གཉིས་དགོས་པར་གསུངས་སོ།

།དེ་ལྟར་ཡང་དགོངས་འགྲེལ་ལས།
བྱམས་པ། ཡང་ཉན་ཐོས་རྣམས་ཀྱིའམ། བྱང་ཆུབ་སེམས་དཔའ་རྣམས་ཀྱིའམ། དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་ཆོས་འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང༌ཞི་གནས་དང་ལྷག་མཐོང་གི་འབྲས་བུར་རིག་པར་བྱའོ།

ཞེས་གསུངས་སོ། །འདི་ལ་ཞི་ལྷག་དངོས་དང༌། རྗེས་མཐུན་པ་གཉིས་མ་བྱས་ན། ཐེག་པ་གསུམ་གྱི་ཡོན་ཏན་ཐམས་ཅད་ཞི་ལྷག་དངོས་ཀྱི་འབྲས་བུར་འོང་བའི་ངེས་པ་མེད་དོ།

།འདིར་སྡུག་བསྔལ་བརྒྱད་ཀྱི་དང་པོ་སྐྱེ་བའི་སྡུག་བསྔལ་བསམ་པ་ལ་ལྔ་ལས། སྐྱེ་བ་སྡུག་བསྔལ་དང་ལྡན་པས་སྡུག་བསྔལ་བ་ནི། སེམས་ཅན་དམྱལ་བ་པ་དང༌། མཐའ་གཅིག་ཏུ་སྡུག་བསྔལ་བའི་ཡི་དྭགས་རྣམས་དང༌། མངལ་སྐྱེས་རྣམས་དང༌། སྒོང་སྐྱེས་ཏེ་བཞི་པོ་དེ་དག་ནི་སྐྱེ་བ་ན་སྡུག་བསྔལ་གྱི་ཚོར་བ་དྲག་པོ་མང་པོ་དང་བཅས་ཏེ་སྐྱེའོ། །སྐྱེ་བ་གནས་ངན་ལེན་དང་ལྡན་པས་ནི། ཉོན་མོངས་སྐྱེ་བ་དང༌། གནས་པ་དང༌། འཕེལ་བའི་ས་བོན་རྗེས་སུ་འབྲེལ་བས། དགེ་བ་ལ་བཀོལ་བཟོད་པའི་ལས་རུང་ཡང་མེད་ཅིང༌། འདོད་འདོད་དུ་དབང་བསྒྱུར་དུ་ཡང་མི་རུང་བའོ། །སྐྱེ་བ་སྡུག་བསྔལ་གྱི་གནས་སུ་གྱུར་པས་ནི། ཁམས་གསུམ་དུ་སྐྱེ་བ་བླངས་པ་དེ་ལ་བརྟེན་ནས། རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་རྒྱས་པར་འགྱུར་བའོ། །སྐྱེ་བ་ཉོན་མོངས་ཀྱི་གནས་སུ་གྱུར་པས་ནི། འཁོར་བར་སྐྱེས་པ་ན། ཆགས་པ་དང་སྡང་བ་དང་རྨོངས་པར་འགྱུར་བའི་ཡུལ་རྣམས་ལ་དུག་གསུམ་སྐྱེ་ཞིང༌། དེ་ལས་ཀྱང་ལུས་སེམས་རབ་ཏུ་མ་ཞི་བས་སྡུག་བསྔལ་ནས་བདེ་བ་ལ་མི་གནས་ཏེ། ཉོན་མོངས་པས་སྒོ་སྣ་ཚོགས་ནས་ལུས་སེམས་གདུང་བའོ། །སྐྱེ་བ་མི་འདོད་བཞིན་དུ་འབྲལ་བའི་ཆོས་ཉིད་ཡིན་པས་སྡུག་བསྔལ་བ་ནི། སྐྱེས་པ་ཐམས་ཅད་ཀྱི་མཐའ་འཆི་བ་ལས་མ་འདས་ཤིང༌། དེ་ཡང་མི་འདོད་ལ། དེས་ཀྱང་སྡུག་བསྔལ་ཁོ་ན་མྱོང་བར་བྱེད་པ་དེ་རྣམས་ཡང་ཡང་སེམས་པའོ།

།གཉིས་པ་རྒ་བའི་སྡུག་བསྔལ་བསམ་པ་ལ་ལྔ་ལས། གཟུགས་བཟང་པོ་ཡོངས་སུ་ཉམས་པ་ནི། རྐེད་པ་གཞུ་ལྟར་དགུ་བ་དང༌། མགོ་སྤྲ་བའི་མེ་ཏོག་ལྟར་དཀར་བ་དང༌། དཔྲལ་བ་དྲས་གདན་ལྟར་གཉེར་མས་ཁེབས་པ་སོགས་ཀྱིས་ལང་ཚོ་ཉམས་ཏེ་མི་སྡུག་པར་གྱུར་པའོ། །མཐུ་སྟོབས་ཉམས་པ་ནི། འདུག་ན་ས་སྒྱེ་ཐག་པ་ཆད་པ་འདྲ་བ་དང༌། ལངས་ན་ཤིང་རྩ་གནམ་དུ་འདོན་པ་འདྲ་བ་དང༌། སྨྲ་ན་ལྡིབ་ཅིང༌། འགྲོ་ན་འབུབ་པ་སོགས་བྱེད་པའོ། །དབང་པོ་ཉམས་པ་ནི། མིག་ལ་སོགས་པས་གཟུགས་སོགས་གསལ་བར་མི་མཐོང་བ་དང༌། བརྗེད་ངས་ཆེ་བ་སོགས་ཀྱིས་དྲན་པ་ལ་སོགས་པའི་མཐུ་བྲི་བའོ། །ཡུལ་ལ་ལོངས་སྤྱོད་པ་ཉམས་པ་ནི། བཟའ་བཏུང་སོགས་འཇུ་དཀའ་ཞིང༌། གཞན་འདོད་ཡོན་རྣམས་ལ་ལོངས་སྤྱོད་པར་མི་ནུས་པའོ། །ཚེ་ཡོངས་སུ་ཉམས་པའི་སྡུག་བསྔལ་ནི། ཚེ་ཕལ་ཆེར་ཟད་པས་འཆི་བ་ལ་ཕྱོགས་པ་སྟེ། དེ་རྣམས་ཡང་དང་ཡང་དུ་སེམས་པའོ།

།སྤྱན་སྔའི་ཞལ་ནས།
འཆི་བའི་སྡུག་བསྔལ་ཐུ་སྟེ། ཡུན་ཐུང༌། རྒས་པ་འདི་ག་ཐུ་གསུང་ངོ༌།

།ཀ་མ་བའི་ཞལ་ནས།
རྒས་པ་ཁད་ཀྱིས་ཁད་ཀྱིས་འོང་བས་དྲག །དུས་གཅིག་ལ་འོང་ན་བསྲན་ཐབས་མེད་གསུང་ངོ༌།

།གསུམ་པ་ན་བའི་སྡུག་བསྔལ་བསམ་པ་ལ་ལྔ་ལས། ལུས་ཀྱི་རང་བཞིན་འགྱུར་བ་ནི། ལུས་ཀྱི་ཤ་ཞུ། པགས་པ་བསྐམས་པ་སོགས་སོ། །སྡུག་བསྔལ་དང་ཡིད་མི་བདེ་འཕེལ་ཞིང་དེ་ལ་ཤས་ཆེར་གནས་པ་ནི། ལུས་ཀྱི་ཆུ་ལ་སོགས་པའི་ཁམས་རྣམས་ཆ་མི་མཉམ་པར་ཤས་ཆེ་ཆུང་དུ་འཁྲུགས་པས་ལུས་ལ་གདུང་བ་སྐྱེད་ཅིང༌། དེས་སེམས་ལ་མི་བདེ་བ་སྐྱེད་པས་ཉིན་མཚན་འདའ་དགོས་པའོ། །ཡུལ་གྱི་ལོངས་སྤྱོད་ཡིད་དུ་འོང་བ་མི་འདོད་པ་ནི། ཡིད་དུ་འོང་བའི་ཡུལ་རྣམས་ལ་ནད་ལ་གནོད་ཟེར་ནས་འདོད་བཞིན་དུ་སྤྱད་དབང་མེད་པ་སྟེ། དེ་བཞིན་དུ་སྤྱོད་ལམ་གང་འདོད་པ་ཡང་བྱར་མེད་པའོ། །ཡུལ་གྱི་ལོངས་སྤྱོད་ཡིད་དུ་མི་འོང་བ་ལ་མི་འདོད་བཞིན་དུ་སྤྱད་དགོས་པ་ནི། སྨན་དང་བཟའ་བཏུང་སོགས་ཡིད་དུ་མི་འོང་བ་ནན་གྱིས་སྤྱད་དགོས་ཤིང༌། དེ་བཞིན་དུ་མེས་སྲེག་པ་མཚོན་གྱིས་འབུགས་པ་སོགས་དཔྱད་རྩུབ་པོ་རྣམས་བསྟེན་དགོས་པའོ། །སྲོག་གི་དབང་པོ་དང་འབྲལ་བར་འགྱུར་བ་ནི། ནད་མི་འཚོ་བར་མཐོང་ནས་སྡུག་བསྔལ་སྐྱེད་པ་སྟེ་དེ་རྣམས་ལ་ཞིབ་ཏུ་སེམས་པའོ།

།བཞི་པ་འཆི་བའི་སྡུག་བསྔལ་བསམ་པ་ལ་ལྔ་ལས། ལོངས་སྤྱོད། རྩ་འཇིང༌། འཁོར། ལུས་སྡུག་པ་ཕུན་སུམ་ཚོགས་པ་བཞི་དང་འབྲལ་བ་དང༌། འཆི་བའི་ཚེ་སྡུག་བསྔལ་དང་ཡིད་མི་བདེ་དྲག་པོ་མྱོང་བ་སྟེ། དེ་རྣམས་ལ་ཡིད་སྐྱོ་བར་མ་གྱུར་གྱི་བར་དུ་ཡང་ཡང་སེམས་པའོ། །སྔ་མ་བཞི་སྡུག་བསྔལ་དུ་འགྲོ་ཚུལ་ནི་བཞི་པོ་དེ་དག་དང་འབྲལ་བར་མཐོང་ནས་སྡུག་བསྔལ་བའོ།

།ལྔ་པ་མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་ལ་ལྔ་སྟེ། དགྲ་ལྟ་བུ་དང་ཕྲད་པ་ཙམ་གྱིས་སྡུག་བསྔལ་དང་ཡིད་མི་བདེ་སྐྱེ་བ་དང༌། དེས་ཆད་པས་གཅོད་པའི་འཇིགས་པའི་གནས་སུ་གྱུར་པ་དང༌། གཏམ་ངན་པས་འཇིགས་པ་དང༌། ཉམ་ང་བཞིན་དུ་འཆི་བས་འཇིགས་པ་དང༌། ཆོས་དང་འགལ་བས་ཤི་བའི་འོག་ཏུ་ངན་འགྲོར་སོང་གིས་དོགས་ནས་འཇིགས་པ་སྟེ་དེ་དག་ལ་སེམས་པའོ།

།དྲུག་པ་སྡུག་པ་དང་བྲལ་བའི་སྡུག་བསྔལ་ལ་ལྔ་སྟེ། ཆེས་ཕངས་པའི་གཉེན་ལ་སོགས་པ་དང་བྲལ་བ་ན་དེས་སེམས་ལ་མྱ་ངན་སྐྱེ་བ་དང༌། ངག་ཏུ་སྨྲེ་སྔགས་འདན་པ་དང༌། ལུས་ལ་གནོད་པ་སྐྱེད་པ་དང༌། ཡུལ་དེའི་ཡོན་ཏན་དྲན་ཞིང་འདོད་པས་ཡིད་གདུང་བ་དང༌། དེའི་ལོངས་སྤྱོད་མ་ཚང་བ་སྟེ། །དེ་རྣམས་སེམས་པའོ།

།བདུན་པ་འདོད་པ་བཙལ་ཏེ་མ་རྙེད་པའི་སྡུག་བསྔལ་བསམ་པ་ལ་ལྔ་སྟེ། སྡུག་པ་དང་བྲལ་བ་དང་འདྲའོ། །འདོད་པ་བཙལ་ཏེ་མ་རྙེད་པ་ནི་སོ་ནམ་བྱས་ཀྱང་སྟོན་ཐོག་མ་གྲུབ་པ་དང༌། ཚོང་བྱས་ཀྱང་ཁེ་སྤོགས་མ་ཐོན་པ་སོགས་ཏེ། གང་ལ་རེ་བ་དེ་འབད་ནས་བཙལ་ཡང་མ་རྙེད་པས་ཡིད་ཆད་པའི་སྡུག་བསྔལ་ལོ།

།བརྒྱད་པ་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ཞེས་གསུངས་པའི་དོན་བསམ་པ་ལ་ལྔ་སྟེ། མངོན་པར་འགྲུབ་པའི་སྡུག་བསྔལ་གྱི་སྣོད་དང༌། མངོན་པར་གྲུབ་པ་ལ་བརྟེན་པའི་སྡུག་བསྔལ་གྱི་སྣོད་དང༌། སྡུག་བསྔལ་གྱི་སྡུག་བསྔལ་གྱི་སྣོད་དང༌། འགྱུར་བའི་སྡུག་བསྔལ་གྱི་སྣོད་དང༌། འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་དུ་གྱུར་པ་སྟེ་དེ་དག་ལ་ཡང་ཡང་སེམས་པའི། ། དེ་ལ་དང་པོ་ནི་ཉེར་ལེན་གྱི་ཕུང་པོ་འདི་བླངས་པ་ལ་བརྟེན་ནས་སྐྱེ་བ་ཕྱི་མ་ཕན་ཆད་ཀྱི་སྡུག་བསྔལ་རྣམས་འདྲེན་ལའོ།

། གཉིས་པ་ནི་ཕུང་པོ་གྲུབ་ཟིན་ལ་བརྟེན་པའི་ན་རྒ་སོགས་ཀྱི་རྟེན་དུ་གྱུར་པའོ། །གསུམ་པ་དང་བཞི་པ་ནི་སྡུག་བསྔལ་གཉིས་པོ་དེའི་གནས་ངན་ལེན་རྗེས་སུ་འབྲེལ་བས་དེ་གཉིས་སྐྱེད་པའོ། ། ལྔ་བ་ནི་ཉེར་ལེན་གྱི་ཕུང་པོ་གྲུབ་ཙམ་གྱིས་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་དུ་སྐྱེ་སྟེ། ལས་ཉོན་སྔ་མའི་གཞན་དབང་དུ་གྱུར་པའི་འདུ་བྱེད་ཐམས་ཅད་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པའི་ཕྱིར་རོ། ། ཉེར་ལེན་གྱི་ཕུང་པོའི་རང་བཞིན་གྱི་འཁོར་བ་ལ་སྐྱོ་བ་རྣལ་མ་ཞིག་མ་སྐྱེས་ན་ཐར་པ་དོན་གཉེར་གྱི་བློ་རྣལ་མ་སྐྱེ་ས་མེད་ཅིང་སེམས་ཅན་འཁོར་བར་འཁྱམས་པ་ལ་སྙིང་རྗེ་ཆེན་པོ་ཡང་སྐྱེ་ཐབས་མེད་པས། ཐེག་པ་ཆེ་ཆུང་གང་དུ་འཇུག་ཀྱང་བསམ་པ་འདི་ཤིན་ཏུ་གལ་ཆེའོ།

གཉིས་པ་ནི། ཤེས་སྤྲིངས་ལས།

ངེས་པ་མེད་པ་དང༌། ངོམས་མི་ཤེས་པ་དང༌། ལུས་ཡང་དང་ཡང་དུ་འདོར་བ་དང༌། ཡང་དང་ཡང་དུ་ཉིང་མཚམས་སྦྱོར་བ་དང༌། ཡང་དང་ཡང་དུ་མཐོ་དམན་དུ་འགྱུར་བ་དང༌། གྲོགས་མེད་པའི་ཉེས་པ་དྲུག་གསུངས་པ་ནི། གསུམ་དུ་འདུ་སྟེ། འཁོར་བ་ལ་ཡིད་བརྟན་བྱས་མེད་པ་དང༌། དེའི་བདེ་བ་ལ་ཇི་ཙམ་སྤྱད་ཀྱང་ངོམས་པའི་མཐའ་མེད་པ་དང༌། ཐོག་མ་མེད་པ་ནས་ཞུགས་པའོ། །དང་པོ་ལ་བཞི་ལས། ལུས་ཐོབ་པ་ལ་ཡིད་བརྟན་མི་རུང་བ་ནི་ཡང་དང་ཡང་དུ་ལུས་འདོར་བའོ། །ཕན་གནོད་བྱེད་པ་ལ་ཡིད་བརྟན་མི་རུང་བ་ནི་ཕ་བུ་དང༌། མ་ཆུང་མར་འགྱུར་བ་དང༌། དགྲ་བཤེས་སུ་འགྱུར་བ་སོགས་ངེས་པ་མེད་པའོ། །ཕུན་ཚོགས་ཐོབ་པ་ལ་ཡིད་བརྟན་མི་རུང་བ་ནི་མཐོ་ས་ནས་དམའ་སར་ལྟུང་བའོ། །འགྲོགས་པ་ལ་ཡིད་བརྟན་མི་རུང་བ་ནི། གྲོགས་མེད་པར་འགྲོ་བའོ། །གསུམ་པ་ནི་ཡང་ཡང་ཉིང་མཚམས་སྦྱོར་བ་སྟེ་སྐྱེ་བ་བརྒྱུད་པའི་མཐའ་མི་མངོན་པ་སྟེ། དེ་ལྟར་ཡང་ཡང་བསམ་པར་བྱའོ། །གཞན་ཡང་ཆགས་པ་རྒྱས་པར་འགྱུར་བའི་ད་ལྟའི་ཚོར་བ་བདེ་བ་ཕལ་མོ་ཆེ་ནི། སྡུག་བསྔལ་ཕྱིར་བཅོས་པ་ལ་བདེ་བའི་བློ་སྐྱེས་པ་ཡིན་གྱི། སྡུག་བསྔལ་བསལ་བ་ལ་མི་ལྟོས་པའི་ངོ་བོ་ཉིད་ཀྱིས་བདེ་བ་ནི་མེད་དེ། དཔེར་ན་འགྲོ་བ་དྲག་པས་སྡུག་བསྔལ་བ་ན། བསྡད་པས་བདེ་བའི་བློ་འབྱུང་བ་དེ་སྔ་མའི་སྡུག་བསྔལ་ཆེ་རིམ་ནས་འགགས་པའི་ཚེ་བདེ་བ་རིམ་གྱིས་སྐྱེས་པར་སྣང་བ་ཡིན་གྱི། ངོ་བོ་ཉིད་ཀྱིས་བདེ་བ་ནི་མིན་ཏེ། སླར་ཡང་བསྡད་དྲགས་ན་སྔར་ལྟར་སྡུག་བསྔལ་སྐྱེད་བའི་ཕྱིར་རོ། །ངོ་བོ་ཉིད་ཀྱིས་བདེ་བའི་རྒྱུ་ཡིན་ན་སྡུག་བསྔལ་གྱི་རྒྱུ་ཇི་ལྟར་བསྟེན་པ་ཙམ་གྱིས་སྡུག་བསྔལ་ཇེ་འཕེལ་དུ་འགྲོ་བ་བཞིན་དུ་འགྲོ་འདུག་ཉལ་བ་དང༌། བཟའ་བཏུང་དང༌། ཉི་མ་དང༌། གྲིབ་མ་བསྟེན་པ་སོགས་ཀྱང་ཇི་ཙམ་རིང་དུ་བསྟེན་པ་དེ་ཙམ་དུ་བདེ་བ་ཇེ་འཕེལ་དུ་འགྲོ་དགོས་པ་ལ། རིང་དྲགས་ན་སྡུག་བསྔལ་འབའ་ཞིག་བསྐྱེད་པར་སྣང་ངོ༌། །དེ་དག་ཀྱང་མངལ་འཇུག་དང༌། བཞི་བརྒྱ་པ་རྩ་འགྲེལ་ལས་གསུངས་སོ།

།གཉིས་པ་ལ་བཞི། ངན་སོང་གསུམ་གྱི་སྡུག་བསྔལ། མིའི་སྡུག་བསྔལ། ལྷ་མ་ཡིན་གྱི་སྡུག་བསྔལ། ལྷའི་སྡུག་བསྔལ་བསམ་པའོ། །དང་པོ་ནི་བཤད་ཟིན་ནོ། །གཉིས་པ་ནི། བཀྲེས་སྐོམ་དང༌། ཚ་གྲང་གི་རེག་པ་ཡིད་དུ་མི་འོང་བ་དང༌། ཚོལ་འགྲོ ་དང༌། ངལ་བའི་སྡུག་བསྔལ་དང༌། གཞན་ཡང་སྐྱེ་རྒ་ན་འཆི་སོགས་བདུན་ནི་སྔར་བཤད་པས་ཤེས་པར་བྱའོ།

།གཞན་ཡང་ཚོགས་ཀྱི་གཏམ་ལས།
།ངན་འགྲོའི་སྡུག་བསྔལ་མ་ལུས་པ། །མི་རྣམས་ལ་ཡང་ཡོད་པར་སྣང༌།
།སྡུག་བསྔལ་གཟིར་བས་དམྱལ་བ་མཚུངས། །དབུལ་བས་གཤིན་རྗེའི་འཇིག་རྟེན་པ།
།འདི་ཡི་དུད་འགྲོའི་སྡུག་བསྔལ་ཡང༌། །མཐུ་ལྡན་སྟོབས་ཀྱིས་མཐུ་མེད་པ།
།རྣམ་པར་གནོན་ཞིང་འཚེ་བ་དག །ཆུ་བོ་ལྟ་བུ་ཉིད་ཡིན་ནོ།

ཞེས་དང༌། བཞི་རྒྱ་པ་ལས་ཀྱང༌།
།མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ། །ཐ་མལ་རྣམས་ལ་ལུས་སྐྱེས་སོ།
།སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདི། །ཉིན་རེ་ཉིན་རེ་འཇོམས་པར་བྱེད།

།ཅེས་གསུངས་པ་ལྟར་བསམ་མོ།

།གསུམ་པ་ནི། ལྷ་མ་ཡིན་རྣམས་ལྷའི་དཔལ་འབྱོར་མི་བཟོད་པའི་ཕྲག་དོག་གིས་ཡིད་གདུང་ལ། དེ་ལ་བརྟེན་ནས་ལྷ་དང་འཐབ་པ་ན་ལུས་བཅད་པ་དང༌དྲལ་བ་སོགས་ཀྱི་སྡུག་བསྔལ་དུ་མ་མྱོང་བ་དང༌། དེ་རྣམས་ཤེས་རབ་དང་ལྡན་ཡང་རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་པས་རྟེན་དེ་ལ་བདེན་པ་མཐོང་དུ་མི་རུང་བར་གསུངས་སོ།

།བཞི་པ་ལ་གཉིས། འདོད་ལྷའི་སྡུག་བསྔལ། ཁམས་གོང་གི་ལྷའི་སྡུག་བསྔལ་ལོ། །དང་པོ་ལ་གསུམ་སྟེ། འཆི་འཕོ་བ་དང་ལྟུང་བའི་སྡུག་བསྔལ། སྤ་གོང་བའི་སྡུག་བསྔལ། བཅད་པ་དང་དྲལ་བ་དང་གསོད་པ་དང་སྤྱུག་པའི་སྡུག་བསྔལ་ལོ། །དང་པོ་ལ་གཉིས། འཆི་འཕོ་བའི་སྡུག་བསྔལ། གནས་འོག་མར་ལྟུང་བའི་སྡུག་བསྔལ་ལོ། །དང་པོ་ནི། སྔར་ལྷའི་འདོད་པ་ལ་ལོངས་སྤྱད་པ་ལས་བྱུང་བའི་བདེ་བ་ལས་འཆི་འཕོ་བའི་ཚེ་འཆི་ལྟས་ལྔ་མཐོང་བ་ན་དེ་ལས་བྱུང་བའི་སྡུག་བསྔལ་ཆེས་ཆེ་བ་འབྱུང་བའོ། །འཆི་ལྟས་ལྔ་ནི། ལུས་ཀྱི་ཁ་དོག་མི་སྡུག་པ་དང༌། སྟན་ལ་མི་དགའ་བ་དང༌། མེ་ཏོག་གི་ཕྲེང་བ་བརྙིངས་པ་དང༌། གོས་ལ་དྲི་མ་ཆགས་པ་དང༌། ལུས་ལ་སྔོན་མེད་པའི་རྔུལ་འབྱུང་བའོ།

།གཉིས་པ་ནི། བཤེས་སྤྲིངས་ལས།
།ལྷ་ཡི་འཇིག་རྟེན་དག་ནས་འཕོས་པ་ལ། །གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན།
།དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང༌། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར།

།ཞེས་གསུངས་པ་ལྟར་རོ།

།གཉིས་པ་ནི། བསོད་ནམས་ཀྱི་ཕུང་པོ་ཆེས་རྒྱ་ཆེན་པོ་དང་ལྡན་པའི་ལྷ་རྣམས་ལ། འདོད་ཡོན་ཆེས་ཕུལ་དུ་བྱུང་བ་འབྱུང་ལ། དེ་ལྷའི་བུ་བསོད་ནམས་ཆུང་བ་རྣམས་ཀྱིས་མཐོང་བ་ན་སྤ་གོང་བར་འགྱུར་ཞིང་གཞི་དེ་ལས་སྡུག་བསྔལ་དང་ཡིད་མི་བདེ་ཆེན་པོ་མྱོང་བའོ།

།གསུམ་པ་ནི། ལྷ་རྣམས་ལྷ་མ་ཡིན་དང་འཐབ་པ་ན་ཡན་ལག་དང་ཉིང་ལག་བཅད་པ་དང༌། ལུས་དྲལ་བ་དང༌། གསོད་པའི་སྡུག་བསྔལ་མྱོང་སྟེ། མགོ་བཅད་ན་ནི་འཆི་ལ། ཡན་ལག་དང་ཉིང་ལག་ལྷག་མ་བཅད་ཅིང་དྲལ་བ་རྣམས་ཕྱིར་སྐྱེ་ཞིང་འཚོའོ། །སྤྱུག་པ་ནི། ལྷ་ཆེས་སྟོབས་དང་ལྡན་པ་རྣམས་འཁྲུགས་ན། ལྷའི་བུ་ཆེས་མཐུ་ཆུང་བ་རྣམས་རང་གི་གནས་ནས་སྐྲོད་པར་བྱེད་པའོ།

།གཉིས་པ་ནི། ཁམས་གོང་མ་གཉིས་ཀྱི་ལྷ་རྣམས་ལ་སྡུག་བསྔལ་གྱི་སྡུག་བསྔལ་མེད་ཀྱང༌། ཉོན་མོངས་པ་དང་ལྡན་ཞིང་སྒྲིབ་པ་དང་བཅས་ལ། འཆི་འཕོ་བ་དང་གནས་པ་ལ་རང་དབང་མེད་པས་གནས་ངན་ལེན་གྱིས་ནི་སྡུག་བསྔལ་ལོ།

།གཞན་ཡང་ཚོགས་ཀྱི་གཏམ་ལས།
།གང་ཞིག་གཟུགས་ཅན་གཟུགས་མེད་པའི། །སྡུག་བསྔལ་སྡུག་བསྔལ་ལས་འདས་ཤིང༌།
།ཏིང་འཛིན་བདེ་བའི་བདག་ཉིད་ཅན། །བསྐལ་པར་གཡོ་བ་མེད་པར་གནས།
།དེ་ཡང་ཤིན་ཏུ་ངེས་གྲོལ་མིན། །དེ་ལས་སླར་ཡང་ལྟུང་བར་འགྱུར།
།ངན་འགྲོའི་སྡུག་བསྔལ་རྦ་ཀློང་ལས། །འདས་པ་ལྟ་བུར་བྱུང་གྱུར་ལ།
།འབད་ཀྱང་ཇི་ལྟར་རིང་མི་གནས། །མཁའ་ལ་ལྡིང་བའི་བྱ་དང་མཚུངས།
།བྱིས་པའི་སྟོབས་ཀྱིས་མདའ་འཕངས་ལྟར། །དེ་ནི་ལྟུང་བའི་མཐའ་ཅན་ཡིན།
།མར་མེ་རིང་དུ་འབར་བ་དག །སྐད་ཅིག་རེ་རེར་འཇིག་པ་ལྟར།
།འདུ་བྱེད་ཡོངས་འགྱུར་ཞེས་པ་ཡི། ། སྡུག་བསྔལ་དག་གིས་ཉེ་བར་གཙེས། །ཞེས་སོ།

།གཉིས་པ་ལ་གསུམ། ཉོན་མོངས་སྐྱེ་བའི་ཚུལ། དེས་ལས་གསོག་ཚུལ། འཆི་འཕོ་བ་དང་ཉིང་མཚམས་སྦྱོར་བའི་ཚུལ་ལོ། །དང་པོ་ནི། འཁོར་བ་འགྲུབ་པའི་རྒྱུ་ལ་ལས་ཉོན་གཉིས་དགོས་ཀྱང༌། ཉོན་མོངས་གཙོ་བོ་ཡིན་ཏེ། ཉོན་མོངས་མེད་ན་སྔར་བསགས་ཀྱི་ལས་བགྲངས་ལས་འདས་པ་ཡོད་ཀྱང༌། རླན་དང་ས་ལ་སོགས་པ་མེད་པའི་ས་བོན་གྱིས་མྱུ་གུ་མི་འགྲུབ་པ་བཞིན་དུ་ལས་ལ་ལྷན་ཅིག་བྱེད་རྐྱེན་མེད་པས་སྡུག་བསྔལ་གྱི་མྱུ་གུ་མི་འགྲུབ་པའི་ཕྱིར་དང༌། ཉོན་མོངས་ཡོད་ན་ལས་སྔར་བསགས་མེད་ཀྱང༌། དེ་མ་ཐག་གསར་དུ་བསགས་ནས་ཕུང་པོ་ཕྱི་མ་ལེན་པའི་ཕྱིར་རོ།

།དེ་ལྟར་ཡང་རྣམ་འགྲེལ་ལས།
།སྲིད་པའི་སྲེད་ལས་རྣམ་བརྒལ་བའི། །ལས་གཞན་འཕེན་ནུས་མ་ཡིན་ཏེ།
།ལྟན་ཅིག་བྱེད་པ་ཟད་ཕྱིར་རོ། ཞེས་དང༌། སྲེད་པ་ནི། ཡོད་ན་སླར་ཡང་འབྱུང་ཕྱིར་རོ། ཞེས་གསུངས་པའི་ཕྱིར་རོ།

།དེའི་ཕྱིར་ཉོན་མོངས་པའི་གཉེན་པོ་བསྟེན་པ་གལ་ཆེ་ལ། དེ་ཡང་ཉོན་མོངས་ཤེས་པ་ལ་རག་ལས་པས་ཉོན་མོངས་རྣམས་ལ་མཁས་པར་བྱའོ། །འདི་ལ་གསུམ། ཉོན་མོངས་ངོས་གཟུང་པ། ཇི་ལྟར་སྐྱེ་བའི་རིམ་པ། ཉོན་མོངས་པའི་ཉེས་དམིགས་སོ། །དང་པོ་ལ་བཅུ་ལས། འདོད་ཆགས་ནི། ཕྱིའམ་ནང་གི་ཡུལ་སྡུག་པ་ཡིད་དུ་འོད་བ་ལ་དམིགས་ནས་རྗེས་སུ་ཆགས་པ་སྟེ། དཔེར་ན་རས་ལ་སྣུམ་ཞུགས་པ་དབྱུང་དཀའ་བ་བཞིན་དུ་འདི་ཡང་རང་གི་དམིགས་པ་ལ་ཞེན་ཅིང་མཆེད་པ་ནི་དམིགས་པ་དེ་དང་དབྲལ་དཀའ་བའོ། །ཁོང་ཁྲོ་བ་ནི། སེམས་ཅན་རྣམས་དང་སྡུག་བསྔལ་དང༌། མཚོན་དང༌། ཚེར་མ་སོགས་སྡུག་བསྔལ་གྱི་གནས་རྣམས་ལ་དམིགས་ནས་ཀུན་ནས་མནར་སེམས་པ། སེམས་རྩུབ་མོ། ཡུལ་དེ་རྣམས་ལ་གནོད་པ་བྱ་བར་སེམས་པའོ། །ང་རྒྱལ་ནི། འཇིག་ལྟ་ལ་བརྟེན་ཏེ་ཕྱིའམ་ནང་གི་མཐོ་དམན་དང༌། བཟང་ངན་ལ་དམིགས་ནས་སེམས་ཁེངས་པ་སྟེ། མཐོ་བའི་རྣམ་པ་ཅན་དུ་འཇུག་པའོ། །མ་རིག་པ་ནི། བདེན་བཞི་དང༌། ལས་འབྲས་དང༌། དཀོན་མཆོག་གི་རང་བཞིན་ལ་བློ་མི་གསལ་བས་མི་ཤེས་པའི་ཉོན་མོངས་ཅན་ནོ། །ཐེ་ཚོམ་ནི། བདེན་པ་སོགས་གསུམ་ལ་དམིགས་ནས་ཡོད་དམ་མེད་ཡིན་ནམ་མིན་སྙམ་པའོ། །འཇིག་ཚོགས་ལ་ལྟ་བ་ནི། ཉེར་ལེན་གྱི་ཕུང་པོ་ལ་དམིགས་ནས་ང་དང་ངའི་ཞེས། བདག་དང་བདག་གིར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་ནོ། །དེ་ལ་འཇིག་པ་ནི་མི་རྟག་པ་དང༌། ཚོགས་པ་ནི་དུ་མ་ཡིན་པས། འདིས་གང་ལ་བལྟ་བའི་གཞི་ནི་མི་རྟག་པ་དང༌། དུ་མའི་ཆོས་ཙམ་ཡིན་གྱི། རྟག་པ་དང་གཅིག་པུའི་གང་ཟག་ནི་མེད་དོ། ཞེས་བསྟན་པའི་ཕྱིར་དུ་འཇིག་ཚོགས་ལ་ལྟ་བ་ཞེས་མིང་བཏགས་སོ། །མཐར་འཛིན་པའི་ལྟ་བ་ནི། འཇིག་ལྟས་གང་གཟུང་བའི་བདག་དེ་ལ་དམིགས་ནས་རྟག་པ་ཐེར་ཟུག་པའམ། འདི་ནས་ཕྱི་མར་ཉིང་མཚམས་སྦྱོར་བ་མེད་པའི་ཆད་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་ནོ། །ལྟ་བ་མཆོག་ཏུ་འཛིན་པ་ནི། འཇིག་ལྟ། མཐར་ལྟ། ལོག་ལྟ་གསུམ་གང་རུང་དང༌། དེ་དག་གང་ལ་བརྟེན་ནས་འབྱུང་བའི་ལྟ་བ་པོའི་ཕུང་པོ་ལ་དམིགས་ནས་མཆོག་ཏུ་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ནོ། །ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་འཛིན་ནི། འཆལ་ཚུལ་སྤོང་བའི་ཚུལ་ཁྲིམས་དང༌། ཆ་བྱད་དང་ཚུལ་དང་ལུས་ངག་གི་འཇུག་པ་ངེས་པར་བྱེད་པའི་བརྟུལ་ཞུགས་དང༌། གང་ལ་བརྟེན་ནས་དེ་དག་འབྱུང་བའི་ཕུང་པོ་ལ་དམིགས་ནས་སྡིག་པ་འདག་པ་དང༌། ཉོན་མོངས་ལས་གྲོལ་བ་དང༌། འཁོར་བ་ལས་ངེས་བར་འབྱིན་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་ནོ། །ལོག་ལྟ་ནི། ཚེ་སྔ་ཕྱི་དང༌། ལས་འབྲས་སོགས་མེད་ཅེས་སྐུར་པ་འདེབས་པ་དང༌། དབང་ཕྱུག་དང༌། གཙོ་བོ་སོགས་འགྲོ་བའི་རྒྱུར་འཛིན་པའི་སྒྲོ་འདོགས་ཀྱི་ཤེས་རབ་ཉོན་མོངས་ཅན་ནོ། །དེ་རྣམས་ནི་གྲུབ་མཐའ་གོང་འོག་ཐུན་མོང་གི་དབང་དུ་བྱས་པའི་ཉོན་མོངས་པའི་ངོས་འཛིན་ཡིན་གྱི། དབུ་མ་ཐལ་འགྱུར་བའི་ལུགས་ནི་འོག་ཏུ་འཆད་པར་འགྱུར་རོ།

།གཉིས་པ་ནི། འཇིག་ལྟ་དང་མ་རིག་པ་སོ་སོར་འདོད་པ་ལྟར་ན། དཔེར་ན་ཐག་པ་བསྡོགས་པ་ལ་མུན་པ་ཅུང་ཟད་བབས་ཏེ། ཐག་པའི་གནས་ལུགས་མི་གསལ་བ་ན། དེ་ལ་སྦྲུལ་འཛིན་གྱི་བློ་སྐྱེ་བ་ལྟར། ཕུང་པོའི་གནས་ལུགས་གསལ་བ་ལ་སྒྲིབ་པའི་མ་རིག་པའི་མུན་པ་ལས་ཕུང་པོ་ལ་བདག་ཏུ་འཁྲུལ་པ་སྐྱེ་ལ། དེ་ལས་ཉོན་མོངས་གཞན་རྣམས་སྐྱེའོ། །དེ་གཉིས་གཅིག་ཏུ་འདོད་པ་ལྟར་ན་འཇིག་ལྟ་ཉིད་ཉོན་མོངས་ཀྱི་རྩ་བའོ། །དེ་ཡང་འཇིག་ལྟས་བདག་ཏུ་བཟུང་བ་ན་རང་གཞན་སོ་སོ་བར་རིས་སུ་གཅོད་པར་བྱེད་ལ། དེ་ལྟར་བཅད་ནས་རང་ཕྱོགས་ལ་ཆགས་པ་དང༌། གཞན་ཕྱོགས་ལ་ཞེ་སྡང་འབྱུང༌། བདག་ལ་དམིགས་ནས་ཁེངས་པ་ཡང་སྐྱེ་ལ། བདག་དེ་ཉིད་ལ་རྟག་ཆད་དུ་འཛིན་ཞིང་བདག་ཏུ་ལྟ་བ་སོགས་དང༌། དེ་དང་འབྲེལ་བའི་སྤྱོད་པ་ངན་པ་ལ་མཆོག་ཏུ་འཛིན་པ་སྐྱེའོ། །དེ་བཞིན་དུ་བདག་མེད་སྟོན་པའི་སྟོན་པ་དང༌། དེས་བསྟན་པའི་ལས་འབྲས་དང༌། བདེན་བཞི་དང༌། དཀོན་མཆོག་སོགས་ལ་དེ་དག་མེད་དོ་ཞེས་པའི་ལོག་ལྟ་འམ་ཡང་ན་དེ་ལྟ་པུ་ཡོད་དམ་མེད། ཡིན་ནམ་མིན་སྙམ་དུ་ཐེ་ཚོམ་སྐྱེད་དེ།

རྣམ་འགྲེལ་ལས།
།བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌།
།འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་གསུངས་སོ།

།གསུམ་པ་ནི། མདོ་སྡེ་རྒྱན་ལས།
།ཉོན་མོངས་རྣམས་ཀྱིས་བདག་འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། །ཉམས་བཅས་རྙེད་པས་དམན་ཞིང་བསྲུང་དང་དེ་བཞིན་སྟོན་པས་སྨད། །རྩོད་པ་མི་སྙན་དེ་ནི་གཞན་དུ་མི་ཁོམ་གནས་སུ་སྐྱེ། །ཐོབ་དང་མ་ཐོབ་ཉམས་པས་ཡིད་ལ་སྡུག་བསྔལ་ཆེན་པོ་འཐོབ། ཅེས་སོ།

།སྤྱོད་འཇུག་ལས་ཀྱང༌།
།ཞེ་སྡང་སྲེད་སོགས་དགྲ་རྣམས་ནི། །རྐང་ལག་ལ་སོགས་ཡོད་མིན་ལ།
།དཔའ་མཛངས་མིན་ཡང་ཅི་ཞིག་ལྟར། །དེ་དག་གིས་བདག་བྲན་བཞིན་བྱས།
།བདག་གི་སེམས་ལ་གནས་བཞིན་དུ། །དགའ་མགུར་བདག་ལ་གནོད་བྱེད་པ།
།དེ་ལ་མི་ཁྲོ་བཟོད་པ་ནི། །གནས་མིན་བཟོད་པ་སྨད་པའི་གནས།
།གལ་ཏེ་ལྷ་དང་ལྷ་མིན་རྣམས། །ཐམས་ཅད་བདག་ལ་དགྲར་ལངས་ཀྱང༌།
།དེ་དག་གིས་ཀྱང་མནར་མེད་པའི། །མེ་ནང་ཁྲིད་ཅིང་འཇུག་མི་ནུས།
།ཉོན་མོངས་སྟོབས་ཅན་དགྲ་འདིས་ནི། །གང་དང་ཕྲང་ན་རི་རབ་ཀྱང༌།
།ཐལ་བ་ཡང་ནི་མི་ལུས་པ། །དེར་བདག་སྐད་ཅིག་གཅིག་ལ་འདོར།
།བདག་གི་ཉོན་མོངས་དགྲ་བོ་གང༌། །དུས་རིང་ཐོག་མཐའ་མེད་པ་ལྟར།
།དགྲ་གཞན་ཀུན་ཀྱང་དེ་ལྟ་བུར། །ཡུན་རིང་ཐུབ་པ་མ་ཡིན་ནོ།
།མཐུན་པར་རིམ་གྲོ་བསྟེན་བྱས་ན། །ཐམས་ཅད་ཕན་དང་བདེ་བྱེད་ན།
།ཉོན་མོངས་རྣམས་ནི་བསྟེན་བྱས་ན། །ཕྱིར་ཞིང་སྡུག་བསྔལ་གནོད་པ་བྱེད།

ཅེས་གསུངས་པའི་ཉེས་དམིགས་རྣམས་བསམ་པར་བྱའོ།

།དགོན་པ་བའི་ཞལ་ནས།
།ཉོན་མོངས་སྤོང་བ་ལ་ཉོན་མོངས་པའི་ཉེས་དམིགས་དང༌། མཚན་ཉིད་དང༌། གཉེན་པོ་དང༌། སྐྱེ་བའི་རྒྱུ་རྣམས་ཤེས་དགོས། ཉེས་དམིགས་ཤེས་པར་བྱས་ནས་སྐྱོན་དུ་བལྟ། དགྲར་གཟུང༌། ཉེས་དམིགས་མ་ཤེས་ན་དགྲར་མི་གོ་བས། །མདོ་སྡེ་རྒྱན་དང༌། སྤྱོད་འཇུག་ནས་གསུངས་པ་ལྟར་སེམས་པ་ཡིན་གསུང་བ་དང༌། ཉོན་མོངས་ཀྱི་མཚན་ཉིད་ཤེས་པ་ལ་ཡང་ཆོས་མངོན་པ་མཉན། མ་མཐའ་ནའང་ཕུང་པོ་ལྔའི་རབ་བྱེད་མཉན་ལ། རྩ་བ་དང༌། ཉེ་ཉོན་རྣམས་ངོ་ཤེས་བར་བྱས་ནས་ཆགས་སྡང་ལ་སོགས་པ་གང་རུང་རྒྱུད་ལ་སྐྱེས་ཙ་ན་འདི་དེ་ཡིན་ཨང༌། ཁོ་བྱུང་ངོ་སྙམ་དུ་ངོས་བཟུང་ཡིན། ཉོན་མོངས་དང་འཐབ་པ་ཡིན་ནོ། །གསུང་བ་ལྟར་གོ་དགོས་སོ།

།གཉིས་པ་ལ་གཉིས། བསག་པར་བྱ་བའི་ལས་ངོས་བཟུང་བ། དེ་ཇི་ལྟར་གསོག་པའི་ཚུལ་ལོ།

།དང་པོ་ནི། སེམས་པའི་ལས་ནི་རང་དང་མཚུངས་པར་ལྡན་པའི་སེམས་ཡུལ་རྣམས་ལ་གཡོ་ཞིང་སྐུལ་བར་བྱེད་པའི་སེམས་བྱུང་ཡིད་ཀྱི་ལས་སོ། །བསམ་པ་ནི། སེམས་པ་དེས་ཀུན་ནས་བསླང་བའི་ལུས་ངག་གི་ལས་ཏེ། དེ་ལ་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་སུ་བྱས་ནས་གཟུགས་ཅན་ཁོ་ནར་བྱེ་བྲག་ཏུ་སྨྲ་བ་འདོད་པ་ལ། སློབ་དཔོན་དབྱིག་གཉེན་གྱིས་བཀག་ནས། ལུས་ངག་གི་རིག་བྱེད་དང་མཉམ་དུ་འཇུག་པའི་སེམས་པ་ལ་བཞེད་པས། ལས་གཉིས་ཀ་སེམས་པར་བཤད་དོ། །དེ་ལ་མི་དགེ་བའི་ལས་ནི་བསོད་ནམས་མ་ཡིན་པའི་ལས་ཡིན་ལ། བསོད་ནམས་ཀྱི་ལས་ནི་འདོད་པ་ཁམས་ཀྱིས་བསྡུས་པའི་དགེ་བའི་ལས་སོ། །མི་གཡོ་བའི་ལས་ནི་གཟུགས་གཟུགས་མེད་ཀྱི་སས་བསྡུས་པའི་དགེ་བ་ཟག་པ་དང་བཅས་པའི་ལས་སོ།

།གཉིས་པ་ནི། བདག་མེད་མངོན་སུམ་དུ་རྟོགས་ནས་ནི་ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་ཡོད་ཀྱང་འཕེན་བྱེད་ཀྱི་ལས་གསར་དུ་མི་གསོག་པས་འཁོར་བར་འཕེན་བྱེད་ཀྱི་ལས་གསོག་པ་པོ་ནི་ཐེག་ཆེན་སྦྱོར་ལམ་ཆོས་མཆོག་ཆེན་པོ་ལ་གནས་པ་མན་ཆད་ཀྱི་སོ་སྐྱེ་ཐམས་ཅད་དོ། །དེ་ཡང་རྟེན་དེས་སྒོ་གསུམ་པོས་སྲོག་གཅོད་སོགས་མི་དགེ་བ་འདུ་བྱེད་ན་བསོད་ནམས་མ་ཡིན་པའི་ལས་གསོག་ལ། འདོད་ཁམས་ཀྱི་དགེ་བ་སྦྱིན་གཏོང་དང་ཚུལ་ཁྲིམས་བསྲུང་བ་སོགས་འདུ་བྱེད་ན་བསོད་ནམས་ཀྱི་ལས་དང༌། བསམ་གཏན་དང་གཟུགས་མེད་ཀྱི་སས་བསྡུས་པའི་ཞི་གནས་སོགས་སྒོམ་ན་མི་གཡོ་བའི་ལས་གསོག་གོ །

།གསུམ་པ་ལ་ལྔ། འཆི་བའི་རྐྱེན། འཆི་བའི་སེམས། དྲོད་གང་ནས་སྡུད་པ། ཤི་ནས་བར་དོ་འགྲུབ་ལུགས། དེ་ནས་སྐྱེ་སྲིད་དུ་སྐྱེ་བ་ལེན་ཚུལ་ལོ། །དང་པོ་ནི། ཚེ་ཟད་པས་འཆི་བ་ནི་སྔོན་གྱི་ལས་ཀྱིས་ཇི་ལྟར་འཕངས་པའི་ཚེ་ཐམས་ཅད་ཟད་དེ་དུས་ལ་བབ་སྟེ་འཆི་བའོ། །བསོད་ནམས་ཟད་ནས་འཆི་བ་ནི་ཡོ་བྱད་མེད་དེ་འཆི་བ་ལྟ་བུའོ། །ཡ་ང་བ་མ་སྤངས་པར་འཆི་བ་ནི་འཆི་བའི་རྒྱུ་རྐྱེན་ཁ་ཟས་ཚོད་མི་ཟིན་པར་ཟ་བ་སོགས་དགུ་མདོ་ནས་གསུངས་པ་ལྟ་བུའོ། །གཉིས་པ་ནི། དད་སོགས་དགེ་བ་དང༌། ཆགས་སོགས་མི་དགེ་བའི་སེམས་གཉིས་ནི། རང་གིས་སམ། གཞན་གྱིས་དྲན་དུ་བཅུག་པ་ལ་བརྟེན་ནས་འདུ་བྱེད་རགས་པ་འཇུག་པའི་བར་དུ་སེམས་ལ་འབྱུང་ལ། ལུང་མ་བསྟན་གྱི་སེམས་དང་ལྡན་པར་འཆི་བ་ནི། དགེ་མི་དགེའི་སེམས་གཉིས་རང་གིས་མ་དྲན་ལ་གཞན་གྱིས་ཀྱང་དྲན་པར་མ་བྱས་པའོ། །དེ་ལ་དགེ་བ་བྱེད་པ་ནི་མུན་ཁྲོད་ནས་སྣང་བར་འགྲོ་བ་དང་འདྲ་ལ། འཆི་པའི་ཚེ་རྨི་ལམ་ལྟ་བུའི་གཟུགས་ཡིད་དུ་འོང་བ་སྣ་ཚོགས་འབྱུང་ཞིང་བདེ་བར་འཆི་ལ་གནད་གཅོད་ཀྱང་ཤིན་ཏུ་ཚབས་ཆུང་ངོ༌། །མི་དགེ་བ་བྱེད་བྱེད་པ་ནི་སྣང་བ་ནས་མུན་ཁྲོད་དུ་འགྲོ་བ་དང་འདྲ་ལ། འཆི་བའི་ཚེ་རྨི་ལམ་ལྟ་བུའི་གཟུགས་མི་སྡུག་པ་སྣ་ཚོགས་སྣང་ཞིང་སྡུག་བསྔལ་གྱི་ཚོར་བ་དྲག་པོ་འབྱུང་ལ། གནད་གཅོད་ཀྱང་ཤིན་ཏུ་ཚབས་ཆེའོ། ། གནད་གཅོད་ནི་ལྷ་དང་དམྱལ་བ་མ་གཏོགས་པའི་སྐྱེ་གནས་ཐམས་ཅད་ལ་ཡོད་དོ། །ལུང་མ་བསྟན་གྱི་སེམས་དང་ལྡན་པ་ལ་ནི་སྔར་བཤད་པའི་བདེ་སྡུག་གཉིས་ཀ་མི་འབྱུང་ངོ༌། འཆི་བའི་ཚེ་དགེ་མི་དགེའི་སེམས་གཉིས་ནི་གང་གོམས་པ་ཆེ་བ་སྟེ་མངོན་དུ་འགྱུར་གྱི་སེམས་གཞན་རྗེས་སུ་མི་འཇུག་ལ། གཉིས་ཀ་ལ་གོམས་པ་མཉམ་ན་ནི། དང་པོར་གང་དྲན་པ་དེ་མངོན་དུ་འགྱུར་ལ། གཞན་རྗེས་སུ་མི་འཇུག་གོ །སེམས་ཆ་ཕྲ་མོར་རྒྱུ་བའི་ཚེ་ནི་དགེ་མི་དགེའི་སེམས་གཉིས་ལྡོག་ཅིང་ལུང་མ་བསྟན་གྱི་སེམས་སུ་འགྱུར་རོ། །ཐམས་ཅད་ཀྱང་འཆི་བའི་ཚེ་ན་འདུ་ཤེས་མི་གསལ་བ་ལ་མ་སླེབ་པའི་བར་དུ་ཡུན་རིང་མོ་ནས་གོམས་པའི་བདག་ལ་ཆགས་པ་འབྱུང་ངོ༌། །དེའི་འོག་ཏུ་བདག་ལ་ཆགས་པའི་དབང་གིས་བདག་ནི་མེད་པར་འགྱུར་རོ་སྙམ་ནས་ལུས་ལ་དགའ་བར་འགྱུར་ཏེ། དེ་ནི་བར་དོ་འགྲུབ་པའི་རྒྱུའོ། །རྒྱུན་ཞུགས་དང་ཕྱིར་འོང་ལ་ཡང་བདག་ཆགས་འབྱུང་མོད་གྱི། ཤེས་རབ་ཀྱིས་བརྟགས་ནས་སྤོང་གི་དང་དུ་མི་ལེན་ཏེ། དཔེར་ན་མི་སྟོབས་ལྡན་གྱིས་སྟོབས་ཆུང་ངུ་བརྡུང་བ་དང་འདྲའོ། །ཕྱིར་མི་འོང་ལ་ནི་བདག་ཆགས་དེ་མི་འབྱུང་ངོ༌།

།གསུམ་པ་ནི། མི་དགེ་བ་བྱེད་པ་ནི་ཐོག་མར་རོ་སྟོད་ནས་དྲོད་བསྡུས་ཏེ་སྙིང་ག་བར་དུ་འདོར་ལ། དགེ་བ་བྱེད་པ་ནི་དང་པོར་རོ་སྨད་ནས་དྲོད་བསྡུས་ནས་སྙིང་ག་བར་དུ་འདོར་ལ་སྙིང་ག་ནས་རྣམ་ཤེས་འཕོའོ། །དང་པོ་ཁུ་ཁྲག་གི་དབུས་སུ་རྣམ་ཤེས་གང་ཞུགས་པ་དེ་སྙིང་གར་འགྱུར་ཞིང༌། ཐ་མར་ཕྱོགས་གང་ནས་འཕོ་བ་དེ་ཉིད་དུ་ཐོག་མར་འཇུག་པ་ཡིན་ནོ། །བཞི་པ་ནི། སྔར་བཤད་བ་ལྟར་རྣམ་ཤེས་གང་ནས་འཕོས་པའི་ཕྱོགས་དེ་ནས་བར་མ་ཆད་པར་སྲང་མདའི་མཐོ་དམན་བཞིན་དུ་ཤི་བ་དང་བར་དོ་འགྲུབ་སྟེ། བར་དོ་དེ་ཡང་མིག་སོགས་དབང་པོ་ཚང་བ། གང་དུ་སྐྱེ་འགྱུར་གྱི་འགྲོ་བ་དེའི་ལུས་ཀྱི་རྣམ་པ་ཅན་སྐྱེ་བ་མ་བླངས་བར་དུ་མིག་ནི་ལྷའི་མིག་ལྟར་ཐོགས་པ་མེད་ཅིང་ལུས་ཀྱང་རྫུ་འཕྲུལ་དང་ལྡན་པ་བཞིན་དུ་ཐོགས་པ་མེད་དོ། །བར་དོ་རིས་མཐུན་དང་བསྒོམས་པ་ལས་བྱུང་བའི་ལྷའི་མིག་སྐྱོན་དང་བྲལ་པས་མཐོང་ལ། འགྲོ་བ་གང་ཡིན་པའི་བར་དོ་གྲུབ་ན། དེ་ནས་སྐྱེ་བ་གཞན་དུ་བཟློག་ཏུ་མེད་པར་མཛོད་ལས་གསུངས་མོད་ཀྱང༌། ཀུན་ལས་བཏུས་སུ་ལྡོག་པ་ཡང་བཤད་དོ། །མི་དགེ་བ་བྱེད་པའི་བར་སྲིད་ནི། ཕྱར་བ་ནག་པོའམ། མཚན་མོ་མུན་ནག་ཏུ་སྣང་བ་ལྟ་བུ་དང༌། དགེ་བ་བྱེད་པའི་བར་སྲིད་ནི་སྣམ་བུ་དཀར་པོའམ་ཟླ་བའི་འོད་དང་བཅས་པའི་མཚན་མོའི་སྣང་བ་ལྟ་པུའོ། །རང་དང་རིགས་མཐུན་པའི་བར་དོ་དང༌། དེ་དང་རང་གི་སྐྱེ་གནས་ཀྱང་མཐོང་ངོ༌། །དམྱལ་བའི་བར་དོ་ནི་སྡོང་དུམ་ཚིག་པ་དང༌། དུད་འགྲོའི་བར་དོ་ནི་དུ་བ་དང༌། ཡི་དྭགས་ཀྱི་བར་དོ་ནི་ཆུ་དང༌། འདོད་ལྷ་དང་མིའི་བར་དོ་ནི་གསེར་ལྟ་བུ་དང༌། གཟུགས་ཁམས་པའི་བར་དོ་ནི་དཀར་པོར་མངལ་འཇུག་ལས་གསུངས་སོ། །གཟུགས་མེད་ནས་ཁམས་འོག་མ་གཉིས་སུ་སྐྱེ་ན་བར་དོ་ཡོད་ལ། དི་གཉིས་ནས་གཟུགས་མེད་དུ་སྐྱེ་ན་གང་དུ་ཤི་བ་དེར་གཟུགས་མེད་ཀྱི་ཕུང་པོ་འགྲུབ་ཀྱི་བར་དོ་མེད་དོ། ། ལྷའི་བར་དོ་ནི་གྱེན་དུའོ། ། མིའི་ནི་ཐད་ཀར་འགྲོའོ། །ཉེས་པའི་ལས་བྱེད་པ་རྣམས་ཀྱི་ནི་མིག་ཐུར་དུ་བྱས་ཏེ་སྤྱིའུ་ཚུགས་སུ་འགྲོ་བར་གསུངས་ཏེ་ངན་སོང་གསུམ་ག་ལ་དགོངས་པ་འདྲའོ། ཚེ་ཚད་ནི། སྐྱེ་བའི་རྐྱེན་མ་རྙེད་ན་རེ་ལྟར་ཐོགས་ནའང་ཞག་བདུན་དུ་གནས་སོ། །རྐྱེན་རྙེད་ན་ནི་ངེས་པ་མེད་དོ། །མ་རྙེད་ནའང་ལུས་བརྗེས་ནས་ཞག་བདུན་ཕྲག་བདུན་ཚུན་ཆད་དུ་གནས་ཀྱི། དེ་ཚུན་ཆད་དུ་ངེས་པར་སྐྱེ་བའི་རྐྱེན་རྙེད་པས་དེ་ཕན་ཆད་མི་གནས་སོ། །ལྷའི་བར་དོ་ལྟ་བུ་དེ་ཞག་བདུན་གྱིས་ཤི་འཕོས་ནས་ལྷའི་བར་དོ་དེའམ། ཡང་ན་མི་ལ་སོགས་པའི་བར་དོ་འགྲུབ་སྟེ། ལས་གཞན་གྱི་བྱ་བ་འགྱུར་བས་བར་དོའི་ས་བོན་འགྱུར་བར་བྱེད་པའི་ཕྱིར་རོ། །གཞན་ལ་ཡང་དེ་ལྟར་རོ། །ལྔ་པ་ནི། མངལ་དུ་སྐྱེ་ན་ཕ་མའི་ཁུ་ཁྲག་ལ་ཕྱིན་ཅི་ལོག་ཏུ་མཐོང་བ་སྐྱེ་སྟེ། དེའི་ཚེ་ཕ་མ་ཉལ་པོ་བྱེད་པ་མེད་བཞིན་དུ་ཉལ་པོ་བྱེད་པ་སྒྱུ་མ་བཞིན་དུ་མཐོང་སྟེ་དེ་ལ་ཆགས་པར། ས་མང་པོ་པ་ལས་གསུངས་ལ། མཛོད་འགྲེལ་ལས། ཕ་མ་ཉལ་པོ་བྱེད་པ་མཐོང་བར་བཤད་དོ། །དེ་ཡང་མོར་སྐྱེ་ན་བུད་མེད་དང་འབྲལ་འདོད་ཅིང་སྐྱེས་པ་ལ་ཆགས་ཏེ་ཉལ་འདོད་དོ། །ཕོར་སྐྱེ་ན་ནི་སྐྱེས་པ་དང་འབྲལ་འདོད་ཅིང་བུད་མེད་ལ་ཆགས་ཏེ་ཉལ་འདོད་དོ། །དེ་ལྟ་བུའི་འདོད་པ་སྐྱེས་ནས་ཇི་ལྟར་ཉེ་བར་ཕྱོགས་པ་དེ་ལྟར་སྐྱེས་པ་དང་བུད་མེད་དེའི་ཡན་ལག་གཞན་གང་ཡང་མི་སྣང་བར་ཕོ་མོའི་མཚན་མ་གཉིས་ཙམ་ཞིག་མཐོང་ངོ༌། །དེ་ལ་ཁྲོས་ཏེ་བར་སྲིད་དེ་འཆི་འཕོ་ཞིང་སྐྱེའོ། །དེ་ཡང་ཕ་མ་གཉིས་ཆགས་པ་དྲག་པོའི་སྐབས་སུ་བབ་པ་ན་མཇུག་ཁོ་ནར་ཁུ་བ་བསྐ་བ་འབྱུང་ལ། དེའི་རྗེས་ལ་གཉིས་ཀ་ལས་ཁུ་ཁྲག་གི་ཐིགས་པ་གཉིས་གདོན་མི་ཟ་བར་འབྱུང་སྟེ། དེ་གཉིས་མའི་སྐྱེ་གནས་སུ་འདྲེས་ནས། དཔེར་ན་འོ་མ་སྐོལ་བ་གྲངས་པའི་སྤྲིས་མ་བཞིན་དུ་ཆགས་པར་གྱུར་པ་དེ་དང་ལྷན་ཅིག་ཏུ་བར་སྲིད་དེ་འགག་པར་འགྱུར་ལ། དེ་འགགས་པ་དང་དུས་གཅིག་ཏུ་ཉིང་མཚམས་སྦྱར་བའི་རྣམ་ཤེས་ཀྱི་མཐུས་དེ་ལས་གཞན་པའི་དབང་པོའི་འབྱུང་བ་ཆེན་པོ་ཆ་ཕྲ་བ་དང་འདྲེས་པ་དེ་དང་མཐུན་པའི་ཁུ་ཁྲག་འདུས་པ་དབང་པོ་དང་བཅས་པ་གཞན་འབྱུང་སྟེ། དེའི་དུས་སུ་ཞུགས་པའི་རྣམ་ཤེས་ནི་ཀུན་གཞི་ཁས་ལེན་པ་རྣམས་ཀུན་གཞིར་འདོད་ལ། ཀུན་གཞི་ཁས་མི་ལེན་པ་རྣམས་ཡིད་ཀྱི་རྣམ་ཤེས་ཀྱིས་ཉིང་མཚམས་སྦྱོར་བར་འདོད་དོ། །སྐྱེ་གནས་སུ་འགྲོ་འདོད་མེད་ན་མི་འགྲོ་ལ་མ་སོང་ན་དེར་མི་སྐྱེ་བས་དམྱལ་བར་སྐྱེ་བའི་ལས་བྱས་ཤིང་བསགས་པ་ལུག་གསོད་པའམ་བྱ་བའམ་ཕག་འཚོང་སོགས་སྡོམ་མིན་ཅན་རྣམས་ཀྱི་བར་སྲིད་ན་སྐྱེ་གནས་སུ་ལུག་ལ་སོགས་པ་རྨི་ལམ་བཞིན་དུ་མཐོང་ནས་སྔོན་གོམས་པའི་དགའ་བས་དེར་རྒྱུག་གོ །དེ་ནས་སྐྱེ་གནས་ཀྱི་གཟུགས་དེ་ལ་ཁྲོས་ནས་བར་སྲིད་འགག་ཅིང་སྐྱེ་སྲིད་དུ་སྐྱེ་སྟེ། དེ་བཞིན་དུ་དམྱལ་བ་དང་ཡི་དྭགས་ལྦ་བ་ཅན་སོགས་སུ་སྐྱེ་བ་ཡང་དེ་དང་འདྲའོ། །དུད་འགྲོ༌། ཡི་དྭགས། མི། འདོད་པ་དང་གཟུགས་ན་སྤྱོད་པའི་ལྷར་སྐྱེ་ན་ནི་སྐྱེ་གནས་སུ་རང་དང་རིགས་མཐུན་པ་དགའ་བར་འགྱུར་བའི་སེམས་ཅན་མཐོང་ཞིང༌། དེ་ནས་དེར་དགའ་བ་དང༌། འདོད་པ་བསྐྱེད་དེ་སོང་བ་དང༌། སྐྱེ་གནས་ལ་ཁྲོས་ནས་བར་སྲིད་འགག་ཅིང་སྐྱེ་སྲིད་དུ་སྐྱེ་བར་སའི་དངོས་གཞིར་གསུངས་སོ། །སྡོམ་མིན་ཅན་བྱ་པ་དང་ཕག་འཚོང་སོགས་མིན་པའི་དམྱལ་བར་སྐྱེ་ཚུལ་ཡང་འདི་དང་འདྲ་བར་བྱའོ། །མཛོད་དུ། དྲི་དང་གནས་ལ་མངོན་འདོད་བཞིན། ཞེས་དྲོད་གཤེར་ལས་སྐྱེ་ན་དྲི་དང༌། བརྫུས་ཏེ་སྐྱེ་ན་གནས་འདོད་ནས་སྐྱེ་བར་གསུངས་ལ། དེ་ཡང་ཚ་དམྱལ་དུ་སྐྱེ་ན་དྲོ་བ་དང༌། གྲང་དམྱལ་དུ་སྐྱེ་ན་བསིལ་བ་འདོད་ནས་བར་སྲིད་འགྲོ་བར་འགྲེལ་པ་ལས་བཤད་དོ། །སྒོང་སྐྱེས་ཀྱང་མངལ་སྐྱེས་དང་འདྲ་བར་མཛོད་འགྲེལ་ལས་བཤད་དོ།

།གཉིས་པ་ནི། དེ་ལྟར་སྡུག་ཀུན་གཉིས་ཀྱི་སྒོ་ནས་འཁོར་བའི་མཚན་ཉིད་ཞིབ་ཏུ་ཤེས་པར་བྱས་པ་ན་དེ་འདོར་འདོད་པ་དང༌། དེ་རྣམས་ཉེ་བར་ཞི་པ་ལ་ཐོབ་འདོད་བྱུང་བ་ཙམ་ནས་ངེས་འབྱུང་གི་བསམ་པ་ཡིན་མོད་ཀྱང་དེ་ཙམ་གྱིས་མི་ཆོག་པས། མེ་འབར་བའི་ཁྱིམ་དུ་ཚུད་པ་དང༌། བཙོན་རར་ཚུད་བའི་བཙོན་གནས་དེ་ལ་མི་འདོད་ཅིང་དེ་ནས་ཐར་པར་འདོད་པའི་བློ་ཅི་ཙམ་སྐྱེ་བ་དེ་ལྟ་བུའི་བློའི་ཚོད་ཙམ་དུ་བསྐྱེད་པར་བྱ་ཞིང༌། དེ་ནས་ཀྱང་ཇེ་འཕེལ་དུ་བཏང་དགོས་སོ། །བསམ་པ་འདི་ཤ་ར་བ་གསུང་བ་ལྟར་སིང་སྐྱུར་ལ་བཏབ་པའི་ཕྱེ་བཞིན་ཁ་ན་ཕར་ཡམ་མེ་བ་ཞིག་ལས་མི་འདུག་ན་འཁོར་བའི་རྒྱུ་ཀུན་འབྱུང་ལ་མི་འདོད་པར་ལྟ་བ་ཡང་དེ་འདྲ་ཞིག་ལས་མི་འོང༌། དེ་ལྟར་ན་སྡུག་ཀུན་འགགས་པའི་འགོག་པ་ཐར་པ་དོན་གཉེར་ཡང་དེ་དང་འདྲ། དེའི་ཕྱིར་ཐར་པའི་ལམ་ལ་སྒྲུབ་བ་བྱེད་པར་འདོད་པ་ཡང་ཚིག་ཙམ་དུ་འགྲོ་ཞིང༌། སེམས་ཅན་གཞན་འཁོར་བར་འཁྱམས་པའི་སྡུག་བསྔལ་མི་བཟོད་པའི་སྙིང་རྗེ་ཡང་འོང་ས་མེད་ལ། བླ་མེད་བྱང་ཆུབ་ཀྱི་སེམས་མ་བཅོས་པ་ཡིད་བསྐུལ་ནུས་པའི་ཤུགས་ཅན་ཡང་མི་སྐྱེ་བས་ཐེག་ཆེན་པ་ཡང་ཚིག་རྗེས་འབྲངས་པའི་གོ་བ་ཙམ་དུ་འགྱུར་བས་ཡང་དང་ཡང་དུ་བསྒོམ་པར་བྱའོ།

།གསུམ་པ་ནི། གལ་ཏེ་འཁོར་བས་ཡིད་ཤིན་ཏུ་འབྱུང་ཞིང་སྐྱོ་བ་བསྒོམས་ན་ཉན་ཐོས་ལྟར་འཁོར་བར་ཞུགས་པ་ལ་མི་དགའ་བའི་ཕྱིར་ཞི་བའི་མཐར་ལྟུང་བས་སྐྱོ་བ་སྒོམ་པ་ཐེག་དམན་ལ་མཛེས་ཀྱི། བྱང་སེམས་ལ་ནི་དེ་སྒོམ་པར་མི་རིགས་ཏེ། དེ་ལྟར་གསང་བ་བསམ་གྱིས་མི་ཁྱབ་པ་ལས་བཤད་པས་སོ་སྙམ་ན། འདི་ལྟར་བྱང་སེམས་འཁོར་བ་ལ་སྐྲག་པར་མི་བྱ། ཞེས་གསུངས་པའི་དོན་ནི། ལས་ཉོན་གྱི་དབང་གིས་སྲིད་པར་འཁྱམས་པའི་སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་ལ་ཡིད་འབྱུང་མི་བྱ་བར་སྟོན་པ་མིན་གྱི། བྱང་སེམས་ཀྱིས་སྨོན་ལམ་དང་སྙིང་རྗེའི་དབང་གིས་སྲིད་པར་སེམས་ཅན་གྱི་དོན་དུ་སྐྱེ་བ་འཛིན་པ་ལ་སྐྲག་པར་མི་བྱ། ཞེས་པའི་དོན་ནོ། །དེས་ན་ལས་ཉོན་གྱི་དབང་གིས་སྲིད་པར་འཁྱམས་ན་སྡུག་བསྔལ་དུ་མས་མནར་ནས་རང་དོན་ཡང་མི་ནུས་ན་གཞན་དོན་ལྟ་ཅི་སྨོས། དེ་ནི་རྒུད་པ་ཀུན་གྱི་སྒོ་ཡིན་པས་ཐེག་དམན་ལས་ཆེས་ཤིན་ཏུ་སྐྱོ་བར་བྱས་ལ་དགག་དགོས་ཤིང༌། སྨོན་ལམ་དང་སྙིང་རྗེའི་དབང་གིས་སྲིད་པར་སྐྱེ་བ་འཛིན་པ་ལ་ནི་དགའ་བར་བྱ་དགོས་སོ།

།དེ་ལྟར་ཡང་མདོ་དེ་ཉིད་ལས།
བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཡོངས་སུ་སྨིན་པ་དེ་ཉིད་ཉེ་བར་བཟུང་ནས་འཁོར་བ་ལ་ཕན་ཡོན་དུ་ལྟ་བ་དེ་ལྟར་ནི་ཡོངས་སུ་འདས་པ་ཆེན་པོ་ལ་མ་ལགས་སོ།

།ཞེས་གསུངས་སོ། །དེ་ལྟར་མ་ཕྱེད་པར་སྔར་ལྟར་སྨྲ་ན་ནི་སྨྲ་བ་པོ་དེ་ལ་བྱང་སེམས་ཀྱི་སྡོམ་པ་ཡོད་ན་ཉེས་བྱས་ཉོན་མོངས་ཅན་ཞིག་སྐྱེད་པར་བྱང་ས་ལས་གསུངས་སོ། །འཁོར་བ་ལ་ཡིད་འབྱུང་བར་བྱས་ནས་སེམས་ཅན་དེ་རྣམས་རང་གི་གཉེན་དུ་མཐོང་སྟེ་དེ་དག་གི་དོན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་བཞི་བརྒྱ་པའི་དགོངས་པ་ཡིན་ཞིང་གསལ་བར་སློབ་དཔོན་ཆེན་ཕོ་ཟླ་བ་གྲགས་པས་དེའི་འགྲེལ་པར་གསུངས་སོ།

།བཞི་པ་ནི། སྔར་བཤད་པ་ལྟར་སྲིད་པའི་ཉེས་དམིགས་བསྒོམས་པས་འཁོར་བ་ལས་ངེས་པར་འབྱུང་འདོད་དྲག་པོ་སྐྱེས་པ་དེས་འཁོར་བ་བཟློག་དགོས་པས། དེ་ལ་གཉིས། རྟེན་ཇི་ལྟ་བུས་འཁོར་བ་བཟློག་པ། ལམ་ཇི་འདྲ་ཞིག་བསྒོམས་པས་བཟློག་པའོ།

།དང་པོ་ནི་བཤེས་སྤྲིངས་ལས།
།སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་རྙེད་ནས་ནི།
།སྐྱེ་བ་བཟློག་པའི་སླད་དུ་འབད་པར་མཛོད།

ཅེས་གསུངས་པ་ལྟར་དལ་འབྱོར་ཐོབ་པའི་དུས་འདིར་བཟློག་དགོས་ཏེ། མི་ཁོམ་པར་ནི་བཟློག་པའི་སྐབས་མེད་པའི་ཕྱིར་ཏེ་སྔར་བཤད་ཟིན་ཏོ། །རྣལ་འབྱོར་བ་ཆེན་པོའི་ཞལ་ནས། ད་རེས་ཕྱུགས་ལས་བྱེ་བྲག་འབྱེད་པའི་དུས་ཡིན་ནོ་གསུང༌།

པོ་ཏོ་བའི་ཞལ་ནས་ཀྱང༌།
སྔར་དེ་ཙམ་ཞིག་འཁྱམས་པ་ལ་རང་ལོག་མ་བྱུང་ཙ་ན་ད་ཡང་རང་ལོག་མི་འོང་བས་བཟློག་དགོས། བཟློག་དུས་ཀྱང་ད་རེས་དལ་འབྱོར་ཐོབ་པའི་དུས་འདིར་ཡིན་གསུང་ངོ།

།དེ་ལས་ཀྱང་ཁྱིམ་ན་གནས་པ་ནི་ཆོས་སྒྲུབ་པའི་བར་ཆད་མང་ཞིང་ཉེས་པ་དུ་མའི་སྐྱོན་ཆགས་ལ། རབ་ཏུ་བྱུང་བ་ནི་དེ་ལས་བཟློག་པས་ན། འཁོར་བཟློག་པའི་རྟེན་ནི་རབ་བྱུང་མཆོག་ཏུ་གྱུར་པས། མཁས་པས་རབ་ཏུ་བྱུང་བ་ལ་མངོན་པར་དགའ་བར་བྱའོ། །དྲག་ཤུལ་ཅན་གྱིས་ཞུས་པ་ལས། བྱང་སེམས་ཁྱིམ་ན་གནས་པས་རབ་བྱུང་ལ་སྨོན་པ་བྱ་བར་གསུངས་ཏེ། འདིས་ནི་གཙོ་བོར་བསྙེན་པར་རྫོགས་པ་ལ་སྨོན་པར་གསུངས་སོ།

།མདོ་སྡེའི་རྒྱན་ལས་ཀྱང༌།
།རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན།
།དེ་ལྟས་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་ཆུབ་སེམས་དཔའ་ལས་ཁྱད་འཕགས།

ཞེས་གསུངས་སོ། །དེ་ལྟར་ན་འཁོར་བ་ལས་ཐར་པའི་རྣམ་གྲོལ་སྒྲུབ་པ་ལ་རབ་བྱུང་བསྔགས་པར་མ་ཟད། ཕར་ཕྱིན་དང་སྔགས་ཀྱི་སྒོ་ནས་རྣམ་མཁྱེན་སྒྲུབ་པ་ལ་ཡང་རབ་བྱུང་རྟེན་མཆོག་ཏུ་གསུངས་ལ། རབ་བྱུང་གི་སྡོམ་པ་ནི་སྡོམ་པ་གསུམ་གི་ནང་ནས་སོ་སོར་ཐར་པ་ཉིད་ཡིན་པས་བསྟན་པའི་རྩ་བ་སོ་སོར་ཐར་པ་ལ་གུས་པར་བྱའོ།

།གཉིས་པ་ནི། བཤེས་སྤྲིངས་ལས།
།མགོ་འམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང༌།
།ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །འདི་ལས་ཆེས་མཆོག་དགོས་པ་གཞན་མ་མཆིས།
།ཚུལ་ཁྲིམས་དག་དང་ཤེས་རབ་བསམ་གཏན་གྱིས། །མྱ་ངན་འདས་ཞི་དུལ་བ་དྲི་མེད་པའི།
།གོ་འཕང་མི་རྒ་མི་འཆི་ཟད་མི་འཚལ། །ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད།

ཅེས་གསུངས་པ་ལྟར་ལམ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་བསླབ་དགོས་སོ། །འདིར་སྐྱེས་བུ་འབྲིང་གི་ལམ་རང་དགའ་བ་ལ་འཁྲིད་ན་བསླབ་པ་གསུམ་ལ་འཁྲིད་ལུགས་རྒྱས་པར་དགོས་ནའང་དེ་མིན་པས་ཤེས་རབ་ལྷག་མཐོང་དང་སེམས་ཀྱི་བསླབ་པ་ཞི་གནས་སྐྱེད་ལུགས་ནི་སྐྱེས་བུ་ཆེན་པོའི་སྐབས་སུ་འཆད་པས་འདིར་ཚུལ་ཁྲིམས་ལ་བསླབ་ཚུལ་མདོར་བསྡུས་ཤིག་བརྗོད་པར་བྱའོ། །དེ་ལ་ཐོག་མར་ནི། ཚུལ་ཁྲིམས་ཀྱི་ཕན་ཡོན་ཡང་ཡང་བསམས་ནས་སྙིང་ཐག་པ་ནས་སྤྲོ་ཤུགས་འཕེལ་བར་བྱ་སྟེ།

བཤེས་སྤྲིངས་ལས།
།ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། ཞེས་དང༌། དཔུང་བཟང་གིས་ཞུས་བ་ལས་ཀྱང༌། ཇི་ལྟར་ལོ་ཏོག་ཐམས་ཅད་ས་ལ་ནི། །བརྟེན་ནས་སྐྱོན་མེད་པར་ནི་སྐྱེ་བ་ལྟར། །དེ་བཞིན་ཚུལ་ཁྲིམས་བརྟེན་ནས་ཆོས་དཀར་མཆོག །སྙིང་རྗེའི་ཆུས་བརླན་པས་ནི་རྣམ་པར་སྐྱེ། ཞེས་གསུངས་པ་ལྟར་བསམ་མོ། །ཁས་བླངས་ནས་བསྲུངས་ན་ཕན་ཡོན་ཤིན་ཏུ་ཆེ་བ་བཞིན་དུ་མ་བསྲུངས་ན་ཡང་ཉེས་དམིགས་ཆེ་སྟེ།

དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས།
།ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ། །ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་ཡིན།
།ཚུལ་ཁྲིམས་ལྡན་པ་བདེ་བ་སྟེ། །ཚུལ་ཁྲིམས་འཆལ་བ་སྡུག་བསྔལ་ལོ།

ཞེས་དང༌། འཇམ་དཔལ་རྩ་རྒྱུད་ལས་ཀྱང༌།
།ཟློས་པ་འདི་ལ་ཚུལ་ཁྲིམས་ཉམས། །དེ་ལ་གྲུབ་པ་མཆོག་མེད་ཅིང༌།
།གྲུབ་པ་འབྲིང་ཡང་ཡོད་མེད་དེ། །གྲུབ་པ་ཐ་མའང་ཡོད་མ་ཡིན།
།ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་འགྲུབ་པར་ནི་མ་གསུངས་ཏེ།
།མྱ་ངན་འདས་གྲོང་འགྲོ་བ་ཡི། །ཡུལ་དང་ཕྱོགས་ཀྱང་མ་ཡིན་ནོ།
།བྱིས་པ་ངན་པ་འདི་ལ་ནི། །སྔགས་འགྲུབ་པ་ནི་ག་ལ་ཡོད།
།སྐྱེ་བོ་ཚུལ་ཁྲིམས་འཆལ་འདི་ལ། །དེ་ལ་བདེ་འགྲོ་ག་ལ་ཡོད།
།མཐོ་རིས་སུ་ཡང་མི་འགྱུར་ཞིང༌། །བདེ་བ་མཆོག་ཏུའང་མི་འགྱུར་ན།
།རྒྱལ་བས་གསུངས་པའི་སྔགས་རྣམས་ནི། །འགྲུབ་པར་འགྱུར་བ་སྨོས་ཅི་དགོས།

ཞེས་གསུངས་པ་ལྟར་མ་བསྲུངས་པའི་ཉེས་དམིགས་ཡང་ཡང་བསམ་པར་བྱའོ།

།ཏིང་འཛིན་རྒྱལ་པོ་ལས།
།ཁྱིམ་པ་སྐྱ་བོའི་གོས་གྱོན་ལ། །ངས་ནི་བསླབ་པ་གང་བཤད་པ།
།དེ་ཚེ་དགེ་སློང་དེ་དག་ལ། །བསླབ་པ་དེ་ཡང་མེད་པར་འགྱུར།

ཞེས་གསུངས་པ་ལྟར་དགེ་བསྙེན་ལ་གསུངས་པའི་བསླབ་པའི་གཞི་ལྔ་ཡོངས་སུ་རྫོགས་པར་སྲུང་བ་དགེ་སློང་ལ་ཡང་མེད་པར་གསུངས་པའི་དུས་འདིར་བསླབ་པ་ལ་བརྩོན་པ་ནི་ལྷག་པར་ཡང་འབྲས་བུ་ཆེ་བས་འབད་པར་བྱ་སྟེ།

དེ་ཉིད་ལས།
།བསྐལ་པ་བྱེ་བ་གང་གཱའི་བྱེ་སྙེད་དུ། །དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང༌།
།གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས།
།གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང༌། །བདེར་གཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ།
།ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་བྱེ་བྲག་འཕགས།

ཞེས་གསུངས་སོ། །ཇི་ལྟར་བསླབ་པའི་ཚུལ་ནི། ལྟུང་བ་འབྱུང་བའི་རྒྱུ་བཞི་ལས་མི་ཤེས་པའི་གཉེན་པོར་ནི་བསླབ་བྱ་རྣམས་མཉན་ནས་ཤེས་པར་བྱའོ། །བག་མེད་པའི་གཉེན་པོར་ནི་བླང་དོར་གྱི་དམིགས་རྣམ་མ་བརྗེད་པའི་དྲན་པ་དང༌། འཕྲལ་འཕྲལ་དུ་སྒོ་གསུམ་ལ་སོ་སོར་རྟོག་ཅིང་ལེགས་ཉེས་གང་ལ་འཇུག་ཤེས་པར་བྱེད་པའི་ཤེས་བཞིན་དང༌། བདག་གམ་ཆོས་ཀྱི་དབང་དུ་བྱས་ནས་ཉེས་པ་ལ་འཛེམ་པའི་ངོ་ཚ་ཤེས་པ་དང༌། གཞན་གྱིས་སྨད་དུ་འོང་སྙམ་ནས་འཛེམ་པའི་ཁྲེལ་ཡོད་དང༌། ཉེས་སྤྱོད་ཀྱི་རྣམ་སྨིན་ལ་འཇིགས་ནས་བག་འཁུམས་པ་སོགས་ལ་བསླབ་པོ། །མ་གུས་པའི་གཉེན་པོར་ནི་སྟོན་པ་དང༌། དེའི་བཅས་པ་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་གུས་པར་བྱའོ། །ཉོན་མོངས་མང་བའི་གཉེན་པོར་ནི་རྒྱུད་ལ་བརྟགས་ཏེ་ཉོན་མོངས་གང་ཤས་ཆེ་བ་ལ་གཉེན་པོ་འབད་ནས་བསྟེན་ནོ། །དེ་ལྟར་མི་འབད་པར་འདི་ཙམ་ལས་འགལ་ཡང་སྐྱོན་ཆུང་ངོ་སྙམ་དུ་བསམས་ཏེ་བཅས་པ་ལ་བག་ཡངས་སུ་འཇུག་པ་ནི་སྡུག་བསྔལ་འབའ་ཞིག་འཐོབ་སྟེ།

ལུང་རྣམ་འབྱེད་ལས།
།གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །ཡང་བར་སེམས་ཤིང་ཅུང་ཟད་འདའ་བྱེད་པ།
།དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་འཐོབ། །སྨྱིག་ཚལ་བྲེགས་པས་ཨ་མྲའི་ཚལ་ཉམས་བཞིན།
།འདི་ན་ལ་ལ་རྒྱལ་པོའི་ཚིག་ཆེན་ཡང༌། །འདས་ན་ལན་འགའ་ཆད་པ་འཐོབ་མི་འགྱུར།
།ཐུབ་པའི་བཀའ་ལུང་ཚུལ་མིན་འདས་བྱས་ན། །དུད་འགྲོར་འགྲོ་འགྱུར་ཨེ་ལའི་འདབ་ཀླུ་བཞིན།

ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་ཉེས་ལྟུང་གིས་མ་གོས་པ་ལ་འབད་ཅིང༌། བརྒྱ་ལ་གོས་ན་ཡང༌། ཇི་མི་སྙམ་པར་མི་འཇོག་པར་ལྟུང་བ་དང༌། སྡིག་པའི་ཕྱིར་བཅོས་ལ་ཇི་ལྟར་གསུངས་པ་ལྟར་འབད་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་བསྲུང་བ་ནི་སོ་ཐར་གྱི་སྡོམ་ལྡན་ཡིན་ན་སྔགས་ལ་ཡང་འདྲ་བ་ཡིན་ཏེ།

དཔུང་བཟང་གིས་ཞུས་པ་ལས།
།རྒྱལ་བ་ངས་གསུངས་སོ་སོར་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས།
།སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང༌། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ།

ཞེས་སྔགས་པ་ཁྱིམ་པས་ཀྱང་རབ་བྱུང་གི་རྟགས་ཀྱི་སྐོར་དང་ལས་ཀྱི་ཆོ་ག་དང༌། བཅས་པ་རྐྱང་པའི་ཆོ་ག་འགའ་ཞིག་མ་གཏོགས་པ་འདུལ་བ་ནས་འབྱུང་བ་བཞིན་བྱ་དགོས་ན་སྔགས་པ་རབ་བྱུང་ལ་སྨོས་ཅི་དགོས་པའི་ཕྱིར་རོ།

།ཁམ་ལུང་པའི་ཞལ་ནས་ཀྱང༌།
།མུ་གེ་བྱུང་ཙ་ན་ཐམས་ཅད་ནས་ཀྱི་སྟེང་དུ་འོང༌། དེ་བཞིན་དུ་ཐམས་ཅད་ཚུལ་ཁྲིམས་ཀྱི་སྟེང་དུ་ཀོར་ཀོར་འོང་བས་འདི་ལ་འབུངས་ཤིག །ཚུལ་ཁྲིམས་དག་པའང་ལས་འབྲས་མ་བསམས་པ་ལ་མི་འོང་བས། དེས་ན་འདི་སེམས་པ་མན་ངག་ཡིན་གསུང་བ་དང༌།

ཤ་ར་བའི་ཞལ་ནས་ཀྱང༌།
།སྤྱིར་ལེགས་ཉེས་ཅི་བྱུང་ཡང་ཆོས་ལ་བརྟེན་པ། དེའི་ནང་ནས་ཀྱང་འདུལ་བ་ནས་ཇི་ལྟར་འབྱུང་བ་ལ་བརྟེན་ན། ལྡབ་རྐྱང་མི་དགོས་པ། ཞེ་གཙང་བ། བརྟག་ཐུབ་པ། ཉམས་དགའ་བ། མཐའ་བཟང་བ་ཡིན།

གསུང་བ་དང༌། དགེ་བཤེས་སྟོན་པའི་ཞལ་ནས་ཀྱང༌།
།ཚན་གཅིག་གིས་འདུལ་བ་ལ་བརྟེན་ནས་བསྔགས་ཅ་འབྱིད། སྔགས་ལ་བརྟེན་ནས་འདུལ་བ་ཅ་འབྱིད་དེ། འདུལ་བ་སྔགས་ཀྱི་གྲོགས། སྔགས་འདུལ་བའི་གྲོགས་སུ་སོང་བ་ངའི་བླ་མའི་བཀའ་རྒྱུད་མིན་པ་ལ་མེད་གསུང་བ་དང༌།

ཇོ་བོའི་ཞལ་ནས་ཀྱང༌།
།ངེད་རྒྱ་གར་ན་དོ་གལ་ཆེན་པོའམ། བྱ་བ་གློ་བུར་བ་བྱུང་ན་སྡེ་སྣོད་འཛིན་པ་རྣམས་འཚོགས་ནས་སྡེ་སྣོད་གསུམ་ནས་མ་བཀག་གམ། སྡེ་སྣོད་གསུམ་དང་མི་འགལ་ལམ། ཞེས་གཏན་ལ་ཕབ་ནས་དེའི་སྟེང་དུ་འཇོག་པ་ཡིན། ངེད་བྲི་ཀ་མ་ལ་ཤཱི་ལ་བ་ལ། དེའི་སྟེང་དུ་བྱང་སེམས་ཀྱི་སྤྱོད་པ་ནས་མ་བཀག་གམ། དེ་དང་མི་འགལ་ལམ་བྱ་བ་ཞིག་ཡོད་ལ། མདུན་མའི་ཞབས་འདུལ་བ་འཛིན་པས་འཇུག་པ་ཡིན་གསུང་ངོ༌།

སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་བཤད་ཟིན་ཏོ།

།དེ་ལྟར་འཁོར་བའི་ཉེས་དམིགས་སྒོ་སྣ་ཚོགས་ནས་རྒྱུན་རིང་དུ་བསྒོམས་པ་ལས། སྲིད་པ་ཐམས་ཅད་མེ་འབར་བའི་རླུབས་ལྟར་མཐོང་སྟེ། ཉོན་མོངས་དང་སྡུག་བསྔལ་ཉེ་བར་ཞི་བའི་ཐར་པ་ལ་ཐོབ་འདོད་ཀྱིས་ཡིད་ཀུན་ཏུ་གདུངས་པ་དེས། ལམ་བསླབ་པ་གསུམ་ལ་བསླབས་ན་འཁོར་བ་ལས་གྲོལ་བའི་ཐར་པ་འཐོབ་ཅིང༌། དེ་ཡང་མཐོ་རིས་ཀྱི་དཔལ་ལྟར་སླར་ལྡོག་པ་ཡང་མ་ཡིན་མོད། འོན་ཀྱང་སྐྱོན་ཟད་པ་དང་ཡོན་ཏན་ཐོབ་པ་ཕྱོགས་རེ་བ་ཡིན་པས་རང་དོན་མ་རྫོགས་ལ། དེ་ཉིད་ཀྱིས་ན། གཞན་དོན་ཡང་ཉི་ཚེ་བར་ཟད་ཅིང༌། མཐར་སངས་རྒྱས་ཀྱིས་བསྐུལ་ནས་ཐེག་ཆེན་དུ་འཇུག་དགོས་པས་ན། བློ་དང་ལྡན་པ་རྣམས་ཀྱིས་ནི་ཐོག་མ་ནས་ཐེག་ཆེན་དུ་འཇུག་པར་རིགས་ཏེ།

ཕར་ཕྱིན་བསྡུས་པ་ལས།
།འཇིག་རྟེན་དོན་སྒྲུབ་ཚུལ་ལ་མཐུ་མེད་པའི། །ཐེག་པ་གཉིས་པོ་གཏན་དུ་སྤང་བྱས་ཤིང༌།
།ཐུབ་རྒྱལ་ཐེག་པ་སྙིང་རྗེས་བསྟན་པ་ལ། །གཞན་ཕན་རོ་གཅིག་རང་བཞིན་དེ་དག་འཇུག

ཅེས་སོ། །འདི་ན་སྐྱེས་བུ་རྣམས་ཀྱི་བདེ་བ་དང་བརྗིད་བག་དང༌། སྐྱེས་བུའི་རྩལ་ནི། གཞན་དོན་ཁུར་དུ་འཁྱེར་བ་ལ་བྱ་བར་རིགས་ཏེ། རང་དོན་ཙམ་ལ་དམིགས་པ་ནི་དུད་འགྲོ་དང་ཡང་ཐུན་མོང་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཆེན་པོ་རྣམས་ཀྱི་ངང་ཚུལ་ནི། གཞན་གྱི་ཕན་བདེ་ལ་མཐའ་གཅིག་ཏུ་གཞོལ་བ་ཡིན་ཏེ།

སློབ་སྤྲིངས་ལས།
།ཤིན་ཏུ་རྙེད་སླའི་རྩྭ་ཁམ་འགའ་ལྟ་ཕྱུགས་ཀྱང་རང་ཉིད་ཟ།
།ཤིན་ཏུ་སྐོམ་པས་གདུངས་པའང་ཆུ་ཞིག་རྙེད་ན་དགའ་མགུར་འཐུང༌།
།འདི་ན་སྐྱེས་བུ་གཞན་དོན་བྱེད་པར་བརྩོན་པ་གང་ཡིན་པ།
།དེ་འདིའི་བརྗིད་བག་ཡིན་ཏེ་དེ་བདེ་སྐྱེས་བུའི་རྩལ་དེ་འཕགས།
།ཉི་མ་རླབས་ཆེན་རྟ་ཞོན་རྒྱུ་བ་སྣང་བྱེད་གང་ཡིན་དང༌།
།ཁུར་ལ་མི་རྩེག་ས་ཡིས་འཇིག་རྟེན་འདེགས་པ་གང་ཡིན་དེ།
།རང་དོན་འགའ་མེད་ཆེན་པོ་རྣམས་ཀྱི་རང་བཞིན་དེ་འདྲ་སྟེ།
།དེ་དག་འཇིག་རྟེན་ཕན་དང་བདེ་བའི་རོ་ལ་གཅིག་ཏུ་གཞོལ།

ཞེས་སོ། །དེ་ལྟར་འགྲོ་བ་སྡུག་བསྔལ་གྱིས་ཀུན་ཏུ་གདུངས་པར་མཐོང་ནས། དེའི་དོན་དུ་བྲེལ་བ་ལ་སྐྱེས་བུ་ཞེས་བྱ་ལ། མཁས་བ་ཞེས་ཀྱང་དེ་ལ་བྱ་སྟེ།

དེ་ཉིད་ལས།
།འཇིག་རྟེན་མ་རིག་དུད་སྤྲིན་འཁྲིགས་པས་འགྲོ་བ་འཁྲུགས་གྱུར་པ།
།སྡུག་བསྔལ་མེ་རབ་འབར་བའི་ནང་དུ་དབང་མེད་ལྷུང་མཐོང་ནས།
།ཐོད་ལ་མེ་མཆེད་འབར་བ་ལྟ་བུར་ཡིད་བྲེལ་བརྩོན་པ་གང༌།
།འདི་ན་དེ་དག་སྐྱེས་བུ་ཡིན་ཏེ་མཁས་པའང་དེ་དག་ཡིན།

ཞེས་སོ། །དེའི་ཕྱིར་རང་གཞན་གྱི་ལེགས་པ་ཐམས་ཅད་ཀྱི་འབྱུང་གནས། རྒུད་པ་ཐམས་ཅད་སེལ་བའི་སྨན། མཁས་པའི་སྐྱེ་བོ་ཀུན་གྱིས་བགྲོད་བའི་ལམ་ཆེན་པོ། །མཐོང་ཐོས་དྲན་རེག་གིས་ཀྱང་འགྲོ་བ་ཀུན་ཀྱི་གསོས་སུ་གྱུར་པ། གཞན་དོན་དུ་ཞུགས་པས་རང་དོན་མ་ཚང་བ་མེད་པར་ཞར་ལ་འགྲུབ་པའི་ཐབས་མཁས་ཆེན་པོ་དང་ལྡན་པའི་ཐེག་ཆེན་ལ་འཇུག་ཏུ་ཡོད་པ་ནི། ཀྱེ་མའོ་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་དུ་བསམས་ལ། སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་ཐེག་པའི་མཆོག་འདིར་འཇུག་པར་བྱའོ། །དེ་ལྟར་ན་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ལ་གསུམ། ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཁོ་ནར་བསྟན་པ། སེམས་དེ་ཇི་ལྟར་བསྐྱེད་པའི་ཚུལ། སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་ཚུལ་ལོ།

།དང་པོ་ནི། དེ་ལྟར་ཐེག་ཆེན་ལ་འཇུག་དགོས་ན་འཇུག་སྒོ་གང་ནས་ཡིན་སྙམ་ན། དེ་ལ་རྒྱལ་བས་ཕར་ཕྱིན་དང་སྔགས་ཀྱི་ཐེག་ཆེན་གཉིས་གསུངས་ཀྱི་དེ་ལས་གཞན་པའི་ཐེག་ཆེན་ནི་མེད་དོ། །དེ་གཉིས་གང་གི་སྒོར་འཇུག་ཀྱང་འཇུག་སྒོ་ནི་བྱང་ཆུབ་ཀྱི་སེམས་ཁོ་ན་ཡིན་ཏེ། དེ་རྒྱུད་ལ་ནམ་སྐྱེས་པ་ན་གཞན་གང་ཡང་མ་སྐྱེས་ཀྱང་ཐེག་ཆེན་པར་འཇོག་ལ། དེ་དང་ནམ་བྲལ་བ་ན། སྟོང་ཉིད་རྟོགས་པ་སོགས་ཀྱི་ཡོན་ཏན་ཅི་ཡོད་ཀྱང་ཉན་ཐོས་ལ་སོགས་པའི་སར་ལྟུང་ཞིང་ཐེག་ཆེན་ལས་ཉམས་པར་ཐེག་པ་ཆེན་པོ་པའི་གཞུང་དུ་མ་ལས་གསུངས་ཤིང༌། རིགས་པས་ཀྱང་འགྲུབ་པ་ཡིན་ནོ། ། དེས་ན་ཐེག་ཆེན་པ་ནི་སེམས་དེ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་དོ།

།དེ་ལྟར་ཡང་སྤྱོད་འཇུག་ལས།
།སེམས་དེ་སྐྱེས་མ་ཐག་ཏུ་རྒྱལ་སྲས་སུ་འགྲོ་བར་གསུངས་ལ།

བྱམས་པའི་རྣམ་ཐར་ལས་ཀྱང༌།
རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཞིང༌། རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ། དབུལ་བ་ཐམས་ཅད་ཀྱང་རྣམ་པར་ཟློག་གོ །རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་བྲལ་ཡང༌ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཞིང༌། བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ། འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་ཟློག་གོ །ཞེས་སྤྱོད་པ་ལ་མ་བསླབས་ཀྱང་སེམས་དེ་ཡོད་ན་བྱང་ཆུབ་སེམས་དཔར་གསུངས་སོ། །དེས་ན་ཆོས་ཐེག་ཆེན་པའི་ཆོས་ཡིན་པས་མི་ཆོག་གི་གང་ཟག་དེ་ཐེག་ཆེན་པར་ཚུད་པ་ཞིག་གལ་ཆེའོ། །ཐེག་ཆེན་པར་བྱེད་པ་ཡང་བྱང་ཆུབ་ཀྱི་སེམས་ཉིད་ལ་རག་ལས་པས་ན། སེམས་དེ་གོ་བ་ཙམ་ལས་མེད་ན་ཐེག་ཆེན་པ་ཡང་དེ་དང་འདྲ་ལ། སེམས་དེ་མཚན་ཉིད་ཚང་བ་ཞིག་ཡོད་ན་ཐེག་ཆེན་པ་ཡང་རྣམ་དག་ཅིག་འོང་བས་འདི་ལ་འབད་པར་གྱའོ།

།འདི་ལ་སྡོང་པོ་བཀོད་པ་ལས།
རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། ཞེས་གསུངས་པ་ལ་ངེས་པ་རྙེད་དགོས་པས་དེ་བཤད་པར་བྱའོ། །དེ་ལ་ཆུ། ལུད། དྲོད་དང༌། ས་ལ་སོགས་པ་ནི་འབྲས་ཀྱི་ས་བོན་དང་ཚོགས་ན་འབྲས་ཀྱི་མྱུ་གུའི་རྒྱུ་བྱེད་ལ་གྲོ་དང་སྲན་མ་ལ་སོགས་པའི་ས་བོན་དང་ཚོགས་ན་ཡང་དེ་དག་གི་མྱུ་གུའི་རྒྱུ་བྱེད་པས་དེ་དག་ནི་རྒྱུ་ཐུན་མོང་བ་ཡིན་ནོ། །ནས་ཀྱི་ས་བོན་ནི་རྐྱེན་སུ་དང་ཚོགས་ཀྱང་འབྲས་ལ་སོགས་པའི་མྱུ་གུའི་རྒྱུར་མི་རུང་བས། ནས་ཀྱི་མྱུ་གུའི་རྒྱུ་ཐུན་མོང་མིན་པ་ཡིན་ལ། དེས་ཟིན་པའི་ཆུ་ལུད་སོགས་ཀྱང་ནས་ཀྱི་མྱུ་གུའི་རྒྱུར་འགྱུར་བ་དེ་བཞིན་དུ་བླ་མེད་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་མྱུ་གུའི་རྒྱུའི་ནང་ནས་ས་བོན་ལྟ་བུ་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་ལ། སྟོང་ཉིད་རྟོགས་པའི་ཤེས་རབ་ནི་ཆུ་ལུད་སོགས་དང་འདྲ་བར་བྱང་ཆུབ་གསུམ་གའི་རྒྱུ་ཐུན་མོང་བ་ཡིན་ནོ།

།དེའི་ཕྱིར་རྒྱུད་བླ་ལས་ཀྱང༌།
།ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་སྐྱེད་མ་དང༌།

ཞེས་ཐེག་པ་མཆོག་ལ་མོས་པ་ནི་ཕའི་ས་བོན་དང༌། བདག་མེད་རྟོགས་པའི་ཤེས་རབ་ནི་མ་ལྟ་བུར་གསུངས་ཏེ། དཔེར་ན་ཕ་བོད་ལ་བུ་རྒྱ་ཧོར་སོགས་སྐྱེ་མི་སྲིད་པས། ཕ་ནི་བུའི་རིགས་ངེས་པའི་རྒྱུ་ཡིན་ལ། མ་བོད་ལ་ནི་བུ་སྣ་ཚོགས་པ་སྐྱེ་བས་ཐུན་མོང་གི་རྒྱུར་འགྱུར་བ་བཞིན་ནོ།

།ཀླུ་སྒྲུབ་ཀྱིས་ཀྱང༌།
།སངས་རྒྱས་རང་སངས་རྒྱས་རྣམས་དང༌། །ཉན་ཐོས་རྣམས་ཀྱིས་ངེས་བསྟེན་པ།
།ཐར་པའི་ལམ་ནི་གཅིག་ཉིད་ཁྱོད། །གཞན་དག་མེད་ཅེས་བྱ་བར་ངེས།

ཞེས་ཤེར་ཕྱིན་ལ་བསྟོད་པས། ཉན་རང་རྣམས་ཀྱང་དེ་ལ་བརྟན་ལ། དེས་ན་ཤེར་ཕྱིན་ལ་ཡུམ་ཞེས་ཀྱང་གསུངས་པས་ཐེག་པ་ཆེ་ཆུང་གཉིས་ཀའི་སྲས་ཀྱི་ཡུམ་ཡིན་པས། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཐེག་པ་ཆེ་ཆུང་འབྱེད་པ་མིན་གྱི། བྱང་ཆུབ་ཀྱི་སེམས་དང་སྤྱོད་པ་རླབས་ཆེ་བ་རྣམས་ཀྱིས་འབྱེད་པ་ཡིན་ཏེ།

རིན་ཆེན་འཕྲེང་བ་ལས།
།ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང༌།
།སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར།

ཞེས་ལྟ་བས་མ་ཕྱེ་ཞིང་སྤྱོད་པས་ཕྱེ་བར་གསུངས་སོ། །དེ་ལྟར་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱང་ཐེག་ཆེན་གྱི་ལམ་ཐུན་མོང་མ་ཡིན་པར་མི་འགྱུར་ན། དེ་ལས་གཞན་པའི་ལམ་རྣམས་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་བྱང་ཆུབ་ཀྱི་སེམས་གདམས་པའི་མཐིལ་དུ་བཟུང་ནས་སྦྱོང་དགོས་སོ།

།གཉིས་པ་ལ་གསུམ། བྱང་ཆུབ་ཀྱི་སེམས་སྦྱང་བའི་རིམ་པ། སྐྱེས་པའི་ཚད། ཆོ་གས་གཟུང་བའི་ཚུལ་ལོ།
།དང་པོ་ནི། ཇོ་བོ་ཆེན་པོ་ནས་བརྒྱུད་པ་ལ་མན་ངག་རྒྱུ་འབྲས་བདུན་མ་དང༌། རྒྱལ་སྲས་ཞི་བ་ལྷའི་གཞུང་ནས་འབྱུང་བ་ལ་བརྟེན་ནས་སྦྱོང་བ་གཉིས་སྣང་ངོ༌།

།རྒྱུ་འབྲས་བདུན་ནི།
རྫོགས་པའི་སངས་རྒྱས་བྱང་ཆུབ་ཀྱི་སེམས་ལས་འབྱུང་ལ། སེམས་དེ་ལྷག་བསམ་ལས་དང༌། བསམ་པ་དེ་སྙིང་རྗེ་ལས་དང༌། སྙིང་རྗེ་བྱམས་པ་ལས་དང༌། བྱམས་པ་དྲིན་དུ་གཟོ་བ་ལས་དང༌། དྲིན་དུ་གཟོ་བ་དྲིན་དྲན་པ་ལས་དང༌། དྲིན་དྲན་པ་ནི་མར་མཐོང་བ་ལས་འབྱུང་སྟེ་བདུན་ནོ། །

འདི་ལ་གཉིས། རིམ་པ་ལ་ངེས་པ་བསྐྱེད་པ། རིམ་ཅན་དུ་སྦྱང་བ་དངོས་སོ། །དང་པོ་ལ་གཉིས། ཐེག་ཆེན་གྱི་ལམ་གྱི་རྩ་བ་སྙིང་རྗེར་བསྟན་པ། རྒྱུ་འབྲས་གཞན་རྣམས་དེའི་རྒྱུ་འབྲས་སུ་འགྱུར་ཚུལ་ལོ། །དང་པོ་ལ་གསུམ། ཐོག་མར་གལ་ཆེ་བ། བར་དུ་གལ་ཆེ་བ། ཐ་མར་གལ་ཆེ་བའོ།

།དང་པོ་ནི། སྙིང་རྗེ་ཆེན་པོས་ཡིད་བསྐྱོད་ན་སེམས་ཅན་ཐམས་ཅད་འཁོར་པ་ལས་གདོན་པའི་ཕྱིར་ངེས་པར་དམ་འཆའ་བར་འགྱུར་ལ། སྙིང་རྗེ་དམན་ན་དེ་ལྟར་བྱེད་པ་མི་འོང་བས་འགྲོ་བ་མ་ལུས་པ་སྒྲོལ་བའི་ཁུར་འཁྱེར་བ་ནི་དེ་ལ་རག་ལས་པའི་ཕྱིར་དང༌། ཁུར་དེ་མི་འཛིན་ན་ཐེག་ཆེན་པར་མི་ཚུད་པའི་ཕྱིར་སྙིང་རྗེ་ནི་ཐོག་མར་གལ་ཆེའོ།

།བློ་གྲོས་མི་ཟད་པས་བསྟན་པ་ལས།
།བཙུན་པ་ཤཱ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་མི་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན་སྔོན་དུ་འགྲོ་བའི་ཕྱིར་རོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན་དབུགས་ཕྱི་ནང་དུ་རྒྱུ་བ་ནི་མིའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ནི་ཐེག་པ་ཆེན་པོ་ཡང་དག་པར་འགྲུབ་པའི་སྔོན་དུ་འགྲོ་བ་ཡིན་ནོ།

ཞེས་དང༌། ག་ཡ་གོ་རི་ལས་ཀྱང༌།
འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་རྩོམ་པ་ནི་ཅི། གནས་ནི་གང༌། འཇམ་དབལ་གྱིས་སྨྲས་པ། ལྷའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་རྩོམ་པ་ནི་སྙིང་རྗེ་ཆེན་པོའོ། གནས་ནི་སེམས་ཅན་ནོ། ཞེས་སོ།

བར་དུ་གལ་ཆེ་བ། །གཉིས་པ་ནི། དེ་ལྟར་ལན་ཅིག་སེམས་དེ་ལྟ་བུ་སྐྱེས་ནས་ཞུགས་ཀྱང༌། སེམས་ཅན་གྲངས་མང་ཞིང་བྱེད་ངན་པ་དང༌། བསླབ་བྱ་ཡང་ཤིན་ཏུ་བྱ་དཀའ་ཞིང་མཐའ་ཡས་པ་དང༌། དུས་ཀྱང་དཔག་མེད་དགོས་པར་མཐོང་བ་ན་ཞུམ་ནས་ཐེག་པ་དམན་པར་ལྟུང་བ་ལ། སྙིང་རྗེ་ཆེན་པོ་ལན་ཅིག་བསྐྱེད་པ་ཙམ་མིན་པར་ཇེ་འཕེལ་དུ་གོམས་པར་བྱས་པས། རང་གི་བདེ་སྡུག་ལ་མི་ལྟ་ཞིང་གཞན་དོན་ལ་མི་སྐྱོ་བས་ཚོགས་ཐམས་ཅད་བདེ་བླག་ཏུ་རྫོགས་པར་བྱེད་དོ།

ཐ་མར་གལ་ཆེ་བ་ནི། །གསུམ་པ་ནི། སངས་རྒྱས་རྣམས་འབྲས་བུ་བརྙེས་པའི་ཚེ་ཡང་ཐེག་དམན་བཞིན་ཞི་བར་མི་གནས་པར་ནམ་མཁའ་ཇི་སྲིད་དུ་འགྲོ་བའི་དོན་མཛད་པ་ཡང་སྙིང་རྗེ་ཆེན་པོའི་མཐུ་སྟེ། དེ་མེད་ན་ཉན་ཐོས་ལྟར་འགྱུར་བའི་ཕྱིར་རོ། །དཔེར་ན་ལོ་ཏོག་ལ་ཐོག་མར་ས་བོན་དང༌། བར་དུ་ཆུ་དང༌། ཐ་མར་སྨིན་པ་གལ་ཆེ་བ་ལྟར། སངས་རྒྱས་ཀྱི་ལོ་ཏོག་ལ་ཡང་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་སྙིང་རྗེ་ཡིན་པར། དཔལ་ལྡན་ཟླ་བ་གྲགས་པས་གསུངས་སོ།

།དེས་ན་ཞང་སྣ་ཆུང་སྟོན་པས། ཇོ་བོ་ལ་གདམས་ངག་ཞུས་ཀྱང༌། འཇིག་རྟེན་བློས་ཐོང༌། བྱང་ཆུབ་ཀྱི་སེམས་སྒོམས་བྱ་བ་ཞིག་ལས་མི་འོང་བྱས་པ་ལ། དགེ་བཤེས་སྟོན་པས་ཁྲེལ་ནས། དེ་ཇོ་བོའི་གདམས་ངག་གི་མཐིལ་ཕྱུང་བ་ལ། གསུངས་ཏེ་ཆོས་ཀྱི་གནད་མཁྱེན་པ་ཡིན་ནོ། །ངེས་པ་རྙེད་པ་ཡང་འདི་ཁོ་ན་དཀའ་བས། ཡང་ཡང་བསག་སྦྱང་དང༌། སྡོང་པོ་བཀོད་པ་སོགས་ཀྱི་གསུང་རབ་དང༌། དགོངས་འགྲེལ་རྣམས་བལྟས་ནས་ངེས་པ་བརྟན་པོ་བཙལ་དགོས་ཏེ།

དཔལ་ལྡན་མ་ཁོལ་གྱིས།
།ཁྱོད་ཀྱི་ཐུགས་ནི་རིན་པོ་ཆེ། །རྫོགས་པའི་བྱང་ཆུབ་ས་བོན་དེ།
།དཔའ་ཁྱོད་ཁོ་ནས་སྙིང་པོར་མཁྱེན། །དེ་གཞན་སྐྱེ་བོས་འོལ་མི་དབྱི། ཞེས་པ་ལྟར་རོ།

།གཉིས་པ་ལ་གཉིས། མར་ཤེས་ནས་བྱམས་པའི་བར་རྒྱུར་འགྱུར་ཚུལ། ལྷག་བསམ་དང་སེམས་བསྐྱེད་འབྲས་བུར་འགྱུར་ཚུལ་ལོ། །དང་པོ་ནི། སྤྱིར་སྡུག་བསྔལ་དང་འབྲལ་འདོད་ཙམ་ཞིག་ནི་སེམས་ཅན་དེའི་སྡུག་བསྔལ་ཡང་ཡང་བསམས་ན་སྐྱེ་མོད་ཀྱང༌། བློ་དེ་སྐྱེ་སླ་བ་དང༌། ཤུགས་དྲག་ལ་བརྟན་པོར་སྐྱེ་བ་ལ་ནི། སྔོན་དུ་སེམས་ཅན་དེ་ཡིད་དུ་འོང་ཞིང་གཅེས་ལ་ཕངས་པའི་རྣམ་པ་ཅན་ཞིག་དགོས་ཏེ། གཉེན་ལ་སྡུག་བསྔལ་བྱུང་ན་མི་བཟོད་ལ། དགྲ་ལ་སྡུག་བསྔལ་བྱུང་ན་དགའ་ཞིང༌། དགྲ་གཉེན་བར་མ་ལ་སྡུག་བསྔལ་བྱུང་ན་ཕལ་ཆེར་ཡལ་བར་འདོར་བའི་བཏང་སྙོམས་སྐྱེ་བ་བཞིན་ནོ། །དེ་ལ་དང་པོ་ནི། ཡིད་དུ་སྡུག་པ་ཡོད་པས་ཡིན་ལ། དེ་ཡང་ཇི་ཙམ་གཅེས་པ་དེ་ཙམ་དུ་སྡུག་བསྔལ་ལ་མི་བཟོད་པ་ཡང་དེ་ཙམ་དུ་སྐྱེ་སྟེ། གཅེས་པ་ཆུང་འབྲིང་ལ་མི་བཟོད་པ་ཤས་ཆུང་ལ། ཤིན་ཏུ་གཅེས་ན་སྡུག་བསྔལ་ཕྲ་མོ་ལ་ཡང་མི་བཟོད་པ་ཆེན་པོ་སྐྱེ་བས་སོ། །དགྲ་ལ་སྡུག་བསྔལ་མཐོང་ན་འབྲལ་འདོད་མི་སྐྱེ་བར་མ་ཟད། ད་དུང་དེ་ལས་ཆེ་བ་དང༌། དེ་དང་མ་བྲལ་ན་སྙམ་པ་སྐྱེ་བ་ནི་ཡིད་དུ་མི་འོང་བས་ལན་ལ། དེ་ཡང་ཡིད་དུ་མི་འོང་བ་ཤས་ཆེ་ཆུང་གིས་སྡུག་བསྔལ་བྱུང་བ་ལ་དགའ་བ་ཤས་ཆེ་ཆུང་དུ་འགྱུར་རོ། །དགྲ་གཉེན་བར་མའི་སྡུག་བསྔལ་ལ་མི་བཟོད་པ་ཡང་མེད་ལ། དགའ་བ་ཡང་མེད་པ་ནི་ཡིད་དུ་འོང་མི་འོང་གང་ཡང་མེད་པས་ལན་ནོ། །དེ་ལྟར་བྱས་ན་སེམས་ཅན་གཉེན་དུ་སྒོམ་པ་ནི་ཡིད་འོང་བསྐྱེད་པའི་ཆེད་ཡིན་ལ། གཉེན་གྱི་མཐར་ཐུག་ནི་མ་ཡིན་པས། མར་སྒོམ་པ་དང༌། དེའི་དྲིན་དྲན་པ་དང༌། དྲིན་ལན་གཟོ་བ་གསུམ་ནི་ཡིད་དུ་འོང་ཞིང་གཅེས་པ་སྒྲུབ་བྱེད་ཡིན་ལ། སེམས་ཅན་ལ་བུ་གཅིག་པ་ལྟར་སྙིང་དུ་སྡུག་པར་འཛིན་པའི་བྱམས་པ་ནི། དེ་གསུམ་གྱི་འབྲས་བུ་ཡིན་ཏེ། དེས་སྙིང་རྗེ་སྐྱེད་པར་བྱེད་དོ། །བདེ་བ་དང་ཕྲད་འདོད་ཀྱི་བྱམས་པ་དང༌། སྙིང་རྫེ་ལ་རྒྱུ་འབྲས་ཀྱི་ངེས་པ་མི་སྣང་ངོ༌། །སེམས་བསྐྱེད་སྐྱེ་བའི་རྒྱུར་སེམས་ཅན་རྣམས་གཉེན་དུ་སྒོམ་པ་འདི་ནི། སློབ་དཔོན་ཟླ་གྲགས་དང༌། བཙུན་པ་ཟླ་བ་དང༌། སློབ་དཔོན་ཀ་མ་ལ་ཤཱི་ལ་རྣམས་ཀྱིས་བཤད་དོ།

།གཉིས་པ་ནི། དེ་ལྟར་བློ་རིམ་གྱིས་སྦྱངས་པས་སྙིང་རྗེ་སྐྱེས་པ་ན། སེམས་ཅན་ཀྱི་དོན་དུ་སངས་རྒྱས་ལ་ཐོབ་འདོད་སྐྱེ་བས། དེ་ཙམ་གྱིས་ཆོག་མོད། བར་དེར་ལྷག་བསམ་བཅུག་པས་ཅི་བྱ་སྙམ་ན། སེམས་ཅན་བདེ་བ་དང་ཕྲད་པ་དང༌། སྡུག་བསྔལ་དང་བྲལ་ན་སྙམ་པའི་བྱམས་པ་དང༌། སྙིང་རྗེ་ཚད་མེད་པ་ནི་ཉན་རང་ལ་ཡང་ཡོད་ཀྱང༌། སེམས་ཅན་ཐམས་ཅད་ལ་བདེ་བ་སྒྲུབ་པ་དང༌། སྡུག་བསྔལ་སེལ་བ་ཁུར་དུ་བཞེས་པ་ནི་ཐེག་ཆེན་པ་མིན་པ་ལ་མེད་བས། སྙིང་སྟོབས་ཀྱི་བསམ་པ་ལྷག་པའི་ལྷག་བསམ་སྐྱེད་དགོས་ཏེ། རྒྱུད་བླའི་འགྲེལ་བར། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་དྲངས་བ་ལས་ཤེས་སོ། །དེ་ལྟར་སེམས་ཅན་སྒྲོལ་བའི་བློ་སྐྱེས་པ་ན་རང་གི་གནས་སྐབས་འདི་ལྟ་བུས་ནི་སེམས་ཅན་གཅིག་གི་དོན་ཡང་རྫོགས་པར་བྱ་མི་ནུས་ལ། དེར་མ་ཟད་དགྲ་བཅོམ་པ་གཉིས་ཀྱི་གོ་འཕང་ཐོབ་ཀྱང༌། སེམས་ཅན་ཉུང་ཟད་རེ་དང༌། དེའི་དོན་ཡང་ཐར་པ་ཙམ་སྒྲུབ་པར་ནུས་ཀྱི། ཐམས་ཅད་མཁྱེན་པ་ལ་དགོད་མི་ནུས་པས། སེམས་ཅན་མཐའ་ཡས་པ་དང༌། དེ་དག་གི་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་རྫོགས་པར་སུ་ཞིག་གིས་ནུས་སྙམ་དུ་བསམས་པ་ན། སངས་རྒྱས་ཉག་གཅིག་ལ་ནུས་པ་དེ་ཡོད་པར་ཤེས་ནས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་འདོད་སྐྱེད་དོ།

།གཉིས་པ་ལ་གསུམ། གཞན་དོན་དོན་གཉེར་གྱི་བློ་སྦྱང་བ། བྱང་ཆུབ་དོན་དུ་གཉེར་བའི་བློ་སྦྱང་བ་དང༌། སྦྱངས་པའི་འབྲས་བུ་སེམས་བསྐྱེད་ངོས་གཟུང་བའོ། །དང་པོ་ལ་གཉིས། བློ་དེ་སྐྱེ་བའི་གཞི་བསྒྲུབ་པ་དང༌། བློ་དེ་བསྐྱེད་པ་དངོས་སོ། །དང་པོ་ལ་གཉིས། སེམས་ཅན་ལ་སེམས་སྙོམས་པ་བསྒྲུབ་པ་དང༌། ཐམས་ཅད་ཡིད་འོང་གི་རྣམ་པ་ཅན་དུ་བསྒྲུབ་པའོ། །དང་པོ་ནི། སྔར་སྐྱེས་བུ་ཆུང་འབྲིང་གི་སྐབས་སུ་བཤད་པ་ལྟར་སྔོན་འགྲོ་ལ་སོགས་པའི་རིམ་པ་རྣམས་འདིར་ཡང་བླངས་ལ་བསྐྱང་བར་བྱའོ། །དེ་ལ་ཐོག་མར་སེམས་ཅན་ཁ་ཅིག་ལ་ཆགས། ཁ་ཅིག་ལ་སྡང་བའི་ཕྱོགས་རིས་སུ་གཅོད་པ་བཀག་ནས་སེམས་སྙོམས་པ་མ་བསྒྲུབས་ན་བྱམས་པ་དང་སྙིང་རྗེ་གང་སྐྱེ་བ་དེ་ཕྱོགས་རིས་ཅན་དུ་སྐྱེའི། ཕྱོགས་རིས་མེད་པ་ལ་དམིགས་ནས་མི་སྐྱེ་བས་བཏང་སྙོམས་བསྒོམ་པར་བྱའོ། །དེ་ལ་ཡང་སེམས་ཅན་རྣམས་ལ་ཕར་ཆགས་སྡང་ལ་སོགས་པའི་ཉོན་མོངས་མེད་པ་སྒྲུབ་པའི་རྣམ་པ་ཅན་ཞིག་དང༌། རང་ཉིད་སེམས་ཅན་ལ་ཆགས་སྡང་དང་བྲལ་ནས་སེམས་སྙོམས་པ་གཉིས་གསུངས་པ་ལས་འདིར་ཕྱི་མའོ། །འདི་སྒོམ་པའི་གོ་རིམ་ནི་སྐྱེ་སླ་བས་ཐོག་མར་ཕན་གནོད་གང་ཡང་མ་བྱས་པའི་བར་མ་ཞིག་ལ་དམིགས་རྟེན་བྱས་ནས། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་བསལ་ཏེ་སེམས་སྙོམས་པ་བསྒྲུབ་པར་བྱའོ། །དེ་ལ་སེམས་སྙོམས་པ་གྲུབ་ན། དེ་ནས་མཛའ་བཤེས་ལ་སེམས་སྙོམས་པ་བསྒྲུབ་སྟེ། དེ་ལ་སེམས་མ་སྙོམས་པ་ནི་ཆགས་སྡང་གིས་རིས་སུ་གཅོད་པའམ། ཆགས་པ་ཆེ་ཆུང་གིས་མ་སྙོམས་པའོ། །དེ་ལ་སྙོམས་ན་དགྲ་ལ་སེམས་སྙོམས་པ་བསྒོམ་སྟེ། དེ་ལ་མ་སྙོམས་པ་ནི་མཐའ་གཅིག་ཏུ་མི་མཐུན་པར་བལྟས་ནས་ཞེ་སྡང་བའོ། །དེ་ལ་སྙོམས་ནས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་བསྒོམ་མོ། །དེ་ཡང་གཉིས་ཏེ། སེམས་ཅན་གྱི་ངོས་ནས་ནི་ཐམས་ཅད་བདེ་བ་འདོད་སྡུག་བསྔལ་མི་འདོད་པར་མཚུངས་པས་ན། ཁ་ཅིག་ལ་ཉེ་བར་བཟུང་ནས་ཕན་འདོགས་ཤིང༌། ཁ་ཅིག་ལ་རིང་བར་བཟུང་ནས་གནོད་པ་བྱེད་ཕའམ། ཕན་བ་མི་བྱེད་པ་མི་རིགས་སོ་སྙམ་པ་དང༌། རང་གི་ངོས་ནས་ནི་ཐོག་མ་མེད་པ་ནས་འཁོར་བ་ན་སེམས་ཅན་གང་ལན་བརྒྱར་བདག་གི་གཉེན་དུ་མ་གྱུར་པ་ནི་གང་ཡང་མེད་པས། གང་ལ་ནི་ཆགས་པར་བྱ་གང་ལ་ནི་སྡང་བར་བྱ་སྙམ་དུ་སེམས་པའོ། ཞེས་སྒོམ་རིམ་བར་པ་ལས་གསུངས་སོ། །ཡང་གཉེན་ལ་ཆགས་པ་ལ་ནི།

།བུ་མོ་ཟླ་བ་མཆོག་གིས་ཞུས་པ་ལས།
།བདག་གིས་སྔོན་ཆད་ཁྱེད་རྣམས་ཐམས་ཅད་བསད། །བདག་ཀྱང་ཁྱེད་ཀྱིས་སྔོན་ཆད་བཤགས་ཤིང་གཏུབས།
།ཀུན་ཀྱང་ཕན་ཚུན་དགྲ་དང་གསོད་པ་ཡིན། །ཁྱེད་ཅག་ཇི་ལྟར་འདོད་ཆགས་སེམས་ཀྱང་སྐྱེ།

ཞེས་གསུངས་པ་དང༌། སྔར་ངེས་མེད་ཀྱི་ཉེས་པའི་སྐབས་སུ་བཤད་པ་ལྟར་དགྲ་གཉེན་ཐམས་ཅད་མྱུར་དུ་འགྱུར་ནས་འགྲོ་བའི་ཚུལ་བསམ་སྟེ། དེས་ནི་ཁྲོ་ཆགས་གཉིས་ཀ་ལྡོག་གོ །འདི་དགྲའམ་གཉེན་ཁྱད་གཞིར་བཟུང་ནས་བྱེད་དགོས་པས། དགྲ་གཉེན་གྱི་བློ་ལྡོག་མི་དགོས་ཀྱི། དགྲ་གཉེན་ཡིན་པ་རྒྱུ་མཚན་དུ་བྱས་ནས་ཆགས་སྡང་གིས་རིས་སུ་གཅོད་པའི་བློ་འགོག་པ་ཡིན་ནོ།

།གཉིས་པ་ལ་གསུམ། མར་བསྒོམ་པ། དྲིན་དྲན་པ། དྲིན་དུ་གཟོ་བ་བསྒོམ་པའོ། །དང་པོ་ནི། འཁོར་བ་ལ་ཐོག་མ་མེད་པས་རང་གི་སྐྱེ་བ་ལ་ཡང་ཐོག་མ་མེད་པས་ན་སྐྱེ་ཤི་བརྒྱུད་མར་བྱས་ཏེ་འཁོར་བ་ན་ལུས་འདི་མ་བླངས་བྱ་བ་དང༌། ཕྱོགས་འདིར་མ་སྐྱེས་བྱ་བ་ནི་ཡེ་མེད་ལ། མ་ལ་སོགས་པའི་གཉེན་དུ་ཡང་མ་གྱུར་པ་མེད་པར་མདོ་ལས་གསུངས་སོ། །དེ་ཡང་སྔར་མ་བྱས་པར་མ་ཟད་མ་འོངས་པ་ན་བྱེད་པར་ཡང་འགྱུར་བས། དེ་ལྟར་བསམས་ལ་རང་གི་མ་བྱས་པ་ལ་ངེས་པ་བརྟན་པོ་བཙལ་བར་བྱ་སྟེ། འདི་སྐྱེས་ན་དེའི་དྲིན་དྲན་པ་སོགས་སྐྱེ་བླ་ལ། འདི་མ་སྐྱེས་ན་དེའི་དྲིན་དྲན་པ་སོགས་ཀྱི་གཞི་མེད་པའི་ཕྱིར་རོ།

།གཉིས་པ་ནི། སེམས་ཅན་ཐམས་ཅད་མར་བསྒོམས་པའི་འོག་ཏུ་ཐོག་མར་ཚེ་འདིའི་མ་ལ་བསྒོམས་ན་སྐྱེ་མྱུར་བར་པོ་ཏོ་བ་བཞེད་པ་ལྟར་བསྒོམ་པར་བྱ་སྟེ། མདུན་དུ་མ་རྣམ་པ་གསལ་པོ་ཞིག་བསམས་ལ། ད་ལྟར་དུ་མ་ཟད་འཁོར་བ་ཐོག་མ་མེད་པ་ནས། འདིས་བདག་གི་མ་བགྲང་ལས་འདས་པ་བྱེད་བྱེད་པ་ཡིན་སྙམ་དུ་ལན་འགའ་ཞིག་བསམ་མོ། །དེ་ལྟར་དེས་མ་བྱས་པའི་དུས་སུ་གནོད་པ་ཐམས་ཅད་ལས་བསྐྱབས་ཕན་བདེ་ཐམས་ཅད་བསྒྲུབས། ཁྱད་པར་དུ་ཚེ་འདིར་ཡང་དང་པོར་མངལ་དུ་ཡུན་རིང་པོར་བཟུང༌། དེ་ནས་བཙས་པའི་དུས་སུ་སྤུ་སེར་ཟིང་ངེ་བ་ཞིག་ཤའི་དྲོད་ལ་བཅར། སོར་མོ་བཅུའི་ཁ་ལ་གཡེངས། ནུ་ཞོ་བསྣུན། ནོམ་བུ་ཁས་བསྙོད། སྣབས་ཁས་ཕྱིས། མི་གཙང་བ་ལག་པས་ཕྱིས་ཀྱིན་ཐབས་སྣ་ཚོགས་ཀྱིས་སྐྱོ་ངལ་མེད་པར་གསོས། དེ་ཡང་བཀྲེས་སྐོམ་གྱི་དུས་སུ་བཟའ་བཏུང་དང༌། འཁྱགས་པའི་དུས་སུ་གོས་དང༌། ཕོངས་པའི་དུས་སུ་ནོར་རང་གིས་སྤྱད་མི་བྲ་བ་རྣམས་བྱིན། ཡོ་བྱད་དེ་རྣམས་ཀྱང་བདེ་བླག་ཏུ་རྙེད་ནས་མིན་གྱི། སྡིག་སྡུག་གཏམ་ངན་དང་བསྲེས་ཀྱིན་ཤ་ཐང་ཐང་དུ་བཙལ་ནས་བྱིན་པ་ཡིན། བུ་ལ་ན་ཚ་སོགས་སྡུག་བསྔལ་བྱུང་ན་བུ་འཆི་བ་བས། རང་འཆི་བ་དང༌། བུ་ན་བ་ལས་རང་ན་བ་སོགས་ལ་བསམ་པ་ཐག་པ་ནས་འདམ་ཞིང༌། སྦྱོར་བས་དེ་བསལ་བའི་ཐབས་བྱེད་པ་ཡིན། མདོར་ན་རང་གིས་ཤེས་ཚད་དང་ནུས་ཚད་ཀྱིས་ཕན་བདེ་གང་ཡིན་སྒྲུབ། གནོད་པ་དང་སྡུག་བསྔལ་སེལ་བར་བྱེད་པའི་ཚུལ་རྣམས་ལ་རྩེ་གཅིག་ཏུ་སེམས་པའོ། ། དེ་ལྟར་བསྒོམས་པས་དྲིན་དྲན་པའི་བློ་ཚིག་ཙམ་མ་མིན་པ་ཞིག་སྐྱེས་པ་ན། དེ་ནས་ཕ་ལ་སོགས་པའི་མཛའ་བཤེས་གཞན་ལ་ཡང་མར་ཤེས་པར་བྱས་ལ་བསྒོམ། དེ་ནས་བར་མ་རྣམས་ཀྱང་མར་ཤེས་པར་བྱས་ལ་བསྒོམ། དེ་ལ་མཛའ་བཤེས་འདྲ་པའི་བློ་སྐྱེས་པ་ན་དགྲ་རྣམས་ཀྱང་མར་ཤེས་པར་བྱས་པ་ལ་བསྒོམ། དེ་ལ་མ་དང་འདྲ་བའི་བློ་སྐྱེས་པ་ན་སེམས་ཅན་ཐམས་ཅད་ལ་མར་ཤེས་པ་སྔོན་དུ་བཏང་ལ། རིམ་གྱིས་རྒྱ་ཇེ་ཆེ་ཇེ་ཆེར་བཏང་ལ་བསྒོམ་མོ།

།གསུམ་པ་ནི། དེ་ལྟར་སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་ཙམ་མ་གཏོགས་པ་བདག་གི་མ་དྲིན་ཅན་སྡུག་བསྔལ་ཞིང་སྐྱབས་མེད་པ་དེ་རྣམས་གཙིགས་མེད་དུ་དོར་ནས། རང་ཉིད་འཁོར་བ་ལས་ཅི་ཐར་བྱེད་ན་དེ་ལས་ཁྲེལ་ཆུང་བ་མེད་དེ།

སློབ་སྤྲིངས་ལས།
།ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ།
།སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། ཅེས་སོ།

།དེས་ན་དེ་ལྟ་བུའི་དྲིན་ཅན་འདོར་བ་ནི་མ་རབས་རྣམས་ལའང་མི་རིགས་ན། བདག་གི་ཚུལ་དང་ག་ལ་མཐུན་སྙམ་དུ་བསམས་ནས་དྲིན་ལས་བསྐོར་བའི་ཁུར་གཟུང་ངོ༌། །འོ་ན་ཕན་ལན་བྱེད་པ་དེ་ཇི་ལྟ་བུ་ཞིག་བྱ་སྙམ་ན། མ་རང་གིས་ཀྱང་འཁོར་བའི་བདེ་འབྱོར་ཅི་ཙམ་ཞིག་ཐོབ་སྟེ། དེ་དག་ཐམས་ཅད་ཀྱིས་མ་བསླུས་པ་མེད། དེས་ན་བདག་གིས་སྔོན་ཆད་ཉོན་མོངས་པའི་གདོན་གྱིས་བརླམས་པའི་དབང་གིས་རྨས་ནས་རྨ་དྲག་པོ་བྱུང་ཟིན་པ་ལ། བ་ཚ་ལ་སོགས་པའི་འགྱུར་བྱེད་འདེབས་པ་དང་འདྲ་བར་རང་བཞིན་གྱིས་སྡུག་བསྔལ་བར་གྱུར་པ་རྣམས་ལ་སླར་ཡང་སྡུག་བསྔལ་སྣ་ཚོགས་བསྐྱེད་པ་དང༌། བྱམས་པས་ཕན་བཏགས་པ་དེ་རྣམས་ནི་ཐར་པ་མྱ་ངན་ལས་འདས་པའི་བདེ་བ་ལ་དགོད་པར་བྱའོ་སྙམ་དུ་ཕན་ལན་བྱ་དགོས་སོ། །མདོར་བསྡུ་ན་རང་གི་མ་དྲན་པ་རྣལ་དུ་མི་གནས་པར་སྨྱོ་ཞིང་མིག་ལོང་བ་ལོང་ཁྲིད་མེད་པ། གོམ་པ་རེ་རེ་ནས་བརྡེག་འཆའ་ཞིང་གཡང་ཁ་འཇིགས་སུ་རུང་བ་ལ་མངོན་པར་ཕྱོགས་ནས་འགྲོ་ན་མ་དེས་ཀྱང་བུ་ལ་མི་རེ་ན་སུ་ལ་རེ། བུ་དེ་ལ་ཡང་མ་དེ་འཇིགས་པ་དེ་ལས་སྒྲོལ་བ་མི་འབབ་ན་སུ་ལ་འབབ་པས་དེ་ལས་སྒྲོལ་དགོས། དེ་བཞིན་དུ་མར་གྱུར་པའི་སེམས་ཅན་རྣམས་ཀྱང་ཉོན་མོངས་པའི་གདོན་གྱིས་སེམས་རྣལ་དུ་གནས་བ་དཀྲུགས་པས་ཤེས་པ་ལ་རང་དབང་མ་ཐོབ་པས་ནི་སྨྱོ། མངོན་མཐོ་ངེས་ལེགས་ཀྱི་ལམ་ལྟ་བའི་མིག་དང་ནི་བྲལ། ཡང་དག་པའི་བཤེས་ཀྱི་ལོང་ཁྲིད་ནི་མེད། སྐད་ཅིག་རེ་རེ་ཞིང་ཉེས་སྤྱོད་ཀྱིས་དབྱེན་བཅོས་པས་ནི་བརྡེག་འཆའ། སྤྱིར་འཁོར་བ་དང༌། ཁྱད་པར་དུ་ངན་འགྲོའི་གཡང་ས་འགྲིམ་པ་མཐོང་ན། མ་དེ་ཡང་བུ་ལ་རེ་དགོས་ལ། བུ་ལ་ཡང་མ་དེ་འདོན་པ་འབབ་པས། དེ་ལྟར་བསམས་ནས་འཁོར་བ་ལས་ངེས་པར་འདོན་པའི་དྲིན་གཟོ་བྱ་སྟེ།

བསླབ་བཏུས་ལས།
།ཉོན་མོངས་ཀྱིས་སྨྱོ་གཏི་མུག་ལྡོངས། །གཡང་ས་མང་པོའི་ལམ་དུ་ནི།
།གོམ་པ་རེ་རེ་བརྡེག་འཆའ་བ། །བདག་དང་གཞན་རྟག་མྱ་ངན་གཞི།
།འགྲོ་བ་རྣམས་ནི་སྡུག་བསྔལ་མཚུངས།

ཞེས་དེ་ལྟར་བལྟས་ནས་གཞན་ལ་སྐྱོན་བཙལ་བར་མི་རིགས་ཤིང་ཡོན་ཏན་སྣ་རེ་མཐོང་ན་ངོ་མཚར་བར་གཟུང་ཞེས་གསུངས་མོད་ཀྱང༌། འདིར་ཡང་ཉམ་ཐག་པའི་ཚུལ་སྦྱར་དུ་རུང་ངོ༌།

།གཉིས་པ་ལ་གསུམ། བྱམས་པ། སྙིང་རྗེ། ལྷག་བསམ་བསྒོམ་པའོ།

།དང་པོ་ནི། བྱམས་པའི་དམིགས་པ་ནི་བདེ་བ་དང་མི་ལྡན་པའི་སེམས་ཅན་ནོ། །རྣམ་པ་ནི། བདེ་བ་དང་ཕྲད་ན་ཅི་མ་རུང༌། བདེ་བ་དང་ཕྲད་པར་གྱུར་ཅིག་སྙམ་པ་དང༌། བདེ་བ་དང་ཕྲད་པར་བྱའོ་སྙམ་པའོ། །ཕན་ཡོན་ནི།

ཏིང་ངེ་འཛིན་རྒྱལ་པོ་ལས།
།བྱེ་བ་ཁྲག་ཁྲིག་དཀྲིགས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཇི་སྙེད་པ།
།སྐྱེས་མཆོག་རྣམས་ལ་དེ་ཡིས་རྟག་མཆོད་པས། །བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད།

།ཅེས་དངོས་བོ་ཤིན་ཏུ་རྒྱ་ཆེ་བས་ཡུལ་མཐར་ཐུག་པའི་ཞིང་ལ་དུས་རྟག་ཏུ་མཆོད་པ་བྱེད་པ་ལས་བསོད་ནམས་ཆེས་ཆེ་བར་གསུངས་པ་དང༌། འཇམ་དཔལ་གྱི་ཞིང་བཀོད་ལས་ཀྱང༌། བྱང་ཤར་གྱི་མཚམས་ན་སངས་རྒྱས་དབང་ཕྱུག་ཆེན་པོའི་རྒྱལ་པོའི་འཇིག་རྟེན་གྱི་ཁམས་སྟོང་གིས་བརྒྱན་པ་ཞེས་བྱ་བ་དེ་ན། དགེ་སློང་འགོག་པ་ལ་ཞུགས་པའི་བདེ་བ་བཞིན་དུ་སེམས་ཅན་རྣམས་ཀྱང་བདེ་བ་དང་ལྡན་ནོ། །དེར་ལོ་བྱེ་བ་བརྒྱ་སྟོང་དུ་ཚངས་སྤྱོད་སྤྱད་པ་བས་ནི་ཞིང་འདིར་ཐ་ན་སེ་གོལ་གཏོགས་པའི་ཡུན་ཙམ་དུ་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བསྐྱེད་ན་སྔ་མ་ལས་བསོད་ནམས་ཆེས་མང་དུ་སྐྱེད་ན་ཉིན་མཚན་དུ་གནས་པ་ལྟ་ཅི་སྨོས། ཞེས་བཤད་པ་དང༌།

རིན་ཆེན་ཕྲེང་བ་ལས་ཀྱང༌།
།རྫེའུ་ཚོས་སུམ་བརྒྱའི་ཁ་ཟས་དག །ཉིན་རེ་དུས་གསུམ་སྦྱིན་པས་ཀྱང༌།
།བྱམས་པ་ཡུད་ཙམ་ཐང་གཅིག་གི །བསོད་ནམས་དག་ལ་ཆར་མི་ཕོད།
།ལྷ་མི་བྱམས་པར་འགྱུར་བ་དང༌། །དེ་དག་ཀྱང་ནི་བསྲུང་བ་དང༌།
།ཡིད་བདེ་བ་དང་བདེ་མང་དང༌། །དུག་དང་མཚོན་གྱིས་གནོད་མེད་དང༌།
།འབད་པ་མེད་པར་དོན་འཐོབ་དང༌། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ།
།གལ་ཏེ་གྲོལ་བར་མ་གྱུར་ཀྱང༌། །བྱམས་ཆོས་ཡོན་ཏན་བརྒྱད་འཐོབ་བོ།

ཞེས་གསུངས་ཏེ། བྱམས་པ་ཡོད་ན་ལྷ་མི་བྱམས་ཤིང་ངང་གིས་འདུ་བ་དང༌། རྒྱལ་བས་ཀྱང་བདུད་སྡེ་བྱམས་པའི་སྟོབས་ཀྱིས་ཕམ་པར་མཛད་པས་བསྲུང་བའི་མཆོག་ཏུ་འགྱུར་བ་སོགས་སོ། །བྱམས་པ་སྒོམ་པའི་རིམ་བ་ནི། ཐོག་མར་མཛའ་བཤེས་དང༌། དེ་ནས་བར་མ་དང༌། དེ་ནས་དགྲ་ལ་བསྒོམ་པར་བྱ་ཞིང༌། དེ་ནས་སེམས་ཅན་ཐམས་ཅད་ལ་རིམ་པ་བཞིན་དུ་བསྒོམ་མོ། །སྒོམ་ཚུལ་ནི་ཇི་ལྟར་སེམས་ཅན་སྡུག་བསྔལ་གྱིས་སྡུག་བསྔལ་བའི་ཚུལ་ཡང་ཡང་བསམས་ན་སྙིང་རྗེ་སྐྱེ་བ་ལྟར། སེམས་ཅན་ལ་ཟག་བཅས་ཟག་མེད་ཀྱི་བདེ་བ་མེད་ཅིང༌། བདེ་བས་ཕོངས་ལུགས་རྣམས་ཡང་ཡང་བསམ་སྟེ། དེ་གོམས་པ་ན་བདེ་བ་དང་ཕྲད་འདོད་ངང་གིས་འབྱུང་ལ། དེ་ཡང་བདེ་བ་སྣ་ཚོགས་པ་རྣམས་ཡིད་ལ་བྱས་ནས་དེ་དག་སེམས་ཅན་རྣམས་ལ་བསྟབ་པར་བྱའོ།

།གཉིས་པ་ནི། སྙིང་རྗེའི་དམིགས་པ་ནི་སྡུག་བསྔལ་གསུམ་གྱིས་ཅི་རིགས་པར། །སྡུག་བསྔལ་བའི་སེམས་ཅན་ནོ། །རྣམ་པ་ནི་སྡུག་བསྔལ་དེ་དག་དང་བྲལ་ན་སྙམ་པ་དང༌། བྲལ་བར་གྱུར་ཅིག་སྙམ་པ་དང༌། བྲལ་བར་བྱའོ་སྙམ་པའོ། །སྒོམ་པའི་གོ་རིམ་ནི། ཐོག་མར་མཛའ་བཤེས་དང༌། དེ་ནས་བར་མ་དང་། དེ་ནས་དགྲ་དང༌། དེ་ནས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་ཡང་བསྒོམ་མོ། །དེ་ལྟར་བཏང་སྙོམས་དང༌། བྱམས་པ་དང༌། སྙིང་རྗེ་ལ་ཡུལ་སོ་སོར་ཕྱེ་ནས་རིམ་ཅན་དུ་སྒོམ་པ་དེ་ནི་ཆོས་མངོན་པའི་མདོའི་རྗེས་སུ་འབྲངས་ནས་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་ཡིན་ལ། དེ་ནི་གནད་ཤིན་ཏུ་ཆེ་སྟེ། སོ་སོར་མ་ཕྱེ་བར་དང་པོ་ནས་སྤྱི་ལ་དམིགས་ནས་སྦྱངས་པ་ལ་སྐྱེ་བ་ལྟར་སྣང་ཡང༌། རེ་རེ་ནས་བསམས་ན་གང་ལ་ཡང་མི་སྐྱེ་བར་སྣང་ལ། རེ་རེ་ནས་ཡིད་འགྱུར་བའི་མྱོང་བ་སྔར་བཤད་བ་ལྟར་བཏོན་ནས་ཇེ་མང་དུ་བཏང་སྟེ། མཐར་སྤྱི་ལ་དམིགས་ནས་བསྐྱངས་ན་ཚོགས་པ་དང༌། སོ་སོ་བ་གང་ལ་དམིགས་ཀྱང་རྣམ་དག་སྐྱེ་བའི་ཕྱིར་རོ། །སྒོམ་ཚུལ་ནི། མར་གྱུར་པའི་སེམས་ཅན་དེ་རྣམས་སྲིད་པར་ལྷུང་ནས་སྤྱི་དང་སོ་སོའི་སྡུག་བསྔལ་ཇི་ལྟར་ཉམས་སུ་མྱོང་བ་རྣམས་སེམས་པ་སྟེ། སྡུག་བསྔལ་ནི་བཤད་ཟིན་ཏོ།

།སྙིང་རྗེ་སྐྱེས་པའི་ཚད་ནི། སྒོམ་རིམ་དང་པོ་ལས།
གང་གི་ཚེ་ཡིད་དུ་འོང་བའི་བུ་མི་བདེ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་སྡུག་བསྔལ་གཏན་ནས་བྱང་བར་འདོད་པའི་རྣམ་པའི་སྙིང་རྗེ་རང་གི་ངང་གིས་འཇུག་བ་བདག་ཉིད་ཀྱིས་མཚུངས་པར་འཇུག་པར་འགྱུར་བ་དེའི་ཚེ། དེ་རྫོགས་པ་ཡིན་པས་སྙིང་རྗེ་ཆེན་པོའི་མིང་འཐོབ་སྟེ། ཞེས་བུ་ཆུང་ངུ་སྙིང་དུ་ཆེས་སྡུག་པ་སྡུག་བསྔལ་བར་གྱུར་བ་ལ། མ་དེ་སྙིང་རྗེ་ཇི་ཙམ་སྐྱེ་བ་དེ་ཙམ་པའི་བློའི་ཚོད་ཅིག་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་རང་གི་ངང་གིས་སྐྱེ་བ་ན་སྙིང་རྗེ་ཆེན་པོའི་མཚན་ཉིད་ཚང་བར་གསུངས་སོ། །འདིས་བྱམས་པ་ཆེན་པོ་སྐྱེས་པའི་ཚད་ཀྱང་རིག་པར་བྱའོ། །གསུམ་པ་ནི། དེ་ལྟར་བྱམས་པ་དང་སྙིང་རྗེ་བསྒོམས་པའི་མཐར། ཀྱེ་མ་བདག་ལ་སྡུག་ཅིང་ཡིད་དུ་འོང་བའི་སེམས་ཅན་འདི་དག་འདི་ལྟར་བདེ་བས་ཕོངས་པ་དང་སྡུག་བསྔལ་གྱིས་མནར་ན་འདི་དག་གི་ཇི་ལྟར་བདེ་བ་དང་ཕྲད་པ་དང༌། སྡུག་བསྔལ་ལས་ཐར་བར་བྱ་སྙམ་དུ་སེམས་ཤིང༌། དེ་དག་སྒྲོལ་བའི་ཁུར་འཁྱེར་བ་ལ་ཐ་ན་ཚིག་ཙམ་གྱིས་ཀྱང་བློ་སྦྱང་ངོ༌། །འདི་དྲིན་ལན་གཟོ་བའི་སྐབས་སུ་ཡང་ཅུང་ཟད་བྱུང་མོད་ཀྱང་འདིར་བསྟན་པ་ནི་བདེ་བ་དང་ཕྲད་ན་དང༌། སྡུག་བསྔལ་དང་བྲལ་ན་སྙམ་པའི་བྱམས་སྙིང་རྗེས་མི་ཆོག་གི །སེམས་ཅན་ལ་བདག་གིས་ཕན་བདེ་བསྒྲུབ་བོ་སྙམ་པའི་བསམ་པ་འདྲེན་ནུས་པའི་བྱམས་སྙིང་རྗེ་བསྐྱེད་དགོས་པར་བསྟན་པའི་ཕྱིར་རོ། །དེ་དག་ཀྱང་ཐུན་གྱི་ངོ་བོ་ཙམ་ལ་མིན་གྱི། ཐུན་རྗེས་སོགས་ཀྱི་སྤྱོད་ལམ་ཐམས་ཅད་དུ་དྲན་པར་བྱས་ནས་རྒྱུན་ལྡན་དུ་བསྐྱང་བར་སྒོམ་རིམ་བར་པ་ལས་གསུངས་སོ།

།གཉིས་པ་ནི། སྔར་བཤད་པའི་རིམ་པས་བདས་ནས་གཞན་དོན་ལ་བྱང་ཆུབ་དགོས་པར་མཐོང་ན། དེ་ཐོབ་པར་འདོད་པ་སྐྱེད་པ་ཡང་ཡིན་མོད། འོན་ཀྱང་དེ་ཙམ་གྱིས་མི་ཆོག་པས་སྔར་སྐྱབས་འགྲོའི་སྐབས་སུ་བཤད་པ་ལྟར། སྐུ་གསུང་ཐུགས་ཕྲིན་ལས་ཀྱི་ཡོན་ཏན་རྣམས་བསམས་པའི་སྒོ་ནས་ཐོག་མར་དད་པ་ཅི་འཕེལ་བྱ། དེ་ནས་དད་པས་འདུན་པའི་རྟེན་བྱེད་པར་གསུངས་པས། ཡོན་ཏན་དེ་དག་ལ་སྙིང་ཐག་པ་ནས་ཐོབ་འདོད་བསྐྱེད་དེ། རང་དོན་ལ་ཡང་རྣམ་མཁྱེན་ཐོབ་པ་མེད་དུ་མི་རུང་བ་ལ་ངེས་པ་དྲང་ངོ༌།

།གསུམ་པ་ནི། སྤྱིའི་མཚན་ཉིད་ནི། མངོན་རྟོགས་རྒྱན་ལས།
།སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད།

ཅེས་གསུངས་པ་ལྟར་ཡིན་ལ། དབྱེ་བ་ནི། སྡོང་པོ་བཀོད་པའི་མདོའི་རྗེས་སུ་འབྲངས་ནས།

སྤྱོད་འཇུག་ལས།
།འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར།
།དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ།

ཞེས་སྨོན་འཇུག་གཉིས་སུ་གསུངས་སོ། །འདི་ལ་མི་མཐུན་པ་མང་དུ་སྣང་ན་ཡང༌། སེམས་ཅན་གྱི་དོན་དུ་སངས་རྒྱས་སུ་གྱུར་ཅིག་སྙམ་པའི་སེམས་ནི་སྨོན་སེམས་ཡིན་ལ། སྡོམ་པ་བཟུང་ནས་སེམས་དེ་འཇུག་པ་སེམས་བསྐྱེད་དུ་སྒོམ་རིམ་དང་པོ་ལས་གསུངས་སོ།

།གཉིས་པ་ཞི་བ་ལྷའི་གཞུང་ལ་བརྟེན་ནས་སྦྱོང་བ་ལ་གསུམ། བདག་གཞན་བརྗེས་པ་དང་མ་བརྗེས་པའི་ཕན་ཡོན་དང་ཉེས་དམིགས་བསམ་པ། སེམས་དེ་གོམས་ན་བསྐྱེད་ནུས་སུ་བསྟན་པ། བདག་གཞན་བརྗེ་ཚུལ་སྒོམ་པའི་རིམ་པའོ།

།དང་པོ་ནི། སྤྱོད་འཇུག་ལས།
།གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས།
།བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ།
།འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌།
།འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་བདག་བདེ་འདོད་ལས་བྱུང༌།
།མང་དུ་བཤད་ལྟ་ཅི་དགོས་ཏེ། །བྱིས་པ་རང་གི་དོན་བྱེད་དང༌།
།ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས།
།བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན།
།སངས་རྒྱས་ཉིད་དུ་མི་འགྲུབ་ཅིང༌། །འཁོར་བ་ན་ཡང་བདེ་བ་མེད།

ཅེས་གསུངས་པ་ལྟར་བདག་གཅེས་འཛིན་ནི་རྒུད་པ་ཀུན་གྱི་སྒོ་དང༌། གཞན་གཅེས་འཛིན་ནི་ཕུན་ཚོགས་ཐམས་ཅད་ཀྱི་གནས་སུ་བསམ་མོ།

།གཉིས་པ་ནི། སྔར་རང་གི་དགྲ་བྱེད་པ་མིང་ཐོས་ན་ཡང་འཇིགས་པ་སྐྱེ་བ་ཞིག་ཕྱིས་མཐུན་པར་བྱས་ནས་མཛའ་བ་ན། དེ་མེད་ན་མི་དགའ་བ་ཆེན་པོ་སྐྱེ་བ་ལྟར། བློ་གོམས་པའི་རྗེས་སུ་བྱེད་པས་ན་བདག་ལ་གཞན་བཞིན་དང༌། གཞན་ལ་བདག་བཞིན་དུ་ལྟ་བ་ཡང་གོམས་ན་སྐྱེ་སྟེ།

དེ་ཉིད་ལས།
།དཀའ་ལས་ཕྱིར་ཟློག་མི་བྱ་སྟེ། །འདི་ལྟར་གོམས་པའི་མཐུ་ཡིས་ནི།
།གང་གི་མིང་ཐོས་འཇིགས་པ་ཡང༌། །དེ་ཉིད་མེད་ན་མི་དགར་འགྱུར།

ཞེས་དང༌།
།བདག་གི་ལུས་ནི་གཞན་དག་ཏུ། །བཞག་པ་དེ་ལྟར་དཀའ་བ་མེད།

ཅེས་སོ། །གལ་ཏེ་གཞན་གྱི་ལུས་བདག་གི་ལུས་མིན་པས་དེ་ལ་རང་གི་བློ་འདྲ་བ་ཇི་ལྟར་བསྐྱེད་དུ་རུང་སྙམ་ན། ལུས་འདི་ཡང་ཕ་མའི་ཁུ་ཁྲག་ལས་གྲུབ་པ་ཡིན་ཞིང༌། གཞན་གྱི་ལུས་ཀྱི་ཆ་ཤས་ལས་གྲུབ་པ་ཡིན་ཡང་སྔོན་གོམས་པའི་དབང་གིས་ངར་འཛིན་སྐྱེ་བ་ལྟར། གཞན་ལུས་ལ་ཡང་རང་གི་བཞིན་གཅེས་འཛིན་གོམས་ན་སྐྱེ་སྟེ།

དེ་ཉིད་ལས།
།དེ་བས་ཇི་ལྟར་གཞན་དག་གི །ཁུ་བ་ཁྲག་གི་ཐིགས་པ་ལ།
།ཁྱོད་ཀྱིས་ངར་འཛིན་བྱས་པ་ལྟར། །དེ་བཞིན་གཞན་ལའང་གོམས་པར་གྱིས།

ཞེས་སོ། །དེ་ལྟར་ཕན་ཡོན་ཉེས་དམིགས་ལེགས་པར་བསམས་པས་ནི་སྙིང་ཐག་པ་ནས་དེ་སྒོམ་པ་ལ་སྤྲོ་ཤུགས་སྐྱེ་ལ། གོམས་པར་བྱས་ན་བསྐྱེད་ནུས་སུ་མཐོང་ནས་སྒོམ་མོ།

།གསུམ་པ་ལ་གཉིས། གེགས་བསལ་བ་དང༌། སྒོམ་ཚུལ་དངོས་སོ། །དང་པོ་ནི། བདག་གཞན་བརྗེ་ཞེས་པ་དང་བདག་གཞན་དུ་བྱ་ཞིང༌། གཞན་བདག་ཏུ་བྱ་ཞེས་གསུངས་པ་ནི་གཞན་ལ་ངའོ་སྙམ་དུ་དང༌། དེའི་མིག་སོགས་ལ་ངའི་འོ་སྙམ་པའི་བློ་སྦྱོང་བ་མིན་གྱི། རང་གཅེས་འཛིན་དང༌། གཞན་ཡལ་བར་འདོར་བའི་བློ་གཉིས་གོ་ས་བརྗེས་ཏེ། གཞན་ལ་རང་ལྟར་གཅེས་པར་འཛིན་ཞིང༌། རང་ལ་གཞན་ལྟར་ཡལ་བར་འདོར་བའི་བློ་སྐྱེད་པའོ། །དེའི་ཕྱིར་བདག་གི་བདེ་བ་དང༌། གཞན་གྱི་སྡུག་བསྔལ་བརྗེ་བར་གསུངས་པ་ཡང་། བདག་གཅེས་འཛིན་ལ་དགྲར་བལྟས་ནས་བདག་གི་བདེ་བ་ལ་ཆེས་ཆེར་བྱེད་པ་འགོག་ཅིང༌། གཞན་གཅེས་འཛིན་ལ་ཡོན་ཏན་དུ་བལྟས་ནས། གཞན་གྱི་སྡུག་བསྔལ་ཡལ་བར་འདོར་བ་བཀག་ནས། དེ་སེལ་བ་ལ་ཆེས་ཆེར་བྱེད་བ་སྟེ། མདོར་ན་རང་གི་བདེ་བ་ལ་མི་ལྟ་བར་གཞན་གྱི་སྡུག་བསྔལ་བསལ་བའི་དོན་དུ་འཇུག་པའོ། །བློ་དེ་སྦྱོང་བ་ན་གེགས་གཉིས་ཏེ། རང་གཞན་གྱི་བདེ་སྡུག་གི་རྟེན་བདག་གཞན་གཉིས་སྔོ་སེར་ལྟར་སོ་སོ་བར་རིས་སུ་བཅད་ནས་གྲུབ་པར་འཛིན་ཞིང་དེ་ནས་དེ་ལ་བརྟེན་པའི་བདེ་སྡུག་ལ་ཡང་འདི་ནི་ངའི་ཡིན་པས་བསྒྲུབ་པའམ་བསལ་པར་བྱའོ། །འདི་ནི་གཞན་གྱི་ཡིན་པས་སྙམ་ནས་ཡལ་བར་འདོར་བས། དེའི་གཉེན་པོར་བདག་གཞན་ངོ་བོ་ཉིད་ཀྱིས་སོ་སོར་རིས་སུ་ཆད་པ་མེད་དེ། ཕན་ཚུན་ལྟོས་ནས་བདག་ལ་ཡང་གཞན་གྱི་བློ་སྐྱེ་ལ་གཞན་ལ་ཡང་བདག་གི་བློ་སྐྱེ་བའི་ཕྱིར་ཏེ། ཕ་རི་ཚུ་རི་བཞིན་ནོ། །དཔེར་ན་ཕ་རི་ལ་འདི་ངོས་ནས་ཕ་རིའི་བློ་སྐྱེ་ཡང༌། ཕ་རིར་ཕྱིན་ན་ཚུ་རིའི་བློ་སྐྱེ་བ་བཞིན་ནོ། །དེས་ན་སྔོན་པོ་ཁ་དོག་སུ་ལ་ལྟོས་ཀྱང་སྔོན་པོ་ཉིད་ཀྱི་བློ་སྐྱེ་ཡི། ཁ་དོག་གཞན་གྱི་བློ་མི་སྐྱེ་བ་དང་མི་འདྲའོ།

།དེ་ལྟར་ཡང་བསླབ་བཏུས་ལས།
།བདག་གཞན་མཉམ་ཉིད་གོམས་བྱས་པས། །བྱང་ཆུབ་སེམས་ནི་བརྟན་པར་འགྱུར།
།བདག་དང་གཞན་ཉིད་ལྟོས་པ་སྟེ། །ཕ་རོལ་ཚུ་རོལ་ཇི་བཞིན་བརྫུན།
།ངོགས་ཏེ་རང་གིས་ཕ་རོལ་མིན། །གང་ལ་ལྟོས་ན་ཚུ་རོལ་འགྱུར།
།བདག་ཉིད་རང་གིས་མ་གྲུབ་ན། །གང་ལ་ལྟོས་ཏེ་གཞན་དུ་འགྱུར།

ཞེས་བལྟོས་ས་ལ་ལྟོས་ནས་བཞག་པ་ཙམ་ཡིན་གྱིས། རང་གི་ངོ་བོས་གྲུབ་པ་མེད་པར་གསུངས་སོ།

།ཡང་གཞན་གྱི་སྡུག་བསྔལ་གྱིས་བདག་ལ་མི་གནོད་པས་དེ་སེལ་བའི་དོན་དུ་མི་འབད་དོ་སྙམ་པའི་གེགས་བསལ་བ་ནི། དེ་ལྟ་ན་རྒས་པའི་ཚེ་སྡུག་བསྔལ་བར་དོགས་ནས་གཞོན་དུས་སུ་ནོར་གསོག་པ་མེད་པར་འགྱུར་ཏེ། རྒས་པའི་སྡུག་བསྔལ་གྱིས་གཞོན་པ་ལ་མི་གནོད་པའི་ཕྱིར་རོ། །དེ་བཞིན་དུ་རྐང་པའི་སྡུག་བསྔལ་ཡང་ལག་པས་མི་སེལ་བར་འགྱུར་ཏེ་གཞན་ཡིན་པའི་ཕྱིར་རོ། ཞེས་གསུངས་སོ། །དེ་ནི་མཚོན་པ་ཙམ་ཡིན་གྱི་སྔ་དྲོ་ཕྱི་དྲོ་སོགས་ལའང་སྦྱར་རོ། །གལ་ཏེ་རྒན་གཞོན་རྒྱུད་གཅིག་ཡིན་ཞིང༌། རྐང་ལག་ཚོགས་པ་གཅིག་ཡིན་པས་རང་གཞན་གཉིས་དང་མི་འདྲའོ་སྙམ་ན། རྒྱུན་དང་ཚོགས་པ་ནི་སྐད་ཅིག་མང་པོ་དང༌། ཚོགས་པ་ཅན་མང་པོ་ལ་བཏགས་པ་ཙམ་ཡིན་གྱི། རང་རྐྱ་བའི་ངོ་བོ་མེད་ལ་རང་གི་བདག་དང༌། གཞན་གྱི་བདག་ཀྱང་ཚོགས་རྒྱུན་དེ་ལ་འཇོག་དགོས་པས། བདག་གཞན་ལྟོས་བཞག་ཙམ་མིན་པའི་རང་གི་ངོ་བོས་གྲུབ་པ་མེད་དོ། །འོན་ཀྱང་ཐོག་མ་མེད་པ་ནས་གཅེས་འཛིན་གོམས་པའི་དབང་གིས་རང་གི་སྡུག་བསྔལ་བྱུང་བ་ལ་མི་བཟོད་པ་ཡིན་པས། གཞན་ལའང་གཅེས་འཛིན་གོམས་ན་དེའི་སྡུག་བསྔལ་ལའང་མི་བཟོད་པསྐྱེ་བ་ཡིན་ནོ།

།གཉིས་པ་ནི། བདག་ལ་ཆགས་པའི་དབང་གིས་རང་གཅེས་པར་བཟུང་བ་འདིས་འཁོར་བ་ཐོག་མེད་ནས་ད་བར་དུ་མི་འདོད་པ་སྣ་ཚོགས་བསྐྱེད་ལ། རང་ཕུན་ཚོགས་ཤིག་བྱེད་པར་འདོད་ཀྱང་རང་དོན་གཙོ་བོར་བཟུང་སྟེ་ཐབས་མ་ཡིན་པ་ལ་ཞུགས་པས། བསྐལ་པ་བགྲང་ལས་འདས་པ་མང་པོ་སོང་ཡང་རང་གཞན་གྱི་དོན་གང་ཡང་མ་གྲུབ། མ་གྲུབ་པ་ཙམ་དུ་མ་ཟད་སྡུག་བསྔལ་འབའ་ཞིག་གིས་མནར་བར་གྱུར། རང་དོན་གྱི་བསམ་པ་དེ་གཞན་ལ་སྤོས་ནས་ཞུགས་ན་ཆེས་ཤིན་ཏུ་སྔ་བར་སངས་རྒྱས་ནས། རང་གཞན་གྱི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བར་གདོན་མི་ཟ་བ་ལ་དེ་ལྟར་མ་བྱས་པས་དཀའ་ལ་དོན་མེད་པས་དུས་འདས་སོ། །ད་ནི་དེ་ལྟར་ཤེས་པར་བྱས་ལ། དགྲའི་མཆོག་བདག་གཅེས་པར་འཛིན་པ་འདི་དྲན་པ་དང་ཤེས་བཞིན་བསྟེན་ནས་འབད་པ་དུ་མས་མ་སྐྱེས་པ་མི་སྐྱེ་བ་དང༌། སྐྱེས་པ་རྒྱུན་འཐུད་དུ་མི་གཞུག་གོ་སྙམ་པའི་ངེས་པ་བརྟན་པར་བྱས་ན་ལན་དུ་མར་གོམས་པར་བྱེད་པའོ། །དེ་བཞིན་དུ་གཞན་གཅེས་འཛིན་གྱི་ཕན་ཡོན་ཡང་ཡང་བསམས་ལ་སྙིང་ཐག་པ་ནས་སྤྲོ་ཤུགས་བསྐྱེད་དེ། གཞན་ཡལ་བར་འདོར་བའི་བློ་མ་སྐྱེས་པ་མི་སྐྱེད་པ་དང༌། སྐྱེས་པ་རྒྱུན་འཐུད་དུ་མི་གཞུག་ཅིང༌། གཞན་ལ་ཕངས་པ་དང༌། སྡུག་པ་དང༌། ཡིད་དུ་འོང་བ་ཅི་སྐྱེའི་སྒོ་ནས་སྔར་རང་ལ་གཅེས་པར་འཛིན་པ་བཞིན་གཞན་ལ་གཅེས་པར་འཛིན་པའི་བློ་བསྐྱེད་པར་བྱའོ།

།ཇོ་བོའི་ཞལ་ནས།
བྱམས་པ་དང༌། སྙིང་རྗེ་སྦྱོང་མི་ཤེས་པའི་བྱང་ཆུབ་སེམས་དཔའ་བོད་ཀྱིས་ཤེས་པ་གསུང༌། འོ་ན་ཅི་ཙུག་བྱེད་ན། དང་པོ་ནས་གོ་རིམ་དུ་བསླབས་ནས་བྱེད་པ་ཞིག་དགོས་གསུང་། གླང་རི་ཐང་པའི་ཞལ་ནས། ཤ་བོ་པ་དང༌། ངེད་གཉིས་ལ་མི་ཐབས་བཅོ་བརྒྱད། རྟ་ཐབས་གཅིག་དང་བཅུ་དགུ་ཡོད། མི་ཐབས་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཅི་བྱེད་སེམས་ཅན་གྱི་དོན་དུ་སློབ་པ་དེ་ཡིན། རྟ་ཐབས་ནི་བྱང་སེམས་མ་སྐྱེས་པ་མི་སྐྱེས། སྐྱེས་པ་མི་གནས་ཤིང་འཕེལ་དུ་མི་སྟེར་བ་བདག་གཅེས་འཛིན་ཡིན་པས། འདི་ལ་ཟུར་བསྟན་ནས་ཅི་གནོད་དུ་སྦྱོང༌། སེམས་ཅན་ལ་མཐིལ་བསྟན་ནས་ཅི་ཕན་དུ་སྦྱོང་བ་ཡིན་གསུང་།

ཁམ་ལུང་པའི་ཞལ་ནས།
རང་ཅག་གིས་ཇོ་བོ་སེམས་ཅན་ལ་ཡོལ་ལེ་ཕྱོད་དེ་བྱས་པས། སེམས་ཅན་གྱིས་ཀྱང་འུ་ཅག་ལ་དེ་ལྟར་འོང་གསུང་ངོ༌། །ཐེག་པ་ཆེན་པོའི་རྩ་བ་ཚུགས་མི་ཚུགས་དང་། ཐེག་ཆེན་པའི་གསེབ་ཏུ་ཚུད་མི་ཚུད་ཐམས་ཅད་འདི་ལ་ཐུག་པས། དུས་ཐམས་ཅད་དུ་འདི་ལ་བློ་བསྐྱེད་ཅི་བྱུང་བལྟས་ལ་སྐྱེས་ན་ནི་ལེགས། མ་སྐྱེས་ནའང་དེ་ལྟར་མི་བསྡད་པར་དེ་སྟོན་པའི་དགེ་བཤེས་བསྟེན་ནས། དེ་ལྟར་བློ་སྦྱོང་བའི་གྲོགས་དང་རྟག་ཏུ་འགྲོགས། དེ་ལྟ་བུ་སྟོན་པའི་གསུང་རབ་དགོངས་འགྲེལ་བལྟ། དེའི་རྒྱུར་ཚོགས་གསོག སྒྲིབ་པ་སྦྱོང༌། རང་ཡང་དེ་ལྟར་བློ་སྦྱངས་ན་ས་བོན་ཚང་བར་ཐེབས་ངེས་པས་ལས་དོན་མི་ཆུང་ཞིང་དགའ་བར་རིགས་ཏེ།

ཇོ་བོ་ཆེན་པོས།
།ཐེག་ཆེན་ཆོས་སྒོར་འཇུག་འདོད་པས། །མུན་སེལ་གདུང་བ་ཞི་བྱེད་པ།
།ཉི་ཟླ་ལྟ་བུའི་བྱང་ཆུབ་སེམས། །བསྐལ་པར་འབད་པས་སྐྱེ་ཡང་རུང༌། ཞེས་གསུངས་པ་ལྟར་རོ།

།གཉིས་པ་ནི། སྔར་བཤད་ཟིན་པ་ལས་ཤེས་པར་བྱའོ། །

གསུམ་པ་ལ་གསུམ། མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བསྲུང་བ། ཉམས་ན་ཕྱིར་བཅོས་པའི་ཐབས་སོ། །དང་པོ་ལ་གསུམ། གང་ལས་བླང་པའི་ཡུལ། གང་གིས་ལེན་པའི་རྟེན། ཇི་ལྟར་བླང་པའི་ཆོ་གའོ། །དང་པོ་ནི། གོང་མ་རྣམས་སྨོན་སེམས་དང་ལྡན་ཞིང་དེའི་བསླབ་བྱ་ལ་གནས་པས་མི་ཆོག་གི་འཇུག་སྡོམ་དང་ལྡན་པ་དགོས་པར་བཞེད་དེ། དགྲ་ལས་རྣམ་རྒྱལ་དང་མཐུན་ནོ། །གཉིས་པ་ནི། ལྷ་ཀླུ་སོགས་ལུས་དང་བསམ་པའི་སྒོ་ནས་སྨོན་སེམས་སྐྱེར་རུང་བ་ཐམས་ཅད་འདིའི་རྟེན་དུ་རུང་ཡང༌།

འདིར་ནི་ལམ་སྒྲོན་འགྲེལ་པར།
།འཁོར་བས་ཡིད་འབྱུང་ལ་འཆི་བ་དྲན་པ། ཤེས་རབ་དང་སྙིང་རྗེ་ཆེ་བ། ཞེས་འབྱུང་བ་ལྟར་སྔར་བཤད་པ་ལྟར་གྱི་ལམ་རིམ་ལ་བློ་སྦྱངས་པས་བྱང་ཆུབ་ཀྱི་སེམས་ལ་ཡིད་འགྱུར་བའི་ཉམས་མྱོང་ཅུང་ཟད་རྙེད་པ་ཞིག་ལ་བྱེད་པ་ཡིན་ནོ། །གསུམ་པ་ལ་གསུམ། སྦྱོར་བའི་ཆོག །དངོས་གཞིའོ་ཆོ་ག །མཇུག་གི་ཆོ་གའོ། །དང་པོ་ལ་གསུམ། སྐྱབས་འགྲོ་ཁྱད་པར་ཅན་བྱ་བ། ཚོགས་བསག་པ། བསམ་པ་སྤྱང་བའོ། །དང་པོ་ལ་གསུམ། གནས་བརྒྱན་ཅིང་རྟེན་བཀྲམ་ནས་མཆོད་རྫས་བཤམ་པ། གསོལ་པ་གདབ་ཅིང་སྐྱབས་སུ་འགྲོ་བ། སྐྱབས་སུ་སོང་བའི་བསླབ་བྱ་བརྗོད་པའོ།

།དང་པོ་ནི། དབེན་པའི་ས་ཕྱོགས་བྱི་དོར་བྱས་པར། བ་བྱུང་ལྔས་བྱུག་པ་བྱས་ལ། ཙན་དན་ལ་སོགས་པའི་དྲིའི་ཆུ་ཕུལ་དུ་བྱུང་བས་ཀྱང་བྱུག་ཅིང༌། དྲི་ཞིམ་པའི་མེ་ཏོག་སིལ་མ་གཏོར་ལ། དཀོན་མཆོག་གསུམ་གྱི་གཟུགས་བརྙན་ལུགས་མ་ལ་སོགས་པ་དང༌། པོ་ཏི་སོགས་དང༌། བྱང་ཆུབ་སེམས་དཔའི་སྐུ་གཟུགས་རྣམས་ཁྲིའམ་ཁྲིའུའམ་སྟེགས་བུ་བཟང་པོ་ལ་གཞུགས་སུ་གཞུག །བླ་རེ་དང་མེ་ཏོག་སོགས་མཆོད་པའི་ཡོ་བྱད་ཅི་འབྱོར་དང༌། རོལ་མོ་དང་ཞལ་ཟས་སོགས་སྟ་གོན་བྱ། དགེ་བའི་བཤེས་གཉེན་བཞུགས་པའི་གདན་ཁྲི་མེ་ཏོག་གིས་བརྒྱན་པ་ཡང་བཤམ་མོ། །གོང་མ་རྣམས་ནི་དགེ་འདུན་གྱི་བསྙེན་བཀུར་དང༌། འབྱུང་པོའི་གཏོར་མ་བཏང་བའི་སྒོ་ནས་ཚོགས་གསོག་པ་དང༌། མཆོད་པ་ཡང་མེད་ན་བསྐལ་བཟང་ལས་གསུངས་པ་ལྟར་རས་ཀྱི་ཁ་ཚར་ཕུལ་བ་སོགས་ཀྱིས་ཀྱང་འགྲུབ་ལ། ཡོད་ན་གཡོ་མེད་པར་ནན་ཏན་ཆེན་པོས་བཙལ་ནས་གྲོགས་པོའི་བློར་མི་ཤོང་བ་ཙམ་བཤམ་དགོས་ཏེ།

ཇོ་བོ་ལ།
བོད་སྟོན་རྣམས་ཀྱིས་མང་ཡུལ་དང་བསམ་ཡས་སུ་སེམས་བསྐྱེད་ཞུས་དུས་སུ། མཆོད་པ་ངན་པས་མི་སྐྱེ་གསུང་སྐད། རྟེན་ཡང་བསྟན་པའི་གཙོ་བོའི་སྐུ་རབ་གནས་ཅན་ཞིག་མེད་ཐབས་མེད། གླེགས་བམ་ཡང་སྡུད་པ་ཡན་ཤེར་ཕྱིན་ལ་བྱ་གསུང་ངོ༌། །དེ་ནས་འཕགས་པའི་ཚོགས་སྤྱན་དྲང༌། སློབ་མ་ཁྲུས་བྱས། གོས་བཟང་པོ་བགོས། ཐལ་མོ་སྦྱར་བ་ལ་བླ་མས། ཚོགས་ཞིང་རྣམས་ཀྱི་ཡོན་ཏན་ལ་སྙིང་ཐག་པ་ནས་དང་བ་སྐྱེད་དུ་བཅུག་ལ། སངས་རྒྱས་བྱང་སེམས་རེ་རེའི་མདུན་ན་རང་ཉིད་འདུག་པར་བསམས་ནས། དལ་བུས་ཡན་ལག་བདུན་པ་བྱེད་དུ་གཞུག་གོ །

།གཉིས་པ་ནི། དེ་ནས་བླ་མ་ལ་སྟོན་པའི་འདུ་ཤེས་བསྐྱེད་ལ། ཕྱག་འཚལ་ཏེ་ཡོན་ཏན་དང་མཎྜལ་ཕུལ་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས།

བྱང་ཆུབ་ཀྱི་སེམས་ཀྱི་དོན་དུ་གསོལ་བ་གདབ་པ་ནི།
།ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་ཆེན་པོ་ས་ཆེན་པོ་ལ་བཞུགས་པ་རྣམས་ཀྱིས་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང༌། སློབ་དཔོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གསོལ།

ཞེས་ལན་གསུམ་གྱི་བར་དུ་བརྗོད་དོ།

།དེ་ནས་ཡུལ་སངས་རྒྱས་དང༌། ཆོས་འགོག་པ་གཙོ་བོར་བྱས་པའི་ལམ་བདེན་དང༌། དགེ་འདུན་ཕྱིར་མི་ལྡོག་པའི་བྱང་སེམས་འཕགས་པ་ལ། དུས་ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་བསྐྱབ་པའི་ཕྱིར། སངས་རྒྱས་ལ་སྐྱབས་སྟོན་པ་དང༌། ཆོས་ལ་སྐྱབས་དངོས་དང༌། དགེ་འདུན་ལ་སྐྱབས་སྒྲུབ་པའི་གྲོགས་ཞུ་སྙམ་པའི་བསམ་པ་སྤྱི་དང༌། ཁྱད་པར་དུ་དེ་ལྟ་བུའི་བསམ་པ་ལས་དུས་ཐམས་ཅད་དུ་མི་ལྡོག་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་བྱས་ལ། སྤྱོད་ལམ་སྔར་བཤད་པ་དང་འདྲ་བས་སྐྱབས་འགྲོ་བྱ་སྟེ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་པ་དུས་འདི་ནས་བཟུང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཆོས་རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བ་གྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། ཞེས་ལན་གསུམ་བརྗོད་དོ། །དཀོན་མཆོག་རེ་རེའི་སྐྱབས་འགྲོ་ལ་དགོངས་གསོལ་རེ་དང༌། ཆོས་ཀྱི་སྐྱབས་འགྲོའི་ཚིག་གཞན་དང་མི་འདྲ་ཡང༌། ཇོ་བོས་མཛད་པའི་ཆོག་ཇི་ལྟ་བ་བཞིན་ནོ། །གསུམ་པ་ནི། སྔར་སྐྱེས་བུ་ཆུང་ངུའི་སྐབས་སུ་བཤད་པའི་བསླབ་བྱ་རྣམས་འདིར་ཡང་སློབ་དཔོན་གྱིས་བརྗོད་པར་བྱའོ།

།གཉིས་པ་ནི། དངོས་བརྒྱུད་ཀྱི་བླ་མ་རྣམས་དང༌། སྔར་བཤད་པའི་ཚོགས་ཞིང་གི་སྤྱན་སྔར་ཡན་ལག་བདུན་པ་སྔར་བཞིན་བྱའོ། །གསུམ་པ་ནི། སྔར་བཤད་པ་ལྟར་བྱམས་སྙིང་རྗེའི་དམིགས་རྣམ་གསལ་གདབ་བོ།

།གཉིས་པ་ནི། སློབ་དཔོན་གྱི་མདུན་དུ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་པའམ་ཙོག་པུ་ཡང་རུང་བས་འདུག་ལ། ཐལ་མོ་སྦྱར་ནས་སེམས་བསྐྱེད་པར་བྱའོ། །གཞན་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་པ་ཙམ་མིན་གྱི། སེམས་དེ་བསྐྱེད་པ་ལ་དམིགས་ནས་བྱང་ཆུབ་མ་ཐོབ་པར་དུ་མི་བཏང་ངོ༌། །སྙམ་དུ་དམ་བཅའ་བ་ཡིན་པས། དེའི་བསམ་པ་ཆོ་ག་ལ་བརྟེན་ནས་བསྐྱེད་པར་བྱའོ། །དེ་ལྟ་བུ་ནི་སྨོན་སེམས་ཀྱི་བསླབ་བྱ་ལ་སློབ་མི་ནུས་ན་མི་བྱ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་སངས་རྒྱས་སུ་འགྱུར་པར་བྱའོ་སྙམ་པ་ཙམ་ཆོ་གས་སྐྱེད་ན་ནི་སེམས་བསྐྱེད་ཀྱི་བསླབ་བྱ་ལ་སློབ་ནུས་མི་ནུས་ཐམས་ཅད་ལ་བྱས་པས་ཆོག་གོ །སྨོན་སེམས་ལ་དེ་ལྟར་གཉིས་རུང་གི་འཇུག་སེམས་ཆོ་གས་ལེན་པ་ལ་བསླབ་བྱ་ལ་མི་སློབ་ན་བྱར་མི་རུང་བས། ཀླུ་སྒྲུབ་དང༌། ཐོགས་མེད་ནས་བརྒྱུད་པ་སྡོམ་པའི་ཆོ་ག་མང་པོ་ལ་བྱར་རུང་བ་དང༌། མི་རུང་བའི་ཁྱད་པར་འདོད་པ་ནི་མི་རིགས་སོ། །གསལ་རྒྱལ་ལ་གདམས་པ་ལས་ཀྱང༌། སྦྱིན་སོགས་ཀྱི་བསླབ་བྱ་ལ་སློབ་མི་ནུས་ན་སེམས་བསྐྱེད་པ་ཙམ་ལ་ཡང་བསོད་ནམས་མང་པོ་འགྲུབ་པ་ཁུངས་སུ་མཛད་ནས། གང་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རྣམ་པ་ཐམས་ཅད་དུ་ཐམས་ཅད་ཀྱིས་སློབ་པར་མི་ནུས་པ་དེས་ཀྱང་འབྲས་བུ་ཆེ་བའི་ཕྱིར། ཐབས་ཀྱིས་ཡོངས་སུ་ཟིན་པར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། ཞེས་སྒོམ་རིམ་དང་པོ་ལས་གསུངས་པས། སྦྱིན་སོགས་ཀྱི་བསླབ་བྱ་ལ་མི་སློབ་པ་ལ་སེམས་བསྐྱེད་བྱར་རུང་བ་དང༌། སྡོམ་པ་གཟུང་དུ་མི་རུང་བར་ཆེས་གསལ་ལོ།

།སེམས་བསྐྱེད་གཟུང་བའི་ཆོ་ག་ནི། ཕྱོགས་བཅུ་རྣམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བས་སྐྱེ་བ་འདི་དང༌། སྐྱེ་བ་གཞན་དང་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང༌། ཚུལ་ཁྲིམས་ཀྱི་རང་བཞིན་དང༌། བསྒོམས་པའི་རང་བཞིན་གྱི་དགེ་བའི་རྩ་བ་བདག་གིས་བགྱིས་པ་དང༌། བགྱིད་དུ་བསྩལ་བ་དང་བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་ནས། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་དགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་ཕར་བགྱིའོ། །མ་གྲོལ་བ་རྣམས་གྲོལ་བར་བགྱིའོ། །དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ། ཞེས་ལན་གསུམ་བརྗོད་དོ། །

སྐྱབས་འགྲོའི་ཆོ་ག་དང༌། འདི་གཉིས་ལ་སློབ་དཔོན་གྱི་རྗེས་སུ་བཟླས་དགོས་པའི་གསལ་ཁ་མ་བྱུང་ཡང་དགོས་པ་ཡིན་ནོ། །དེ་དག་ནི་སློབ་དཔོན་ཡོད་པའི་ལུགས་ཡིན་ལ། སློབ་དཔོན་མ་རྙེད་ན་ཇི་ལྟར་བྱ་བ་ནི།

སེམས་བསྐྱེད་ཀྱི་ཆོ་ག་ཇོ་བོས་མཛད་པ་ལས། །དེ་ལྟར་སློབ་དཔོན་མེད་ཀྱང་བདག་ཉིད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་ནི།
དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང༌། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ལ་བསམས་ཏེ་ཕྱག་འཚལ་བ་དང༌།
མཆོད་པའི་ཆོ་ག་ལ་སོགས་པ་བྱས་ནས་གསོལ་བ་གདབ་པ་དང༌། སློབ་དཔོན་ཞེས་བྱ་བའི་ཚིག་སྤངས་པའི་སྐྱབས་སུ་འགྲོ་བ་ལ་སོགས་པའི་གོ་རིམ་སྔ་མ་བཞིན་བྱའོ། ཞེས་གསུངས་པ་ལྟར་རོ།

།གསུམ་པ་ནི། སློབ་དཔོན་གྱིས་སྨོན་སེམས་ཀྱི་བསླབ་བྱ་རྣམས་སློབ་མ་ལ་བརྗོད་པར་བྱའོ། །གཉིས་པ་ལ་གཉིས། ཚེ་འདིར་སེམས་བསྐྱེད་མི་ཉམས་པའི་རྒྱུ་ལ་བསླབ། སྐྱེ་བ་གཞན་དུ་ཡང་དེ་དང་མི་འབྲལ་བའི་རྒྱུ་ལ་བསླབ་པའོ། །དང་པོ་ལ་བཞི། སེམས་བསྐྱེད་ལ་སྤྲོ་ཤུགས་འཕེལ་བའི་ཕྱིར་དུ་ཕན་ཡོན་དྲན་པ་ལ་བསླབ་པ་དང༌། སེམས་བསྐྱེད་དངོས་འཕེལ་བའི་ཕྱིར་དུ་ལན་དྲུག་ཏུ་བསྐྱེད་པ་ལ་བསླབ། གང་གི་དོན་དུ་སེམས་བསྐྱེད་པའི་སེམས་ཅན་བློས་མི་སྤང་བ་ལ་བསླབ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་པ་ལ་བསླབ་པའོ། །དང་པོ་ནི། མདོ་སྡེ་བལྟ་བའམ་བླ་མ་ལས་མཉན་ཏེ་བྱང་ཆུབ་སེམས་ཀྱི་ཕན་ཡོན་རྣམས་སེམས་པ་སྟེ། སྡོང་པོ་བཀོད་པ་ལས་རྒྱས་པར་གསུངས་པས་དེར་བལྟ་དགོས་ཤིང༌། དེ་ལས་ཀྱང་སྔར་དྲངས་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུར་གསུངས་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། སྨོན་ལམ་ཐམས་ཅད་བསྡུས་པའི་ཕྱིར། མདོར་བསྟན་པ་ལྟ་བུའོ། ཞེས་ཡན་ལག་རྒྱས་བཤད་ལ་མཐའ་ཡས་པ་ཞིག་ཡོད་ཀྱང༌། མདོར་བསྟན་དུ་ཐམས་ཅད་འདུས་པས། མདོར་བསྟན་དེ་དེའི་སྡོམ་ཡིན་པ་ལྟར། བྱང་སེམས་ཀྱི་ལམ་ཐམས་ཅད་ཀྱི་གནད་བསྡུས་པའི་སྡོམ་དུ་གསུངས་སོ། །བྱང་ས་ལས་ཕན་ཡོན་གསུངས་པ་ནི་སྨོན་སེམས་ཀྱི་ཡིན་པས། དེ་ལས་དང་པོ་སེམས་བསྐྱེད་པ་བརྟན་པོ་བསྐྱེད་པ་ལ་ཕན་ཡོན་གཉིས་གསུངས་ཏེ། ཞིང་དམ་པར་འགྱུར་བ་དང༌། གནོད་པ་མེད་པའི་བསོད་ནམས་ཡོངས་སུ་འཛིན་པའོ། །དང་པོ་ནི། འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། ཞེས་གསུངས་པ་ལྟར་སེམས་བསྐྱེད་མ་ཐག་ནས། སེམས་ཅན་ཐམས་ཅད་ཀྱི་ཡོན་གནས་སུ་འགྱུར་བ་དང༌། སེམས་བསྐྱེད་མ་ཐག་ནས་དགྲ་བཅོམ་པ་བདག་ཉིད་ཆེན་པོ་རྣམས་ཀྱང་རིགས་ཀྱི་སྒོ་ནས་ཟིལ་གྱིས་གནོན་པར་གསུངས་པ་ལྟར། བླ་མའམ་གོང་མར་འགྱུར་བ་དང༌། བསོད་ནམས་བྱ་བ་ཆུང་ངུ་ཞིག་བྱས་ཀྱང་འབྲས་བུ་མཐའ་ཡས་པ་འབྱིན་པས་བསོད་ནམས་ཀྱི་ཞིང་དང༌། འཇིག་རྟེན་ཐམས་ཅད་བརྟེན་པས་ས་ལྟ་བུའོ། ཞེས་གསུངས་པ་ལྟར་སྐྱེ་དགུ་རྣམས་ཀྱི་ཕ་དང་འདྲ་བར་འགྱུར་བའོ། །གཉིས་པ་ནི་འཁོར་ལོས་སྒྱུར་རྒྱལ་སྲུང་བའི་སྲུངས་མ་ཉིས་འགྱུར་གྱིས་རྟག་ཏུ་བསྲུངས་པས། གཉིད་ལོག་གམ། མྱོས་སམ། བག་མེད་པར་གྱུར་པ་ན་ཡང༌། གནོད་སྦྱིན་ནམ། མི་མ་ཡིན་གཉུག་མར་གནས་པ་རྣམས་ཀྱིས་གཙེ་མི་ནུས་པའོ། །གསང་སྔགས་དང༌། རིག་སྔགས་ཀྱི་ཚིག་ཡམས་དང༌། གནོད་པ་དང༌། ནད་འགོ་བ་ཞི་བར་བྱེད་པ། སེམས་ཅན་གྱི་ལག་ན་འདུག་པ་མ་གྲུབ་པ་རྣམས་ཀྱང༌། འདིའི་ལག་ཏུ་འོངས་ན་འགྲུབ་པར་འགྱུར་ན་གྲུབ་པ་དག་ལྟ་ཅི་སྨོས། འདིས་ནི་ཞི་སོགས་ཀྱི་ལས་ཚོགས་ཀྱང༌། སེམས་བསྐྱེད་བརྟན་ན་འགྲུབ་སླ་བར་བསྟན་པས། ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ལ་ཡང་འདི་ཡོད་ན་མྱུར་བའོ། །གང་ན་གནས་པ་དེར་ཡང་འཇིགས་པ་དང༌། མུ་གེ་དང༌། མི་མ་ཡིན་གྱི་གནོད་པ་མ་བྱུང་བ་རྣམས་མི་འབྱུང་བ་སོགས་དང༌། ཚེ་འཕོས་པའི་འོག་ཏུ་ཡང་གནོད་པ་ཉུང་ཞིང༌། ནད་མེད་པ་སོགས་དང༌། བཟོད་པ་དང༌། དེས་པ་དང་ལྡན་པས་ཚུར་གནོད་པ་བྱས་པ་བཟོད་ཅིང༌། ཕར་གནོད་པ་མི་བྱེད་པ་སོགས་དང༌། ངན་སོང་དུ་ཡང་སྐྱེ་དཀའ་ཞིང༌། སྐྱེས་ནའང་མྱུར་དུ་ཐར་པ་དང༌། དེར་ཡང་སྡུག་བསྔལ་ཆུང་ཞིང༌། དེས་རྐྱེན་བྱས་ནས་འཁོར་བ་ལ་ཤིན་ཏུ་སྐྱོ་བ་དང༌། སེམས་ཅན་དེ་དག་ལ་ཡང་སྙིང་རྗེ་སྐྱེའོ། །བྱང་ཆུབ་སེམས་ཀྱི་བསོད་ནམས་གཟུགས་སུ་གྲུབ་ན་ནམ་མཁར་ཡང་མི་ཤོང་བ་དང༌། སངས་རྒྱས་ཟང་ཟིང་གིས་མཆོད་པས་ཆ་ཙམ་དུ་ཡང་མི་ཆོག་པ་ནི།

དཔལ་བྱིན་གྱིས་ཞུས་པ་ལས།
།བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །དེ་ལ་གལ་ཏེ་གཟུགས་མཆིས་ན།
།ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར།
།གངྒཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་རྣམས་མི་གང་གིས།
།རིན་ཆེན་དག་གིས་ཀུན་བཀང་སྟེ། །འཇིག་རྟེན་མགོན་ལ་ཕུལ་བ་བས།
།གང་གིས་ཐལ་མོ་སྦྱར་བགྱིས་དེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ན།
།མཆོད་པ་འདི་ནི་ཁྱད་པར་འཕགས། །དེ་ལ་མཐའ་ནི་མ་མཆིས་སོ།

།ཞེས་སོ། །ཇོ་བོ་ཆེན་པོ་རྡོ་རྗེ་གདན་ལ་སྐོར་བ་མཛད་ནས། ཇི་ལྟར་བྱས་ན་མྱུར་དུ་རྫོགས་པའི་བྱང་ཆུབ་འཐོབ་དགོངས་པ་ན། སྐུ་གཟུགས་ཆུང་བ་རྣམས་བཞེངས་ནས་ཆེ་བ་རྣམས་ལ་མྱུར་དུ་འཚང་རྒྱ་བར་འདོད་པས་གང་ལ་བསླབ་པར་བྱ། ཞེས་དྲིས་པ་ན་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ། ཞེས་པ་དང༌། གན་དྷོ་ལའི་སྟེང་གི་ནམ་མཁའ་ལ་བུད་མེད་རྒན་པ་ཞིག་ལ་གཞོན་པ་ཞིག་གིས་དྲིས་པ་ལ་ཡང་ལན་སྔར་ལྟར་མཛད་པ་གསན་པས་བྱང་ཆུབ་ཀྱི་སེམས་ལ་ཐུགས་ངེས་ཆེར་སོང་སྐད། དེ་ལྟར་ན་ཐེག་ཆེན་གྱི་མན་ངག་ཐམས་ཅད་ཀྱི་གནད་བསྡུས་པ། དངོས་གྲུབ་ཐམས་ཅད་ཀྱི་གཏེར་ཆེན་པོ། ཐེག་དམན་ལས་འབྱེད་པའི་ཐེག་ཆེན་གྱི་ཁྱད་ཆོས། རྒྱལ་སྲས་རྣམས་སྤྱོད་པ་རླབས་པོ་ཆེ་ལ་བསྐུལ་བའི་རྟེན་དམ་པ་ནི་བྱང་ཆུབ་ཀྱི་སེམས་སུ་ཤེས་པར་བྱས་ལ། དེ་སྒོམ་པ་ལ་སྤྲོ་ཤུགས་ཇེ་འཕེལ་དུ་བཏང་ནས་སྐོམ་པས་ཆུའི་གཏམ་ཐོས་པ་ལྟར་བྱ་སྟེ། བསྐལ་བ་དུ་མའི་བར་དུ་རྨད་དུ་བྱུང་བའི་མཁྱེན་རབ་ཀྱིས་ཆེས་ཕྲ་བར་བྱས་ཏེ། ལམ་རྣམས་ལ་དཔྱད་པ་ན་འདི་ཉིད་འཚང་རྒྱ་བའི་ཐབས་དམ་པར་རྒྱལ་བ་སྲས་བཅས་ཀྱིས་གཟིགས་པའི་ཕྱིར་རོ།

།དེ་ལྟར་ཡང་སྤྱོད་འཇུག་ལས།
།བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། ཞེས་སོ།

།གཉིས་པ་ལ་གཉིས། སྨོན་སེམས་བསྐྱེད་པ་མི་གཏོང་པ་དང༌། སྤེལ་བ་ལ་བསླབ་པའོ།

།དང་པོ་ནི། དེ་ལྟར་སངས་རྒྱས་བྱང་སེམས་བཤེས་གཉེན་དཔང་དུ་བྱས་ཏེ། དེའི་སྤྱན་སྔར་སེམས་ཅན་མ་བསྒྲལ་བ་བསྒྲལ་བ་སོགས་ཀྱི་དམ་བཅའ་བྱས་ནས། སེམས་ཅན་གྲངས་མང་ཞིང་བྱེད་ངན་པའམ། བསྐལ་པ་དུ་མར་འབད་དགོས་པའི་དུས་རིང་པོའམ། ཚོགས་གཉིས་མཐའ་ཡས་ཤིང་བྱ་དཀའ་བ་རྣམས་ལ་བསླབ་དགོས་པར་མཐོང་བས་ཞུམ་པའི་རྐྱེན་བྱས་ཏེ། སེམས་བསྐྱེད་ཀྱི་ཁུར་བཞག་ན་སོ་ཐར་གྱི་ཕམ་པ་ལས་ཀྱང་སྡིག་ཆེ་བར་སྡུད་པར་གསུངས་ཤིང༌། ཁས་བླངས་པའི་སེམས་དོར་ན་ངན་འགྲོར་རིང་དུ་འཁྱམ་དགོས་པར་སྤྱོད་འཇུག་ལས་གསུངས་ལ།

ཡང་དེ་ཉིད་ལས།
།ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར།
།དེ་བཞིན་ཇི་ཞིག་ལྟར་སྟེས་ན། །བྱང་ཆུབ་སེམས་ནི་བདག་ལ་སྐྱེས།

ཞེས་གསུངས་པ་ལྟར། འདི་འདྲ་བ་བདག་གིས་རྙེད་པ་ནི་ཤིན་ཏུ་ཡ་མཚན་ནོ། །སྙམ་དུ་བསམས་ལ། རྣམ་པ་ཐམས་ཅད་དུ་མི་གཏང་བར་བྱ་སྟེ། དེ་ཉིད་ལ་དམིགས་ནས་སྐད་ཅིག་ཀྱང་མི་འདོར་བའི་ཞེ་དམ་མང་དུ་བྱའོ།

།གཉིས་པ་ནི། དེ་ལྟར་མ་བཏང་བ་ཙམ་གྱིས་མི་ཆོག་པས། ཉིན་ལན་གསུམ་མཚན་ལན་གསུམ་དུ་འབད་པ་ཆེན་པོས་སྤེལ་བར་བྱའོ། །དེ་ཡང་སྔར་བཤད་པའི་ཆོ་ག་རྒྱས་པ་གྲུབ་ན་དེ་ལྟར་བྱ། མ་གྲུབ་ན་ཚོགས་ཞིང་གསལ་བཏབ་ལ་མཆོད་པ་ཕུལ་ནས། བྱམས་པ་དང་སྙིང་རྗེ་སོགས་སྦྱངས་ཏེ། ལན་དྲུག་གཟུང་བར་བྱའོ། །དེའི་ཆོ་ག་ནི་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པ་སྟེ་ལན་གསུམ་གསུམ་མོ། །གསུམ་པ་ནི། སེམས་ཅན་བློས་སྤངས་པའི་ཚད་ནི། མི་འཐད་པ་བྱས་པ་ལ་སོགས་པའི་རྐྱེན་འགའ་ཞིག་ལ་བརྟེན་ནས། ད་ནི་དུས་ནམ་ཡང་འདིའི་དོན་མི་བྱའོ་སྙམ་པ་སྐྱེས་པའོ། །བཞི་པ་ནི། སྨོན་སེམས་ཆོ་གས་བཟུང་ནས་ཞག་རེ་རེ་ཞིང་བྱང་ཆུབ་ཀྱི་སེམས་འཕེལ་བའི་རྒྱུར་དཀོན་མཆོག་མཆོད་པ་སོགས་ཚོགས་གསོག་པ་ལ་འབད་པའོ། །

གཉིས་པ་ལ་གཉིས། ཉམས་པར་བྱེད་པ་ནག་པོའི་ཆོས་བཞི་སྤང་བ་དང་། མི་ཉམས་པར་བྱེད་པ་དཀར་པོའི་ཆོས་བཞི་བླང་བ་ལ་བསླབ་པའོ། །དང་པོ་ནི། དེ་ལ་ནག་ཆོས་བཞི་ལས། མཁན་པོ་དང༌། སློབ་དཔོན་དང༌། བླ་མ་དང༌། སྦྱིན་གནས་སླུ་བ་ལ་ཡུལ་ནི ། མཁན་སློབ་གོ་སླ་ལ། བླ་མ་ནི་ཕན་པར་འདོད་པ་དང༌། སྦྱིན་གནས་ནི་སྔ་མ་གཉིས་ཀྱི་གྲངས་སུ་མ་གཏོགས་ཀྱང་ཡོན་ཏན་དང་ལྡན་པའོ། །དེ་ལ་ཅི་ཞིག་བྱས་ན་ནག་ཆོས་སུ་འགྲོ་སྙམ་ན། ཡུལ་དེ་དག་གང་རུང་ལ་རང་གིས་ཤེས་བཞིན་དུ་དབུ་སྐོར་ཐབས་བྱས་ན་ནག་ཆོས་སོ། །འོན་ཀྱང་བརྫུན་མིན་བའི་གཡོ་སྒྱུ་ནི་འོག་ཏུ་སྟོན་པས་བརྫུན་གྱིས་དབུ་བསྐོར་བ་ཞིག་དགོས་ཏེ། བསླབ་བཏུས་སུ་ནག་པོའི་ཆོས་རྣམས་སྤོང་བ་དཀར་པོའི་ཆོས་ཡིན་པར་གསུངས་ལ། འདིའི་གཉེན་པོ་ནི་དཀར་ཆོས་བཞིའི་དང་པོ་ཡིན་པའི་ཕྱིར་རོ། །གཞན་འགྱོད་པ་མེད་པ་ལ་འགྱོད་པ་ཉེ་བར་བསྒྲུབ་པ་ལ་ཡུལ་ནི། གང་ཟག་གཞན་དགེ་བ་བྱེད་པ་འགྱོད་པ་དང་མི་ལྡན་པའོ། །དེ་ལ་ཅི་ཞིག་བྱས་པ་ནི་འགྱོད་དུ་གཞུག་པའི་བསམ་པས་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་སྐྱེད་པའོ། །དེ་གཉིས་ལ་སླུ་ཐུབ་མ་ཐུབ་དང་འགྱོད་པ་སྐྱེས་མ་སྐྱེས་ནི་འདྲའོ། །ཐེག་ཆེན་ལ་ཞུགས་པའི་སེམས་ཅན་ལ་མི་བསྔགས་པ་སོགས་སྨྲ་བ་ལ་ཡུལ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ད་ལྟ་དེ་དང་ལྡན་པའོ། །དེ་ལ་ཅི་ཞིག་བྱས་པ་ནི། ཞེ་སྡང་གིས་ཀུན་ནས་བསླང་སྟེ་མི་སྙན་པ་བརྗོད་པའོ། །ཡུལ་གང་ལ་སྨྲས་པ་ནི་དོན་གོ་བ་ལའོ། །འདི་འབྱུང་ཡང་ཉེ། ཉེས་དམིགས་ཀྱང་ཤིན་ཏུ་ཆེ་སྟེ། སྔར་མདོར་བསྡུས་བརྗོད་ཟིན་ལ། གཞན་ཡང་བྱང་ཆུབ་སེམས་ལ་བརྙས་པའི་སེམས་བསྐྱེད་ན་ཡང༌། དེ་སྙེད་ཀྱི་བསྐལ་པར་བྱང་སེམས་དེ་དམྱལ་བར་གནས་དགོས་པ་དང༌། བྱང་ཆུབ་སེམས་དཔའ་ལ་སྐུར་བ་བཏབ་པ་མ་གཏོགས་པ་ལས་གཞན་གང་གིས་ཀྱང་བྱང་ཆུབ་སེམས་དཔའ་ངན་འགྲོར་ལྟུང་མི་ནུས་པར་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས་གསུངས་ལ།

སྡུད་པ་ལས་ཀྱང༌།
།ལུང་བསྟན་མ་ཐོབ་པའི་བྱང་ཆུབ་སེམས་དཔས་ལུང་བསྟན་ཐོབ་པའི་བྱང་སེམས་ལ་ཁྲོས་ཏེ་རྩོད་པ་བྱེད་ན། ཁོང་ཁྲོའི་སེམས་ཅི་ཙམ་སྐྱེས་པ་དེ་ཙམ་གྱི་བསྐལ་བར་གཞི་ནས་ལམ་བགྲོད་དགོས་པར་གསུངས་སོ།

།དེའི་ཕྱིར་ཁོང་ཁྲོ་རྣམ་པ་ཐམས་ཅད་དུ་དགག་ཅིང༌། བྱུང་ན་ཡང་དེ་མ་ཐག་བཤགས་པ་དང༌། སྡོམ་པ་ལ་འབད་དགོས་པར་ཡང༌། དེ་ཉིད་ལས་གསུངས་སོ།

།སྒྱུ་དང་གཡོས་ཉེ་བར་སྤྱོད་ཀྱི་ལྷག་བསམ་གྱིས་མ་ཡིན་པ་ལ་ཡུལ་ནི། སེམས་ཅན་གཞན་གང་ཡང་རུང་བའོ། །དེ་ལ་ཅི་ཞིག་བྱས་པ་ནི། གཡོ་སྒྱུས་སྤྱོད་པའོ། ། དེ་ལ་གཡོ་ནི་བྲེ་སྲང་ལ་སྒྱུ་བྱེད་པ་སོགས་དང༌། རྒྱལ་བ་ཡེ་འབྱུང་གིས་རག་མར་གཏོང་བ་ལ། སྟོད་ལུངས་སུ་གཏོང་བྱས་ནས། ཕྱིས་རག་མ་ཅི་བདེར་ཁས་བླངས་པ་ལྟ་བུ་ཡིན་གསུངས་ངོ༌། །སྒྱུ་ནི་ཡོན་ཏན་མེད་བཞིན་དུ་ཡོད་པ་ལྟར་སྟོན་པ་དང༌། གཡོ་ནི་རང་གི་ཉེས་པ་ཐབས་ཀྱིས་མི་མངོན་པར་བྱེད་པ་ལ། ཀུན་ལས་བཏུས་ལས་གསུངས་སོ།

།གཉིས་པ་ནི། དཀར་ཆོས་དང་པོའི་ཡུལ་ནི། སེམས་ཅན་ཡིན་ནོ་ཅོག་གོ །བྱ་བ་ནི་དེ་ལ་སྲོག་གམ་ཐ་ན་བཞད་གད་ཀྱི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་སྤོང་བ་སྟེ། དེ་ལྟར་བྱས་ན་རང་གི་མཁན་སློབ་སོགས་ཡུལ་ཁྱད་པར་ཅན་ལ་བརྫུན་གྱིས་མགོ་བསྐོར་བ་མི་འབྱུང་ངོ༌། །དཀར་ཆོས་གཉིས་པའི་ཡུལ་ནི་སེམས་ཅན་ཐམས་ཅད་དོ། དེ་ལ་གཡོ་སྒྱུ་མེད་པར་ལྷག་པའི་བསམ་པས་གནས་པ་སྟེ། བསམ་པ་དྲང་པོས་གནས་པའོ། །འདི་ནི་ནག་ཆོས་བཞི་པའི་གཉེན་པོའོ། །དཀར་ཆོས་གསུམ་པའི་ཡུལ་ནི་བྱང་སེམས་ཐམས་ཅད་དོ། །བྱ་བ་ནི་སྟོན་པ་དང་འདྲ་བའི་འདུ་ཤེས་སྐྱེད་ཅིང༌། དེ་དག་གི་དོན་གནས་ཀྱི་བསྔགས་པ་ཕྱོགས་བཞིར་བརྗོད་པའོ། །ཤ་ར་བའི་ཞལ་ནས། འོ་སྐོལ་དགེ་བ་འདྲ་བ་བྲད་བྲུད་བྱེད་པར་འདུག་ཀྱང༌། འཕེལ་རྟགས་མེད་པར། ཟད་རྟགས་མང་བ་དེ། བྱང་སེམས་དང༌། གྲོགས་ལ་ཞེ་སྡང་དང༌། བརྙས་པ་བྱས་ཤིང་རྨ་ཕྱུང་བས་ཟད། དེས་ན་འདི་དང་བྱང་སེམས་ལ་རྨ་འབྱིན་པ་སྤོང་བ་གཉིས་ཐུབ་ན། བསླབ་བཏུས་ནས་གང་ཟག་ལ་བརྟེན་པའི་གནོད་འགྱུར་གསུངས་པ་ཐམས་ཅད་མི་འོང་གསུང་སྟེ། བྱང་སེམས་གང་ན་ཡོད་མི་ཤེས་པས། འོད་སྲུངས་ཀྱིས་ཞུས་པ་ལྟར་སེམས་ཅན་ཀུན་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས། དག་སྣང་སྦྱོང་པའི་དབང་དུ་བྱས་པ་ཡིན་ནོ། །ཡོན་ཏན་བརྗོད་པ་ཡང་ཉན་པ་པོ་སྐབས་ལ་བབ་པ་ན་ཡིན་གྱི། ཕྱོགས་བཞིར་སོང་ནས་མ་བརྗོད་ན་ཉེས་པར་འགྱུར་བ་མིན་ནོ། །འདི་ནི་ནག་ཆོས་གསུམ་པའི་གཉེན་པོའོ། །དཀར་ཆོས་བཞི་པའི་ཡུལ་ནི་རང་གིས་སྨིན་པར་བྱེད་པའི་སེམས་ཅན་ནོ། །དེ་ལ་བྱ་བ་ནི་ཉི་ཚེ་བའི་ཐེག་པ་མི་འདོད་པར་རྫོགས་པའི་བྱང་ཆུབ་འཛིན་དུ་འཇུག་པའོ། ། དེ་ཡང་རང་ངོས་ནས་གདུལ་བྱ་དེ་ལ་སྦྱར་བ་དགོས་ཀྱི། གདུལ་བྱ་དེ་ལ་བསམ་པ་དེ་མ་སྐྱེས་ན་ཉེས་པར་འགྲོ་བ་མ་ཡིན་ཏེ། སྒྲུབ་པར་མི་ནུས་པའི་ཕྱིར་རོ། །འདིས་ནག་ཆོས་གཉིས་པ་སྤོང་སྟེ། གཞན་བདེ་བ་ཐམས་ཅད་ཀྱི་མཐར་ཐུག་པ་ལ་སྙིང་ཐག་པ་ནས་འཇོག་འདོད་ཡོད་ན། གཞན་ལ་ཡིད་མི་བདེ་བའི་འགྱོད་པ་ཙམ་ཞིག་བསྐྱེད་པའི་ཆེད་དུ། ཡིད་མི་བདེ་སྐྱེད་པའི་སྦྱོར་བ་ཆེད་དུ་མི་སྒྲུབ་པའི་ཕྱིར་རོ།

། སེང་གེས་ཞུས་པ་ལས་ཀྱང༌།
།སྐྱེ་བ་ཀུན་ཏུ་བྱང་ཆུབ་སེམས། །རྨི་ལམ་ན་ཡང་སེམས་འདི་ནི།
།འདོར་མི་འགྱུར་ན་མ་ཉལ་ཚེ། །སྨོས་ཅི་འཚལ་བར་གང་གིས་འགྱུར།

།བཀའ་སྩལ་པ།
།གྲོང་ངམ་གྲོང་ཁྱེར་རྣམས་སུའམ། །གང་དུ་གནས་པའི་ཡུལ་རྣམས་སུ།
།བྱང་ཆུབ་ལ་ནི་ཡང་དག་འཛུད། །དེས་ན་སེམས་འདོར་མི་འགྱུར་རོ།

ཞེས་གསུངས་སོ། །གཞན་ཡང་ང་རྒྱལ་དང༌། ཕྲག་དོག་དང༌། སེར་སྣ་སྤངས་པ་དང༌། གཞན་གྱི་འབྱོར་པ་མཐོང་ན་ཡིད་དགའ་བ་བཞི་དང་ལྡན་ན། སྨོན་ལམ་མི་འདོར་བར་འཇམ་དཔལ་གྱི་ཞིང་བཀོད་ལས་གསུངས་པ་དང༌།

དཀོན་བརྩེགས་ལས།
།སྤྱོད་ལམ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་སྤྱོད་བ་དང༌། དགེ་བ་ཅི་བྱེད་ཀྱི་སྔོན་དུ་བྱང་ཆུབ་ཀྱི་སེམས་གཏོང་བ་བྱས་ན།
སྐྱེ་བ་གཞན་དུ་ཡང་སེམས་རིན་པོ་ཆེ་དང་མི་འབྲལ་བ་ནི། ཇི་ལྟ་ཇི་ལྟར་མང་དུ་མིས་བརྟགས་ན།

ཞེས་སོགས་ཀྱིས་གསལ་བར་གསུངས་སོ།

།གསུམ་པ་ནི། སྨོན་སེམས་མི་གཏོང་བ་དང༌། སེམས་ཅན་བློས་མི་གཏོང་བ་གཉིས་མ་གཏོགས་པའི་བསླབ་བྱ་རྣམས་དང་འགལ་ན་བྱང་སེམས་ཀྱི་སྡོམ་པ་དང་མི་ལྡན་གྱི་བར་དུ་བྱང་སེམས་ཀྱི་དབང་དུ་བྱས་པའི་ལྟུང་བ་མེད་ཀྱང༌། བར་མའི་དགེ་བ་ཁས་བླངས་པའི་བསླབ་བྱ་དང་འགལ་བ་ཡོད་བས་ཉེས་སྤྱོད་དུ་འགྱུར་བས། སྟོབས་བཞིས་བཤགས་པར་བྱའོ།

།གསུམ་པ་ལ་གསུམ། སེམས་བསྐྱེད་ནས་བསླབ་པ་ལ་སློབ་དགོས་པའི་རྒྱུ་མཆན། ཐབས་ཤེས་རེ་རེ་བ་ལ་བསླབས་པས་སངས་རྒྱས་མི་འགྲུབ་པར་བསྟན་པ། བསླབ་པ་ལ་སློབ་པའི་རིམ་པ་ཉིད་བཤད་པའོ། །དང་པོ་ནི། དེ་ལྟར་སྨོན་སེམས་བསྐྱེད་ནས་སྦྱིན་སོགས་ཀྱི་བསླབ་བྱ་ལ་མི་སློབ་པ་དེ་ཡང་བྱམས་པའི་རྣམ་ཐར་གྱི་ལུང་སྔར་དྲངས་པ་ལྟར། ཕན་ཡོན་ཆེ་མོད་ཀྱང༌། བྱང་སེམས་ཀྱི་བསླབ་པ་ལ་སྒྲུབ་པ་སྙིང་པོར་མ་བྱས་ན་འཚང་རྒྱ་བ་མི་སྲིད་པས་སྤྱོད་པ་ལ་བསླབ་པར་བྱ་སྟེ།

ཏིང་ངེ་འཛིན་རྒྱལ་པོ་ལས།
།དེ་བས་ན་སྒྲུབ་པ་སྙིང་པོར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ་སྒྲུབ་པ་སྙིང་པོར་བྱེད་པ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་དཀའ་བ་མ་ཡིན་པའི་ཕྱིར་རོ།

ཞེས་དང༌། སྒོམ་རིམ་དང་པོ་ལས་ཀྱང༌།
དེ་ལྟར་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་བདག་མ་དུལ་བར་གཞན་མི་འདུལ་བར་ཤེས་ནས། བདག་ཉིད་སྦྱིན་པ་ལ་སོགས་པའི་སྒྲུབ་པ་ལ་རབ་ཏུ་སྦྱོར་རོ། །སྒྲུབ་པ་མེད་པར་བྱང་ཆུབ་མི་འཐོབ་བོ། ཞེས་གསུངས་སོ། །སྒྲུབ་པ་ཡང་སྡོམ་པ་བཟུང་ནས་དེའི་བསླབ་པ་ལ་སློབ་པ་ཉིད་ཡིན་ནོ།

།གཉིས་པ་ནི། སངས་རྒྱས་སྒྲུབ་པའི་ཐབས་ལ་འཇུག་པ་དེ་ཡང་ཐབས་མ་ནོར་བ་ཞིག་དགོས་ཏེ། ནོར་བའི་ལམ་ལ་ཇི་ཙམ་འབད་ཀྱང་འབྲས་བུ་མི་འབྱུང་སྟེ། འོ་མ་བཞོ་བར་འདོད་པས་རྭ་ལ་འཐེན་པ་བཞིན་ནོ། །མ་ནོར་དུ་ཟིན་ཀྱང་ཆ་མ་ཚང་ན་འབད་ཀྱང་འབྲས་བུ་མི་འབྱུང་སྟེ། ས་བོན་དང༌། ཆུ་དང༌། ས་ལ་སོགས་པ་གང་རུང་ཞིག་མ་ཚང་ན་མྱུ་གུ་མི་སྐྱེ་བ་དང་འདྲ་བར་སྒོམ་རིམ་བར་པ་ལས་གསུངས་སོ། །འོ་ན་རྒྱུ་རྐྱེན་ཚང་ལ་མ་ནོར་བ་གང་ཞེ་ན།

རྣམ་སྣང་མངོན་བྱང་ལས།
།གསང་བ་པའི་བདག་པོ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་པ་ལས་བྱུང་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན།

ཞེས་སོ། །དེ་ལ་སྙིང་རྗེ་ནི་བཤད་ཟིན་ཏོ། །བྱང་ཆུབ་ཀྱི་སེམས་ནི་ཀུན་རྫོབ་དང༌། དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་དང༌། ཐབས་ནི་སྦྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པ་ལ། ཤིང་རྟ་ཆེན་པོ་ཀ་མ་ལ་ཤཱི་ལས་བཤད་དོ། །དེ་ལྟ་བུའི་ལམ་ལ་ཕྱིན་ཅི་ལོག་ཏུ་རྟོག་པ་རྒྱ་ནག་ཧྭ་ཤང་ལ་སོགས་པ་ཁ་ཅིག་ན་རེ། རྣམ་རྟོག་ཡིན་ཕྱིན་ཆད་ངན་རྟོག་ཡིན་ན་ལྟ་ཅི་སྨོས་ཏེ་བཟང་རྟོག་ཡིན་ན་ཡང་འཁོར་བར་འཆིང་བས། དེའི་འབྲས་བུ་འཁོར་བ་ལས་མི་འདའ་སྟེ། གསེར་སྒྲོག་དང་ཐག་སྒྲོག་གིས་བཅིངས་པ་དང༌། སྤྲིན་དཀར་ནག་གཉིས་ཀས་ནམ་མཁའ་ལ་སྒྲིབ་པ་དང༌། ཁྱི་དཀར་ནག་གང་གིས་ཕུག་ཀྱང་སྡུག་བསྔལ་སྐྱེད་པ་དང་འདྲའོ། །དེས་ན་ཅིར་ཡང་མི་རྟོག་པར་བཞག་པ་ཉིད་འཚང་རྒྱ་བའི་ལམ་ཡིན་ལ། སྦྱིན་པ་དང་ཚུལ་ཁྲིམས་སོགས་ནི་དེ་ལྟ་བུའི་ངེས་དོན་སྒོམ་མི་ནུས་པའི་སྐྱེ་བོ་བླུན་པོའི་དོན་དུ་གསུངས་པ་ཡིན་པས། ངེས་དོན་རྙེད་ནས་སྤྱོད་པ་དེ་དག་ལ་འཇུག་པ་ནི། རྒྱལ་པོ་དམངས་སུ་བབས་པའམ། གླང་པོ་རྙེད་ནས་གླང་པོའི་རྗེས་ཚོལ་བ་དང་འདྲ་བར་སྨྲའོ།

།དེ་ལ་ཧྭ་ཤང་གིས་ནི།
ཅིར་ཡང་མི་རྟོག་པ་ལ་བསྔགས་པ་མཛད་པའི་མདོའི་ཁུངས་བརྒྱད་ཅུ་དྲངས་ནས་བསྒྲུབས་སོ། །འདིས་ནི་ཐབས་ཆ་ཐམས་ཅད་སངས་རྒྱས་ཀྱི་ལམ་རྣལ་མ་མིན་ནོ།

ཞེས་སྐུར་བ་ཆེན་པོ་བཏབ་ཅིང༌། རྒྱལ་བའི་བསྟན་པའི་སྙིང་པོ་བདག་མེད་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྤྱོད་པ་བཀག་པས། དོན་དམ་པའི་ཚུལ་རྒྱང་རིང་དུ་སྤངས་པ་འདི་ནི།

ཀ་མ་ལ་ཤཱི་ལས།
ལུང་རིགས་དྲི་མ་མེད་པས་ལེགས་པར་བཀག་ནས་རྒྱལ་བ་དགྱེས་པའི་ལམ་བཟང་པོ་རྒྱས་པར་མཛད་མོད་ཀྱང༌། ད་དུང་ཡང་ཁ་ཅིག་ནི་བསྲུང་སྡོམ་སོགས་སྤྱོད་ཕྱོགས་རྣམས་ཁྱད་དུ་བསད་ནས། ལམ་སྒོམ་པའི་ཚེ་དེ་དག་འདོར་བ་སོགས་སྔ་མ་བཞིན་བྱེད་ཅིང༌། ལ་ལ་ནི་ཐབས་ཆ་ལ་སྐུར་བ་མ་གཏོགས་པ་ལྟ་བའི་གོ་ལུགས་དང༌། གཞན་དག་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་ཀྱི་ལྟ་བ་འཚོལ་བ་དོར་ནས་ཅི་ཡང་མི་སེམས་པའི་རྒྱ་ནག་གི་སྒོམ་དེ་ལེགས་པར་འདོད་པར་སྣང་ངོ༌།

།དེ་ནི་སྟོང་ཉིད་སྒོམ་པའི་ཕྱོགས་ནའང་མི་སྣང་ལ། སྟོང་ཉིད་སྒོམ་པ་ཡིན་དུ་ཆུག་ཀྱང་སྟོང་ཉིད་ཀྱི་དོན་ལེགས་པར་སྒོམ་པ་རྣམས་ཀྱིས་སྟོང་ཉིད་ཁོ་ན་སྒོམ་པར་བྱ་ལ། སྤྱོད་ཕྱོགས་ཀུན་རྫོབ་པའི་ཡུལ་ཅན་རྣམས་སྒོམ་མི་དགོས་ཞེས་པ་ནི་གསུང་རབ་མཐའ་དག་དང་འགལ་ཞིང༌། རིགས་པའི་ལམ་ལས་འདས་པ་ཁོ་ནར་སྣང་སྟེ། ཐེག་ཆེན་པ་རྣམས་ཀྱི་བསྒྲུབ་བྱ་ནི། མི་གནས་པའི་མྱང་འདས་ཡིན་ལ། དེ་ལ་འཁོར་བ་ལ་མི་གནས་པ་ནི། དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་དང༌། དོན་དམ་པ་ལ་བརྟེན་པའི་ལམ་རིམ་དང༌། ཟབ་མོའི་ལམ་ཞེས་པ་དང༌། ཡེ་ཤེས་ཀྱི་ཚོགས་དང༌། ཤེས་རབ་ཀྱི་ཆ་ཞེས་པ་རྣམས་ཀྱིས་སྒྲུབ་པ་ཡིན་ལ། ཞི་བ་མྱང་འདས་ལ་མི་གནས་པ་ནི། ཇི་སྙེད་པ་རིག་པའི་ཤེས་རབ་དང༌། ཀུན་རྫོབ་བདེན་པ་ལ་བརྟེན་པའི་ལམ་རིམ་དང༌། རྒྱ་ཆེ་བའི་ལམ་དང༌། བསོད་ནམས་ཀྱི་ཚོགས་དང༌། ཐབས་ཀྱི་ཆ་ཞེས་པ་རྣམས་ཀྱིས་སྒྲུབ་དགོས་པའི་ཕྱིར་རོ།

།དེ་སྐད་དུ་ཡང་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཡེ་ཤེས་ཀྱི་ཚོགས་ནི་ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་བ་ལགས་སོ། །བསོད་ནམས་ཀྱི་ཚོགས་ཀྱིས་ནི་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་དེ་ལྟ་ལགས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བརྩོན་པར་བགྱིའོ།

ཞེས་དང༌། དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས་ཀྱང༌།
བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བ་ནི་གང༌། ཐར་པ་ནི་གང༌། ཞེས་དྲིས་པའི་ལན་དུ་ཐབས་ཀྱིས་མ་ཟིན་པའི་ཤེས་རབ་ནི་འཆིང་བའོ། །ཐབས་ཀྱིས་ཟིན་པའི་ཤེས་རབ་ནི་ཐར་པའོ། །ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ནི་འཆིང་བའོ། །ཤེས་རབ་ཀྱིས་ཟིན་པའི་ཐབས་ནི་ཐར་པའོ།

ཞེས་དང༌། ག་ཡ་གོ་རི་ལས།
བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་མདོར་བསྡུ་ན་འདི་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཐབས་དང༌། ཤེས་རབ་བོ།

ཞེས་སོ། །དེ་རྣམས་ཀྱི་དོན་ལམ་སྒྲོན་ལས་ཀྱང༌།
།ཤེས་རབ་ཕ་རོལ་ཕྱིན་སྦྱོར་དང༌། །བྲལ་བས་སྒྲིབ་པ་ཟད་མི་འགྱུར།
།དེ་ཕྱིར་ཉོན་མོངས་ཤེས་བྱའི། །སྒྲིབ་པ་མ་ལུས་སྤང་བའི་ཕྱིར།
།ཤེས་རབ་ཕ་རོལ་ཕྱིན་རྣལ་འབྱོར། །རྟག་ཏུ་ཐབས་བཅས་བསྒོམ་པར་བྱ།
།ཐབས་དང་བྲལ་བའི་ཤེས་རབ་དང༌། །ཤེས་རབ་བྲལ་བའི་ཐབས་ཀྱིས་ཀྱང༌།
།གང་ཕྱིར་འཆིང་བ་ཞེས་གསུངས་པ། །དེ་བས་གཉིས་ཀ་སྤང་མི་བྱ།

ཞེས་དང༌།
།ཤེས་རབ་ཕ་རོལ་ཕྱིན་སྤངས་པའི། །སྦྱིན་པའི་ཕ་རོལ་ཕྱིན་ལ་སོགས།
།དགེ་བའི་ཚོགས་རྣམས་ཐམས་ཅད་དག །རྒྱལ་བ་རྣམས་ཀྱིས་ཐབས་སུ་བཤད།
།ཐབས་གོམས་དབང་གིས་བདག་ཉིད་ཀྱིས། །གང་ཞིག་ཤེས་རབ་རྣམ་སྒོམ་པ།
།དེས་ནི་བྱང་ཆུབ་མྱུར་དུ་འཐོབ། །བདག་མེད་གཅིག་པུ་སྒོམས་པས་མིན།
།ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐྱེ་བ་མེད་པར་རྟོགས་གྱུར་པའི།
།རང་བཞིན་སྟོང་ཉིད་ཤེས་པ་ནི། །ཤེས་རབ་ཅེས་ནི་ཡོངས་སུ་བཤད།

ཅེས་གསལ་བར་གསུངས་ཤིང༌། གཙུག་ན་རིན་པོ་ཆེའི་མདོ་ལས།
སྦྱིན་པ་ལ་སོགས་པའི་ཐབས་ཀྱི་ཆ་ཐམས་ཅད་ཚང་བའི། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་ཉིད་སྒོམ་དགོས་པར་གསུངས་ལ།

རྣམ་པར་འཐག་པ་བསྡུས་པ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་ཕྱིར་དུ་ཕྱིན་དྲུག་སྒྲུབ་པ་ལ་མི་བླུན་པོ་དག་ཤེར་ཕྱིན་ཁོ་ན་ལ་བསླབ་པར་བྱ་ཡི། ལྷག་མ་རྣམས་ཀྱིས་ཅི་ཞིག་བྱ། ཞེས་སུན་འབྱིན་པར་སེམས་སོ།

ཞེས་དང༌། ཡང་མི་བླུན་པོ་དག །ཚུལ་གཅིག་ཁོ་ནས་བྱང་ཆུབ་པ་སྟེ། སྟོང་བ་ཉིད་ཀྱི་ཚུལ་གྱིས་སོ་ཟེར་ཏེ། དེ་དག་ནི་སྤྱོད་པ་ཡོངས་སུ་མ་དག་པར་འགྱུར་རོ། ཞེས་སོ། །གལ་ཏེ་སྦྱིན་པ་ལ་སོགས་པའི་སྤྱོད་པ་རྣམས་ལ་སློབ་པ་ནི། སྟོང་ཉིད་ཀྱི་རྟོགས་པ་བརྟན་པོ་མེད་ན་ཡིན་གྱི། ཡོད་ན་དེས་ཆོག་གོ་སྙམ་ན། དེ་ལྟ་ཡིན་ན་ས་དང་པོ་སོགས་ཐོབ་པའི་རྒྱལ་སྲས་རྣམས་དང༌། ཁྱད་པར་དུ་མི་རྟོག་ཡེ་ཤེས་ལ་དབང་ཐོབ་པའི་ས་བརྒྱད་པའི་རྒྱལ་སྲས་ལ་སྤྱོད་པ་མི་དགོས་པར་འགྱུར་ན། དེ་ནི་རིགས་པ་མ་ཡིན་ཏེ། ས་བཅུ་པོ་རེ་རེ་ལ་ཡང་སྦྱིན་སོགས་གཙོ་པོར་གྱུར་པ་རེ་རེ་ཡིན་ཡང༌། ལྷག་མ་རྣམས་ཀྱང་མི་སྤྱོད་པ་མ་ཡིན་ནོ། ཞེས་ས་བཅུ་པ་ལས་གསུངས་པས། ས་རེ་རེ་ན་ཕར་ཕྱིན་དྲུག་དྲུག་གམ། བཅུ་བཅུ་སྤྱོད་པར་གསུངས་ཤིང༌། ཁྱད་པར་དུ་ས་བརྒྱད་པའི་སྐབས་སུ་ཉོན་མོངས་ཐམས་ཅད་ཟད་པས། སྤྲོས་པ་ཐམས་ཅད་ཞི་བའི་དོན་དམ་པ་ལ་གནས་པའི་ཚེ། སངས་རྒྱས་རྣམས་ཀྱིས་སྟོང་ཉིད་ཀྱི་རྟོགས་པ་འདི་ཙམ་གྱིས་འཚང་རྒྱ་བར་མི་ནུས་ཏེ། ཉན་རང་རྣམས་ཀྱིས་ཀྱང་འདི་འཐོབ་པས་སོ། །ངེད་ཀྱི་སྐུ་དང༌། ཡེ་ཤེས་དང་ཞིང་ལ་སོགས་པ་ཚད་མེད་པ་འདི་དག་ལ་ལྟོས་ཤིག །ངེད་ཀྱི་སྟོབས་ལ་སོགས་པ་ཡང་ཁྱེད་ལ་མེད་ཀྱི། དེའི་ཕྱིར་བརྩོན་འགྲུས་རྩོམས་ཤིག །སེམས་ཅན་མ་ཞི་བ་ཉོན་མོངས་སྣ་ཚོགས་ཀྱིས་དཀྲུགས་པ་ལ་སོམས་ཤིག །བཟོད་པ་འདི་ཡང་མ་འདོར་ཞིག །ཅེས་སོགས་ཀྱིས་བསྐུལ་ནས་བྱང་སེམས་ཀྱི་སྤྱོད་པ་ལ་སློབ་དགོས་པར་བཤད་ན། གཞན་ལ་ལྟ་ཅི་སྨོས་པའི་ཕྱིར་རོ། །སྔགས་བླ་མེད་ཀྱི་ལམ་མཐོན་པོའི་སྐབས་སུ་འདི་དང་མི་འདྲ་བ་ཡོད་མོད་ཀྱང༌། སྤྱིར་སྔགས་དང་ཕར་ཕྱིན་གཉིས་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་གཉིས་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པའི་ལམ་གྱི་ལུས་ཐུན་མོང་བ་རགས་པ་ཞིག་ལ་འདྲ་བར་ནི་སྔར་བཤད་ཟིན་ཏོ། །གལ་ཏེ་སྦྱིན་པ་ལ་སོགས་པ་མི་དགོས་པར་མི་འདོད་ཀྱི། ཅིར་ཡང་མི་སེམས་པ་དེ་ལ་དེ་དག་ཚང་སྟེ། སྦྱིན་བྱ། སྦྱིན་བྱེད། སྦྱིན་རྫས་སུ་མི་ཞེན་པས་དམིགས་མེད་ཀྱི་སྦྱིན་པ་ཚང་ལ། དེ་བཞིན་དུ་ལྷག་མ་རྣམས་ཀྱང་ཚང་ཞིང༌། མདོ་ལས་ཀྱང་རེ་རེའི་ནང་དུ་དྲུག་དྲུག་འདུས་པར་གསུངས་པའི་ཕྱིར་རོ་སྙམ་ན། དེ་ཙམ་གྱིས་ཚང་བར་འགྱུར་ན། མུ་སྟེགས་ཅན་གྱི་སེམས་རྩེ་གཅིག་པའི་ཞི་གནས་རྣམས་ལ་ཡང༌མཉམ་པར་བཞག་པའི་དུས་ན། དེ་ལྟར་དུ་ཞེན་པ་མེད་པས་ཕར་ཕྱིན་ཐམས་ཅད་ཚང་བར་འགྱུར་ལ། ཁྱད་པར་དུ་ས་བཅུ་པ་ལས་གསུངས་པ་ལྟར། ཉན་རང་ལ་ཡང་ཆོས་ཉིད་ལ་རྣམ་པར་མི་རྟོག་བའི་ཡེ་ཤེས་ཡོད་ལ། དེ་ལ་མཉམ་པར་བཞག་པའི་ཚེ་བྱང་སེམས་ཀྱི་སྤྱོད་པ་ཐམས་ཅད་ཚང་བར་འགྱུར་བས་ཐེག་ཆེན་པར་འགྱུར་རོ། །རེ་རེའི་ནང་དུ་དྲུག་དྲུག་འདུས་པར་གསུངས་པས་དེ་ཙམ་གྱིས་ཆོག་པར་འདོད་ན། མཎྜལ་དབུལ་བ་ལ་ཡང༌། བ་ཡི་ལྕི་བ་ཆུར་བཅས་སྦྱིན་པ་སྟེ། ཞེས་སོགས་ཀྱིས་དྲུག་ག་ཡོད་པར་གསུངས་པས། དེ་ཁོ་ན་བྱ་བར་རིགས་སོ། །

དེས་ན་ལྟ་བས་ཟིན་པའི་སྤྱོད་པ་དང༌། ཐབས་ཀྱིས་ཟིན་པའི་ཤེས་རབ་ནི། དཔེར་ན་བུ་སྡུག་པ་ཤི་བའི་མྱ་ངན་གྱིས་མནར་བའི་མ་དེ་གཞན་དང་སྨྲ་བ་སོགས་ལ་འཇུག་པའི་ཚེ་བློ་ཅི་སྐྱེས་ཀྱང༌། མྱ་ངན་གྱི་ཤུགས་ཀྱིས་མ་བཏང་ཡང་བློ་ཐམས་ཅད་མྱ་ངན་གྱི་བློ་མིན་པ་བཞིན་དུ་སྟོང་ཉིད་རྟོགས་པའི་ཤེས་རབ་ཤུགས་དྲག་ན་སྦྱིན་པ་གཏོང་བ་དང༌། ཕྱག་དང༌། སྐོར་བ་སོགས་བྱེད་པའི་ཚེ། དེ་དག་ལ་དམིགས་པའི་བློ་དེ་རྣམས་སྟོང་ཉིད་རྟོགས་པ་མིན་ཡང༌། དེའི་ཤུགས་དང་ལྡན་པར་འཇུག་པ་མི་འགལ་ལ། ཐུན་མགོ་ལྟ་བུ་ལ་བྱང་ཆུབ་ཀྱི་སེམས་ཤུགས་དྲག་པ་སྔོན་དུ་བཏང་ན། སྟོང་ཉིད་ཀྱི་ཏིང་ངེ་འཛིན་ལ་བཞག་པའི་ཚེ། བྱང་ཆུབ་ཀྱི་སེམས་དེ་དངོས་སུ་མེད་ཀྱང༌། དེའི་རྩིས་ཟིན་པ་མི་འགལ་ཏེ། ཐབས་ཤེས་མ་བྲལ་བའི་ཚུལ་ཡང་དེ་ལྟར་རོ། །བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་འཁོར་བའི་ལུས་དང༌། ལོངས་སྤྱོད་དང༌། ཚེ་རིང་བ་སོགས་སུ་གསུངས་པ་ལ་ཡང་འཁྲུལ་བར་མི་བྱ་སྟེ། ཐབས་ཤེས་དང་བྲལ་ན་དེ་ལྟར་ཡིན་ཡང༌། དེས་ཟིན་ན་ཐར་པ་དང༌། ཐམས་ཅད་མཁྱེན་པའི་རྒྱུར་ཤིན་ཏུ་རུང་སྟེ།

རིན་ཆེན་ཕྲེང་བ་ལས།
།གཟུགས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་བསོད་ནམས་ཚོགས་ལས་འཁྲུངས།

ཞེས་གསུངས་པ་ལྟར་ཏེ། ལུང་མཐའ་ཡས་སོ། །གཞན་ཡང༌། ཁྱེད། རེས་འགའ་ནི། ངན་འགྲོའི་རྒྱུར་འགྲོ་བའི་ཉེས་སྤྱོད་དང༌། ཉོན་མོངས་ཐམས་ཅད་ཀྱང༌། སངས་རྒྱས་ཀྱི་རྒྱུར་སྒྱུར་ནུས་པར་སྨྲ་ལ། རེས་འགའ་ནི་མངོན་མཐོའི་རྒྱུར་འགྱུར་བའི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་དགེ་བ་རྣམས་ཀྱང་འཁོར་བའི་རྒྱུ་ཡིན་གྱི། བྱང་ཆུབ་ཀྱི་རྒྱུར་མི་འགྱུར་ཟེར་བར་སྣང་བས་སེམས་རྣལ་དུ་ཞོག་ལ་སྨྲོས་ཤིག

ཡང་མདོ་ལས།
སྦྱིན་སོགས་དྲུག་ལ་མངོན་པར་ཞེན་པ་བདུད་ཀྱི་ལས་སོ། ཞེས་དང༌། ཕུང་པོ་གསུམ་པ་ལས་ཀྱང༌། དམིགས་པར་ལྷུང་བས་སྦྱིན་པ་བྱིན་པ་དང༌། ཚུལ་ཁྲིམས་མཆོག་འཛིན་གྱིས་ཚུལ་ཁྲིམས་བསྲུངས་པ་སོགས་ལ་དེ་དག་སོ་སོར་བཤགས་པར་བགྱིའོ། ཞེས་བཤད་པ་དང༌། ཚངས་པས་ཞུས་པ་ལས། སྤྱོད་པ་ཇི་སྙེད་པ་དེ་ཐམས་ཅད་ནི་རྟོག་པའོ། །ཡོངས་སུ་མི་རྟོག་པ་ནི་བྱང་ཆུབ་བོ། ཞེས་གསུངས་པ་རྣམས་ལ་འཁྲུལ་བར་མི་བྱ་སྟེ། དང་པོའི་དོན་ནི་བདག་གཉིས་སུ་ཕྱིན་ཅི་ལོག་ཏུ་ཞེན་པས་ཀུན་ནས་བསླངས་པའི་སྦྱིན་སོགས་ནི་མ་དག་པས་བདུད་ལས་སུ་བཤད་ཀྱི། སྦྱིན་སོགས་བདུད་ལས་སུ་སྟོན་པ་མིན་ཏེ། དེ་ལྟ་མ་ཡིན་ན་དམིགས་པར་ལྷུང་ནས་སྦྱིན་པ་སྩལ་བ། ཞེས་དམིགས་པར་ལྷུང་པ་མི་དགོས་པར། སྤྱིར་སྦྱིན་པ་བཏང་བ་བཤགས་སོ། ཞེས་གསུངས་རིགས་པ་ལས། དེ་ལྟར་མ་གསུངས་པའི་ཕྱིར་རོ།

།སྒོམ་རིམ་ཐ་མ་ལས། ལན་འདེབས་ཚུལ་འདི་ལྟར་མཛད་པ་འདི་ཤིན་ཏུ་གནད་ཆེ་སྟེ། འདི་ཕྱིན་ཅི་ལོག་ཏུ་གོ་ནས། སྤྱོད་ཕྱོགས་ཐམས་ཅད་གང་ཟག་གམ། ཆོས་ཀྱི་བདག་གི་མཚན་འཛིན་དུ་བྱས་ནས། མཚན་བཅས་སུ་འདོད་པའི་ཕྱིར་རོ། །རྫས་འདི་གཏོང་ངོ་སྙམ་པའི་གཏོང་སེམས་དང༌། ཉེས་སྤྱོད་འདི་བསྡམ་མོ་སྙམ་པའི་སྡོམ་སེམས་དང༌། དེ་འདྲ་བའི་དགེ་བའི་རྟོག་པ་ཐམས་ཅད་འཁོར་གསུམ་དུ་འཛིན་པའི་ཆོས་ཀྱི་བདག་འཛིན་ཡིན་ན། ཆོས་ཀྱི་བདག་མེད་ཀྱི་ལྟ་བ་རྙེད་པ་རྣམས་ཀྱིས་ཞེ་སྡང་དང༌། ང་རྒྱལ་ལ་སོགས་པ་བཞིན་དུ་རྣམ་པ་ཐམས་ཅད་དུ་དགག་པར་རིགས་ཀྱི། དེ་ཆེད་དུ་བྱས་ནས་བསྟེན་དུ་མི་རུང་ངོ༌། །འདི་འདིའོ་སྙམ་པའི་རྟོག་པ་ཐམས་ཅད་འཁོར་གསུམ་དུ་རྟོག་པའི་ཆོས་ཀྱི་བདག་འཛིན་དུ་བྱས་ན། བཤེས་གཉེན་གྱི་ཡོན་ཏན་དང༌། དལ་འབྱོར་དོན་ཆེ་སོགས་སེམས་པ་དང༌། འཆི་བ་དྲན་པ་དང༌། ངན་འགྲོའི་སྡུག་བསྔལ་སེམས་པ་དང༌། སྐྱབས་འགྲོ་དང༌། ལས་འདི་ལས་འབྲས་བུ་འདི་འབྱུང་དང༌། བྱམས་པ་དང༌། སྙིང་རྗེ་དང༌། བྱང་ཆུབ་ཀྱི་སེམས་སྦྱོང་བ་དང༌། འཇུག་སེམས་ཀྱི་བསླབ་བྱ་ལ་སློབ་པ་ཐམས་ཅད་ལ་འདི་ནི་འདིའོ། །འདི་ལས་འདི་འབྱུང་ངོ༌། །འདི་ལ་ཡོན་ཏན་དང༌། ཉེས་དམིགས་འདི་ཡོད་དོ་སྙམ་དུ་བསམས་ནས། ངེས་པ་དྲང་དགོས་པ་ཤ་སྟག་ཡིན་པས། དེ་ལ་ཇི་ལྟར་ངེས་པ་ཆེ་བ་དེ་ཙམ་དུ་ཆོས་ཀྱི་བདག་འཛིན་ཇེ་འཕེལ་དུ་འགྲོ་ལ། ཡང་ཆོས་ཀྱི་བདག་མེད་ལ་ངེས་བ་ཇི་ཙམ་ཆེ་བར་བསྐྱངས་པ་ལས། ལམ་དེ་དག་གི་ངེས་པ་ཇེ་ཆུང་དུ་འགྲོ་བས། སྤྱོད་པ་དང་ལྟ་བའི་ཕྱོགས་གཉིས་ཚ་གྲང་ལྟར་འགལ་འདུར་སོང་ནས། གཉིས་ཀ་ལ་ངེས་ཤེས་ཤུགས་དྲག་ལ་རྒྱུན་རིང་བ་བསྐྱེད་ས་མེད་པར་འགྲོའོ། །དེའི་ཕྱིར་འབྲས་བུའི་གནས་སྐབས་ན་ཆོས་སྐུ་ཐོབ་བྱར་འཇོག་པ་དང༌། གཟུགས་སྐུ་ཐོབ་བྱར་བྱེད་པ་གཉིས་མི་འགལ་བ་ལྟར། ལམ་དུས་སུ་ཡང་བདག་གཉིས་སུ་མཚན་མར་འཛིན་པའི་དམིགས་གཏད་རྡུལ་ཙམ་ཡང་མ་ལུས་པའི་སྤྲོས་བྲལ་ལ་ཡང་ངེས་ཤེས་འདྲེན་པ་དང༌། འདི་ལས་འདི་འབྱུང་དང༌། འདི་ལ་སྐྱོན་ཡོན་འདི་ཡོད་ལ་ཡང་ངེས་ཤེས་འདྲེན་པ་གཉིས་མི་འགལ་བཞིག་དགོས་སོ། །དེ་ཡང་གཞིའི་ལྟ་བ་བདེན་གཉིས་གཏན་ལ་འབེབ་ཚུལ་ལ་རག་ལས་པས། ལུང་རིགས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་རང་གི་སྡོད་ལུགས་སམ་ཡིན་ཚུལ་ལ་རང་བཞིན་རྡུལ་ཙམ་ཡང་མ་གྲུབ་པར་གཏན་ལ་འབེབས་པའི་དོན་དམ་པ་རྣམ་པར་འཇོག་པའི་ཚད་མ་དང༌། རྒྱུ་འབྲས་ཀྱི་ཆོས་ཅུང་ཟད་ཀྱང་མ་འཆོལ་བར་སོ་སོར་ངེས་པའི་རྒྱུ་འབྲས་རྣམ་པར་འཇོག་པའི་ཐ་སྙད་པའི་ཚད་མ་གཉིས་ཕན་ཚུན་གནོད་བྱ་གནོད་བྱེད་དུ་འགྲོ་བ་ལྟ་ཅི་སྨྲོས་ཏེ། གཅིག་གཅིག་གི་གྲོགས་སུ་འགྱུར་བ་ལ་ངེས་པ་རྙེད་ན། དེ་ནས་བདེན་ཕ་གཉིས་ཀྱི་དོན་རྟོགས་པ་དང༌། རྒྱལ་བའི་དགོངས་པ་རྙེད་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ། །ལུང་གསུམ་པའི་དོན་ནི། མདོ་དེའི་སྐབས་དེ་སྐྱེ་བ་སོགས་དཔྱོད་པའི་སྐབས་ཡིན་པས། སྦྱིན་སོགས་དེ་ཁོ་ནར་མ་སྐྱེས་བར་སྟོན་པ་ལ་རྟོག་པའོ། ཞེས་རྟོག་པས་བཏགས་པ་ཙམ་དུ་སྟོན་གྱི། དེ་དག་མི་བསྟེན་པར་དོར་བྱར་སྟོན་པ་མིན་པར་སྒོམ་རིམ་ཐ་མ་ལས་གསུངས་སོ།

།ལམ་ཕྱོགས་རེ་བས་མི་ཆོག་པ་ནི། མདོ་ཀུན་ལས་བཏུས་བ་ལས་ཀྱང༌།
ཐབས་མཁས་པ་དང་བྲལ་བའི་བྱང་ཆུབ་སེམས་དཔས་ཆོས་ཟབ་མོ་ཉིད་ལ་མངོན་པར་བརྩོན་པར་མི་བྱའོ། ཞེས་གསལ་བར་གསུངས་ཤིང༌།

གསང་བ་བསམ་གྱིས་མི་ཁྱབ་པ་ལས་ཀྱང༌།
རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་མེ་ནི་རྒྱུ་ལས་འབར་ཏེ་རྒྱུ་མེད་ན་ཞི་བར་འགྱུར་རོ། །དེ་བཞིན་དུ་དམིགས་པ་ལས་སེམས་འབར་གྱི། དམིགས་པ་མེད་ན་སེམས་ཞི་བར་འགྱུར་རོ། །དེ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་དམིགས་པ་ཉེ་བར་ཞི་བར་ཡང་ཤེས་ལ་དགེ་བའི་རྩ་བ་ལ་དམིགས་པའང་ཉེ་བར་ཞི་བར་མི་བྱེད། ཉོན་མོངས་པ་ལ་དམིགས་པའང་འབྱུང་བར་མི་བྱེད་ལ། ཕ་རོལ་ཏུ་ཕྱིན་པའི་དམིགས་པ་ལའང་འཇོག་པར་བྱེད། སྟོང་པ་ཉིད་ཀྱི་དམིགས་པ་ལ་ཡང་སོ་སོར་རྟོག་ལ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་དམིགས་པ་ལའང་ལྟའོ།

ཞེས་དམིགས་པ་མེད་ལུགས་དང༌། དམིགས་པ་ཡོད་ལུགས་སོ་སོར་གསུངས་པ་རྣམས་ཕྱེད་དགོས་སོ། །དེ་བཞིན་དུ་ཉོན་མོངས་དང་མཚན་མར་འཛིན་པའི་འཆིང་བ་ལྷོད་དགོས་ལ། བསླབ་པའི་ཐག་པས་དམ་དུ་བསྡམ་དགོས་པ་དང༌། ཁ་ན་མ་ཐོ་བ་གཉིས་ཞིག་དགོས་ལ། དགེ་བའི་བྱ་བ་རྣམས་མ་ཞིག་དགོས་པས་བསླབ་པས་བསྡམ་པ་དང༌། མཚན་འཛིན་གྱིས་བཅིངས་པ་གཉིས་མི་གཅིག་ཅིང་། བསྲུང་སྡོམ་ལྷོད་པ་དང༌། བདག་ཏུ་འཛིན་པའི་འཆིང་བ་ལྷོད་པ་གཉིས་ཀྱང་མི་གཅིག་པས། ཞིག་པོ་དང༌། རང་གྲོལ་སོགས་ཀྱི་དོན་ཡང་ལེགས་པར་དཔྱད་པར་བྱའོ།

།སློབ་དཔོན་ཀ་མ་ལ་ཤཱི་ལས།
ཡིད་ལ་མི་བྱེད་པ་བཀག་པའི་ཚུལ་ནི་ཡིན་ལུགས་ཀྱི་དོན་གཏན་ལ་ཕབ་པའི་ལྟ་ཐོག་ཏུ་བཞག་ནས་གཞན་གང་ཡང་ཡིད་ལ་མི་བྱེད་པར་རྩེ་གཅིག་ཏུ་བཞག་ནས་སྒོམ་པ་བཀག་པ་མ་ཡིན་གྱི། ལྟ་བས་ཡིན་ལུགས་ཀྱི་དོན་གཏན་ལ་ཕབ་པའི་དོན་ལ་འཇོག་རྒྱུ་མེད་པར་སེམས་ཅིར་ཡང་མི་རྟོག་པར་འཇོག་པའི་ཅོམ་འཇོག་སྟོང་ཉིད་སྒོམ་པའི་སྒོམ་དུ་བྱེད་པ་འགོག་པ་ཡིན་ནོ། །དེ་ནི་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ལ་འདྲའོ། །འོན་ཀྱང་དེ་གཉིས་ཀྱི་ལུགས་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་སྐྱོང་བ་ལ་འདྲ་མི་འདྲའི་ཚུལ་ཇི་ལྟར་ཡོད་བ་སོགས་ནི་འཆད་པར་འགྱུར་རོ།

།གསུམ་པ་ལ་གཉིས། ཐེག་ཆེན་སྤྱི་ལ་བསླབ་ཚུལ། ཁྱད་པར་དུ་རྡོ་རྗེ་ཐེག་པ་ལ་བསླབ་ཚུལ་ལོ། །དང་པོ་ལ་གསུམ། བྱང་སེམས་ཀྱི་བསླབ་པ་ལ་སློབ་འདོད་སྦྱང་བ་དང༌། སྦྱངས་ནས་རྒྱལ་སྲས་ཀྱི་སྡོམ་པ་གཟུང་བ། བཟུང་ནས་ཇི་ལྟར་བསླབ་པའི་ཚུལ་ལོ། །

དང་པོ་ནི། འདུལ་བ་དང་སྔགས་གཉིས་ལ། དང་པོར་རང་རང་གི་སྡོམ་པ་མ་བཟུང་བར། བསླབ་བྱ་རྣམས་ཉན་དུ་མི་རུང་ཡང༌། འདི་ནི་དེ་དག་དང་མི་འདྲ་སྟེ། སྔོན་དུ་བསླབ་བྱ་རྣམས་ཤེས་པར་བྱས་ཏེ་རྒྱུད་སྦྱངས་ནས། དེ་ནས་འཛིན་པར་སྤྲོ་བ་ན་སྡོམ་པ་འབོགས་པ་ཡིན་ནོ། །དེས་ན་བསླབ་བྱ་རྣམས་ཤེས་པར་བྱས་ཏེ་ཡིད་ཡུལ་དུ་བྱས་ནས། དེ་དག་ལ་སྙིང་ཐག་པ་ནས་སློབ་འདོད་སྦྱངས་ཏེ་སྡོམ་པ་བླངས་ན་ཤིན་ཏུ་བརྟན་པས། འདི་ནི་ཐབས་བཟང་པོའོ།

།གཉིས་པ་ནི། ཚུལ་ཁྲིམས་ལེའུའི་འགྲེལ་པར། དང་པོར་ཇི་ལྟར་ལེན་ལུགས་དང༌། དེ་མ་ཐག་ནས་རྩ་ལྟུང་དང༌། ཉེས་བྱས་ཀྱི་ལྟུང་བ་རྣམས་བསྲུང་ཚུལ་དང༌། ཉམས་ན་ཕྱིར་བཅོས་ལུགས་རྣམས་རྒྱས་པར་གཏན་ལ་བབ་ཟིན་པས། སྡོམ་པ་ལེན་པའི་སྔ་རོལ་དུ་ངེས་པར་ལྟ་དགོས་པས་དེར་ཤེས་པར་བྱའོ། །གསུམ་པ་ལ་གསུམ། གང་ལ་བསླབ་པའི་གཞི། དེར་བསླབ་པ་རྣམས་འདུ་ཚུལ། དེ་ལ་ཇི་ལྟར་བསླབ་པའི་རིམ་པའོ། །དང་པོ་ནི། གསལ་བའི་དབྱེ་བ་མཐའ་ཡས་ཀྱང༌། རིགས་བསྡུ་ན། ཕྱིན་དྲུག་ཏུ་བྱང་སེམས་ཀྱི་བསླབ་བྱ་ཐམས་ཅད་འདུ་བས། ཕྱིན་དྲུག་ནི། བྱང་སེམས་ཀྱི་ལམ་གྱི་གནད་མཐའ་དག་བསྡུས་པའི་སྡོམ་ཆེན་པོའོ། །

གཉིས་པ་ལ་གཉིས། དངོས་ཀྱི་དོན་གྲངས་ངེས་པ། ཞར་ལ་གོ་རིམ་ངེས་པའོ།

།དང་པོ་ནི། བཅོམ་ལྡན་འདས་ཀྱིས་ཕྱིན་དྲུག་གི་སྡོམ་ཙམ་མཛད་པ་ལ། རྒྱལ་ཚབ་དམ་པས། དེ་ལྟར་མཛད་པའི་རྒྱུ་མཚན་གྱི་གནད་རྣམས་དགོངས་པ་བཞིན་བཀྲལ་ནས། ངེས་ཤེས་བསྐྱེད་པ་ནི། གྲངས་ངེས་ཚུལ་འདི་རྣམས་ཡིན་པས། འདི་དག་ལ་ཡིད་འཕྲོག་པའི་ངེས་པ་རྙེད་ན། ཕྱིན་དྲུག་གི་ཉམས་ལེན་ལ་གདམས་པའི་མཆོག་ཏུ་འཛིན་ནོ། །འདི་ལ་དྲུག །མངོན་མཐོ་ལ་ལྟོས་པའི་དང༌། དོན་གཉིས་སྒྲུབ་པ་ལ་ལྟོས་པའི་དང༌། གཞན་དོན་རྣམ་པ་ཐམས་ཅད་པ་རྫོགས་པར་སྒྲུབ་པ་ལ་ལྟོས་པའི་དང༌། ཐེག་ཆེན་ཐམས་ཅད་སྡུད་པ་ལ་ལྟོས་པའི་དང༌། ལམ་མམ་ཐབས་ཀྱི་རྣམ་པ་ཐམས་ཅད་པའི་དབང་དུ་མཛད་པའི་དང༌། བསླབ་པ་གསུམ་ལ་ལྟོས་པའི་གྲངས་ངེས་པའོ།

།དང་པོ་ནི། བྱང་ཆུབ་ཀྱི་སྤྱོད་པ་རླབས་ཆེ་བ་རྣམས་རྫོགས་པ་ལ། ཚེ་རབས་མང་པོར་བརྒྱུད་དགོས་ལ། དེར་ཡང་ལམ་གྱི་ས་ཆོད་འོང་བ་ལ། རྟེན་མཚན་ཉིད་ཡོངས་རྫོགས་རེ་མེད་པར། ད་ལྟའི་རྟེན་འདི་འདྲ་བ་ཆ་རེ་རེ་ཙམ་ཡོད་པས་བསྒྲུབས་ཀྱང་བོགས་ཅི་ཡང་མི་ཐོན་པས། རྟེན་ཆ་ཐམས་ཅད་ནས་ཕུན་ཚོགས་པ་ཤིག་དགོས་སོ། །དེ་ཡང་གང་ལ་སྤྱོད་པའི་ལོངས་སྤྱོད། གང་གིས་སྤྱོད་པའི་ལུས། གང་དང་ལྷན་ཅིག་ཏུ་སྤྱོད་པའི་འཁོར་དང༌། ལས་ཀྱི་མཐའ་གང་བརྩམས་པ་རྣམས་འགྲུབ་པའི་ཕུན་ཚོགས་བཞི་ལྡན་ཞིག་དགོས་སོ། །དེ་དག་ཕུན་སུམ་ཚོགས་པ་ཙམ་གྱིས་ཀྱང་ཉོན་མོངས་ཀྱི་རྐྱེན་དུ་འགྲོ་བ་མང་བས། དེ་ཡང་ཉོན་མོངས་ཀྱི་དབང་དུ་མི་འགྲོ་བ་དང༌། དེས་ཀྱང་མི་ཆོག་པས། བླང་དོར་གྱི་གནས་རྣམས་ལ་ཕྱིན་ཅི་མ་ལོག་པར་འཇུག་ཅིང་ལྡོག་པའི་དམིགས་ལེགས་པར་ཕྱེད་པ་ཞིག་དགོས་ཏེ། གཞན་དུ་ན་སྨིག་མ་དང་ཆུ་ཤིང་རང་གི་འབྲས་བུ་ཆགས་པ་དང༌། དྲེའུ་མོ་སྦྲུམ་པས་བརླག་པ་ལྟར། ཕུན་ཚོགས་དེ་ཉིད་ཀྱིས་རང་ཉིད་བརླག་པར་འགྱུར་བའི་ཕྱིར་རོ། །ཤེས་རབ་ཡོད་ན་སྔར་གྱི་བཟང་པོའི་ལས་ཀྱི་འབྲས་བུར་ཤེས་ནས་སླར་ཡང་རྒྱུ་རྣམས་ལ་འབད་དེ་ཇེ་འཕེལ་དུ་འགྲོ་ལ། ཤེས་རབ་མེད་ན་སྔར་བསགས་ཀྱི་འབྲས་བུ་ལོངས་སྤྱད་པས་ནི་ཟད། གསར་དུ་ནི་མི་སྤེལ་བས། ཕྱི་མ་ལ་སྡུག་བསྔལ་བའི་མགོ་ཚུགས་པར་འགྱུར་རོ། །དེས་ན་སྐྱེ་བ་གཞན་དུ་དེ་དྲུག་འབྱུང་བ་ཡང༌། རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་མི་འབྱུང་ཞིང༌། རྗེས་མཐུན་གྱི་རྒྱུ་ཡང་རིམ་པ་བཞིན་ཕྱིན་དྲུག་ཏུ་ངེས་སོ།

།ལམ་གྱི་སྐབས་ཀྱི་ལོངས་སྤྱོད་སོགས་ནི་གནས་སྐབས་ཀྱི་མངོན་མཐོ་ཡིན་ལ། ལུས་ཕུན་ཚོགས་སོགས་མཐར་ཕྱིན་པའི་མངོན་མཐོ་ནི་སངས་རྒྱས་ཀྱི་ས་ན་ཡོད་དོ།

།དེ་ལྟར་ཡང་མདོ་སྡེའི་རྒྱན་ལས།
།ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང༌། །འཁོར་རྩོམ་ཕུན་སུམ་ཚོགས་པ་མངོན་མཐོ་དང༌།
།རྟག་ཏུ་ཉོན་མོངས་དབང་ཉིད་མི་འགྲོ་དང༌། །བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པའོ། ཞེས་སོ།

།གཉིས་པ་ནི། དེ་ལྟར་རྟེན་དེ་ལྟ་བུས་བྱང་སེམས་ཀྱི་སྤྱོད་པ་ལ་སློབ་བ་ན་བྱང་སེམས་ཀྱི་བྱ་བ་ནི་གཉིས་སུ་ཟད་དེ། རང་དང་གཞན་གྱི་དོན་སྒྲུབ་པའོ། །དེ་ཡང་གཞན་དོན་སྒྲུབ་པ་ལ་ཐོག་མར་ཟང་ཟིང་གིས་ཕན་འདོགས་དགོས་ལ། དེ་ལ་སེམས་ཅན་ལ་གནོད་འཚེ་དང་བཅས་པའི་སྦྱིན་པས་ཅིར་ཡང་མི་འགྱུར་བས། གཞན་གནོད་གཞི་དང་བཅས་པ་ལས་ལེགས་པར་ལྡོག་པ་ཉིད་གཞན་དོན་ཆེན་པོ་ཡིན་པས་ཚུལ་ཁྲིམས་དགོས་སོ། །དེ་མཐར་འབྱིན་པ་ལ་ཡང་ཚུར་གནོད་མ་བཟོད་པར་གཅིག་ལན་དང་གཉིས་ལན་བྱས་ན་ཚུལ་ཁྲིམས་དག་པོ་མི་འོང་བས་ཚུར་གནོད་ལ་ཇི་མི་སྙམ་པའི་བཟོད་པ་དགོས་སོ། །འདིས་ལན་མ་བྱས་པས་གཞན་གྱིས་སྡིག་གསོག་པ་དུ་མ་ཁེགས་ཤིང༌། དེས་འདུན་ནས་དགེ་བ་ལ་སྦྱར་དུ་ཡོད་པས་གཞན་དོན་ཆེན་པོའོ། །རང་དོན་ནི་ཤེས་རབ་ཀྱི་མཐུས་རྣམ་གྲོལ་གྱི་བདེ་བ་འཐོབ་པ་ཡིན་ན། དེ་ཡང་སེམས་གཡེངས་པ་ལ་མི་འོང་བས་བསམ་གཏན་གྱིས་སེམས་མཉམ་པར་བཞག་སྟེ། དམིགས་པ་ལ་ཇི་ལྟར་འདོད་འདོད་དུ་གནས་པའི་ལས་རུང་ཐོབ་དགོས། དེ་ལེ་ལོ་ཅན་ལ་མི་སྐྱེ་བས་ཉིན་མཚན་ཀུན་ཏུ་མི་ངལ་བའི་བརྩོན་འགྲུས་རྩོམ་དགོས་པས་དེ་ནི་དེ་དག་གི་གཞིའོ། ། དེས་ན་དོན་གཉིས་པོ་དེ་སྒྲུབ་པ་ལ་ཕྱིན་དྲུག་ཏུ་ངེས་ཏེ། སེམས་ཅན་དོན་ལ་རབ་བརྩོན་པ། །གཏོང་དང་མི་གནོད་བཟོད་པས་བྱེད། །གནས་དང་གྲོལ་བ་གཞིར་བཅས་པས། །རང་དོན་རྣམ་པ་ཐམས་ཅད་སྤྱོད། ཅེས་ཏེ། འདི་ལ་གཞན་དོན་རྣམ་པ་ཐམས་ཅད་པ་མེད་དོ། །གནས་དང་གྲོལ་བ་ཞེས་སེམས་དམིགས་པ་ལ་གནས་པ་བསམ་གཏན་གྱི་ལག་རྗེས་དང༌། འཁོར་བ་ལས་གྲོལ་བ་ཤེས་རབ་ཀྱི་ལག་རྗེས་སུ་གསུངས་པ་འདི་གཉིས་སོ་སོར་ཕྱེད་ན་ཞི་གནས་ལ་ལྷག་མཐོང་དུ་མི་འཁྲུལ་ལོ། །གསུམ་པ་ནི། ཐོག་མར་ཟང་ཟིང་བཏང་བས་དེའི་ཕོངས་པ་སེལ། དེ་ནས་སེམས་ཅན་གང་ལ་ཡང་ཕར་གནོད་མི་བྱེད། དེར་མ་ཟད་ཚུར་གནོད་བཟོད་པར་བྱས། ཁོའི་གྲོགས་བྱས་པས་མི་སྐྱོ་བའི་བརྩོན་འགྲུས་བརྩམས་ཤིང༌། བསམ་གཏན་ལ་བརྟེན་ནས་རྫུ་འཕྲུལ་སོགས་ཀྱིས་ཡིད་འདུན་པར་བྱས་ཏེ་སྣོད་རུང་དུ་སོང་བ་ན། ཤེས་རབ་ལ་བརྟེན་ནས་ལེགས་པར་བཤད་དེ། ཐེ་ཚོམ་བཅད་པས་གྲོལ་བར་བྱེད་བའི་ཕྱིར་ཕྱིན་དྲུག་ཏུ་ངེས་ཏེ། མི་ཕོངས་པ་དང་རྣམ་པར་མི་འཚེ་དང༌། ། རྣམ་འཚེ་བཟོད་དང་བྱ་བས་མི་སྐྱོ་དང༌། །དགའ་བྱེད་ལེགས་པར་བརྗོད་པ་དེ་ཡི་ཕྱིར། །གཞན་གྱི་དོན་ནི་རང་གི་དོན་ཡིན་ནོ། །ཞེས་སོ།

།བཞི་པ་ནི། འདི་ལྟར་ལོངས་སྤྱོད་རྙེད་པ་ལ་མི་ཆགས་ཤིང་མ་རྙེད་པ་དོན་དུ་མི་གཉེར་བས་ལོངས་སྤྱོད་ལ་མི་ལྟ་བ་དང༌། དེ་ཡོད་ན་བསླབ་པ་བསྲུང་ནུས་པས་ཚུལ་ཁྲིམས་ལེན་ཅིང་དེ་ལ་གུས་པ་དང༌། སེམས་ཅན་དང་སེམས་ཅན་མ་ཡིན་པ་ལ་བརྟེན་ནས་བྱུང་བའི་སྡུག་བསྔལ་ལ་བཟོད་པས་མི་སྐྱོ་བ་དང༌། དགེ་བའི་བྱ་བ་ཅི་འདྲ་ལ་སྦྱོར་ཡང་སྤྲོ་བས་དེས་མི་སྐྱོ་བ་དང༌། ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་མི་རྟོག་པ་སྒོམ་པ་དྲུག་གིས་ནི། འདིས་འགྲོ་བའི་ཐེག་ཆེན་ཐམས་ཅད་བསྡུས་ལ། དེ་དག་ཀྱང་ཕྱིན་དྲུག་གིས་རིམ་པར་སྒྲུབ་ཅིང་དེ་ལས་མང་མི་དགོས་པའི་ཕྱིར་ཏེ། ལོངས་སྤྱོད་མངོན་པར་མི་དགའ་དང༌། །རབ་གུས་གཉིས་ལ་མི་སྐྱོ་དང༌། །རྣལ་འབྱོར་རྣམ་པར་མི་རྟོག་པ། །ཐེག་ཆེན་མཐའ་དག་འདིར་ཟད་དོ། ཞེས་སོ།

།ལྔ་པ་ནི། ཐོབ་ཟིན་གྱི་ཡུལ་གྱི་ལོངས་སྤྱོད་ལ་མ་ཆགས་པའི་ལམ་མམ་ཐབས་ནི་སྦྱིན་པ་སྟེ། གཏོང་བ་ལ་གོམས་པས་དེ་ལ་ཆགས་པ་དང་བྲལ་བའི་ཕྱིར་རོ། །ཡུལ་མ་ཐོབ་པ་འཐོབ་པའི་དོན་དུ་རྩོལ་བའི་རྣམ་གཡེང་སྡོམ་པའི་ཐབས་ནི་ཚུལ་ཁྲིམས་ཏེ། དགེ་སློང་གི་སྡོམ་པ་ལ་ལས་ཀྱི་མཐའི་རྣམ་གཡེང་ཐམས་ཅད་མི་འབྱུང་བའི་ཕྱིར་རོ། །སེམས་ཅན་མི་གཏོང་བའི་ཐབས་ནི་བཟོད་པ་སྟེ། གནོད་པ་བྱེད་པའི་སྡུག་བསྔལ་ཐམས་ཅད་ཀྱིས་ཡིད་མི་འབྱུང་བའི་ཕྱིར་རོ། །དགེ་བ་འཕེལ་བའི་ཐབས་ནི་བརྩོན་འགྲུས་ཏེ། བརྩོན་འགྲུས་བརྩམས་པ་ལས་དེ་འཕེལ་བས་སོ། །སྒྲིབ་པ་རྣམ་པར་སྦྱོང་བའི་ཐབས་ནི་ཕར་ཕྱིན་ཐ་མ་གཉིས་ཏེ། བསམ་གཏན་གྱིས་ཉོན་མོངས་དང༌། ཤེས་རབ་ཀྱིས་ཤེས་སྒྲིབ་རྣམ་པར་སྦྱོང་བའི་ཕྱིར་རོ། །དེའི་ཕྱིར་ཕྱིན་དྲུག་ཏུ་ངེས་ཏེ། ཡུལ་རྣམས་ལ་ནི་མ་ཆགས་ལམ། །དེ་ཐོབ་རྣམ་གཡེང་སྡོམ་པ་གཞན། །སེམས་ཅན་མི་གཏོང་འཕེལ་བ་དང༌། །སྒྲིབ་པ་རྣམ་པར་སྦྱོང་བ་གཞན། ཞེས་སོ།

།དྲུག་པ་ནི། ཚུལ་ཁྲིམས་ཀྱི་བསླབ་པའི་ངོ་བོ་ནི་ཚུལ་ཁྲིམས་ཡིན་ལ། དེ་ཡང་ལོངས་སྤྱོད་ལ་མི་ལྟ་བའི་སྦྱིན་པ་ཡོད་ན་ལེན་པས་དེ་ནི་ཚུལ་ཁྲིམས་ཀྱི་ཚོགས་སོ། །བླངས་པ་ཡང་གཤེ་བ་ལ་སླར་མི་གཤེ་བ་སོགས་བཟོད་པས་སྲུང་བས་དེ་ནི་དེའི་འཁོར་རོ། །བསམ་གཏན་ནི་སེམས་ཀྱི་བསླབ་པ་ཡིན་ལ། ཤེས་རབ་ནི་ཤེས་རབ་ཀྱི་བསླབ་པ་ཡིན་ནོ། །བརྩོན་འགྲུས་ནི་བསླབ་པ་གསུམ་ག་ལ་གཏོགས་པས་ཕྱིན་དྲུག་ཏུ་ངེས་ཏེ། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱི་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། ཞེས་སོ། །དེ་ལྟར་ན་རྟེན་ཕུན་ཚོགས་ཇི་འདྲ་ཞིག་གིས་རང་གཞན་གྱི་དོན་ཇི་འདྲ་ཞིག་ཡོངས་སུ་རྫོགས་པ་ཐེག་པ་གང་ལ་གནས་ནས་ཐབས་ཀྱི་རྣམ་པ་ཇི་སྙེད་དང་ལྡན་པས། བསླབ་པ་གང་སྒྲུབ་པའི་རྟེན་དང༌། དོན་དང༌། ཐེག་ཆེན་དང༌། ཐབས་དང༌། བསླབ་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དང༌། སྡུད་པར་བྱེད་པ་ནི་ཕྱིན་དྲུག་ཉིད་དུ་ཤེས་པར་བྱས་ལ། བྱང་སེམས་ཀྱི་ཉམས་ལེན་གྱི་གནད་ཐམས་ཅད་ཀྱི་སྡོམ་ཡིན་པ་ལ་ངེས་པ་ཆེན་པོ་མ་རྙེད་བར་དུ་བསམ་པར་བྱའོ།

།གཉིས་པ་ལ་གསུམ། སྐྱེ་བའི་རིམ་པ། དམན་མཆོག་གི་རིམ་པ། ཕྲ་རགས་ཀྱི་རིམ་པའོ། །དང་པོ་ནི། ལོངས་སྤྱོད་ལ་མི་ལྟ་ཞིང་མ་ཆགས་པའི་སྦྱིན་པ་ཡོད་ན། ཚུལ་ཁྲིམས་ལེན་ཅིང༌། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་ལྡན་ན་གནོད་པ་ལ་བཟོད་པར་འགྱུར་རོ། །དཀའ་སྤྱད་ལ་མི་སྐྱོ་བའི་བཟོད་པ་ཡོད་ན་ལྡོག་རྐྱེན་ཉུང་བས་བརྩོན་འགྲུས་རྩོམ་ནུས་སོ། །ཉིན་མཚན་དུ་བརྩོན་འགྲུས་བརྩམས་ན་སེམས་དགེ་བ་ལ་བཀོལ་རུང་བའི་ཏིང་ངེ་འཛིན་སྐྱེའོ། །སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པ་འབྱུང་ངོ༌།

།གཉིས་པ་ནི། སྔ་མ་སྔ་མ་དམན་ལ་ཕྱི་མ་ཕྱི་མ་མཆོག་གོ།

།གསུམ་པ་ནི། སྔ་མ་རྣམས་ཕྱི་མ་རྣམས་ལས་འཇུག་པ་དང༌། བྱ་བ་སླ་བས་རགས་ལ། ཕྱི་མ་རྣམས་སྔ་མ་རྣམས་ལས་འཇུག་པ་དང་བྱ་བ་དཀའ་བས་ཕྲ་བ་སྟེ།

མདོ་སྡེའི་རྒྱན་ལས།
།སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང༌།
།རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། ཞེས་སོ།

།གསུམ་པ་ལ་གཉིས། སྤྱོད་པ་སྤྱི་ལ་བསླབ་ཚུལ། ཁྱད་པར་དུ་ཕར་ཕྱིན་ཐ་མ་གཉིས་ལ་བསླབ་ཚུལ་ལོ། །དང་པོ་ལ་གཉིས། རང་གི་སངས་རྒྱས་ཀྱི་ཆོས་སྨིན་པར་བྱེད་པ་ཕར་ཕྱིན། གཞན་རྒྱུད་སྨིན་པར་བྱེད་པ་བསྡུ་བཞི་ལ་བསླབ་པའོ། །དང་པོ་ལ་དྲུག །སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་ལ་བསླབ་ཚུལ་ལོ། །དང་པོ་ལ་གསུམ། སྦྱིན་པའི་ངོ་བོ། རབ་དབྱེ། རྒྱུད་ལ་སྐྱེད་ཚུལ་ལོ། །དང་པོ་ནི། གཏོང་བའི་སེམས་པ་དགེ་བ་དང༌། དེས་ཀུན་ནས་བསླང་བའི་ལུས་ངག་གི་ལས་ཏེ། དེ་ནི་ལུས་ངག་སྦྱིན་པ་ལ་འཇུག་བཞིན་པའི་དུས་ཀྱི་སེམས་པའོ། །དེ་ལ་སྦྱིན་པའི་ཕར་ཕྱིན་རྫོགས་པ་ནི་སྦྱིན་བྱའི་རྫས་གཞན་ལ་བཏང་བས་འགྲོ་བ་རྣམས་ཀྱི་དབུལ་བ་བོར་བ་ལ་མི་ལྟོས་ཀྱི། སེར་སྣའི་འཛིན་པ་བཅོམ་ནས་བཏང་བའི་འབྲས་བུ་དང་བཅས་པ་གཞན་ལ་གཏོང་བའི་བློ་གོམས་པ་ཡོངས་སུ་རྫོགས་པ་ལས་སྦྱིན་པའི་ཕར་ཕྱིན་དུ་འགྱུར་རོ།

།གཉིས་པ་ལ་གཉིས། རྟེན་སོ་སོ་ལ་ལྟོས་པའི་རབ་དབྱེ། སྦྱིན་པ་རང་གི་ངོ་བོའི་རབ་དབྱེའོ། །དང་པོ་ནི། སྤྱིར་ཟང་ཟིང་གི་སྦྱིན་པ་ཁྱིམ་པའི་བྱང་སེམས་ཀྱིས་བྱེད་ལ། བྱང་སེམས་རབ་བྱུང་གིས་ཆོས་ཀྱི་སྦྱིན་པ་བྱ་ཡི། ཟང་ཟིང་གི་སྦྱིན་པ་མི་བྱ་བར་བྱང་སེམས་ཀྱི་སོ་ཐར་ལས་གསུངས་སོ། །དེ་ཡང་ཐོས་པ་ལ་སོགས་བའི་བར་ཆད་དུ་འགྱུར་བ་ལ་དགོངས་པར་བསླབ་བཏུས་ལས་གསུངས་ཏེ། རབ་བྱུང་གིས་ཟང་ཟིང་ཆེད་དུ་བསྒྲུབས་ནས་སྦྱིན་གཏོང་བྱེད་པ་བཀག་གི །རང་གི་དགེ་བའི་བྱ་བ་ལ་མི་གནོད་པར་སྔོན་གྱི་བསོད་ནམས་ཀྱི་མཐུས་མང་དུ་རྙེད་ན་ཟང་ཟིང་གཏོང་དགོས་པར་གསུངས་སོ།

།ཤར་པའི་ཞལ་ནས།
།ང་ནི་ཁྱེད་ལ་གཏོང་བའི་ཕན་ཡོན་མི་བརྗོད་ཀྱི། །འཛིན་པའི་ཉེས་དམིགས་བརྗོད་པ་ཡིན་གསུང་སྟེ།

རབ་བྱུང་གིས་ཤ་ཐང་ཐང་དུ་ནོར་བཙལ་ཞིང་བསགས་ནས་ཚུལ་ཁྲིམས་ལ་རྨ་མང་དུ་ཕྱུང་སྟེ་སྦྱིན་པ་གཏོང་བ་ལ་མ་དགྱེས་པའི་གཏམ་མོ། །གཉིས་པ་ལ་ཆོས་གྱི་སྦྱིན་པ་ནི། དམ་པའི་ཆོས་ཕྱིན་ཅི་མ་ལོག་པར་སྟོན་པ་དང༌། བཟོ་ལ་སོགས་པའི་འཇིག་རྟེན་གྱི་ལས་ཀྱི་མཐའ་ཁ་ན་མ་ཐོ་བ་མེད་པ་རིགས་པར་སྟོན་པ་དང༌། བསླབ་པའི་གཞི་འཛིན་དུ་འཇུག་པའོ། ། མི་འཇིགས་པའི་སྦྱིན་པ་ནི། རྒྱལ་པོ་དང་ཆོམ་རྐུན་སོགས་མིའི་འཇིགས་པ་དང༌། སེང་གེ་དང་སྟག་སོགས་མི་མ་ཡིན་དང༌། ཆུ་དང་མེ་སོགས་འབྱུང་བའི་འཇིགས་པ་ལས་ཡོངས་སུ་སྐྱོབ་པའོ། །ཟང་ཟིང་གི་སྦྱིན་པ་ནི། ཟང་ཟིང་གཞན་ལ་གཏོང་བའོ།

།གསུམ་པ་ནི། ལུས་ལོངས་སྤྱོད་ལ་སེར་སྣ་མ་ལུས་པར་བཅོམ་པ་ཙམ་གྱིས་ནི་སྦྱིན་པའི་ཕར་ཕྱིན་ཏུ་མི་འགྱུར་ཏེ། སེར་སྣ་ནི་འདོད་ཆགས་ཀྱི་ཆར་གཏོགས་པ་ཡིན་པས་ཐེག་དམན་དགྲ་བཅོམ་པ་གཉིས་ཀྱིས་ཀྱང་ས་བོན་དང་བཅས་པ་མ་ལུས་པར་སྤངས་པའི་ཕྱིར་རོ། །དེའི་ཕྱིར་གཏོང་བའི་གེགས་སེར་སྣའི་ཀུན་འཛིན་བསལ་བ་ཙམ་དུ་མ་ཟད། བདོག་པ་ཐམས་ཅད་གཞན་ལ་གཏོང་བའི་བསམ་བ་སྙིང་ཐག་པ་ནས་སྐྱེད་དགོས་སོ། །དེ་ལ་ཡོངས་སུ་གཟུང་བའི་ཉེས་དམིགས་དང་བཏང་བའི་ཕན་ཡོན་སྒོམ་པ་གཉིས་དགོས་པའི་དང་པོ་ནི་ཟླ་བ་སྒྲོན་མེ་ལས་གསུངས་པ་ལྟར། ལུས་མི་གཙང་བ་དང༌། སྲོག་རི་གཟར་གྱི་ཆུ་ལྟར་གཡོ་བ་དང༌། ལུས་སྲོག་གཉིས་ཀ་ལས་ཀྱི་གཞན་དབང་ཅན་ཡིན་པས། རང་དབང་བའི་བདག་མེད་པ་དང༌། རྨི་ལམ་དང་སྒྱུ་མ་ལྟ་བུར་བརྫུན་པར་བལྟས་ནས་དེ་ལ་ཆགས་པ་དགག་དགོས་ཏེ། དེ་མ་ལོག་ན་ཆགས་པའི་དབང་དུ་སོང་སྟེ། ཉེས་སྤྱོད་ཆེན་པོ་རྣམས་བསགས་ནས་ངན་འགྲོར་འགྲོ་པར་གསུངས་པ་དང༌། གཉིས་པ་ནི།

བསླབ་བཏུས་ལས།
།འདི་ལྟར་བདག་གི་ལུས་དང་སེམས། །སྐད་ཅིག་རེ་རེས་འགྲོ་བ་ཉིད།
།གལ་ཏེ་མི་རྟག་དྲི་འབབ་པའི། །ལུས་ཀྱིས་རྟག་ཅིང་དྲི་མེད་པའི།
།བྱང་ཆུབ་ཐོབ་པར་འགྱུར་ན་ནི། །དེ་ནི་རིན་མེད་རྙེད་མིན་ནམ།

ཞེས་གསུངས་པ་ལྟར་རོ། །སྐྱེད་ཚུལ་དངོས་ནི།

སྤྱོད་འཇུག་ལས།
།ལུས་དང་དེ་བཞིན་ལོངས་སྤྱོད་དང༌། །དུས་གསུམ་དགེ་བ་ཐམས་ཅད་ཀྱང༌།
།སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཕངས་པ་མེད་པར་གཏང་བར་བྱ།

ཞེས་གསུངས་པ་ལྟར་ལུས་ལོངས་སྤྱོད་དགེ་རྩ་གསུམ་དམིགས་ཡུལ་དུ་བྱས་ནས་སེམས་ཅན་ཐམས་ཅད་ལ་གཏོང་བའི་བསམ་པ་ཡང་ཡང་གོམས་བར་བྱའོ།

།ད་ལྟ་མོས་པ་མ་སྨིན་ཞིང་སྟོབས་ཆུང་བས་སེམས་ཅན་ལ་བསམ་པས་ལུས་བྱིན་ཟིན་ཡང་ཤ་ལ་སོགས་བ་དངོས་སུ་མི་སྟེར་མོད། འོན་ཀྱང་ལུས་སྲོག་གཏོང་བའི་བསམ་པ་མ་སྦྱངས་ན་གོམས་པ་མེད་པས། ད་གཟོད་ཀྱང་ལུས་སྲོག་གཏོང་མི་ནུས་པར་བསླབ་བཏུས་ལས་གསུངས་བས་ད་ལྟ་ནས་བསམ་པ་སྦྱང་དགོས་སོ། །དེ་ལྟར་བསམ་པ་ཐག་པ་ནས་སེམས་ཅན་ལ་བཏང་བའི་ཟས་གོས་སོགས་ལ་སྤྱོད་པ་ན། གཞན་དོན་དུ་འདི་དག་སྤྱད་པར་བྱའོ་སྙམ་པའི་བསམ་པ་བརྗེད་ནས་རང་དོན་དུ་སྲེད་པས་སྤྱོད་ན་ཉོན་མོངས་ཅན་དང༌། སྲེད་པ་ནི་མེད་ལ་སེམས་ཅན་ཐམས་ཅད་ལ་དམིགས་པའི་འདུ་ཤེས་བརྗེད་བའམ། སེམས་ཅན་གཞན་ཞིག་གི་ཕྱིར་ཆགས་ན་ནི་ཉོན་མོངས་ཅན་མ་ཡིན་པའི་ལྟུང་བའོ། །གཞན་ལ་བསྔོས་པ་དེ་དག་ལ་གཞན་གྱི་རྫས་སུ་འདུ་ཤེས་ནས་རང་གི་ཕྱིར་སྤྱོད་ན་མ་བྱིན་ལན་དུ་འགྱུར་ཞིང༌། རིན་ཐང་ཚང་ན་སོ་ཐར་གྱི་ཕམ་པར་འགྱུར་བ་དང༌། སེམས་ཅན་ཁོ་རང་གི་ལོངས་སྤྱོད་སྤྱད་ལ་ཁོའི་དོན་བྱའོ་སྙམ་དུ་སྤྱོད་ན་ཉེས་མེད་དུ་བསླབ་བཏུས་ལས་གསུངས་སོ། །ཕམ་པ་འོང་ཚུལ་ནི། མིའི་འགྲོ་བ་པ་ལ་བསམ་པ་ཐག་པ་ནས་བསྔོས་ཤིང་དེས་ཀྱང་དེ་རིག་ནས་བདག་ཏུ་བཟུང་བའི་སྐབས་སུ། གཞན་གྱི་ཡིན་པར་འདུ་ཤེས་ནས་རང་དོན་དུ་ལེན་པ་ལ་རིན་ཐང་ཚང་ན་ཕམ་པ་འོང་ས་ཡོད་པ་ལ་དགོངས་སོ། །གཞན་ཡང་སྙིང་ཐག་པ་ནས་དང་བས། སྦྱིན་བྱའི་ཆོས་སྣ་ཚོགས་པ་དཔག་མེད་རྟོག་པས་སྤྲུལ་ནས་སེམས་ཅན་ལ་བྱིན་པར་མོས་པའི་མོས་པ་སྦྱོང་བ་ནི་ཚེགས་ཆུང་ངུས་བསོད་ནམས་དཔག་མེད་འཕེལ་བ་དང༌། དེ་ཡང་བྱང་སེམས་ཤེས་རབ་ཅན་གྱི་སྦྱིན་པར་བྱང་ས་ལས་གསུངས་སོ། །སྦྱིན་པའི་ཕར་ཕྱིན་ལ་སློབ་པའི་ཚེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་དུ་བྱས་ཏེ་སློབ་པ་བྱུང་ན་སྟོབས་ཆེའོ། །དེ་ཡང་དེའི་ཚེ་ཉན་རང་གི་ཡིད་བྱེད་སྡོམ་པའི་ཚུལ་ཁྲིམས་དང༌། རྣམ་མཁྱེན་གྱི་ཆོས་ལ་མོས་ཤིང་བཟོད་ལ། གཞན་གྱིས་གཤེ་བ་བཟོད་པ་དང༌། དེ་ཉིད་གོང་ནས་གོང་དུ་འཕེལ་བའི་ཕྱིར་འདུན་པ་སྐྱེད་བའི་བརྩོན་འགྲུས་དང༌། ཐེག་དམན་དང་མ་འདྲེས་པའི་སེམས་རྩེ་གཅིག་པས་དགེ་བ་དེ་རྫོགས་བྱང་དུ་བསྔོ་བའི་བསམ་གཏན་དང༌། སྦྱིན་བྱ་སྦྱིན་བྱེད་ལེན་པ་པོ་རྣམས་ལ་སྒྱུ་མ་ལྟ་བུར་ཤེས་པའི་ཤེས་རབ་སྟེ་དྲུག་ཚང་བར་བྱེད་པའོ།

།གཉིས་པ་ལ་གསུམ། ཚུལ་ཁྲིམས་ཀྱི་ངོ་བོ། རབ་དབྱེ། རྒྱུད་ལ་སྐྱེད་ཚུལ་ལོ། །དང་པོ་ནི། གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ཡིད་ཕྱིར་ལོག་པའི་སྤོང་བའི་སེམས་པ་ནི་ཚུལ་ཁྲིམས་ཏེ། སྡོམ་པའི་ཚུལ་ཁྲིམས་གཙོ་བོ་ཡིན་པའི་དབང་དུ་བྱས་སོ། །སེམས་པ་དེའི་གོམས་པ་གོང་ནས་གོང་དུ་ཡོངས་སུ་རྫོགས་པས་ཚུལ་ཁྲིམས་ཀྱི་ཕར་ཕྱིན་དུ་འགྱུར་གྱི། ཕྱི་རོལ་ཏུ་སེམས་ཅན་གནོད་འཚེ་མ་ལུས་པ་དང་བྲལ་བ་ལ་བཀོད་པའི་སྒོ་ནས་མ་ཡིན་ཏེ།

སྤྱོད་འཇུག་ལས།
།སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། ཅེས་སོ།

།གཉིས་པ་ལ་གསུམ་ལས། སྡོམ་པའི་ཚུལ་ཁྲིམས་ནི། ཀུན་སློང་དང་བཅས་བའི་དབང་དུ་བྱས་ན་མི་དགེ་བཅུ་སྤོང་བའི་སྤོང་བ་བཅུ་ཡིན་ལ། རང་གི་ངོ་བོའི་དབང་དུ་བྱས་ན་མི་དགེ་བ་བདུན་སྤོང་བའི་ལུས་ངག་གི་སྤོང་བདུན་ནོ།

།འདི་ལ་བྱང་ས་ལས།
བྱང་སེམས་ཀྱི་རྒྱུད་ཀྱི་སྡོམ་པའི་ཚུལ་ཁྲིམས་སོ་ཐར་རིས་བདུན་ལ་གསུངས་པའི་དགོངས་པ་ནི། སོ་ཐར་གྱི་སྡོམ་ལྡན་བྱང་སེམས་ཀྱི་སྡོམ་ལྡན་ཡིན་ན་ནི། ཁྱིམ་པའམ་རབ་བྱུང་གི་ཕྱོགས་ཀྱི་སོ་ཐར་གྱི་སྡོམ་པ་དངོས་དང༌། དེའི་རྒྱུད་ཀྱི་དེ་དག་དང་ཐུན་མོང་བའི་སྤོང་སྡོམ་ནི་སྡོམ་པའི་ཚུལ་ཁྲིམས་ཡིན་ལ། སོ་ཐར་གྱི་སྡོམ་པའི་རྟེན་དུ་མི་རུང་བའི་བྱང་སེམས་ཀྱི་སྡོམ་ལྡན་ཡིན་ན་སོ་ཐར་དང་ཐུན་མོང་བའི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བ་ཅི་རིགས་པར་སྤོང་བའི་སྤོང་བའི་སྤོང་སྡོམ་ནི་སྡོམ་པའི་ཚུལ་ཁྲིམས་སོ།

།བྱང་སེམས་ཀྱི་རྒྱུད་ཀྱི་སོ་ཐར་གྱི་སྡོམ་པ་ནི་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡིན་ཡང་བྱང་སེམས་ཀྱི་སྡོམ་པ་དངོས་མིན་ལ། ལྷག་མ་ལ་ནི་བྱང་སེམས་ཀྱི་སྡོམ་པ་དང་གཞི་མཐུན་པ་ཡོད་དོ། །དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། ཕྱིན་དྲུག་ལ་སོགས་པའི་དགེ་བ་ལ་དམིགས་ནས་རང་རྒྱུད་ལ་མ་སྐྱེས་པ་དེ་སྐྱེད་ཅིང་སྐྱེས་ཟིན་མི་ཉམས་པ་དང་གོང་ནས་གོང་དུ་སྤེལ་བར་བྱེད་པའོ། །སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། ཚུལ་ཁྲིམས་ཀྱི་སྒོ་ནས་སེམས་ཅན་གྱི་འདི་དང་ཕྱི་མའི་དོན་ཁ་ན་མ་ཐོ་བ་མེད་པར་ཇི་ལྟར་རིགས་པར་སྒྲུབ་པའོ། །གསུམ་པ་ནི། ཚུལ་ཁྲིམས་དག་པ་ནི་འཇུག་ལྡོག་ལ་ཇི་ལྟར་བཅས་པ་ལྟར་ལག་ཏུ་ལེན་པ་ལ་རག་ལས་ལ། དེ་ཡང་སྲུང་འདོད་ཤུགས་དྲག་ཅིང་བརྟན་པའི་རྗེས་སུ་བྱེད་ལ། དེ་སྐྱེ་བ་ལ་མ་བསྲུངས་པའི་ཉེས་དམིགས་དང་བསྲུངས་བའི་ཕན་ཡོན་རིང་དུ་སྒོམ་དགོས་སོ། །དེ་ནི་སྔར་སྐྱེས་བུ་འབྲིང་གི་སྐབས་སུ་བཤད་ལ།

གཞན་ཡང་ཕར་ཕྱིན་བསྡུས་པ་ལས།
།ཚུལ་ཁྲིམས་ཉམས་པས་རང་དོན་མི་ནུས་ན། །གཞན་དོན་ཚུལ་ལ་མཐུ་ཡོད་ག་ལས་འོང༌།
།དེ་ཕྱིར་གཞན་དོན་ལེགས་པར་བརྩོན་པ་ཡིས། །འདི་ལ་རིམ་གྲོ་གློད་པར་རིགས་པ་མིན།

ཞེས་དང༌།

།ཚུལ་ཁྲིམས་དེ་ནི་ཁྱད་པར་ཐོབ་པའི་ལམ། །སྙིང་རྗེའི་ངང་ཅན་རྣམས་དང་མཉམ་པར་སྒྲུབ།
།ཡེ་ཤེས་གཙང་མ་ཕུལ་གྱི་རང་བཞིན་ཏེ། །སྐྱོན་བྲལ་རྒྱན་དུ་འགྱུར་བའི་མཆོག་ཅེས་བྱ།
།ཁམས་གསུམ་ཀུན་ཏུ་ཡིད་འོང་དྲི་བསུང་སྟེ། །རབ་ཏུ་བྱུང་དང་མི་འགལ་བྱུག་པ་ཡིན།
།ཆ་ལུགས་མཐུན་ཡང་ཚུལ་ཁྲིམས་ལྡན་གྱུར་ན། །མི་ཡི་ནང་ན་དེ་ནི་འཕགས་པར་འགྱུར།

ཞེས་འདི་ལ་བརྟེན་ནས་རྒྱུད་གོང་ནས་གོང་དུ་འགྲོ་བ་དང༌། སྙིང་རྗེའི་ངང་ཅན་སེམས་དཔའ་ཆེན་པོ་རྣམས་དང་བསླབ་པ་མཚུངས་པར་འགྱུར་བ་དང༌། ཉེས་སྤྱོད་ཀྱི་ས་བོན་ཐམས་ཅད་སྤངས་པའི་ཡེ་ཤེས་གཙང་མ་འཐོབ་པ་དང༌། རྒྱན་གཞན་ནི་ཧ་ཅང་གཞོན་བ་དང་རྒན་པ་ལ་མི་མཛེས་ཀྱང༌། ཚུལ་ཁྲིམས་ཀྱི་རྒྱན་ནི་རྒན་གཞོན་བར་མ་སུ་ལ་ལྡན་ཡང་ཐམས་ཅད་དགའ་བ་སྐྱེད་པས་རྒྱན་མཆོག་དང༌། དྲི་བཟང་པོ་གཞན་ནི་རྫི་ཕྱོགས་སུ་འགྲོ་ཡང་རྫི་ཕྱོགས་མིན་པར་མི་འགྲོ་བས་ཕྱོགས་རེ་བ་ཡིན་ལ། ཚུལ་ཁྲིམས་ཀྱི་གྲགས་བའི་དྲི་ནི་ཕྱོགས་ཐམས་ཅད་ལ་འགྲོ་བ་དང༌། ཚ་གདུང་སེལ་བའི་ཙནྡན་སོགས་ཀྱི་ལྡེ་གུའི་བྱུག་པ་ནི་རབ་བྱུང་ལ་འགལ་ཡང༌། ཉོན་མོངས་ཀྱི་ཚ་གདུང་སྐྱོབ་བའི་བྱུག་པ་ནི་རབ་བྱུང་ལ་མི་འགལ་ཞིང་མཐུན་པ་དང༌། རབ་བྱུང་གི་རྟགས་ཙམ་ལྡན་པར་འདྲ་ཡང་ཚུལ་ཁྲིམས་ཀྱི་ནོར་དང་ལྡན་པ་ནི་གཞན་ལས་ཕུལ་དུ་བྱུང་བར་གསུངས་སོ།

།ཡང་དེ་ཉིད་ལས།
།ཚིག་ཏུ་མ་བརྗོད་ཚེགས་སུ་མ་གྱུར་ཀྱང༌། །ཉམས་སུ་མཁོ་བའི་ལོངས་སྤྱོད་རིམ་གྲོ་འདུ།
།བསྡིགས་པ་མེད་པར་འཇིག་རྟེན་ཀུན་འདུད་དེ། །ཚེགས་མེད་མ་བསྒྲུབས་དབང་ཕྱུག་འཐོབ་པར་འགྱུར།
།བརྗོད་དུ་མ་འོས་རིགས་སུ་འབྱུང་བ་དང༌། །ཕན་ཞིང་དབེན་པ་གང་ཡང་མ་བྱས་ཤིང༌།
།སྔོན་ཆད་མི་བཤེས་སྐྱེ་བོ་ཐམས་ཅད་ཀྱང༌། །ཚུལ་ཁྲིམས་ལྡན་པའི་སྐྱེ་བོ་དེ་ལ་འདུད།
།རྐང་པས་བཀྲ་ཤིས་གྱུར་པའི་རྡུལ་དག་ཀྱང༌། །སྤྱི་གཙུག་དམ་པས་བླངས་ཤིང་ལྷ་དང་མི།
།ཕྱག་འཚལ་མགོས་གཏུགས་ཐོབ་པ་ཀུན་ཏུ་འཁྱེར།

ཞེས་གསུངས་པ་ལྟར་བསམ་པར་བྱའོ།

།དེ་ལྟར་ཚུལ་ཁྲིམས་གསུམ་ཡོད་ཀྱང་སྡོམ་པའི་ཚུལ་ཁྲིམས་སོ་ཐར་གྱི་བཅས་པ་དངོས་སམ་དེ་དང་ཐུན་མོང་བ་ལ་འཇུག་ལྡོག་བྱེད་པ་ཉིད་བྱང་ཆུབ་སེམས་དཔའ་ལ་ཡང་ཐོག་མར་གལ་ཆེ་སྟེ། དེ་བསྲུངས་ན་གཞན་དག་ཀྱང་བསྲུངས་པར་འགྱུར་ལ། དེ་མ་བསྲུངས་ན་གཞན་དག་ཀྱང་མ་བསྲུངས་བར་འགྱུར་བས་བྱང་སེམས་ཀྱི་སྡོམ་པའི་ཚུལ་ཁྲིམས་ཉམས་ན་སྡོམ་པ་ཐམས་ཅད་ཉམས་པ་ཡིན་པར་བསྡུ་བ་ལས་གསུངས་སོ། །དེའི་ཕྱིར་སོ་ཐར་གྱི་སྡོམ་པ་ཉན་ཐོས་ཀྱི་ཡིན་ནོ་སྙམ་དུ་བཟུང་ནས། དེའི་འཇུག་ལྡོག་གི་བཅས་པ་རྣམས་དོར་ཏེ། བྱང་སེམས་ཀྱི་བསླབ་བྱ་གཞན་ཞིག་ལ་སློབ་དགོས་ཟེར་བ་ནི་བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་བསླབ་པའི་གནད་མ་ཟིན་པ་ཡིན་ཏེ། སྡོམ་པའི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཕྱི་མ་གཉིས་ཀྱི་གཞི་དང་གནས་སུ་ལན་དུ་མར་གསུངས་པའི་ཕྱིར་རོ། །སྡོམ་པའི་ཚུལ་ཁྲིམས་ཀྱི་གཙོ་བོ་ཡང་རང་བཞིན་གྱི་ཁ་ན་མ་ཐོ་བ་རྣམས་སྤོང་བ་ཡིན་ལ། རང་བཞིན་རྣམས་ཀྱི་ཡང་ཉེས་དམིགས་ཆེ་བའི་གནད་བསྡུས་པ་ནི་མི་དགེ་བཅུ་སྤོང་ཡིན་པས་དེ་ལ་ཀུན་སློང་ཙམ་ཡང་མི་རྒྱུ་བའི་སྡོམ་སེམས་ཡང་ཡང་བྱ་སྟེ།

ཕར་ཕྱིན་བསྡུས་པ་ལས།
།མཐོ་རིས་ཐར་པའི་བདེ་ལམ་གྱུར་པ་སྟེ། །ལས་ལམ་བཅུ་པོ་འདི་ལས་ཉམས་མི་བྱ།
།འདི་ལ་གནས་པས་འགྲོ་ལ་ཕན་བསམས་པའི། །བསམ་པའི་ཁྱད་པར་འབྲས་བུ་ཡོད་པར་འགྱུར།
།ངག་ལུས་ཡིད་རྣམས་ཡང་དག་བསྡམ་བྱ་བ། །མདོར་བསྡུས་ཚུལ་ཁྲིམས་ཡིན་ཞེས་རྒྱལ་བས་གསུངས།
།ཚུལ་ཁྲིམས་མ་ལུས་འདུ་བའི་གཞི་ཡིན་པས། །དེ་ཕྱིར་འདི་དག་རྣམ་པར་སྦྱང་བར་གྱིས།

ཞེས་སོ། །མདོར་ན་དེ་གཞིར་བྱས་ནས་རང་གིས་གང་ཁས་བླངས་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སློབ་པའི་སྡོམ་སེམས་སོགས་ཡང་ཡང་སྦྱོང་བ་ནི་ཚུལ་ཁྲིམས་ཀྱི་ཉམས་ལེན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་དུ་བྱ་བ་ནི། རང་ཚུལ་ཁྲིམས་ལ་གནས་ནས་གཞན་དེ་ལ་འགོད་པ་ནི་སྦྱིན་པ་ཡིན་ལ། ལྷག་མ་ནི་སྔ་མ་བཞིན་ནོ།

།གསུམ་པ་ལ་གསུམ། བཟོད་པའི་ངོ་བོ། རབ་དབྱེ། རྒྱུད་ལ་སྐྱེད་ཚུལ་ལོ། །དང་པོ་ནི། གནོད་པ་བྱེད་པ་དང་སྡུག་བསྔལ་བྱུང་བས་མི་བརྫི་བར་སེམས་རྣལ་དུ་གནས་པ་དང༌། ཆོས་ལ་མོས་པ་ཤིན་ཏུ་གནས་པའོ། །དེའི་མི་མཐུན་ཕྱོགས་ནི་ཞེ་སྡང་དང༌། སྲོ་ཤི་བ་དང༌། མ་མོས་ཤིང་མི་འདོད་པའོ། །དེ་ལ་བཟོད་པའི་ཕར་ཕྱིན་རྫོགས་པ་ནི། རང་གི་ཁྲོ་བ་སོགས་འགོག་པའི་སེམས་ཀྱི་གོམས་པ་རྫོགས་པ་ཙམ་ཡིན་གྱི། སེམས་ཅན་མི་བསྲུན་པ་དང་བྲལ་བ་ལ་མི་ལྟོས་སོ། །གཉིས་པ་ནི། གཞན་གྱིས་གནོད་པ་བྱས་པ་ལ་ཇི་མི་སྙམ་པ་དང༌། རང་རྒྱུད་ལ་སྡུག་བསྔལ་བྱུང་བ་དང་ལེན་དང༌། ཆོས་ལ་ངེས་སེམས་ཀྱི་བཟོད་པའོ། །གསུམ་པ་ནི། བཟོད་པའི་ཕན་ཡོན་དང་མི་བཟོད་པའི་ཉེས་དམིགས་སྒོམ་དགོས་པས་དང་པོ་ནི། ཕྱི་མ་ལ་དགྲ་ཉུང་བ་དང༌། མཛའ་བོ་དང་མི་འབྱེ་བ་དང༌། བདེ་བ་དང་ཡིད་བདེ་མང་བ་དང༌། འགྱོད་པ་མེད་པར་འཆི་བ་དང༌། ལུས་ཞིག་ནས་ལྷའི་ནང་དུ་སྐྱེ་བར་འགྱུར་རོ། །སྙམ་དུ་སེམས་པ་དང༌།

ཕར་ཕྱིན་བསྡུས་པ་ལས།
།གཞན་དོན་འདོར་བའི་ཡིད་དང་ལྡན་པ་ལ། །ཚུལ་གྱི་དམ་པ་བཟོད་པ་ཡིན་ཞེས་གསུངས།
།འཇིག་རྟེན་ལེགས་པ་ཕུན་སུམ་ཚོགས་པ་དག །ཁྲོ་བའི་སྐྱོན་ལ་བཟོད་པས་ཡོངས་སུ་སྐྱོབ།
།མཐུ་ལྡན་རྣམས་ཀྱི་རྒྱན་གྱི་དམ་པ་སྟེ། །དཀའ་ཐུབ་ཚུལ་འཆང་རྣམས་ལ་སྟོབས་ཀྱི་ཕུལ།
།གནོད་སེམས་འབྲོག་གི་མེ་ལ་ཆུ་ཡི་རྒྱུན། །འདི་དང་གཞན་ལ་གནོད་དགུ་བཟོད་པས་སེལ།
།སྐྱེ་བོ་མཆོག་གི་བཟོད་པའི་གོ་ཆ་ལ། །མི་བསྲུན་སྐྱེ་བོའི་ཚིག་གི་མདའ་རྡུགས་པས།
།དེ་དག་བསྟོད་པའི་མེ་ཏོག་བཟང་གྱུར་ཅིང༌། །གྲགས་པའི་ཕྲེང་བ་ཡིད་དུ་འོང་བར་འགྱུར།

ཞེས་དང༌། ཡོན་ཏན་མཛེས་ལྡན་མཚན་རབ་བརྒྱན་པ་ཡི། །གཟུགས་སྒྲུབ་བཟོ་ཡི་གནས་ཀྱང་བཟོད་པ་ཡིན། ཞེས་གསུངས་པ་ལྟར་ཕན་ཡོན་ལ་ངེས་པ་ཤུགས་དྲག་ལ་བརྟན་པར་མ་རྙེད་བར་དུ་བསྒོམ་མོ།

།གཉིས་པ་ནི། སྤྱོད་འཇུག་ལས།
།བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེར་གཤེགས་མཆོད་ལ་སོགས།
།ལེགས་སྤྱད་གང་ཡིན་དེ་ཀུན་ཡང༌། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད།

ཅེས་གསུངས་པ་སྟེ། འདི་ནི་འཕགས་པ་དཔའ་བོས་མཛད་པ་ཇི་ལྟ་བ་བཞིན་བཀོད་པར་སྣང་ངོ༌། །འཇམ་དཔལ་རྣམ་པར་རོལ་བའི་མདོ་ལས་ནི་བསྐལ་པ་བརྒྱར་བསགས་པའི་དགེ་བ་འཇོམས་པར་གསུངས་སོ། །ཡུལ་ལ་ནི། ཁ་ཅིག་བྱང་སེམས་དགོས་པར་འཆད་ལ། ཁ་ཅིག་ཡུལ་སྤྱི་ལ་བཞེད་པའི་སྔ་མ་ནི།

འཇུག་པ་ལས།
།གང་ཕྱིར་རྒྱལ་སྲས་རྣམས་ལ་ཁྲོས་པ་ཡིས། །སྦྱིན་དང་ཁྲིམས་བྱུང་དགེ་བ་བསྐལ་པ་བརྒྱར།
།བསགས་པ་སྐད་ཅིག་གིས་འཇོམས།

ཞེས་གསུངས་པ་དང་མཐུན་ན། །ཁོང་ཁྲོ་སྐྱེ་བའི་རྟེན་ནི་བྱང་སེམས་ཀྱིས་ཁྲོས་ན་ཡང་དགེ་རྩ་འཇོམས་ན། བྱང་སེམས་མ་ཡིན་པས་བྱང་སེམས་ལ་ཁྲོས་ན་ལྟ་ཅི་སྨོས་པ་དང༌། ཡུལ་དེ་བྱང་སེམས་སུ་ངེས་མ་ངེས་དང་ཁྲོ་བའི་རྒྱུ་མཚན་གྱི་སྐྱོན་མཐོང་བ་བདེན་མི་བདེན་ནི་སྔར་བཤད་པ་ལྟར་གྱི་དགེ་བ་འཇོམས་པ་ལ་འདྲ་བར་འཇུག་འགྲེལ་ལས་གསུངས་སོ། །སྦྱིར་དགེ་རྩ་འཇོམས་པ་ལ་བྱང་སེམས་ལ་ཁྲོས་པ་མི་དགོས་ཏེ།

བསླབ་བཏུས་སུ་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་དྲངས་པ་ལས། དགེ་སློང་གིས་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་སེམས་དང་བས་ཡན་ལག་ཐམས་ཅད་ཀྱིས་ཕྱག་འཚལ་བ་ན། གསེར་གྱི་ས་གཞི་ལ་ཐུག་གི་བར་དུ་ས་ཇི་ཙམ་ནོན་པའི་རྡུལ་ཇི་སྙེད་པ་དེ་སྙེད་ཀྱི་འཁོར་སྒྱུར་གྱི་རྒྱལ་སྲིད་སྟོང་འགྱུར་ལོངས་སྤྱོད་པར་འགྱུར་རོ། །ཞེས་གསུངས་ཤིང༌། ཡང་དགེ་རྩ་དེ་ཚངས་པ་མཚུངས་པར་སྤྱོད་པ་ལ་རྨ་ཕྱུང་བ་དང༌། རྨས་པར་བྱས་ན་འཛད་པར་འགྱུར་རོ། །དེ་བས་ན་འགལ་དུམ་ལའང་མི་ཁྲོ་ན་རྣམ་ཤེས་དང་བཅས་པའི་ལུས་ལ་ལྟ་ཅི་སྨོས། ཞེས་གསུངས་པ་ལྟར་རོ། །དགེ་རྩ་བཅོམ་པའི་དོན་ནི། སྔར་གྱི་དགེ་བ་རྣམས་ཀྱི་འབྲས་བུ་མྱུར་དུ་སྐྱེད་པའི་ནུས་པ་བཅོམ་ནས་འབྲས་བུ་འབྱིན་པ་རྒྱང་བསྲིངས་ཏེ། སྔོན་ལ་ཞེ་སྡང་ལྟ་བུ་དེའི་འབྲས་བུ་འབྱིན་པ་ཡིན་གྱི། ད་གདོད་རྐྱེན་དང་ཕྲད་ན་རང་རང་གི་འབྲས་བུ་མི་འབྱིན་པ་མིན་ཏེ། འཇིག་རྟེན་པའི་ལམ་གང་གིས་ཀྱང་སྤང་བྱའི་ས་བོན་སྤོང་མི་ནུས་ན། ཉོན་མོངས་པས་ས་བོན་སྤོང་མི་སྲིད་པའི་ཕྱིར་རོ། ཞེས་མཁས་པ་འགའ་ཞིག་གསུང་ངོ༌། །རྒྱུ་མཚན་དེ་ནི་མ་ངེས་ཏེ། སོ་སྐྱེས་གཉེན་པོ་སྟོབས་བཞིས་མི་དགེ་བ་སྦྱངས་བའི་དག་པ་ཡང་ས་བོན་སྤངས་པ་མིན་ཡང་ད་གཟོད་རྐྱེན་དང་ཕྲད་ཀྱང་རྣམ་སྨིན་འབྱིན་པ་མི་སྲིད་པར་བྱེད་པའི་ཕྱིར་དང༌། སྦྱོར་ལམ་རྩེ་མོ་དང་བཟོད་པ་ཐོབ་པའི་ཚེ་ལོག་ལྟ་དང་ངན་འགྲོའི་རྒྱུར་གྱུར་པའི་མི་དགེ་བའི་ས་བོན་མ་སྤངས་ཀྱང་རྐྱེན་དང་ཕྲད་ནའང་ལོག་ལྟ་དང་ངན་འགྲོར་སྐྱེ་མི་སྲིད་པའི་ཕྱིར་རོ། །ལས་ཀྱིས་འཁོར་བར་ལྕི་གང་དང༌། ཞེས་གསུངས་པ་ལྟར། དགེ་མི་དགེའི་ལས་གང་སྔོན་ལ་སྨིན་པ་དེས། རེ་ཞིག་ལ་ལས་གཞན་དེ་སྨིན་པའི་གོ་སྐབས་མེད་པ་དང༌། དེ་ཙམ་གྱིས་དགེ་བའམ་མི་དགེ་བ་འཇོམས་པར་གཞག་མི་ནུས་ཤིང་མ་གསུངས་པའི་ཕྱིར། རེ་ཞིག་རྣམ་སྨིན་རྒྱང་བསྲིངས་པ་ཙམ་དགེ་རྩ་བཅོམ་པའི་དོན་དུ་མི་རུང་སྟེ། གཞན་དུ་ན་མི་དགེ་བའི་ལས་སྟོབས་ལྡན་ཐམས་ཅད་དགེ་རྩ་འཇོམས་བྱེད་དུ་གསུང་དགོས་པར་འགྱུར་རོ། །

དེས་ན་འདི་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ནི། སྔར་བཤད་པ་ལྟར་མི་དགེ་བ་སྟོབས་བཞིས་སྦྱངས་པ་དང༌། ལོག་ལྟ་དང་གནོད་སེམས་ཀྱིས་དགེ་རྩ་བཅོམ་པ་གཉིས་ཀ་ས་བོན་ཉམས་པ་རྐྱེན་དང་ཕྲད་ཀྱང་མྱུ་གུ་མི་འབྱུང་བ་ལྟར། ད་གདོད་རྐྱེན་དང་ཕྲད་ཀྱང་འབྲས་བུ་འབྱིན་མི་ནུས་པར་གསུངས་སོ། །དེ་ཡང་སྔར་བཤད་པ་ལྟར་སྡིག་པ་བསགས་པ་སྟོབས་བཞིས་སྦྱངས་པས་འདག་ཀྱང༌། ལམ་གོང་མ་སྐྱེ་བ་བུལ་དུ་སོང་བ་མི་འགལ་བ་ལྟར། ཁ་ཅིག་ལ་སྦྱིན་པ་བཏང་བ་དང་ཚུལ་ཁྲིམས་བསྲུངས་པའི་འབྲས་བུ་ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་འབྱུང་བ་ལྟ་བུ་ཞིག་བཅོམ་ཡང༌། གཏོང་བ་དང་སྤོང་སེམས་ལ་གོམས་པའི་བྱེད་བ་རྒྱུ་མཐུན་གྱིས་སླར་ཡང་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་དགེ་རྩ་སྐྱེ་སླ་བ་འཇོམས་མི་ནུས་པ་དང༌། ཁ་ཅིག་ལ་ནི་ནང་གི་ཚུལ་ཁྲིམས་ལ་སོགས་པའི་བྱེད་པ་རྒྱུ་མཐུན་རིགས་འདྲ་རྒྱུན་ཆགས་སུ་འབྱུང་བ་བཅོམ་ནས། ལུས་ལོངས་སྤྱོད་སོགས་ཕུན་ཚོགས་འབྱུང་བ་མི་འཇོམས་པ་དང༌། ཁ་ཅིག་ལ་སྔར་བཤད་པ་ལྟར་ལུང་བསྟན་ཐོབ་པའི་བྱང་སེམས་ལ་ཁོང་ཁྲོ་མ་སྐྱེས་ན། བསྐལ་པ་གཅིག་གིས་རྫོགས་པར་བགྲོད་ནུས་པའི་ལམ་གྱི་རྟོགས་པ་འགའ་ཞིག་ཁོང་ཁྲོའི་བསམ་པ་གཅིག་སྐྱེས་ན། ལམ་དེ་རྒྱུད་ལ་ཡོད་པ་མ་བཏང་ཡང་བསྐལ་པ་གཅིག་གིས་ལམ་བགྲོད་པ་བུལ་དུ་སོང་བ་ལྟ་བུ་སྟེ། མདོར་ན་མི་དགེ་བ་འདག་པ་ལའང་དེའི་བྱེད་པ་གང་ཡིན་ཐམས་ཅད་འདག་མི་དགོས་པ་དང་འདྲ་བར། དགེ་བ་བཅོམ་པ་ལ་ཡང་དེའི་བྱེད་པ་གང་ཡིན་ཐམས་ཅད་འཇོམས་མི་དགོས་སམ་སྙམ་མོ། །

འོན་ཀྱང་འདི་གལ་ཆེ་ཞིང་སངས་རྒྱས་ཉག་གཅིག་གི་ལུང་དང༌། དེ་ལ་བརྟེན་པའི་རིགས་པ་ལ་བརྟེན་ནས་དཔྱད་དགོས་པ་ཁོ་ནར་སྣང་བས། ལེགས་པར་གསུང་རབ་བལྟས་ལ་དཔྱད་པར་བྱའོ། །དེ་ལྟར་ན་རྣམ་སྨིན་ཡིད་དུ་མི་འོང་བ་ཆེས་དྲག་པ་འཕེན་པ་དང༌། གཞན་གྱི་རྣམ་སྨིན་ཆེས་ཡིད་དུ་འོང་བ་འབྱིན་པ་འགོག་པ་ནི་མ་མཐོང་བའི་ཉེས་དམིགས་སོ། །མཐོང་ཆོས་ཀྱི་ཉེས་དམིགས་ནི། ཡིད་ཞི་ཞིང་དེས་པ་ཉམས་སུ་མི་མྱོང་བ་དང༌། དགའ་བ་དང་བདེ་བ་སྔར་ཡོད་འཇིག་ཅིང་ཕྱི་མ་མི་འཐོབ་པ་དང༌། གཉིད་མི་ཕེབས་ཤིང་སེམས་རྣལ་དུ་མི་གནས་པ་དང༌། ཞེ་སྡང་ཆེ་ན་སྔར་དྲིན་གྱིས་བསྐྱངས་པས་ཀྱང་དྲིན་བརྗེད་ནས་གསོད་པ་དང༌། མཛའ་བཤེས་ཀྱིས་ཀྱང་སུན་ནས་སྤོང་བ་དང༌། སྦྱིན་པས་བསྡུས་ཀྱང་མི་སྡོད་པ་སོགས་སྤྱོད་འཇུག་ལས་གསུངས་སོ།

།ཡང་སྤྱོད་འཇུག་ལས།
།ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད།
།དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ།

ཞེས་གསུངས་པ་ལྟར་ཕན་ཡོན་དང་ཉེས་དམིགས་བསམས་ལ། སྒོ་དུ་མ་ནས་བཟོད་པ་སྒོམ་པ་ལ་འབད་དོ། །རྣམ་སྨིན་ཚབས་ཆེ་བ་དང་དགེ་རྩ་འཇོམས་པ་གཉིས་ཀ་ཚོགས་པའི་ཉེས་སྤྱོད་ནི་ཞེ་སྡང་ཁོ་ནར་མ་ངེས་ཏེ། སྐུར་འདེབས་ཀྱི་ལོག་ལྟ་དང༌། དམ་ཆོས་སྤོང་བ་དང༌། བྱང་སེམས་དང་བླ་མ་སོགས་ལ་ཁྱད་དུ་གསོད་ཅིང་ང་རྒྱལ་སྐྱེད་པ་སོགས་ཏེ། བསླབ་བཏུས་ལས་ཤེས་པར་བྱའོ།

།གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་སྒོམ་ཚུལ་ནི། གནོད་བྱེད་དེས་གནོད་པ་མི་བྱེད་པ་ལ་རང་དབང་ཡོད་མེད་བརྟགས་པ་ན་རང་དབང་ཡོད་བཞིན་དུ་གནོད་པ་བྱས་པ་མ་ཡིན་ཏེ། འདི་ལྟར་སྔོན་གོམས་པའི་ཉོན་མོངས་ཀྱི་ས་བོན་དང་ཚུལ་མིན་ཡིད་བྱེད་སོགས་ཀྱི་རྒྱུ་རྐྱེན་གྱིས་གནོད་པ་བྱེད་འདོད་སྐྱེད་ལ། དེས་ཀྱང་གནོད་པ་བྱེད་པའི་སྦྱོར་བ་རྣམས་སྐྱེད་ཅིང་དེས་གཞན་ལ་སྡུག་བསྔལ་སྐྱེད་པའི་ཕྱིར་ཏེ། ཁོ་ཉིད་ཀྱང་ཉོན་མོངས་ཀྱི་གཞན་དབང་དུ་གྱུར་པས་བྲན་ལྟར་སོང་བའི་ཕྱིར་རོ། །རང་དབང་མེད་པར་གཞན་གྱིས་བསྐུལ་ནས་གནོད་པ་བྱས་པ་ཡིན་ནའང་ཁྲོ་བར་མི་རིགས་ཏེ། དཔེར་ན་གདོན་གྱིས་བརླམས་ནས་དེའི་དབང་དུ་སོང་བ་འགའ་ཞིག །རང་དེ་ལས་ཐར་བར་བྱེད་པའི་ཕན་འདོགས་མཁན་ལ་གནོད་པ་བྱེད་འདོད་ཅིང༌། བརྡེག་པ་སོགས་བྱེད་ཀྱང་འདི་ནི་གདོན་གྱིས་རང་དབང་མེད་པར་བྱས་པས་དེ་ལྟར་བྱེད་དོ་སྙམ་ནས་དེ་ལ་ཅུང་ཟད་ཀྱང་མི་ཁྲོ་བར་གདོན་དེ་དང་ཅི་ཕྲེལ་འཕྲེལ་ལ་འབད་པ་བཞིན་དུ་བྱང་སེམས་ཀྱིས་ཀྱང་དེ་ལྟར་བྱེད་དགོས་པའི་ཕྱིར་ཏེ།

བཞི་བརྒྱ་པ་ལས།
།ཁྲོ་ཡང་འབྱུང་པོས་བཟུང་པ་ལ། །སྨན་པ་འཁྲུག་པ་མིན་དེ་ལྟར།
།ཐུབ་བས་ཉོན་མོངས་དག་གཟིགས་ཀྱི། །ཉོན་མོངས་དང་འབྲེལ་གང་ཟག་མིན།

ཞེས་དང༌། སློབ་དཔོན་ཟླ་བ་གྲགས་པས་ཀྱང༌།
།འདི་འདིར་སེམས་ཅན་སྐྱོན་མིན་གྱི། །འདི་ནི་ཉོན་མོངས་རྣམས་སྐྱོན་ཞེས།
།རྣམ་པར་དཔྱད་ནས་མཁས་པ་རྣམས། །སེམས་ཅན་དག་ལ་འཁྲུག་མི་བྱེད།

ཅེས་གསུངས་པ་ལྟར་རོ། །གཞན་ཡང་གནོད་བྱེད་ཀྱིས་བསྐྱེད་པའི་སྡུག་བསྔལ་མྱོང་བ་ནི། རང་གིས་སྔར་བསགས་པའི་ལས་ངན་གྱི་འབྲས་བུ་མྱོང་བ་ཡིན་ཞིང༌། དེ་ལ་བརྟེན་ནས་ལས་དེ་ཟད་པར་འགྱུར་ལ། དེ་ལ་བཟོད་པ་བསྒོམས་ན་ཕྱི་མར་སྡུག་བསྔལ་མྱོང་བའི་རྒྱུ་གསར་དུ་མི་གསོག་ཅིང༌། ཁྲོས་ན་ནི་དེ་ལས་ཀྱང་ཆེས་ཆེ་བའི་སྡུག་བསྔལ་མྱོང་དགོས་སོ། །དེས་ན་ནད་ཆེན་པོ་གསོ་བའི་ཐབས་སུ་གཏར་སྲེག་བྱེད་པ་བཟོད་པ་ལྟར་སྡུག་བསྔལ་ཆེན་པོ་ལྡོག་པའི་ཕྱིར་དུ་སྡུག་བསྔལ་ཆུང་ངུ་ལ་བཟོད་པར་ཤིན་ཏུ་རིགས་སོ། །

སྡུག་བསྔལ་དང་ལེན་གྱི་བཟོད་པ་སྒོམ་ཚུལ་ནི། སྡུག་བསྔལ་བྱུང་བ་དེ་སླར་བཅོས་སུ་འདུག་ན་ནི་ཡིད་མི་དགའ་པ་བྱ་མི་དགོས་ལ། བཅོས་སུ་མི་རུང་ན་ནི་མི་དགའ་བ་བྱས་ཀྱང་ཕན་བ་མེད་པས་དགོས་ནུས་མེད་ཅིང་ཉེས་དམིགས་ཀྱང་ཡོད་དེ། བཟེ་རེ་ཆེ་ན་སྡུག་བསྔལ་ཕྲ་མོའང་ཤིན་ཏུ་བཟོད་བཀའ་ལ། བཟེ་རེ་ཆུང་ན་སྡུག་བསྔལ་ཆེན་པོ་ཡང་བསྲན་ནུས་པའི་ཕྱིར་རོ། །བློས་སྡུག་བསྔལ་གྱི་ཕྱོགས་འཛིན་ཚུལ་ནི་འདི་ལྟར། སྡུག་བསྔལ་མེད་ན་འཁོར་བ་ལས་ངེས་པར་འབྱུང་འདོད་མི་སྐྱེ་བས། ཐར་པ་ལ་ཡིད་བསྐུལ་བའི་ཡོན་ཏན་དང༌། སྡུག་བསྔལ་གྱིས་ཐེབས་ན་རློམ་པས་མཐོ་བ་འཇིག་པས་དྲེགས་པ་སེལ་བའི་ཡོན་ཏན་དང༌། སྡུག་བསྔལ་གྱི་ཚོར་བ་དྲག་པོ་མྱོང་ན་དེ་མི་དགེ་བ་ལས་བྱུང་བས་འབྲས་བུ་དེ་མི་འདོད་ན་རྒྱུ་ལས་ལྡོག་དགོས་པས་སྡིག་ལ་འཛེམ་པའི་ཡོན་ཏན་དང༌། སྡུག་བསྔལ་གྱིས་གདུངས་པ་ནི་བདེ་བ་འདོད་པས་དེ་དགོས་ན་དགེ་བ་སྒྲུབ་དགོས་པས་དགེ་བ་སྒྲུབ་པ་ལ་དགའ་བའི་ཡོན་ཏན་དང༌། རང་ཉམས་ལ་དཔགས་ནས་གཞན་ཡང་སྡུག་བསྔལ་ལོ་སྙམ་ནས་འཁོར་བ་པ་ལ་སྙིང་རྗེ་སྐྱེ་བ་ཤེས་པར་བྱས་ལ། སྡུག་བསྔལ་འདི་ནི་འདོད་པའི་གནས་སོ་སྙམ་དུ་ཡང་ཡང་བློ་སྦྱང་ངོ༌།

།དེ་ཡང༌།
།གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན།
།དེ་བས་གནོད་པ་ཆུང་གོམས་པས། །གནོད་པ་ཆེན་པོའང་བཟོད་པར་བྱ།

ཞེས་གསུངས་པ་ལྟར་སྡུག་བསྔལ་དང་ལེན་གྱི་བསམ་པའི་གོ་ཆ་བཟུང་ནས་སྡུག་བསྔལ་ཆུང་རིམ་དང་བསྲེས་ཀྱིན་བྱས་ན་སྡུག་བསྔལ་དང་ལེན་སྟོབས་ཇེ་རྒྱས་སུ་འགྱུར་རོ། །ཆོས་ལ་ངེས་སེམས་ལ་མོས་པའི་བཟོད་པ་སྒོམ་ཚུལ་ནི། དང་བའི་ཡུལ་དཀོན་མཆོག་གསུམ་དང༌། མངོན་དུ་བྱ་ཡུལ་བདག་མེད་གཉིས་དང༌། འདོད་པའི་ཡུལ་སངས་རྒྱས་བྱང་སེམས་ཀྱི་མཐུ་ཆེན་པོ་དང༌། བླང་དོར་གྱི་ཡུལ་ལེགས་སྤྱད་ཉེས་སྤྱད་ཀྱི་རྒྱུ་དང༌། དེ་དག་གི་འབྲས་བུ་དང༌། བསྒོམ་པའི་ཡུལ་ཐོབ་བྱའི་དོན་བྱང་ཆུབ་དང༌། དེ་འཐོབ་པའི་ཐབས་བྱང་སེམས་ཀྱི་བསླབ་པའི་ལམ་དང༌། ཐོས་བསམ་གྱི་ཡུལ་གསུང་རབ་ཡན་ལག་བཅུ་གཉིས་སོགས་ཀྱི་དམ་ཆོས་ཏེ། དེ་རྣམས་ལ་ཕྱོགས་རིས་མེད་པར་མོས་པ་སྦྱོང་བའོ།

།བཞི་པ་ལ་གསུམ། བརྩོན་འགྲུས་ཀྱི་ངོ་བོ། རབ་དབྱེ། རྒྱུད་ལ་སྐྱེད་ཚུལ་ལོ། །དང་པོ་ནི། དགེ་བ་བསྡུ་བ་དང༌། སེམས་ཅན་གྱི་དོན་བྱ་བའི་ཕྱིར་དུ་སེམས་མངོན་པར་སྤྲོ་བ་དང༌། དེས་བསླངས་པའི་སྒོ་གསུམ་གྱི་ལས་གཡོ་བ་ལ་བྱང་སར་བཤད་དོ། །གཉིས་པ་ལ་གསུམ་ལས། གོ་ཆའི་བརྩོན་འགྲུས་ནི། བྱང་སེམས་བརྩོན་འགྲུས་རྩོམ་པ་ན་སྦྱོར་བའི་སྔ་རོལ་ནས་སེམས་ཀྱི་སྤྲོ་བ་སྔོན་དུ་འགྲོ་བའི་བསམ་པའི་གོ་ཆ་བསྐལ་ཆེན་གྲངས་མེད་གསུམ་བྱེ་བ་ཕྲག་འབུམ་འགྱུར་གྱིས་སེམས་ཅན་གཅིག་གི་སྡུག་བསྔལ་བསལ་བའི་ཕྱིར་དུ་དམྱལ་བ་ཁོ་ནར་གནས་ནས་སངས་རྒྱས་འཐོབ་པར་འགྱུར་ན་ཡང་སྤྲོ་བར་བྱེད་དེ། རྫོགས་བྱང་གི་ཕྱིར་དུ་བརྩོན་པར་བྱེད་ལ། བརྩོན་འགྲུས་ལ་ཞུགས་པ་ཡང་མི་གཏོང་ན་དུས་ཀྱི་ཡུན་དེ་ལས་ཐུང་བ་དང༌། སྡུག་བསྔལ་ཆེས་ཆུང་བས་ལྟ་ཅི་སྨོས་སྙམ་དུ་བསམ་པའི་གོ་ཆ་གྱོན་པའོ། །དགེ་བའི་ཆོས་སྡུད་པའི་བརྩོན་འགྲུས་ནི། ཕྱིན་དྲུག་འགྲུབ་པར་བྱ་བའི་ཕྱིར་དེ་དག་ལ་སྦྱོར་བའོ། །སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་ནི། སྔར་དང་འདྲའོ། །གསུམ་པ་རྒྱུད་ལ་སྐྱེད་ཚུལ་ནི། བརྩོན་འགྲུས་བརྩམས་པའི་ཕན་ཡོན་ནི།

མདོ་རྒྱན་ལས།
།དགེ་བའི་ཚོགས་ཀྱི་ནང་ན་བརྩོན་འགྲུས་མཆོག །འདི་ལྟར་དེ་ལ་བརྟེན་ནས་དེ་རྗེས་འཐོབ།
།བརྩོན་འགྲུས་ཀྱིས་ནི་མོད་ལ་བདེ་གནས་མཆོག །དངོས་གྲུབ་འཇིག་རྟེན་འདས་དང་འཇིག་རྟེན་གཏོགས།
།བརྩོན་འགྲུས་ཀྱིས་ནི་སྲིད་སྤྱོད་འདོད་པ་འཐོབ། །བརྩོན་འགྲུས་ཀྱིས་ནི་དག་པ་རབ་འགྱུར་ལྡན།
།བརྩོན་འགྲུས་ཀྱིས་ནི་འཇིག་ཚོགས་འདས་ནས་གྲོལ། །བརྩོན་འགྲུས་ཀྱིས་ནི་བྱང་ཆུབ་མཆོག་སངས་རྒྱས།

ཞེས་དང༌། ཕར་ཕྱིན་བསྡུས་པ་ལས་ཀྱང༌།
།ཡོངས་སུ་སྐྱོ་མེད་བརྩོན་འགྲུས་ཆེ་ལྡན་ན། །མི་འཐོབ་མི་འགྲུབ་རྣམ་པ་གང་ཡང་མེད།

ཅེས་དང༌།
།མི་མིན་ཀུན་ཀྱང་དེ་ལ་ཕན་པར་དགའ། །ཏིང་འཛིན་རྣམ་པ་ཀུན་ཀྱང་ཐོབ་པར་འགྱུར།
།ཉིན་མཚན་དུས་རྣམས་འབྲས་བུ་ཡོད་པར་འདའ། །ཡོན་ཏན་ཚོགས་ཀྱིས་དམའ་བར་འགྱུར་བ་མེད།
།མི་ཡི་ཆོས་ལས་འཕགས་པའི་དོན་རྣམས་ཀྱིས། །མེ་ཏོག་ཨུཏྤལ་ལ་བཞིན་རྣམ་པར་འཕེལ།

ཞེས་སོ། །མ་བརྩམས་པའི་ཉེས་དམིགས་ནི།

བློ་གྲོས་རྒྱ་མཚོས་ཞུས་པ་ལས།
།ལེ་ལོ་ཅན་ལ་ནི་བྱང་ཆུབ་ཤིན་ཏུ་རིང་ཞིང་རྣམ་པར་རིང་ངོ༌། །ལེ་ལོ་ཅན་རྣམས་ལ་ནི་སྦྱིན་པ་མེད་པ་ནས་ཤེས་རབ་ཀྱི་བར་དུ་མེད་དོ། །ལེ་ལོ་ཅན་རྣམས་ལ་ནི་གཞན་གྱི་དོན་མེད་དོ།

ཞེས་དང༌། དྲན་པ་ཉེར་གཞག་ལས་ཀྱང༌།
།ཉོན་མོངས་རྣམས་ཀྱི་གཞི་གཅིག་ནི། །ལེ་ལོ་ཡིན་ཏེ་གང་ལ་ཡོད།
།གང་ལ་ལེ་ལོ་གཅིག་ཡོད་པ། །དེ་ལ་ཆོས་ཀུན་མེད་པ་ཡིན།

ཞེས་གསུངས་པ་ལྟར་བསམ་མོ།

།བརྩོན་འགྲུས་སྐྱེད་ཚུལ་དངོས་ཀྱི་འགལ་རྐྱེན་ལ་གཉིས་ཏེ། དགེ་བའི་ཆོས་སྒྲུབ་ནུས་སུ་མཐོང་ཡང་མི་འཇུག་པ་དང༌། བདག་གིས་དེ་འདྲ་སྒྲུབ་ག་ལ་ནུས་སྙམ་སྟེ་ཞུམ་པའོ། །དང་པོ་ལའང་གཉིས་ཏེ། ད་དུང་ལོང་ཡོད་སྙམ་སྟེ་ཕྱི་བཤོལ་བྱེད་པ་དང༌། དེ་མིན་ཡང་བྱ་བ་ངན་པ་རྣམས་ལ་ཆགས་པས་ཟིལ་གྱིས་ནོན་པའོ། །དང་པོའི་གཉེན་པོར་ནི་ལུས་ཐོབ་པ་མྱུར་དུ་འཇིག་པ་དང༌། ཤི་བའི་འོག་ཏུ་ངན་འགྲོར་ལྟུང་བ་དང༌། སླར་ཡང་རྟེན་བཟང་པོ་འདི་རྙེད་དཀའ་བ་གསུམ་སྒོམ་པ་སྟེ་སྔར་བཤད་ཟིན་ཏོ། །ཆགས་པའི་གཉེན་པོར་ནི། དམ་ཆོས་ནི་འདི་ཕྱིར་དགའ་བ་མཐའ་ཡས་པ་འབྱུང་བའི་རྒྱུ་ཡིན་པ་དང༌། དོན་མེད་ཀྱི་ཅལ་ཅོལ་སྨྲ་བ་དང༌། རྒོད་པ་སོགས་ཀྱི་རྣམ་གཡེང་རྣམས་ནི་འདིར་དོན་ཆེན་པོ་ཉམས་པར་བྱེད་པ་དང༌། ཕྱི་མར་སྡུག་བསྔལ་དུ་མ་སྐྱེད་པའི་གནས་སུ་མཐོང་ནས་འགོག་པའོ། །ཞུམ་པ་ལའང་གསུམ་སྟེ། ཐོབ་བྱ་སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་པས། དེ་བདག་གིས་འཐོབ་པར་མི་ནུས་སྙམ་པ་དང༌། ཐབས་རྐང་ལག་གཏོང་བ་སོགས་བྱ་དཀའ་བ་དཔག་ཏུ་མེད་པས། དེ་བདག་གིས་སྒྲུབ་མི་ནུས་སྙམ་པ་དང༌། གནས་འཁོར་བར་སྐྱེ་བ་མཐའ་ཡས་པ་ལེན་དགོས་ལ། དེའི་ཚེ་འཁོར་བའི་སྡུག་བསྔལ་གྱིས་གནོད་པས་སྙམ་དུ་ཞུམ་པའོ། །དང་པོའི་གཉེན་པོར། སྔར་སངས་རྒྱས་པ་རྣམས་ཀྱང་དང་པོ་ནས་ལམ་མཐོན་པོ་ཐོབ་ཟིན་མིན་གྱི། བདག་འདྲ་བ་ཅིག་ཁོ་ན་ལམ་ཇེ་མཐོར་གཤེགས་ཏེ་སངས་རྒྱས་པ་ཡིན་ཞིང༌། བཅོམ་ལྡན་འདས་ཀྱིས་ཀྱང༌། བདག་ལས་ཆེས་དམན་པ་རྣམས་ཀྱིས་ཀྱང་སངས་རྒྱས་འཐོབ་པར་གསུངས་པས། བདག་གིས་ཀྱང་བརྩོན་པ་མ་བཏང་ན་ཅིའི་ཕྱིར་མི་འཐོབ་སྙམ་དུ་བསམ་མོ། །གཉིས་པའི་གཉེན་པོར་ལུས་ལ་སོགས་པ་གཏོང་བ་ཡང༌། བྱ་དཀའ་བའི་འདུ་ཤེས་སྐྱེ་བའི་རིང་ལ་མི་གཏོང་ལ། གཏོང་བའི་ཚེ་ཚོད་མ་སོགས་སྟེར་བ་དང་འདྲ་བར་མི་དཀའ་བས་སོ་སྙམ་དུ་བསམ་མོ། །གསུམ་པའི་གཉེན་པོར་ནི། བྱང་སེམས་ཀྱིས་སྡིག་པ་སྦངས་པས། དེའི་འབྲས་བུ་ཚོར་བ་སྡུག་བསྔལ་མི་འབྱུང་ལ། འཁོར་བ་རང་བཞིན་མེད་པ་སྒྱུ་མ་ལྟར་རྟོགས་པ་བརྟན་པས། སེམས་ལ་སྡུག་བསྔལ་མེད་ཅིང་ལུས་སེམས་བདེ་བས་རྒྱས་ན་འཁོར་བར་སྡོད་ཀྱང་སྐྱོ་དོན་མེད་སྙམ་དུ་བསམས་ནས་ཞུམ་པ་འགོག་པའོ། །བརྩོན་འགྲུས་ཀྱི་མཐུན་རྐྱེན་བསྟེན་པ་ལ་བཞི་ལས། མོས་པའི་སྟོབས་ནི། ལས་འབྲས་བསྒོམས་ཏེ་འདོར་ལེན་བྱེད་པ་ལ་འདུན་པ་བསྐྱེད་པའོ། །བརྟན་བའི་སྟོབས་ནི། མ་བརྟགས་པར་ཅི་རུང་རུང་དུ་མི་འཇུག་ལ། བརྟགས་ནས་ཞུགས་པ་དེ་མཐར་འབྱིན་པའོ། །དགའ་བའི་སྟོབས་ནི། བྱིས་བ་རྩེད་མོ་ལ་འཇུག་པ་ལྟར་འཕྲོ་མི་གཅོད་པར་ངོམས་པ་མེད་པར་བརྩོན་འགྲུས་རྩོམ་པའོ། །དོར་བའི་སྟོབས་ནི། བརྩོན་འགྲུས་བརྩམས་པས་ལུས་སེམས་དུབ་པ་ན་ངལ་བསོས་ཏེ་ཡང་སོས་མ་ཐག་ནས་རྩོམ་པའོ། །དེ་ལྟར་འགལ་རྐྱེན་འགོག་པ་དང་མཐུན་རྐྱེན་བསྟེན་པ་ལ་བརྟེན་ནས་ལུས་སེམས་ལྡང་བ་ཡང་བ་ཤིང་བལ་གྱི་འདབ་མ་རླུང་གིས་བསྐྱོད་པ་ལྟར་སོང་སོང་གི་བར་དུ་བརྩོན་འགྲུས་རྩོམ་མོ། །བརྩན་འགྲུས་ལ་སློབ་པའི་ཚེ་ཕར་ཕྱིན་དྲུག་ལྡན་དུ་བྱ་བ་ནི། །རང་བརྩོན་འགྲུས་ལ་གནས་ནས་གཞན་དེ་ལ་འགོད་པ་ནི་བརྩོན་འགྲུས་ཀྱི་སྦྱིན་པ་ཡིན་ལ། ལྷག་མ་སྔ་མ་བཞིན་ནོ།

།ལྔ་པ་ལ་གསུམ། བསམ་གཏན་གྱི་ངོ་བོ། རབ་དབྱེ། རྒྱུད་ལ་སྐྱེད་ཚུལ་ལོ། །དང་པོ་ནི། སེམས་དགེ་བའི་དམིགས་པ་གང་ཡང་རུང་ཞིག་ལ་རྩེ་གཅིག་ཏུ་གནས་པའོ། །གཉིས་པ་ནི། ངོ་བོའི་སྒོ་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་དང༌། ཕྱོགས་ཀྱི་སྒོ་ནས། ཞི་གནས་དང༌། ལྷག་མཐོང་དང༌། དེ་གཉིས་ཟུང་འབྲེལ་གྱི་ཕྱོགས་གསུམ་དང༌། བྱེད་ལས་ཀྱིས་ཕྱེ་ན། ཚེ་འདི་ལ་ལུས་སེམས་བདེ་བར་གནས་པར་བྱེད་བ་དང༌། ཡོན་ཏན་མངོན་པར་སྒྲུབ་པ་དང༌། སེམས་ཅན་གྱི་དོན་བྱེད་བའི་བསམ་གཏན་ནོ། །དང་བོ་ནི། གང་ལ་མཉམ་པར་བཞག་ན་ལུས་སེམས་ཤིན་ཏུ་སྦྱངས་བ་སྐྱེད་པའི་བསམ་གཏན་ནོ། །གཉིས་པ་ནི། མངོན་ཤེས། རྣམ་ཐར། ཟད་པར། ཟིལ་གནོན་སོགས། ཉན་ཐོས་དང་ཐུན་མོང་བའི་ཡོན་ཏན་སྒྲུབ་པའི་བསམ་གཏན་ནོ། །གསུམ་བ་ནི། བསམ་གཏན་གྱིས་དོན་བྱ་བ་བཅུ་གཅིག་གི་དོན་རྣམས་སྒྲུབ་པའི་བསམ་གཏན་ནོ། །གསུམ་པ་ནི། བསམ་གཏན་བསྒོམས་པའི་ཕན་ཡོན་དང༌། མ་བསྒོམས་པའི་ཉེས་དམིགས་སེམས་བ་སོགས་ཏེ། ཞི་གནས་ཀྱི་སྐབས་སུ་འཆད་པར་འགྱུར་རོ། །བསམ་གཏན་ལ་ཕར་ཕྱིན་དྲུག་ལྡན་དུ་སློབ་བའི་སྦྱིན་པ་ནི་རང་བསམ་གཏན་ལ་གནས་ནས་གཞན་དེ་ལ་འགོད་བ་ཡིན་ལ། ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །དྲུག་པ་ལ་གསུམ། ཤེས་རབ་ཀྱི་ངོ་བོ། རབ་དབྱེ། རྒྱུད་ལ་སྐྱེད་ཚུལ་ལོ། །དང་བོ་ནི། སྤྱིར་ཤེས་རབ་ནི་བརྟགས་པའི་དངོས་པོ་ལ་ཆོས་རབ་ཏུ་རྣམ་པར་འབྱེད་བྱེད་ཡིན་ལ། འདིར་ནི་རིག་པའི་གནས་ལྔ་ལ་མཁས་པ་སོགས་ཀྱི་ཤེས་རབ་བོ། །གཉིས་པ་ནི། །དོན་དམ་རྟོགས་པ་དང༌། ཀུན་རྫོབ་རྟོགས་པ་དང༌། སེམས་ཅན་གྱི་དོན་བྱ་བ་རྟོགས་པའི་ཤེས་རབ་གསུམ་མོ། །དང་པོ་ནི། བདག་མེད་ཀྱི་དེ་ཁོ་ན་ཉིད་དོན་སྤྱིའི་སྒོ་ནས་འཇལ་བ་དང༌། མངོན་དུ་གྱུར་པའི་སྒོ་ནས་འཇལ་བའོ། །གཉིས་པ་ནི། རིག་པའི་གནས་ལྔ་ལ་མཁས་པའི་ཤེས་རབ་བོ། །གསུམ་པ་ནི། སེམས་ཅན་གྱི་འདི་ཕྱིའི་དོན་ཁ་ན་མ་ཐོ་བ་མེད་པར་སྒྲུབ་ཚུལ་ཤེས་པའོ། །གསུམ་པ་ནི་ཤེས་རབ་བསྐྱེད་མ་བསྐྱེད་ཀྱི་ཕན་ཡོན་དང་ཉེས་དམིགས་སེམས་པ་ཡིན་ལ། དང་པོ་ནི།

ཤེས་རབ་བརྒྱ་པ་ལས།
།མཐོང་དང་མ་མཐོང་ཡོན་ཏན་འདི། །ཀུན་གྱི་རྩ་བ་ཤེས་རབ་ཡིན།
།དེ་ལྟར་གཉིས་ཀ་བསྒྲུབ་པའི་ཕྱིར། །ཤེས་རབ་ཡོངས་སུ་གཟུང་བར་བྱ།

ཞེས་སོགས་བྱང་ཆུབ་སེམས་དཔས་སློང་བ་པོ་ལ་ཤ་བྱིན་ཡང༌། སྨན་གྱི་སྡོང་བོ་ལས་བླངས་པ་ལྟར་ང་རྒྱལ་དང་ཞུམ་པ་སོགས་ཀྱི་རྣམ་རྟོག་གིས་མི་འགྱུར་བ་ནི། ཤེས་རབ་ཀྱིས་དེ་ཁོ་ན་ཉིད་མངོན་དུ་གྱུར་བ་ལས་ཡིན་ལ། སྲིད་ཞིའི་རྒུད་པ་མཐོང་བའི་ཤེས་རབ་ཀྱིས། ཚུལ་ཁྲིམས་གཞན་དོན་དུ་བསྒྲུབས་པས། ཚུལ་ཁྲིམས་དག་པར་བྱེད་པ་དང༌། མི་བཟོད་པ་དང་བཟོད་པའི་སྐྱོན་ཡོན་ཤེས་རབ་ཀྱིས་རྟོགས་ནས་སེམས་བཏུལ་བས། ལོག་སྒྲུབ་དང་སྡུག་བསྔལ་གྱིས་མི་འཕྲོགས་པ་དང༌། ཤེས་རབ་ཀྱིས་བརྩོན་འགྲུས་རྩོམ་པའི་གཞི་ལེགས་པར་ཤེས་ནས་དེ་ལ་བརྩོན་པས་ལམ་གྱི་ས་ཆོད་ཆེ་བ་དང༌། དེ་ཁོ་ན་ཉིད་ཀྱི་དོན་ལ་གནས་པའི་བསམ་གཏན་གྱི་དགའ་བདེ་མཆོག་ནི་རིགས་པའི་ཚུལ་ལ་བརྟེན་པའི་ཤེས་རབ་ཀྱིས་སྒྲུབ་པར་བྱེད་པས་སྦྱིན་སོགས་ཕར་ཕྱིན་དང་པོ་ལྔ་ཡོངས་སུ་དག་པར་བྱེད་པ་ནི་ཤེས་རབ་ལ་རག་ལས་སོ། །

འགལ་བར་སྣང་བའི་ཡོན་ཏན་གཉིས་ཤེས་རབ་དང་ལྡན་པས་མི་འགལ་བར་སྒྲུབ་པ་ནི། བྱང་སེམས་གླིང་བཞི་ལ་དབང་བའི་འཁོར་སྒྱུར་གྱི་རྒྱལ་པོར་གྱུར་པ་ན་འདོད་ཡོན་གྱི་དབང་དུ་མི་འགྲོ་བ་ནི། ཤེས་རབ་ཀྱི་བློན་པོ་དང་ལྡན་བའི་མཐུ་ཡིན་ལ། དེ་བཞིན་དུ་སེམས་ཅན་ཡིད་འོང་དུ་མཐོང་བའི་བྱམས་པ་ཤུགས་དྲག་ཀྱང༌། འདོད་ཆགས་ཅུང་ཟད་ཀྱང་མི་འདྲེ་བ་དང༌། སེམས་ཅན་གྱི་སྡུག་བསྔལ་ལ་མི་བཟོད་པའི་སྙིང་རྗེ་ཤུགས་དྲག་ལ་རྒྱུན་རིང་བ་ཡོད་ཀྱང༌། མྱ་ངན་གྱིས་ནོན་ནས་དགེ་བ་ལ་མི་སྤྲོ་བའི་ལེ་ལོ་མེད་པ་དང༌། དགའ་བ་ཚད་མེད་དང་ལྡན་ཡང༌། སེམས་དམིགས་པ་ལས་གཡེང་བའི་ཡ་ཡ་བོ་མེད་པ་དང༌། བཏང་སྙོམས་ཆེན་པོ་དང་རྒྱུན་དུ་ལྡན་ཡང༌། འགྲོ་བའི་དོན་ལ་སྐད་ཅིག་ཀྱང་མི་གཡེལ་བ་ནི་ཤེས་རབ་ཀྱིས་བྱེད་དེ། དེ་དག་སྟོབས་མཚུངས་སུ་སྒྲུབ་པའི་གེགས་ཤེས་རབ་ཀྱིས་འགོག་པའི་ཕྱིར་རོ།

།བསྔགས་འོས་བསྔགས་བསྟོད་ལས།
།ཆོས་ཉིད་འདོར་བར་མི་མཛད་ལ། །ཀུན་རྫོབ་དང་ཡང་རྗེས་སུ་མཐུན།

ཞེས་གསུངས་པ་ལྟར། མཚན་འཛིན་གྱི་དམིགས་གཏད་བྱ་ས་རྡུལ་ཙམ་ཡང་མ་གྲུབ་པ་ལ་ངེས་པ་ཆེན་པོ་རྙེད་པའི་ཆོས་ཉིད་འདོར་མི་དགོས་པ་དང༌། ཕྱི་ནང་གི་རྒྱུ་རྐྱེན་ལས་འབྲས་བུ་སོ་སོར་འབྱུང་བ་ལ་ངེས་བ་གཏིང་ཐག་བ་ནས་རྙེད་པའི་ཀུན་རྫོབ་དང་ཡང་མི་འགལ་ཞིང་རྗེས་སུ་མཐུན་པ། བློའི་མཐུ་མེད་པ་ལ་ཆེས་ཤིན་ཏུ་འགལ་བ་ཡང༌། ཤེས་རབ་ཅན་ལ་མི་འགལ་ཞིང་མཐུན་པ་དང༌།

ཡང་དེ་ཉིད་ལས།
།གནང་བ་དང་ནི་བཀག་པ་ལ། །ཁྱོད་བཀའ་ལ་ལར་གཅིག་ཏུ་ངེས།
།ལ་ལར་ངེས་པ་མ་ལགས་ལ། །ཕན་ཚུན་འགལ་བའང་མ་མཆིས་སོ།

ཞེས་གསུངས་པ་ལྟར།
ཐེག་པ་གོང་འོག་དང༌། མདོ་སྔགས་གཉིས་ལ་གནང་བཀག་མི་འདྲ་བ་མང་དུ་ཡོད་པ་དང༌། དེ་རྣམས་གང་ཟག་གཅིག་གིས་ཉམས་སུ་ལེན་པ་གཉིས་གསུང་རབ་རབ་འབྱམས་ཀྱི་དགོངས་པ་འཚོལ་བ་ལ། བློའི་མཐུ་མེད་པ་ལ་འགལ་ཡང༌། མཁས་པ་ལ་མི་འགལ་བ་ཡང་ཤེས་རབ་ཀྱིས་བྱེད་བ་ཡིན་ནོ།

།ཉེས་དམིགས་ནི། ཤེས་རབ་དང་བྲལ་ན་སྦྱིན་སོགས་ལྔ་དང༌ལྟ་བ་དག་པར་མི་འགྱུར་བ་ནི།

ཕར་ཕྱིན་བསྡུས་པ་ལས།
།ཤེས་རབ་མེད་ན་འབྲས་བུ་དོན་གཉེར་ལ། །སྦྱིན་པ་བདག་ཉིད་རྣམ་པར་དག་མི་འགྱུར།
།གཞན་དོན་བཏང་བ་སྦྱིན་པའི་མཆོག་ཅེས་གསུངས། །ལྷག་མ་ནོར་སྤེལ་དོན་གྱི་སྦྱོར་བ་ཡིན།

ཞེས་དང༌།
།ཤེས་རབ་སྣང་བས་མུན་པ་མ་བསལ་ན། །ཚུལ་ཁྲིམས་དག་དང་ལྡན་པར་དེ་མི་འགྱུར།
།ཕལ་ཆེར་ཤེས་རབ་མེད་པས་ཚུལ་ཁྲིམས་དག །ཤེས་པའི་སྐྱོན་གྱིས་ཉོན་མོངས་རྙོག་བཅས་འགྱུར།

ཞེས་དང༌།
།ཤེས་རབ་ལོག་པའི་སྐྱོན་གྱིས་སེམས་བརྙོགས་ན། །བཟོད་པའི་ཡོན་ཏན་དེ་ལ་གནས་མི་མོས།
།ལེགས་ཉེས་རྟོག་ལ་མི་དགའི་ཚུལ་འཆང་ཞིང༌། །ཡོན་ཏན་མེད་པའི་རྒྱལ་ལ་གྲགས་པ་བཞིན།

ཞེས་དང༌།
།མཁས་པ་རྣམས་ལ་ཕུལ་དུ་བསྔགས་གྱུར་ཅིང༌། །དེ་ལས་ཕྲ་ཞིང་ཟབ་པ་གཞན་མེད་པ།
།འདོད་པའི་སྐྱོན་གྱིས་ཡོངས་སུ་མ་བསྒྲིབས་པའི། །ཡིད་ལམ་དྲང་པོར་ཤེས་རབ་མེད་མི་འགྲོ༌།

ཞེས་དང༌།
།ཤེས་རབ་ཚུལ་ལ་བརྩོན་མེད་བློ་འཆང་ན། །དེ་ཡི་ལྟ་བ་ཡོངས་སུ་དག་མི་འགྱུར།

ཞེས་སོ། །དེ་ལ་རྒྱལ་ལ་གྲགས་པ་ནི། ཡོན་ཏན་མེད་པའི་རྒྱལ་པོ་ལ་གྲགས་པ་ལན་ཅིག་བྱུང་ཡང་ཉམས་ནས་འགྲོ་བའོ། །

དེས་ན་ཤེས་རབ་སྐྱེད་དགོས་ལ། དེའི་རྒྱུ་ཡང་རྣམ་པར་དག་པའི་གཞུང་ལ་བློ་ནུས་དང་བསྟུན་ནས་ཐོས་པ་བྱེད་བ་སྟེ།

ཕར་ཕྱིན་བསྡུས་པ་ལས།
།ཐོས་ཉུང་དམུས་ལོང་སྒོམ་པའི་ཚུལ་མི་ཤེས། །དེ་མེད་དེས་ཀོ་ཅི་ཞིག་བསམ་པར་བྱ།
།དེ་བས་ཐོས་ལ་བརྩོན་བྱ་དེ་རྒྱུ་ལས། །བསམ་བཞིན་བསྒོམས་པས་ཤེས་རབ་ཡངས་པ་འབྱུང༌།

ཞེས་སོ། ། རྗེ་བཙུན་བྱམས་པས་ཀྱང༌།
།འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད།
།སེར་སྣ་ལ་སོགས་རྣམ་རྟོག་གང༌། །དེ་ནི་ཉོན་མོངས་སྒྲིབ་བར་འདོད།
།ཤེས་རབ་ལས་གཞན་འདི་དག་ནི། །སྤོང་རྒྱུ་གཞན་མེད་དེ་ཡི་ཕྱིར།
།ཤེས་རབ་མཆོག་ཡིན་དེ་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག

ཅེས་གསུངས་སོ། །བསླབ་བཏུས་ལས་ཀྱང༌།
།བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་གནས་པར་བྱ།
།མཉམ་པར་བཞག་ལ་བརྩོན་བྱ་ཞིང༌།

ཞེས་སོ། །དམ་པ་སྔ་མ་རྣམས་ཀྱི་ཞལ་ནས་ཀྱང༌།
སྔར་ཐོས་པའི་ཆོས་རྣམས་བློ་ལ་རུག་གེ་ཡོད་པར་བྱས་ལ། ཡང་དང་ཡང་དུ་སེམས་པར་བྱེད། འཇལ་པར་བྱེད། རྟོག་པར་བྱེད་དགོས།

ཆོས་བརྗེད་དུ་བཅུག་ནས་སེམས་འཛིན་རྐྱང་པ་རེ་ལ་སློབ་པ་དེ་ལ་གྲོགས་མེད། སྒོམ་ཆེན་རབ་ལ་སྟོན་པ་རབ། སྒོམ་ཆེན་འབྲིང་ལ་སྟོན་པ་འབྲིང་འོང་བ་ཡིན། ཇི་ཙམ་བསྒོམས་པ་དེ་ཙམ་དུ་ཆོས་ཤེས་པ་ཇེ་ཆེར་འགྲོ་བ་ཞིག་དགོས། དེ་ལྟར་བསམས་པས་ངེས་ཤེས་བརྟན་ན། དགེ་མི་དགེའི་བསམ་པ་ཐམས་ཅད་རྟོག་པ་ཡིན་པས་སྦང་བྱ་ཡིན་ཞེས་སྡིག་གྲོགས་ཀྱིས་ཟེར་བ་ན། ཆོས་ནས་དེ་ལྟར་མ་གསུངས། དགེ་བའི་བཤེས་གཉེན་ཡང་དེ་ལྟར་མི་བཞེད་སྙམ་ནས་ཁོའི་ཁ་ལ་མི་ཉན་པ་ཞིག་འོང༌། དེ་མེད་ན་དད་པ་ནི་བག་རེ་ཡོད། ཤེས་རབ་མེད་པ་དེ་ལ་ངུ་བའི་ཁ་ལ་བལྟས་ན་ངུ་བྲོ། དགོད་པའི་ཁ་ལ་བལྟས་ན་དགོད་བྲོ། ཆུ་སྣ་བཞིན་དུ་ཅི་ཟེར་ལ་བདེན་སྙམ་ནས་གར་ཁྲིད་སར་འགྲོ་གསུང་ངོ༌། །ཤེས་རབ་ལ་སློབ་པའི་ཚེ། ཕར་ཕྱིན་དྲུག་ལྡན་དུ་བྱ་བ་ནི། རང་ཤེས་རབ་ལ་གནས་ནས་གཞན་ཤེས་རབ་ལ་འགོད་པ་ནི་ཤེས་རབ་ཀྱི་སྦྱིན་པ་ཡིན་ལ། ལྷག་མ་ནི་སྔ་མ་བཞིན་ནོ།

གཉིས་པ་ནི། སྦྱིན་པ་ནི། སྔར་ཕར་ཕྱིན་གྱི་སྐབས་སུ་བཤད་པ་དང་འདྲ་ལ། སྙན་སྨྲ་ནི། གདུལ་བྱ་ལ་ཕར་ཕྱིན་རྣམས་སྟོན་པའོ། དོན་སྤྱོད་ནི། ཇི་ལྟར་བསྟན་པའི་དོན་དེ་རྣམས་ལ་གདུལ་བྱ་སྤྱོད་དུ་འཇུག་པའམ། ཡང་དག་པར་ལེན་དུ་འཇུག་པའོ། དོན་མཐུན་ནི། གཞན་རྣམས་དོན་གང་ལ་སྦྱར་བ་དེ་ལ་རང་ཡང་གནས་ནས་དེ་དང་མཐུན་པར་སློབ་པ་སྟེ།

མདོ་སྡེ་རྒྱན་ལས།
།སྤྱིན་མཚུངས་དེ་སྟོན་ལེན་འཇུག་དང༌། །བདག་ཉིད་རྗེས་སུ་འཇུག་རྣམས་ཀྱིས།
།སྙན་པར་སྨྲ་དང་དོན་སྤྱོད་དང༌། །དོན་མཐུན་ཉིད་དུ་འདོད་པ་ཡིན།

ཞེས་སོ། ཅིའི་ཕྱིར་བསྡུ་བཞིར་ངེས་ཤེ་ན། འཁོར་དགེ་བ་ལ་སྦྱར་བའི་ཕྱིར་སྡུད་པ་ལ་ནི་ཐོག་མར་དེ་དགའ་དགོས་ལ། དེ་ཡང་ཟང་ཟིང་གི་སྦྱིན་པ་བྱིན་ནས་ལུས་ལ་ཕན་འདོགས་པ་ལ་ལྟོས་སོ། དེ་ལྟར་དགའ་ནས་ལམ་ལ་འཇུག་པ་ལ་ཐོག་མར་དེས་ཇི་ལྟར་བྱ་ཚུལ་ཤེས་དགོས་ལ། དེ་ཡང་སྙན་པར་སྨྲ་བས་ཆོས་བཤད་པས། མི་ཤེས་པ་དང་ཐེ་ཚོམ་ཟ་བ་དོར་ནས་དོན་ཕྱིན་ཅི་མ་ལོག་པར་འཇིན་དུ་འཇུག་པའི་ཕྱིར་རོ། དེ་ལྟར་ཤེས་པ་ན་དོན་སྤྱོད་པས་དགེ་བ་སྒྲུབ་པ་ལ་འཇུག་པར་བྱེད་ལ། དེ་ཡང་རང་གིས་མ་བསྒྲུབས་ན་གཞན་ལ་འཇུག་ལྡོག་འདི་ལྟར་བྱ་དགོས་སོ་ཞེས་བཤད་པ་ན། ཁྱོད་རང་ཡང་དོན་དེ་མི་སྒྲུབ་ན་གཞན་ལ་དེ་སྒྲུབས་ཞེས་ཅིའི་ཕྱིར་སྨྲ། ཁྱོད་ཀྱང་ད་དུང་གཞན་གྱིས་བཅོས་དགོས་སོ་ཞེས་ཟེར་ནས་སྒྲུབ་ཏུ་མི་ཉན་ལ། རང་གིས་སྒྲུབ་པ་ཞིག་ཡིན་ན་བདག་གང་ལ་བཙུད་པའི་དགེ་བ་དེ་ལ་ཁོང་རང་ཡང་གནས་པར་བྱེད་པས་ན། འདི་བསྒྲུབས་ན་བདག་ལ་ཕན་པ་དང་བདེ་བར་འགྱུར་ངེས་སྙམ་ནས་གསར་དུ་འཇུག་ཅིང༌། ཞུགས་ཟིན་རྣམས་ཀྱང་མི་ལྡོག་པར་བརྟན་པས་དེ་ལ་ནི་དོན་མཐུན་དགོས་སོ། གདུལ་བྱ་ཀུན་གྱི་དོན་ཀུན་འགྲུབ་པ་དང༌། ཐབས་བཟང་ཕོར་སངས་རྒྱས་རྣམས་ཀྱིས་གསུངས་པས་ན། འཁོར་སྡུད་པ་རྣམས་ཀྱིས་འདི་ལ་བརྟེན་དགོས་ཏེ། འཁོར་སྡུད་པ་དང་ལྡན་པ་རྣམས། ཚུལ་འདི་ལ་ནི་ཡང་དག་བརྟེན། ཀུན་གྱི་དོན་ཀུན་འགྲུང་བྱེད་ཅིང༌། ཐབས་བཟང་ཡིན་པར་རབ་ཏུ་བསྔགས། ཞེས་སོ།

དེ་དག་ལ་མཉམ་རྗེས་སུ་ཇི་ལྟར་སྒྲུབ་པའི་ཚུལ་ནི།

ཇོ་བོ་ཆེན་པོས།
།བྱང་ཆུབ་སེམས་དཔའི་སྤྱོད་པ་ནི། །རླབས་ཆེན་ཕ་རོལ་ཕྱིན་དྲུག་སོགས།
།མཉམ་གཞག་ལངས་པའི་རྣལ་འབྱོར་གྱིས། །ཚོགས་ཀྱི་ལམ་འདི་བརྟན་པར་བསྒྲུབ།

ཅེས་གསུངས་པ་ལྟར། རྒྱལ་སྲས་ཀྱི་སྡོམ་པ་བཟུང་བའི་བྱང་སེམས་ལས་དང་པོ་པ་ཚོགས་ཀྱི་ལམ་ལ་གནས་པ་དེས་མཉམ་རྗེས་གང་བྱེད་ཀྱང་ཕྱིན་དྲུག་ལས་མི་འདའ་བས་ཕྱིན་དྲུག་ལ་ལ་མཉམ་གཞག་ཏུ་བསྐྱང་ཞིང༌། ལ་ལ་རྗེས་ཐོབ་ཏུ་བསྐྱང་སྟེ། བསམ་གཏན་གྱི་ངོ་བོ་ཞི་གནས་དང༌། ཤེར་ཕྱིན་གྱི་ངོ་བོ་ལྷག་མཐོང་འགའ་ཞིག་མཉམ་གཞག་ཏུ་བསྒོམ་ལ། ཕར་ཕྱིན་དང་པོ་གསུམ་དང༌། བསམ་གཏན་དང་ཤེས་རབ་ཀྱི་ཆ་འགའ་ཞིག་རྗེས་ཐོབ་ཏུ་བསྐྱང་ངོ༌། བརྩོན་འགྲུས་ནི་མཉམ་རྗེས་གཉིས་ཀར་འོང་ལ་བཟོད་པའི་ཕྱོགས་གཅིག་ཆོས་ཟབ་མོ་ལ་ངེས་པར་སེམས་པ་འགའ་ཞིག་ནི་མཉམ་གཞག་ཏུ་ཡང་འབྱུང་ངོ༌།

ཇོ་བོ་ཆེན་པོས།
།མཉམ་གཞག་ལངས་པའི་དུས་དག་ཏུ། །སྒྱུ་མའི་དཔེ་བརྒྱད་ལྟ་བུར་ནི།
།ཆོས་ཀུན་ལྟ་བ་གོམས་བྱས་པས། །རྗེས་ཀྱི་རྟོག་པ་སྦྱང་བ་དང༌།
།ཐབས་ལ་སློབ་པ་གཙོ་བོར་བྱ། །མཉམ་པར་བཞག་པའི་དུས་དག་ཏུ།
།ཞི་གནས་ལྷག་མཐོང་ཆ་མཉམ་ཞིང༌། །དེ་རྒྱུན་རྟག་ཏུ་གོམས་པར་བྱ།

ཞེས་སོ། དེ་ལྟ་བུའི་སྤྱོད་པ་རྨད་དུ་བྱུང་བ་བྱ་དཀའ་བ་བློ་མ་སྦྱངས་པས་ཐོས་ན་ཡིད་ལ་གདུང་བ་སྐྱེད་པ་རྣམས་ནི། བྱང་སེམས་རྣམས་ཀྱིས་ཀྱང་དང་པོ་ནས་ཉམས་སུ་བཞེས་མི་ནུས་ཀྱང་ཤེས་པར་བྱས་ནས་སྨོན་ཡུལ་ཚུན་ཆད་དུ་གོམས་པར་བྱས་པ་ན། ཕྱིས་ནི་འབད་པ་ལ་མི་ལྟོས་པར་རང་གི་ངང་གིས་འཇུག་པ་འོང་བས་གོམས་པ་གལ་ཆེ་སྟེ། དངོས་སུ་འཇུག་མི་ནུས་པར་མཐོང་ནས་དེ་དག་ལ་བློ་སྦྱོང་བའི་གོམས་པ་ཡང་དོར་ན་ལམ་རྣམ་དག་ལས་ཆེས་ཤིན་ཏུ་འགྱང་བའི་ཕྱིར་ཏེ།

ཡོན་ཏན་མཐའ་ཡས་པར་བསྟོད་པ་ལས།
།གང་ཞིག་ཐོས་པར་གྱུར་ནའང་འཇིག་རྟེན་འདི་ལ་གནོད་པ་སྐྱེ་འགྱུར་དང༌།
།གང་ཡང་ཁྱོད་ཉིད་ཀྱིས་ཀྱང་ཡུན་རིང་སྐུ་ཉམས་བཞེས་པར་མི་སྤྱོད་པའི།
།སྤྱོད་པ་དེ་དག་ཁྱོད་ལ་གོམས་པས་དུས་སུ་རང་གི་ངང་ཉིད་འགྱུར།
།དེ་སླད་ཡོན་ཏན་དག་ནི་ཡོངས་གོམས་མ་བགྱིས་སྤེལ་བར་དཀའ་བ་ལགས།

ཞེས་སོ། དེའི་ཕྱིར་བྱང་སེམས་ཀྱི་སྡོམ་པ་བཟུང་བ་རྣམས་ཀྱིས་ནི་སྤྱོད་པ་ལ་མི་སློབ་པའི་ཐབས་མེད་ལ། འཇུག་སེམས་ཆོ་གས་མ་བཟུང་བ་རྣམས་ཀྱིས་ཀྱང་སློབ་འདོད་སྤྱོད་བ་ལ་འབད་ནས། སྤྱོད་པ་ལ་སྤྲོ་ཤུགས་འཕེལ་བ་ན་སྡོམ་པ་བཟུང་ན་ཤིན་ཏུ་བརྟན་པས་འབད་པར་བྱའོ། སྐྱེས་བུ་ཆེན་པོའི་ལམ་རིམ་ལས་སྨོན་སེམས་སྦྱང་བ་དང་རྒྱལ་སྲས་ཀྱི་སྤྱོད་པ་སྤྱི་ལ་བསླབ་པའི་ལམ་རིམ་བཤད་ཟིན་ཏོ།

ཁྱད་པར་དུ་ཕར་ཕྱིན་ཐ་གཉིས་ལ་བསླབ་པ་ནི།

ཞི་ལྷག་སྒོམ་པའི་ཚུལ་ཏེ། དེ་གཉིས་རིམ་པ་ལྟར་བསམ་གཏན་དང༌། ཤེར་ཕྱིན་གྱིས་བསྡུས་པའི་ཕྱིར་རོ། འདི་ལ་དྲུག །ཞི་ལྷག་བསྒོམ་པའི་ཕན་ཡོན། དེ་གཉིས་ཏིང་ངེ་འཛིན་ཀུན་གྱི་སྡུད་བྱེད་དུ་བསྟན་པ། ཞི་ལྷག་གི་ངོ་བོ། གཉིས་ཀ་སྒོམ་དགོས་པའི་རྒྱུ་མཚན། གོ་རིམ་ངེས་ཚུལ། སོ་སོའི་བསླབ་ཚུལ་ལོ། དང་བོ་ནི། ཐེག་པ་ཆེ་ཆུང་གི་ཡོན་ཏན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར་དགོངས་འགྲེལ་ལས་གསུངས་སོ། ཞི་ལྷག་ནི་བསྒོམས་བྱུང་ཐོབ་པའི་རྒྱུད་ཀྱི་ཡོན་ཏན་མ་ཡིན་ནམ། ཡོན་ཏན་དེ་དག་ཐམས་ཅད་དེ་གཉིས་ཀྱི་འབྲས་བུར་ཇི་ལྟར་འཐད་སྙམ་ན། ཞི་ལྷག་དངོས་ནི་འཆད་པ་ལྟར་དང་བསྒོམས་བྱུང་ཐོབ་པའི་རྒྱུད་ཀྱི་ཡོན་ཏན་ཡིན་པས། ཐེག་པ་ཆེ་ཆུང་གི་ཡོན་ཏན་ཐམས་ཅད་དེ་གཉིས་ཀྱི་འབྲས་བུ་མིན་ཡང༌། དགེ་བའི་དམིགས་པ་ལ་སེམས་རྩེ་གཅིག་པ་ཡན་ཆད་ཀྱི་ཏིང་ངེ་འཛིན་རྣམས་ཞི་གནས་ཀྱི་ཕྱོགས་སུ་འདུ་ལ། ཇི་ལྟ་བའམ་ཇི་སྙེད་པའི་དོན་སོ་སོར་འབྱེད་པའི་ཤེས་རབ་དགེ་བ་རྣམས་ལྷག་མཐོང་གི་ཕྱོགས་སུ་འདུ་བས། དེ་ལ་དགོངས་ནས་ཐེག་པ་གསུམ་གྱི་ཡོན་ཏན་ཐམས་ཅད་ཞི་ལྷག་གི་འབྲས་བུར་གསུངས་པས་འགལ་བ་མེད་དོ།

ཡང་དགོངས་འགྲེལ་ལས།
།སྐྱེ་བ་པོ་ཡིས་ལྷག་མཐོང་དང༌། །ཞི་གནས་གོམས་པར་བྱས་ན་ནི།
།གནས་ངན་ལེན་གྱི་འཆིང་བ་དང༌། །མཚན་མའི་འཆིང་ལས་རྣམ་གྲོལ་འགྱུར།

ཞེས་པའི་དོན། གནས་ངན་ལེན་ནི་ཡུལ་ཅན་ཕྱིན་ཅི་ལོག་གོང་དུ་སྐྱེད་པའི་ནུས་པ་སེམས་རྒྱུད་ལ་གནས་པའི་བག་ཆགས་དང༌། མཚན་མ་ནི་ཡུལ་ཕྱིན་ཅི་ལོག་ལ་ཞེན་པ་སྔ་ཕྱིར་འབྱུང་བ་བག་ཆགས་དེ་གསོ་བ་དང༌། སྔ་མ་ལྷག་མཐོང་དང༌། ཕྱི་མ་ཞི་གནས་ཀྱིས་སྤོང་བར་ཤེར་ཕྱིན་མན་ངག་ཏུ་བཤད་དོ། དེ་དག་ནི་ཞི་ལྷག་གི་ཐ་སྙད་བཏགས་པའི་ཕན་ཡོན་ཡིན་གྱི། ཞི་ལྷག་གི་ཐ་སྙད་མ་བཏགས་ཀྱང་དོན་འདྲ་བ། བསམ་གཏན་དང་ཤེས་རབ་ཀྱི་ཕན་ཡོན་གསུངས་པ་རྣམས་ཀྱང་འདི་གཉིས་ཀྱི་ཕན་ཡོན་དུ་ཤེས་པར་བྱའོ།

གཉིས་བ་ནི། ཐེག་བ་ཆེ་ཆུང་གི་ཏིང་ངེ་འཛིན་མཐའ་ཡས་པ་བཀའ་སྩལ་པ་ཐམས་ཅད་ཀྱང་ཞི་ལྷག་གིས་བསྡུས་པར་དགོངས་འགྲེལ་ལས་གསུངས་པས་ན་ཏིང་ངེ་འཛིན་དོན་དུ་གཉེར་བ་རྣམས་ཀྱིས་གསལ་བའི་དབྱེ་བ་མཐའ་ཡས་པ་རྩད་གཅད་མི་ནུས་པས། ཏིང་ངེ་འཛིན་ཀུན་གྱི་སྤྱི་ཆིངས་ཞི་ལྷག་གི་སྐྱོང་ཚུལ་ལེགས་པར་རྩད་བཅད་དོ།

གསུམ་པ་ལ་ཞི་གནས་ཀྱི་ངོ་བོ་ནི།

དགོངས་འགྲེལ་ལས།
དེ་གཅིག་པུ་དབེན་པར་འདུག་སྟེ་ནང་དུ་ཡང་དག་བཞག་ནས་ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ཉིད་ཡིད་ལ་བྱེད་ཅིང༌། སེམས་གང་གིས་ཡིད་ལ་བྱེད་པའི་སེམས་དེ་ནང་དུ་རྒྱུན་ཆགས་སུ་ཡིད་ལ་བྱེད་བས་ཡིད་ལ་བྱེད་དོ། དེ་ལྟར་ཞུགས་ཤིང་དེ་ལ་ལན་མང་དུ་གནས་པ་དེ་ལ་ལུས་ཤིན་ཏུ་སྦྱངས་པ་དང༌། སེམས་ཤིན་ཏུ་སྦྱངས་པ་འབྱུང་བ་གང་ཡིན་པ་དེ་ནི་ཞི་གནས་ཞེས་བྱ་སྟེ།

ཞེས་གསུང་ལ། དེའི་དོན་སེམས་གཞན་དུ་མི་གཡེང་བར་རྒྱུན་ཆགས་སུ་ཡིད་ལ་བྱས་པས། སེམས་དམིགས་པ་ལ་རང་གི་ངང་གིས་གནས་ཏེ། ལུས་སེམས་ཤིན་ཏུ་སྦྱངས་པའི་དགའ་བདེ་སྐྱེས་པ་ན། ཏིང་ངེ་འཛིན་དེ་ཞི་གནས་སུ་འགྱུར་ཏེ། འདི་ནི་སེམས་དམིགས་པ་ལས་མི་གཡེང་བར་ནང་དུ་བཟུང་བ་ཙམ་ལས་སྐྱེ་བར་འགྱུར་གྱི། དངོས་པོའི་དེ་ཉིད་ཁོང་དུ་ཆུད་པ་ལ་མི་ལྟོས་སོ།

ལྷག་མཐོང་གི་ངོ་བོ་ནི། མདོ་དེ་ཉིད་ལས།
དེ་ལུས་ཤིན་ཏུ་སྦྱངས་པ་དང༌། སེམས་ཤིན་ཏུ་སྦྱངས་པ་དེ་ཐོབ་ནས། དེ་ཉིད་ལ་གནས་ཏེ་སེམས་ཀྱི་རྣམ་པ་སྤངས་ནས། ཇི་ལྟར་བསམས་པའི་ཆོས་དེ་དག་ཉིད་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོག་པར་བྱེད། མོས་པར་བྱེད་དོ། དེ་ལྟར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་དག་ལ་ཤེས་བྱའི་དོན་དེ་རྣམ་པར་འབྱེད་པ་དང༌། རབ་ཏུ་རྣམ་པར་འབྱེད་བ་དང༌། ཡོངས་སུ་རྟོག་པ་དང༌། ཡོངས་སུ་དཔྱོད་པ་དང༌། བཟོད་པ་དང༌། འདོད་པ་དང༌། བྱེ་བྲག་འབྱེད་པ་དང༌། ལྟ་བ་དང༌། རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ།

ཞེས་སོ། དེ་ལ་རྣམ་པར་འབྱེད་པ་ནི་ཇི་སྙེད་པ་དང༌། རབ་ཏུ་རྣམ་པར་འབྱེད་པ་ནི་ཇི་ལྟ་བ་འབྱེད་པ་དང༌། རྟོག་པ་ནི་རྩིང་བར་རྟོག་པ་ཡིན་ལ། དཔྱོད་པ་ནི་ཞིབ་བར་དཔྱོད་པའོ།

དཀོན་མཆོག་སྤྲིན་ལས།
།ཞི་གནས་ནི་སེམས་རྩེ་གཅིག་པའོ། །ལྷག་མཐོང་ནི་སོ་སོར་རྟོག་པའོ།

ཞེས་དང༌། རྗེ་བཙུན་བྱམས་པས་ཀྱང༌།
།ཆོས་ཀྱི་མིང་ནི་བསྡོམས་པའང་འདི། །ཞི་གནས་ལམ་དུ་ཤེས་པར་བྱ།
།ལྷག་མཐོང་ལམ་ནི་དེ་དོན་རྣམས། །རྣམ་པར་དཔྱོད་པར་ཤེས་པར་བྱ།

ཞེས་དང༌།
།ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང༌།
།ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན།

ཞེས་ཡང་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་འཇོག་པ་ཞི་གནས་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ལ་ལྷག་མཐོང་དུ་གསུངས་སོ། །བྱང་ས་ལས་ཀྱང་དེ་བཞིན་དུ་གསུངས་ཤིང༌།

སྒོམ་རིམ་བར་པ་ལས་ཀྱང༌།
།ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ་ཞི་ནས། ནང་དུ་དམིགས་པ་ལ་རྒྱུན་དུ་རང་གི་ངང་གིས་འཇུག་པ་ལ་དགའ་བ་དང༌།
ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཉིད་ལ་གནས་པ་ནི་ཞི་གནས་ཞེས་བྱའོ།

ཞི་གནས་དེ་ཉིད་ལ་གནས་པའི་ཚེ། དེ་ཁོ་ན་ལ་རྣམ་པར་དཔྱོད་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཡིན་ཏེ། ཞེས་དང༌། ཤེར་ཕྱིན་མན་ངག་ལས་ཀྱང་དེ་བཞིན་དུ་བཤད་པས། ས་སྡེ་དང༌། ཤེར་ཕྱིན་མན་ངག་ལས་གསུངས་པ་ལྟར། ཞི་ལྷག་རེ་རེ་ལ་ཡང་ཇི་ལྟ་ཇི་སྙེད་གཉིས་ཀ་ལ་དམིགས་པ་ཡོད་བའི་ཕྱིར། ཞི་ལྷག་གཉིས་དམིགས་ཡུལ་གྱི་སྒོ་ནས་སོ་སོར་མི་ཕྱེད་ཅིང༌། སྟོང་ཉིད་རྟོགས་པའི་ཞི་གནས་ཀྱང་ཡོད་ལ། སྟོང་ཉིད་མ་རྟོགས་པའི་ལྷག་མཐོང་ཡང་ཡོད་དོ། དེ་ཡང་སེམས་ཕྱི་རོལ་གྱི་ཡུལ་ལ་རྒྱུག་པ་ཞི་ནས་ནང་དུ་དམིགས་པ་ལ་གནས་པས་ན་ཞི་གནས་ཞེས་བྱ་ལ། ལྷག་པ་སྟེ་ཁྱད་པར་དུ་མཐོང་བས་ན། ལྷག་མཐོང་ཞེས་བྱའོ། གང་དག་སེམས་མི་རྟོག་པར་གནས་པ་རིག་པའི་གསལ་ཆའི་ངར་མེད་པ་ཞི་གནས་དང༌། གསལ་ཆའི་ངར་ཡོད་པ་ལྷག་མཐོང་དུ་འདོད་པ་ནི་མི་རིགས་ཏེ། སྔར་བཤད་པ་ཐམས་ཅད་དང་འགལ་བའི་ཕྱིར་དང༌། ཁྱད་པར་དེ་ནི་ཏིང་ངེ་འཛིན་བྱིང་བ་ཡོད་མེད་ཀྱི་ཁྱད་པར་ཙམ་ཡིན་པའི་ཕྱིར་ཏེ། ཞི་གནས་ཀྱི་ཏིང་ངེ་འཛིན་ཐམས་ཅད་ལ་ཡང་བྱིང་བ་སངས་པ་ངེས་པར་དགོས་ལ། བྱིང་བ་དང་བྲལ་བའི་ཏིང་ངེ་འཛིན་ཐམས་ཅད་ལ་སེམས་ཀྱི་གསལ་ཆ་ངེས་པར་འོང་པའི་ཕྱིར་རོ། དེས་ན་སྟོང་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་དང་ཤེས་རབ་ཡིན་མིན་ནི། ཡུལ་བདག་མེད་གཉིས་གང་ཡང་རུང་བ་བློ་དེས་རྟོགས་མ་རྟོགས་ཀྱི་སྒོ་ནས་ངོས་གཟུང་དགོས་ཏེ། ཡུལ་དེ་ཁོ་ན་ཉིད་ལ་བློ་ཁ་མ་ཕྱོགས་པའི་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་དཔག་མེད་ཡོད་པའི་ཕྱིར་རོ། འདི་ལྟར་ཡིན་ལུགས་རྟོགས་པའི་ལྟ་བ་མ་རྙེད་ཀྱང་སེམས་ཅིར་ཡང་མི་རྟོག་པར་བཟུང་བས་ཆོག་པ་མངོན་སུམ་གྱིས་འགྲུབ་པས། སྟོང་ཉིད་མ་གོ་ཡང་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་བ་ལ་འགལ་བ་ཅུང་ཟད་ཀྱང་མེད་ལ། དེའི་སྒོ་ནས་སེམས་རིང་དུ་ཟིན་ན་སེམས་ཟིན་པའི་མཐུས་རླུང་ལས་རུང་སྐྱེ་ལ། དེ་སྐྱེས་པ་ན་ལུས་སེམས་ལ་དགའ་བདེ་སྐྱེ་བ་ཆོས་ཉིད་ཡིན་པས་བདེ་བ་སྐྱེ་བ་མི་འགལ་ཞིང༌། དེ་སྐྱེས་པ་ན་དགའ་བདེའི་ཚོར་བ་རྣམ་པ་གསལ་བའི་མཐུས་སེམས་ལ་གསལ་ཆ་འོང་བས་ན། བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་རྟོགས་པར་འཇོག་མི་ནུས་སོ། དེས་ན་སྟོང་ཉིད་རྟོགས་པའི་ཏིང་ངེ་འཛིན་ལ་ཡང་བདེ་གསལ་མི་རྟོག་པ་འོང་ལ། སྟོང་ཉིད་ལ་བློ་ཁ་མ་ཕྱོགས་པའི་ཏིང་ངེ་འཛིན་ལ་ཡང་བདེ་གསལ་མི་རྟོག་པ་འབྱུང་བ་མང་བས། དེ་གཉིས་ཀྱི་ཁྱད་ཕྱེད་དགོས་སོ།

བཞི་པ་ནི། ཅིའི་ཕྱིར་ཞི་གནས་དང་ལྷག་མཐོང་རེ་རེ་བ་བསྒོམས་པས་མི་ཆོག་པར་གཉིས་ཀ་སྒོམ་དགོས་པ་ཡིན་སྙམ་ན། དཔེར་ན་མཚན་མོ་ལོགས་རིས་བལྟ་བའི་དོན་དུ་མར་མེ་སྦར་བ་ན་མར་མེ་ཤིན་ཏུ་གསལ་བ་དང༌། རླུང་གིས་མི་གཡོ་བ་གཉིས་དང་ལྡན་ན་བྲིས་སྐུ་རྣམས་ཤིན་ཏུ་གསལ་བར་མཐོང་ལ། མར་མེ་མི་གསལ་བའམ། གསལ་ཡང་རླུང་གིས་བསྐྱོད་ན་གཟུགས་རྣམས་གསལ་བར་མི་མཐོང་བ་བཞིན་དུ་ཟབ་མོའི་དོན་ལྟ་བ་ལ་ཡང་དེ་ཁོ་ན་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་ངེས་པའི་ཤེས་རབ་དང༌། སེམས་དམིགས་པ་ལ་ཇི་ལྟར་འདོད་པ་བཞིན་དུ་གནས་པའི་མི་གཡོ་བ་གཉིས་དང་ལྡན་ན་དེ་ཁོ་ན་ཉིད་གསལ་བར་མཐོང་གི། སེམས་གཞན་དུ་མི་འཕྲོ་བར་གནས་པའི་མི་རྟོག་པའི་ཏིང་ངེ་འཛིན་ཡོད་ཀྱང༌། ཡིན་ལུགས་རྟོགས་པའི་ཤེས་རབ་མེད་ན་ཏིང་ངེ་འཛིན་ལ་ཇི་ཙམ་གོམས་ཀྱང༌། ཡིན་ལུགས་རྟོགས་པ་མི་སྲིད་ལ། བདག་མེད་ཁོང་དུ་ཆུད་པའི་ལྟ་བ་ཡོད་ཀྱང་སེམས་རྩེ་གཅིག་ཏུ་གནས་པ་བརྟན་པའི་ཏིང་ངེ་འཛིན་མེད་ན། ཡིན་ལུགས་ཀྱི་དོན་གསལ་བར་མཐོང་བ་མི་སྲིད་པའི་ཕྱིར། ཞི་ལྷག་གཉིས་ཀ་དགོས་པ་ཡིན་ཏེ།

སྒོམ་རིམ་བར་བ་ལས།
ཞི་གནས་དང་བྲལ་བའི་ལྷག་མཐོང་འབའ་ཞིག་གིས་ནི་རྣལ་འབྱོར་བའི་སེམས་ཡུལ་ལ་རྣམ་པར་གཡེང་བར་འགྱུར་གྱི། རླུང་གི་ནང་ན་འདུག་པའི་མར་མེ་བཞིན་དུ་བརྟན་པར་མི་འགྱུར་རོ། དེ་བས་ན་ཡེ་ཤེས་ཀྱི་སྣང་བ་ཤིན་ཏུ་གསལ་བ་མི་འབྱུང་སྟེ། དེ་ལྟ་བས་ན་གཉིས་ཀ་འདྲ་བར་བསྟེན་པར་བྱའོ། ཞེས་དང༌། ཞི་གནས་ཀྱི་སྟོབས་ཀྱིས་ནི་མར་མེ་རླུང་མེད་པར་བཞག་པ་བཞིན་དུ་རྣམ་པར་རྟོག་པའི་རླུང་རྣམས་ཀྱིས་སེམས་གཡོ་བར་མི་འགྱུར་རོ། ལྷག་མཐོང་གིས་ནི་ལྟ་བ་ངན་པའི་དྲ་བ་མཐའ་དག་སྤངས་པས་གཞན་དག་གིས་མི་ཕྱེད་དེ།

ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་དུ།
།ཞི་གནས་སྟོབས་ཀྱིས་གཡོ་བ་མེད་བར་འགྱུར། །ལྷག་མཐོང་གིས་ནི་རི་དང་འདྲ་བར་འགྱུར།

ཞེས་གསུངས་པ་ལྟ་བུའོ། ཞེས་སོ།

དེ་ལྟར་སེམས་བྱིང་རྒོད་ཀྱིས་མི་མཉམ་པ་མེད་པའི་ཞི་གནས་ཀྱི་མཉམ་གཞག་དང་ལྡན་པའི་ཤེས་རབ་ཀྱིས་བརྟགས་ན། ཡང་དག་པའི་དོན་ཤེས་པར་འགྱུར་བ་ལ་དགོངས་ནས། ཆོས་ཡང་དག་པར་སྡུད་པ་ལས། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པར་འགྱུར་རོ།

ཞེས་གསུངས་ཏེ། སྒོམ་རིམ་དང་པོ་ལས།
སེམས་ཆུ་བཞིན་དུ་གཡོ་བའི་ཕྱིར་ཞི་གནས་ཀྱི་གཞི་མེད་པར་གནས་པ་མེད་དེ། མཉམ་པར་མ་བཞག་པའི་སེམས་ཀྱིས་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པར་མི་ནུས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བཀའ་སྩལ་ཏོ། ཞེས་སོ།

ཞི་གནས་གྲུབ་ན་བདག་མེད་ལ་ཚུལ་བཞིན་དུ་དཔྱོད་པའི་ཤེས་རབ་ཀྱི་གཡོ་བའི་སྐྱོན་ལྡོག་པར་མ་ཟད། མི་རྟག་པ་དང༌། ལས་འབྲས་དང༌། འཁོར་བའི་ཉེས་དམིགས་དང༌། བྱམས་པ་དང༌། སྙིང་རྗེ་དང༌། བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་སོགས་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་སྒོམ་བྱེད་པ་ཐམས་ཅད་ཀྱང༌། དམིགས་པ་ལ་གཡེང་བའི་སྐྱོན་ལོག་ནས་རང་རང་གི་དམིགས་པ་གང་ཡིན་ལ་གཞན་དུ་མི་གཡེང་པར་འཇུག་པས། དགེ་བ་གང་བྱེད་ཐམས་ཅད་སྟོབས་ཆེ་ལ། ཞི་གནས་མ་རྙེད་པའི་སྔོན་དུ་ནི་ཤས་ཆེར་དམིགས་པ་གཞན་ལ་གཡེང་བས་དགེ་སྦྱོར་བྱས་པ་ཐམས་ཅད་སྟོབས་ཆུང་སྟེ།

སྤྱོད་འཇུག་ལས།
།སེམས་ནི་རྣམ་པར་གཡེང་པའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས།

ཞེས་དང༌།
།བཟླས་བརྗོད་དང་ནི་དཀའ་ཐུབ་སོགས། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང༌།
།སེམས་གཞན་གཡེངས་པས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས།

ཞེས་གསུངས་པ་ལྟར་རོ།

ལྔ་པ་ནི། སྤྱོད་འཇུག་ལས།
།ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇེམས་པར་ཤེས་བྱས་ཏེ།
།ཐོག་མར་ཞི་གནས་བཙལ་བྱ།

ཞེས་གསུངས་པ་ལྟར་སྔོན་ལ་ཞི་གནས་བསྒྲུབས་ནས། དེ་ལ་བརྟེན་ནས་ལྷག་མཐོང་སྒོམ་པ་ཡིན་ནོ། དེ་ལ་འདི་སྙམ་དུ།

སྒོམ་རིམ་དང་པོ་ལས།
།དེའི་དམིགས་པ་ལ་ངེས་པ་མེད་དོ། ཞེས་ཞི་གནས་ཀྱི་དམིགས་པ་ལ་ངེས་པ་མེད་པར་གསུངས་ཤིང༌།
སྔར་བཤད་པ་ལྟར་ཞི་གནས་ཀྱི་དམིགས་པ་ལ་ཆོས་ཅན་དང་ཆོས་ཉིད་གཉིས་ཡོད་པས། དང་པོ་བདག་མེད་པའི་དོན་གོ་བར་བྱས་ནས་དེ་ལ་དམིགས་ཏེ་བསྒོམས་པས། སེམས་གཞན་དུ་མི་གཡེང་བའི་ཞི་གནས་དང༌། སྟོང་ཉིད་ལ་དམིགས་པའི་ལྷག་མཐོང་གཉིས་ཀ་དུས་གཅིག་ཏུ་བསྐྱེད་པས་ཆོག་མོད། ཅིའི་ཕྱིར་སྔོན་ལ་ཞི་གནས་བཙལ་ནས། དེ་ནས་ལྷག་མཐོང་སྒོམ་པར་བྱེད་ཅེ་ན། དེ་ལ་ཞི་གནས་ལྷག་མཐོང་གི་སྔོན་དུ་འགྲོ་ལུགས་ནི། བདག་མེད་རྟོགས་པའི་ལྟ་བའི་གོ་བ་སྐྱེ་བ་ལ་ཞི་གནས་སྔོན་དུ་འགྲོ་མི་དགོས་ཏེ། ཞི་གནས་མེད་པ་ལ་ཡང་ལྟ་བ་སྐྱེ་བ་མཐོང་བའི་ཕྱིར་རོ། ལྟ་བ་དེ་ལ་ཡིད་འགྱུར་བའི་མྱོང་བ་སྐྱེ་བ་ལ་ཡང་ཞི་གནས་སྔོན་དུ་འགྲོ་མི་དགོས་ཏེ། ཞི་གནས་མེད་ཀྱང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་ཡང་དཔྱད་དེ་གོམས་པར་བྱས་པས་ཡིད་འགྱུར་བ་སྐྱེ་བར་མི་འགལ་བའི་ཕྱིར་ཏེ། འགལ་ན་མི་རྟག་པ་དང་འཁོར་བའི་ཉེས་དམིགས་དང་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་ཡང་ཡིད་འགྱུར་བའི་མྱོང་བ་སྐྱེ་བ་ཞི་གནས་ལ་རག་ལས་པར་ཧ་ཅང་ཐལ་བར་འགྱུར་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། འོ་ན་ཞི་གནས་ལྷག་མཐོང་གི་སྔོན་དུ་འགྲོ་ལུགས་དེ་གང་ཡིན་སྙམ་ན། འདིར་ལྷག་མཐོང་སྐྱེད་པ་ནི་སྒོམ་བྱུང་གི་རྟོགས་པ་སྔར་མ་སྐྱེས་པ་གསར་དུ་སྐྱེད་པ་སོ་སྐྱེའི་སྐབས་ཡིན་ཞིང༌། དེ་ལ་ཡང་སྟོང་ཉིད་རྟོགས་པའི་ཡུལ་ཅན་ཁྱད་པར་ཅན་གྱིས་བདག་མེད་སྒོམ་པའི་ཚུལ་འོག་ནས་འཆད་པའི་དམིགས་བསལ་ཅན་མ་གཏོགས་པ། ཕར་ཕྱིན་གྱི་ཐེག་པ་དང་རྒྱུད་སྡེ་འོག་མ་གསུམ་གྱི་སྐབས་སུ་ནི། བདག་མེད་པའི་དོན་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་སྐྱོང་བའི་དཔྱད་སྒོམ་མ་བྱས་པར་ལྷག་མཐོང་བསྒོམས་བྱུང་གི་རྟོགས་པ་མི་སྐྱེ་བས་དཔྱད་སྒོམ་དགོས་སོ། དེ་ལ་ནི་ཞི་གནས་མ་གྲུབ་བའི་སྔོན་དུ་བདག་མེད་པའི་གོ་བ་བཙལ་ནས་དེའི་དོན་ལ་ཡང་ཡང་དཔྱོད་པར་བྱེད་ན་ནི་སྔོན་དུ་ཞི་གནས་མ་གྲུབ་པས་དེ་ལ་བརྟེན་ནས་ཞི་གནས་འགྲུབ་མི་སྲིད་ལ། མི་དཔྱོད་པར་འཇོག་སྒོམ་བྱེད་ན་ནི་དེ་ལ་བརྟེན་ནས་ཞི་གནས་འགྲུབ་ཀྱང༌། ཞི་གནས་ཀྱི་སྐྱོང་ཚུལ་ལས་མ་གཏོགས་པའི་ལྷག་མཐོང་སྐྱོང་ཚུལ་མེད་པས་ཕྱི་ནས་ལྷག་མཐོང་བཙལ་དགོས་བའི་ཕྱིར། ཞི་གནས་སྔོན་དུ་བཙལ་ནས་དེ་ལ་བརྟེན་ནས་ལྷག་མཐོང་སྒོམ་པའི་རིམ་པ་ལས་མ་འདས་སོ།

དེས་ན་ལུགས་འདི་ལ་ལྷག་མཐོང་སྐྱེད་ཚུལ་ནི་སོ་སོར་རྟོག་པའི་དཔྱད་སྒོམ་གྱིས་ཤིན་སྦྱངས་སྐྱེད་པ་ལ་མི་བྱེད་ན། ཞི་གནས་སྔོན་དུ་བཙལ་བ་ལ་བརྟེན་ནས་ལྷག་མཐོང་སྒོམ་པ་ལ་རྒྱུ་མཚན་ཡང་དག་མེད་ལ། རིམ་པ་དེ་ལྟར་སྒོམ་པར་མི་བྱེད་ན་ཡང་ཆེས་མི་རིགས་ཏེ། དགོངས་འགྲེལ་ནས་ཞི་གནས་ཐོབ་པ་ལ་བརྟེན་ནས་ལྷག་མཐོང་སྒོམ་པར་སྔར་ལྟར་གསུངས་ཤིང༌། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། ཞེས་ཕྱིན་དྲུག་གི་བསམ་གཏན་དང༌། ཤེས་རབ་ཀྱི་རིམ་པ་དང་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་ལ་བརྟེན་ནས་ཤེས་རབ་ཀྱི་བསླབ་པ་སྐྱེ་བའི་རིམ་པ་རྣམས་ཞི་གནས་སྔོན་དུ་བསྒོམས་ནས་ལྷག་མཐོང་ཕྱིས་སྒོམ་པའི་རིམ་པ་ཡིན་ལ། བྱང་ས་དང༌། ཉན་ས་ལས་ཀྱང་ཞི་གནས་ལ་བརྟེན་ནས་ལྷག་མཐོང་སྒོམ་པར་གསུངས་ཤིང༌།

དབུ་མ་སྙིང་པོ་དང༌། སྤྱོད་འཇུག་སྒོམ་རིམ་གསུམ། ཡེ་ཤེས་གྲགས་པ། ཤཱནྟི་པ་རྣམས་ཀྱིས་སྔོན་དུ་ཞི་གནས་བཙལ་ནས་ལྷག་མཐོང་བསྒོམ་པར་གསུངས་པའི་ཕྱིར་རོ། དེས་ན་རྒྱ་གར་བའི་སློབ་དཔོན་ཁ་ཅིག་ཞི་གནས་ཟུར་དུ་མི་འཚོལ་བར་དང་པོ་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་ལས་ལྷག་མཐོང་སྐྱེད་པར་བཞེད་པ་ནི་ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་དང་འགལ་བས་གློ་དང་ལྡན་པ་རྣམས་ཀྱིས་ཡིད་བརྟན་པའི་གནས་སུ་མི་རུང་ངོ༌། ཞི་ལྷག་གི་གོ་རིམ་དེ་ཡང་དང་པོར་གསར་དུ་སྐྱེད་པའི་ཚེ་དེ་ལྟར་བྱེད་ཀྱི། ཕྱིས་ནི་ལྷག་མཐོང་སྔོན་དུ་བསྒོམས་ནས་ཞི་གནས་སྒོམ་པ་ཡང་བྱེད་པས་གོ་རིམ་ངེས་པ་མེད་དོ།

འོ་ན་ཀུན་ལས་བཏུས་ལས།
།ལ་ལ་ནི་ལྷག་མཐོང་ཐོབ་པ་ཡིན་གྱི། ཞི་གནས་ནི་མ་ཐོབ་པ་སྟེ།
དེ་ལྷག་མཐོང་ལ་བརྟེན་ནས་ཞི་གནས་ལ་བརྩོན་པར་བྱེད་དོ།

ཞེས་གསུངས་པ་ཇི་ལྟར་ཡིན་ཞེ་ན། དེ་ནི་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་བསྡུས་པའི་ཞི་གནས་མ་ཐོབ་པ་མིན་གྱི། བསམ་གཏན་དང་པོའི་དངོས་གཞི་ཡན་ཆད་ཀྱི་ཞི་གནས་མ་ཐོབ་པ་སྟེ། དེ་ཡང་བདེན་པ་བཞི་མངོན་སུམ་དུ་རྟོགས་ནས། དེ་ལ་བརྟེན་ནས་བསམ་གཏན་དང་པོ་ཡན་ཆད་ཀྱི་ཞི་གནས་སྒྲུབ་པ་སྟེ།

སའི་དངོས་གཞི་ལས།
གཞན་ཡང་སྡུག་བསྔལ་ནས་ལམ་གྱི་བར་དུ་ཡང༌། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ་བསམ་གཏན་དང་པོ་ལ་སོགས་པ་ནི་མ་ཐོབ་སྟེ། དེ་འདུག་མ་ཐག་ཏུ་སེམས་འཇོག་སྟེ། སེམས་རྣམ་པར་འབྱེད་པར་མི་བྱེད་དོ། དེ་ལྷག་པའི་ཤེས་རབ་དེ་ཉིད་ལ་བརྟེན་ནས་ལྷག་པའི་སེམས་ལ་སྦྱོར་བར་བྱེད་དོ།

ཞེས་གསུངས་པའི་ཕྱིར་རོ། སྤྱིར་ཐ་སྙད་ཟོར་ཡང་བའི་ཕྱིར་དུ་སེམས་དགུ་ལ་ཞི་གནས་དང༌། རྣམ་པར་འབྱེད་པ་སོགས་བཞི་ལ་ལྷག་མཐོང་དུ་གསུངས་པ་ཡོད་ཀྱང་ཞི་ལྷག་དངོས་ནི་འཆད་པ་ལྟར་ཤིན་སྦྱངས་སྐྱེས་པ་ནས་གཞག་དགོས་སོ།

དྲུག་པ་ལ་གསུམ། ཞི་གནས་ལ་བསླབ་ཚུལ། ལྷག་མཐོང་ལ་བསླབ་ཚུལ། དེ་གཉིས་ཟུང་དུ་འབྲེལ་ཚུལ་ལོ། དང་པོ་ལ་གསུམ། ཞི་གནས་ཀྱི་ཚོགས་བསྟེན་པ། དེ་ལ་བརྟེན་ནས་ཞི་གནས་སྒོམ་ཚུལ། བསྒོམས་པས་ཞི་གནས་གྲུབ་པའི་ཚད་དོ། དང་པོ་ལ་དྲུག་ལས། མཐུན་པའི་ཡུལ་ན་གནས་པ་ནི། ཡོན་ཏན་ལྔ་དང་ལྡན་པའི་ཡུལ་ཏེ། ཟས་གོས་སོགས་ཚེགས་མེད་དུ་རྙེད་པས་རྙེད་སླ་བ་དང༌། གཅན་གཟན་སོགས་སྐྱེ་བོ་མི་བསྲུན་པ་དང༌། དགྲ་ལ་སོགས་པ་མི་གནས་པས་གནས་བཟང་བ་དང༌། ནད་མི་སྐྱེད་པའི་ས་ཡིན་པས་ས་བཟང་བ་དང༌། ཚུལ་ཁྲིམས་དང་ལྟ་བ་མ་ཚུངས་པའི་གྲོགས་དང་ལྡན་པས་གྲོགས་བཟང་བ་དང༌། ཉིན་མོ་སྐྱེ་བོ་མང་པོ་མེད་ཅིང་མཚན་མོ་སྒྲ་ཆུང་བས་ལེགས་པར་ལྡན་པའོ།

མདོ་སྡེ་རྒྱན་ལས་ཀྱང༌།
།བློ་ལྡན་གང་དུ་སྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང༌།
།ས་བཟང་བ་དང་གྲོགས་བཟང་དང༌། །རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན།

ཞེས་གསུངས་སོ། འདོད་པ་ཆུང་པ་ནི། ཆོས་གོས་སོགས་བཟང་པོའམ་མང་པོ་ལ་ལྷག་པར་ཆགས་པ་མེད་པའོ། ཆོག་ཤེས་པ་ནི། ཆོས་གོས་སོགས་ངན་ངོན་ཙམ་རྙེད་པས་རྟག་ཏུ་ཆོག་ཤེས་པའོ། བྱ་བ་མང་པོ་ཡོངས་སུ་སྤངས་པ་ནི། ཉོ་ཚོང་སོགས་ཀྱི་བྱ་བ་ངན་པ་དང༌། ཁྱིམ་པ་དང་རབ་བྱུང་རྣམས་དང་ཧ་ཅང་འདྲིས་བཤེས་བྱེད་པ་དང༌། སྨན་བྱེད་པ་དང༌། སྐར་མ་རྩི་བ་སོགས་ཡོངས་སུ་སྤངས་པའོ། ཚུལ་ཁྲིམས་རྣམ་པར་དག་པ་ནི། སོ་ཐར་དང༌། བྱང་སེམས་ཀྱི་སྡོམ་པ་གཉིས་ཀ་ལ་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བའི་བསླབ་པའི་གཞི་མི་འདྲལ་བ་དང༌། བག་མེད་པས་རལ་ནའང་སྐྱེན་པར་འགྱོད་པས་ཆོས་བཞིན་དུ་ཕྱིར་འཆོས་པའོ། འདོད་པ་ལ་སོགས་པའི་རྣམ་རྟོག་ཡོངས་སུ་སྤངས་པ་ནི། འདོད་པ་རྣམས་ལ་གསོད་པ་དང་འཆིང་བ་སོགས་ཚེ་འདི་དང༌། ངན་འགྲོར་འགྲོ་བ་སོགས་ཕྱི་མའི་ཉེས་དམིགས་བསྒོམས་ནས་སམ། ཡང་ན་འཁོར་བའི་དངོས་པོ་ཡིད་དུ་འོང་མི་འོང་ཐམས་ཅད་ནི་འཇིག་པའི་ཆོས་ཅན་མི་རྟག་པ་སྟེ། ངེས་པར་དེ་དག་ཐམས་ཅད་དང་བདག་རིང་པོར་མི་ཐོགས་པར་འབྲལ་བར་འགྱུར་ན། བདག་དེ་ལ་ཅི་ཞིག་ལྷག་པར་ཆགས་པ་ལ་སོགས་པར་འགྱུར་སྙམ་དུ་བསྒོམས་ལ་འདོད་པའི་རྣམ་རྟོག་ཐམས་ཅད་སྤང་བར་བྱའོ།

ལམ་སྒྲོན་ལས་ཀྱང༌།
།ཞི་གནས་ཡན་ལག་རྣམ་ཉམས་པས། །རབ་ཏུ་འབད་དེ་སྒོམ་བྱས་ཀྱང༌།
།ལོ་ནི་སྟོང་ཕྲག་དག་གིས་ཀྱང༌། །ཏིང་འཛིན་འགྲུབ་པར་མི་འགྱུར་རོ།
ཞེས་གསུངས་པས། ཞི་ལྷག་གི་ཏིང་ངེ་འཛིན་སྙིང་ཐག་པ་ནས་སྒྲུབ་འདོད་པ་རྣམས་ཀྱིས་ཞི་གནས་ཀྱི་ཚོགས་ཉན་ས་ནས་གསུངས་པའི་བཅུ་གསུམ་སོགས་ལ་འབད་པ་གལ་ཆེའོ།

གཉིས་པ་ལ་གཉིས། སྦྱོར་བ། དངོས་གཞིའོ། དང་པོ་ནི། སྔར་བཤད་པའི་སྦྱོར་བའི་ཆོས་དྲུག་དང་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་སྒོམ་ཞིང༌། དེའི་ཡན་ལག་ཏུ་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་དམིགས་པའི་ངོ་བོ་རྣམས་ཀྱང་སྦྱང་བར་བྱའོ། གཉིས་པ་ལ་གཉིས། ལུས་ཀྱི་སྤྱོད་ལམ་ཅི་འདྲ་བས་སྒོམ་པ། སྒོམ་པའི་རིམ་པ་ཉིད་བཤད་པའོ། དང་པོ་ནི།

སྒོམ་རིམ་ལས་གསུངས་པ་ལྟར།
སྟན་ཤིན་ཏུ་འཇམ་ཞིང་བདེ་བ་ལ་ལུས་ཀྱི་ཀུན་སྤྱོད་ཆོས་བརྒྱད་དང་ལྡན་པར་བྱའོ། དེ་ལ་རྐང་པ་ནི་སྐྱིལ་ཀྲུང་ཡོངས་སུ་རྫོགས་པའམ། སྐྱིལ་ཀྲུང་ཕྱེད་པ་ཡང་རུང་སྟེ་དེ་ལྟར་བྱའོ། མིག་ནི་ཧ་ཅང་ཕྱེ་བ་དང་བཙུམས་པ་མིན་པར་སྣ་རྩེར་གཏད་དོ། ལུས་ནི་ཧ་ཅང་དགྱེ་བ་དང་དགུ་བ་མིན་པར་དྲང་པོར་བསྲངས་ལ་དྲན་པ་ནང་དུ་བཞག་སྟེ་འདུག་པར་བྱའོ། ཕྲག་པ་ནི་ཐད་ཀར་མཉམ་པར་བཞག་གོ །མགོ་ནི་མི་མཐོ་མི་དམའ་ཞིང་ཕྱོགས་གཅིག་ཏུ་མ་ཡོ་བར་བཞག་སྟེ་སྣ་ནས་ལྟེ་བར་དྲང་པོར་བཞག་གོ །སོ་དང་མཆུ་ནི་རང་ལུགས་སུ་ཐ་མལ་པར་བཞག་གོ །ལྕེ་ནི་ཡ་སོའི་དྲུང་དུ་གཞར་རོ། དབུགས་ནི་ཕྱི་ནང་དུ་རྒྱུ་བ་སྒྲ་ཅན་དང་རྔམས་པ་དང་རྒོད་བག་ཅན་དུ་མི་བཏང་གི་ཅི་ནས་ཀྱང་ཕར་རྒྱུ་ཚུར་རྒྱུ་མི་ཚོར་བར་དལ་བུ་དལ་བུས་འབད་པ་མེད་པར་འཇུག་པ་དེ་ལྟར་བྱའོ། དེ་ལྟར་ན་ཐོག་མར་ལུས་ཀྱི་ཀུན་སྤྱོད་བརྒྱད་དང་ཁྱད་པར་དུ་རླུང་ཆམ་ལ་དབབ་པ་ཇི་ལྟར་བཤད་པ་བཞིན་བསྒྲུབ་པར་བྱའོ།

གཉིས་པ་ནི། ལམ་རིམ་ཕལ་མོ་ཆེར་དབུས་མཐའ་ནས་གསུངས་པའི་ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་ཀྱི་སྒོ་ནས་ཞི་གནས་བསྒྲུབ་པར་གསུངས་ལ། དགེ་བཤེས་ལག་སོར་བ་ནས་བརྒྱུད་པའི་གདམས་ངག་རྣམས་ལས་དེའི་སྟེང་དུ་ཉན་ས་ལས་བཤད་པའི་སྟོབས་དྲུག་དང༌། ཡིད་བྱེད་བཞི་དང་སེམས་དགུས་སྒྲུབ་དགོས་པར་བཤད་དོ།

རྗེ་བཙུན་བྱམས་པས་ཀྱང༌།
མདོ་སྡེའི་རྒྱན་དང་དབུས་མཐར་སེམས་གནས་པའི་ཐབས་དགུ་དང༌། སྤོང་པའི་འདུ་བྱེད་བརྒྱད་གསུངས་ལ། དེའི་རྗེས་སུ་འབྲངས་ནས་སློབ་དཔོན་སེང་གེ་བཟང་པོ། ཀ་མ་ལ་ཤཱི་ལ། ཤཱནྟི་པ་ལ་སོགས་པའི་རྒྱ་གར་གྱི་མཁས་པ་རྣམས་ཀྱིས་ཀྱང་ཏིང་ངེ་འཛིན་སྒྲུབ་པའི་རིམ་པ་མང་དུ་མཛད་དེ། དེ་རྣམས་ནི་སྔགས་ཀྱི་ཐེག་པ་ལ་ཡང་ཤེས་དགོས་ལ། ཁྱད་པར་དུ་ཏིང་ངེ་འཛིན་གྱི་ཉེས་པ་ལྔ་ལ་སོགས་པའི་སྐྱོན་རྣམས་དང་དེ་རྣམས་ཇི་ལྟར་སེལ་བའི་ཚུལ་རྣམས་ནི་མདོ་སྡེའི་ཕྱོགས་རྣམས་ཤིན་ཏུ་རྒྱས་པར་སྣང་ངོ༌། འདི་ལ་གཉིས།

ཏིང་ངེ་འཛིན་སྐྱོན་མེད་སྐྱེད་པའི་ཚུལ། དེ་ལ་བརྟེན་ནས་སེམས་གནས་སྐྱེ་བའི་རིམ་པའོ། དང་པོ་ལ་གསུམ། སེམས་དམིགས་པ་ལ་གཏད་པའི་སྔོན་དུ་ཇི་ལྟར་བྱ་བ། དམིགས་པ་ལ་གཏད་པའི་དུས་སུ་ཇི་ལྟར་བྱ་བ། དམིགས་པ་ལ་གཏད་པའི་འོག་ཏུ་ཇི་ལྟར་བྱ་བའོ། དང་པོ་ནི། ཏིང་ངེ་འཛིན་སྒོམ་པ་ལ་མི་སྤྲོ་ཞིང་དེའི་མི་མཐུན་ཕྱོགས་ལ་དགའ་བའི་ལེ་ལོ་འགོག་མ་ནུས་ན་དང་པོ་ནས་ཏིང་ངེ་འཛིན་ལ་འཇུག་ཏུ་མི་སྟེར་ཞིང་ལན་ཅིག་ཐོབ་ཀྱང་རྒྱུན་འཐུད་མི་ནུས་པས་མྱུར་དུ་ཉམས་པར་འགྱུར་རོ། དེའི་ཕྱིར་ཐོག་མར་ལེ་ལོ་འགོག་པ་གནད་དུ་ཆེའོ། དེ་ལ་ལུས་སེམས་དགའ་བདེས་རྒྱས་པའི་ཤིན་སྦྱངས་ཐོབ་ན་ཉིན་མཚན་ཀུན་ཏུ་དགེ་བ་ལ་སྦྱོར་བ་ལ་སྐྱོ་དུབ་མི་འབྱུང་བས་ལེ་ལོ་ལྡོག་གོ །དེ་སྐྱེད་པ་ལ་ཤིན་སྦྱངས་སྐྱེད་པའི་རྒྱུ་ཏིང་ངེ་འཛིན་ལ་བརྩོན་འགྲུས་རྒྱུན་ལྡན་དུ་རྩོམ་ནུས་པ་དགོས་སོ། དེ་སྐྱེད་པ་ལ་ཏིང་ངེ་འཛིན་ལ་དོན་གཉེར་གྱི་འདུན་པ་དྲག་པོ་རྒྱུན་ལྡན་པ་དགོས་སོ། དེའི་རྒྱུར་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བས་ཡིད་ཕྲོགས་པའི་དད་པ་བརྟན་པོ་དགོས་པས་ཏིང་ངེ་འཛིན་གྱི་ཡོན་ཏན་སེམས་པའི་དད་པ་ཡང་ཡང་བསྒོམ་པར་བྱ་སྟེ།

དབུས་མཐའ་ལས།
།གནས་དང་དེ་ལ་གནས་པ་དང་། །རྒྱུ་དང་འབྲས་བུ་ཉིད་དུའོ།

ཞེས་སོ།
དེ་ལ་གནས་ནི་འདུན་པ་སྟེ་རྩོལ་བའི་གནས་སོ། གནས་པ་ནི་རྩོལ་བའམ་བརྩོན་འགྲུས་སོ། འདུན་པའི་རྒྱུ་ནི་ཡོན་ཏན་ལ་ཡིད་ཆེས་པའི་དད་པའོ། རྩོལ་པའི་འབྲས་བུ་ནི་ཤིན་སྦྱངས་སོ།

འདིར་བསྒོམ་པར་བྱ་བའི་ཏིང་ངེ་འཛིན་གྱི་ཡོན་ཏན་ནི་ཞི་གནས་གྲུབ་ན་སེམས་ལ་དགའ་བ་དང་ལུས་ལ་བདེ་བ་རྒྱས་པས། མཐོང་ཆོས་ལ་བདེ་བར་གནས་པ་དང༌། ལུས་སེམས་ཤིན་སྦྱངས་རྙེད་པས་སེམས་དགེ་བའི་དམིགས་པ་ལ་གང་འདོད་དུ་བཀོལ་དུ་རུང་བ་དང༌། རང་དབང་མེད་པར་ཕྱིན་ཅི་ལོག་གི་ཡུལ་ལ་གཡེང་བཞི་པས་ཉེས་སྤྱོད་མང་པོ་མི་འབྱུང་ཞིང་དགེ་བ་གང་བྱེད་སྟོབས་ཆེ་བ་དང༌། ཞི་གནས་ལ་བརྟེན་ནས་མངོན་ཤེས་དང་རྫུ་འཕྲུལ་སོགས་ཀྱི་ཡོན་ཏན་རྣམས་སྒྲུབ་ནུས་པ་དང༌། ཁྱད་པར་དུ་དེ་ལ་བརྟེན་ནས་སྟོང་ཉིད་རྟོགས་པའི་ལྷག་མཐོང་གི་རྟོགས་པ་སྐྱེ་བས། འཁོར་བའི་རྩ་བ་མྱུར་དུ་གཅོད་ནུས་པ་སོགས་ཀྱི་ཡོན་ཏན་གང་བསམས་ན་ཏིང་ངེ་འཛིན་སྒོམ་པ་ལ་སྤྲོ་ཤུགས་འཕེལ་བར་འགྱུར་བ་རྣམས་ཤེས་པར་བྱས་ལ་བསྒོམ་སྟེ། འདི་སྐྱེས་ན་ནང་ནས་ཏིང་ངེ་འཛིན་སྒོམ་པ་ལ་རྒྱུན་དུ་བསྐུལ་བས་ཏིང་ངེ་འཛིན་ཐོབ་སླ་ཞིང༌། ཐོབ་ནས་ཀྱང་ཡང་ཡང་སྒོམ་པ་ལ་འཇུག་པས་ཉམས་པར་དཀའོ།

གཉིས་པ་ལ་གཉིས། སེམས་གང་ལ་འཇོག་པའི་གཞི་དམིགས་པ་ངོས་གཟུང་བ། དེ་ལ་སེམས་ཇི་ལྟར་གཏོད་པའི་ཚུལ་ལོ། དང་པོ་ལ་གཉིས། དམིགས་པ་སྤྱིའི་རྣམ་གཞག །སྐབས་སུ་བབ་པའི་དམིགས་པ་ངོས་གཟུང་བའོ། དང་པོ་ལ་གཉིས། དམིགས་པ་དངོས་བསྟན་པ། གང་ཟག་གང་གིས་གང་ལ་དམིགས་པར་བྱ་བ་བསྟན་པའོ། དང་པོ་ནི།

བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་བའི་དམིགས་པ་བཞི་གསུངས་པ་ལ་ཁྱབ་པའི་དམིགས་པ་ནི་བཞི་སྟེ། མི་དཔྱོད་པར་འཇོག་པ་དང༌། དཔྱོད་པའི་དམིགས་པ་གཉིས་དང༌། ཇི་ལྟ་ཇི་སྙེད་ཀྱི་དངོས་པོའི་མཐའ་དང༌། སྒོམ་ཚུལ་སྔ་མ་གཉིས་ཀྱི་སྒོ་ནས་ཇི་ལྟ་ཇི་སྙེད་ཀྱི་དོན་ལ་དམིགས་ནས་བསྒོམས་པས་གནས་སྒྱུར་ཐོབ་པ་ནི་དགོས་པ་གྲུབ་པ་སྟེ་བཞིའོ།

སྤྱད་པ་རྣམ་སྦྱོང་གི་དམིགས་པ་ལ་ནི་ཚེ་སྔ་མར་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། རྣམ་རྟོག་ལ་ཤས་ཆེར་སྤྱད་པའི་གཉེན་པོར་རིམ་པ་བཞིན་དུ་མི་སྡུག་པ་དང༌། བྱམས་པ་དང༌། རྟེན་འབྲེལ་དང༌། ཁམས་ཀྱི་རབ་དབྱེ་དང༌། དབུགས་འབྱུང་རྡུབ་སྒོམ་པའི་དམིགས་པ་ལྔའོ། མཁས་པའི་དམིགས་པའང་ལྔ་སྟེ། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་འབྲེལ་བཅུ་གཉིས་དང༌། གནས་དང་གནས་མ་ཡིན་པ་ལ་མཁས་པའི་དམིགས་པའོ། ཉོན་མོངས་པ་སྦྱོང་བའི་དམིགས་པ་ནི་གཉིས་ཏེ། ས་གོང་འོག་གི་ཞི་རགས་དང༌། བདེན་བཞིའི་མི་རྟག་ལ་སོགས་བཅུ་དྲུག་གོ །དེ་ལ་སྤྱད་པ་རྣམ་སྦྱོང་གི་དམིགས་པ་རྣམས་ནི་ཆགས་སོགས་ལྷག་པར་སྤྱད་པ་རྣམས་ཀྱི་ཆགས་སོགས་ལྡོག་སླ་ཞིང་དེ་ལ་བརྟེན་ནས་ཏིང་ངེ་འཛིན་ནི་ཐོབ་སླ་བས་དམིགས་པ་ཁྱད་པར་ཅན་ཡིན་ལ། མཁས་པའི་དམིགས་པ་རྣམས་ནི་ཆོས་དེ་དག་ལས་མ་གཏོགས་པའི་གང་ཟག་གི་བདག་འགོག་པས་བདག་མེད་རྟོགས་པའི་ལྷག་མཐོང་སྐྱེ་བ་དང་རྗེས་སུ་མཐུན་པས་ཞི་གནས་ཀྱི་དམིགས་པ་བཟང་ཞིང༌། ཉོན་མོངས་སྦྱོང་བའི་དམིགས་པ་རྣམས་ནི་ཉོན་མོངས་སྤྱིའི་གཉེན་པོར་འགྲོ་བས་དོན་ཆེའོ། ཁྱབ་པའི་དམིགས་པ་ནི། དམིགས་པ་སྔ་མ་དེ་དག་ལས་ཟུར་ན་མེད་དོ། དེའི་ཕྱིར་དགོས་པ་ཁྱད་པར་ཅན་དང་ལྡན་པའི་ཞི་གནས་ཀྱི་དམིགས་པ་ལ་བརྟེན་ནས་ཏིང་ངེ་འཛིན་སྒྲུབ་དགོས་པས་རྡེའུ་ངང་ཤིང་བུ་སོགས་ལ་དམིགས་རྟེན་བྱས་ནས་ཏིང་ངེ་འཛིན་སྒྲུབ་པ་ནི་ཏིང་ངེ་འཛིན་གྱི་དམིགས་པའི་རྣམ་གཞག་མི་ཤེས་པར་གསལ་ལོ།

གཉིས་པ་ནི། འདོད་ཆགས་ཤས་ཆེ་བ་ནས་རྣམ་རྟོག་ཤས་ཆེ་བའི་བར་གྱི་གང་ཟག་ཡིན་ན་ནི་ནམ་གྲུས་ཞུས་པ་ལས་གསུངས་པ་ལྟར། རིམ་པ་བཞིན་དུ་མི་སྡུག་པ་ནས་དབུགས་འབྱུང་རྡུབ་ཀྱི་བར་ལ་སོ་སོར་ངེས་པའི་དམིགས་རྟེན་བྱ་དགོས་པར་གསུངས་སོ། ཆ་མཉམ་པར་སྤྱད་པ་དང༌། ཉོན་མོངས་ཆུང་བའི་གང་ཟག་ཡིན་ན་ནི་སྔར་བཤད་པའི་དམིགས་པ་དེ་དག་ལས་གང་ལ་དགའ་བ་ཞིག་ལ་སེམས་བཟུང་བས་ཆོག་གི་ངེས་ཅན་མི་དགོས་སོ། དེ་ལ་ཆགས་སོགས་ལྔ་ཤས་ཆེ་པ་ནི་སྐྱེ་བ་སྔ་མར་ཆགས་སོགས་ལྔ་གོམས་པར་བྱས་པས་ཆགས་སོགས་ལྔའི་ཡུལ་ཆུང་ངུ་ལ་ཡང་ཆགས་སོགས་ལྔ་རྒྱུན་རིང་སྐྱེ་བའོ། ཆ་མཉམ་པར་སྤྱོད་པ་ནི་སྐྱེ་བ་སྔ་མར་ཆགས་སོགས་གོམས་པར་མ་བྱས་ཀྱང་དེ་དག་ལ་ཉེས་དམིགས་སུ་མ་བལྟས་པས། དེ་དག་གི་ཡུལ་ལ་ཆགས་སོགས་ཤས་ཆེན་པོ་རྒྱུན་རིང་མི་སྐྱེ་ཡང་མི་འབྱུང་བ་མིན་པའོ། ཉོན་མོངས་ཆུང་བ་ནི་སྐྱེ་བ་གཞན་དུ་ཆགས་སོགས་གོམས་པར་མ་བྱས་ཤིང་ཉེས་དམིགས་སུ་ལྟ་བ་སོགས་བྱས་པས་ཆགས་སོགས་ཀྱི་ཡུལ་ཆེན་པོ་དང་མང་པོ་ལ་ཆགས་སོགས་བུལ་བར་སྐྱེ་ལ། ཡུལ་འབྲིང་དང་ཆུང་ངུ་ལ་མི་སྐྱེ་བའོ། དེ་ཡང་ཆགས་སོགས་ལྔ་ཤེས་ཆེ་བས་ནི་ཡུན་རིང་པོ་དང་ཆ་མཉམ་པར་སྤྱད་པས་ནི་ཧ་ཅང་ཡུན་རིང་པོ་མིན་པ་དང༌། ཉོན་མོངས་ཆུང་བས་ནི་མྱུར་བར་སེམས་གནས་འགྲུབ་བོ།

གཉིས་པ་ནི། འདིར་དམིགས་པ་གང་ལ་བརྟེན་ནས་ཞི་གནས་བསྒྲུབ་སྙམ་ན། སྤྱིར་ནི་གང་ཟག་སོ་སོའི་དམིགས་པ་སྔར་བཤད་པ་ལྟར་ཡིན་ལ། ཁྱད་པར་དུ་རྣམ་རྟོག་ཤས་ཆེ་བས་ནི་རླུང་སྒོམ་པ་གནང་ཆེའོ། གཞན་ཡང་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་དང༌། ཏིང་ངེ་འཛིན་རྒྱལ་པོའི་རྗེས་སུ་འབྲངས་ནས་སྒོམ་རིམ་བར་པ་དང་ཐ་མ་ལས། དེ་བཞིན་གཤེགས་པའི་སྐུ་ལ་དམིགས་ནས་ཏིང་ངེ་འཛིན་སྒྲུབ་པ་གསུངས་ལ། སློབ་དཔོན་བྱང་ཆུབ་བཟང་པོས་ཀྱང་སྐུ་ལ་དམིགས་ནས་ཏིང་ངེ་འཛིན་སྒྲུབ་པར་གསུངས་པ་ལམ་སྒྲོན་འགྲེལ་པ་དྲངས་སོ།

དེ་ལ་སངས་རྒྱས་ཀྱི་སྐུ་ལ་སེམས་འཛིན་པ་ནི། སངས་རྒྱས་རྗེས་སུ་དྲན་པ་ཡིན་པས་བསོད་ནམས་མཐའ་ཡས་པ་སྐྱེ་བ་དང༌། སྐུ་དེ་རྣམ་པ་གསལ་ཞིང་བརྟན་ན་ཕྱག་དང་མཆོད་པ་དང་སྨོན་ལམ་སོགས་ཚོགས་གསོག་པའི་ཞིང་དང་བཤགས་བསྡམ་སོགས་སྒྲིབ་པ་སྦྱོང་བའི་ཞིང་དམིགས་པར་བྱེད་པ་ལ་ཁྱད་ཆེ་བ་དང༌། འཆི་བའི་ཚེ་སངས་རྒྱས་རྗེས་དྲན་ལས་མི་ཉམས་པ་སོགས་ཀྱི་ཡོན་ཏན་དང༌། སྔགས་ཀྱི་ལམ་སྒོམ་ན་ལྷའི་རྣལ་འབྱོར་ལ་ཁྱད་ཆེ་བ་སོགས་ཀྱི་དགོས་པ་མང་པོ་སྣང་ངོ༌།

ཏིང་ང་འཛིན་རྒྱལ་པོ་ལས།
།གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ།
།དམིགས་པ་དེ་ལ་གང་གི་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་གཞག་ཅེས་བྱ།

ཞེས་གསུངས་པ་ལྟ་བུ་ལ་དམིགས་རྟེན་བྱའོ། དེ་ཡང་བློས་གསར་དུ་བསྐྱེད་པ་དང་རང་བཞིན་གྱིས་བཞུགས་པ་གསལ་འདེབས་པ་གཉིས་ལས། ཕྱི་མ་ནི་དད་པ་སྐྱེ་བ་ལ་ཁྱད་ཆེ་ཞིང་ཐེག་པ་ཐུན་མོང་བའི་སྐབས་དང་མཐུན་པས་ཕྱི་མ་ལྟར་བྱའོ། སྔོན་དུ་སེམས་གང་ལ་འཛིན་པའི་གཞི་དམིགས་རྟེན་ཚོལ་བ་ན་བྲིས་སྐུ་དང་ལུགས་མ་སོགས་སྟོན་པའི་སྐུ་ལེགས་བ་ཞིག་བཙལ་ལ་ཡང་ཡང་བལྟ་ཞིང་དེའི་མཚན་མ་བཟུང་ནས་ཡིད་ཡུལ་དུ་འཆར་བ་ལ་གོམས་སུ་གཞུག །ཡང་ན་བླ་མས་བརྡ་སྤྲད་པ་ཐོས་པའི་དོན་བསམ་ཞིང་ཡིད་ངོར་འཆར་དུ་བཅུག་ལ་དམིགས་རྟེན་བཙལ་ལོ། དམིགས་རྟེན་ཡང་བྲིས་སྐུ་དང་ལུགས་མ་སོགས་ཀྱི་རྣམ་པ་མི་བྱ་བར་སངས་རྒྱས་དངོས་ཀྱི་རྣམ་པ་ཅན་དུ་འཆར་བ་ལ་བསླབ་བོ། ཁ་ཅིག་སྐུ་གཟུགས་མདུན་དུ་བཞག་པ་ལ་མིག་གིས་བལྟས་ནས་ཧར་སྒོམ་བྱེད་བ་སློབ་དཔོན་ཡེ་ཤེས་སྡེས་བཀག་པ་ནི་ཤིན་ཏུ་རིགས་ཏེ། ཏིང་ངེ་འཛིན་དབང་ཤེས་ལ་མི་སྒྲུབ་ཀྱི་ཡིད་ཤེས་ལ་སྒྲུབ་བ་ཡིན་པས༌། ཏིང་ངེ་འཛིན་གྱི་དངོས་ཀྱི་དམིགས་པ་ནི་ཡིད་ཤེས་ཀྱི་དངོས་ཡུལ་ཡིན་པས་དེ་ལ་སེམས་གཟུང་དགོས་པའི་ཕྱིར་དང༌། སྔར་བཤད་པ་ལྟར་དམིགས་ཡུལ་དངོས་ཀྱི་དོན་སྤྱིའམ་གཟུགས་བརྙན་ཤར་བ་ལ་དམིགས་དགོས་པར་གསུངས་པའི་ཕྱིར་རོ། སྐུའི་ཆ་ཕྲ་རགས་གཉིས་ཀྱང་དང་པོ་རགས་པ་ལ་དམིགས་ནས་དེ་ལ་བརྟན་པ་ན་ཕྱིས་ཕྲ་བ་ལ་དམིགས་དགོས་པར་ཕྱོགས་གཞན་ནས་གསུངས་ཤིང༌། མྱོང་བ་ལ་ཡང་རགས་པ་ཤིན་ཏུ་འཆར་སླ་བས་སྐུའི་རགས་རིམ་ནས་དམིགས་རྟེན་བྱ་དགོས་ལ། ཁྱད་པར་དུ་ཞི་གནས་མཚན་ཉིད་ཚང་བ་ཞིག་མ་གྲུབ་བར་དུ་སྒྲུབ་པ་ཡིན་ན་ནི་དམིགས་པ་རིགས་མི་མཐུན་མང་པོ་ལ་སྤོས་ནས་བྱེད་པ་མི་རུང་སྟེ། དམིགས་པ་མི་འདྲ་བ་མང་པོ་ལ་འཕོས་ཀྱིན་ཏིང་ངེ་འཛིན་བསྒོམས་ན་ཞི་གནས་འགྲུབ་པའི་གེགས་ཆེན་པོར་འགྱུར་པའི་ཕྱིར་ཏེ།

འཕགས་པ་དཔའ་བོས།
།དམིགས་པ་གཅིག་ལ་བརྟན་ཚུལ་དུ། །ཡིད་ཀྱི་བསམ་པ་བརྟན་པར་བྱ།
།དམིགས་པ་མང་པོ་རྒྱུད་པ་ལས། །ཡིད་ནི་ཉོན་མོངས་འཁྲུག་པར་འགྱུར།

ཞེས་དང༌། ལམ་སྒྲོན་ལས་ཀྱང༌།
།དམིགས་པ་གང་རུང་གཅིག་དག་ལ། །ཡིད་ནི་དགེ་ལ་གཞག་པར་བྱ།

ཞེས་གཅིག་དག་ལ་ཞེས་ངེས་གཟུང་གི་ཚིག་གིས་གསུངས་སོ། དེ་ལྟར་ཐོག་མར་སེམས་གང་ལ་འཛིན་པའི་དམིགས་རྟེན་རྙེད་པའི་ཚད་ནི། དབུ་དང་ཕྱག་གཉིས་དང་སྐུའི་ཁོག་གཞན་དང་ཞབས་གཉིས་རིམ་པ་བཞིན་དུ་ལན་འགའ་ཟུང་གསལ་གདབ་ལ། དེའི་མཐར་སྐུའི་སྤྱི་ཡིད་ལ་བྱས་པ་ན་ཡིད་ངོར་ཡན་ལག་རགས་པ་རྣམས་ཆ་ཕྱེད་ཙམ་འཆར་ཐུབ་པ་བྱུང་ན་འོད་དང་བཅས་བའི་གསལ་པོ་མ་བྱུང་ཡང་དེ་ཙམ་གྱིས་ཆོག་ཤེས་བྱས་ནས་དེ་ལ་སེམས་གཟུང་སྟེ། འདི་ལྟར་དེ་ཙམ་གྱིས་ཆོག་ཤེས་བྱས་ནས་སེམས་མི་འཛིན་པར་དེ་ལས་ཀྱང་གསལ་བ་ཞིག་འདོད་ནས་ཡང་ཡང་གསལ་བཏབ་ན་དམིགས་པ་གསལ་དུ་འགྲོ་ཡང༌། ཏིང་ངེ་འཛིན་བརྟན་པོ་མི་རྙེད་པར་མ་ཟད་རྙེད་པའི་གེགས་སུ་འགྱུར་ལ། དམིགས་པ་ཆེར་མི་གསལ་ཡང་ཆ་ཕྱེད་ཙམ་དེ་ཉིད་ལ་སེམས་བཟུང་ན་ཏིང་ངེ་འཛིན་མྱུར་དུ་རྙེད་ཅིང་དེ་ནས་གསལ་བ་ལ་བོགས་བཏོན་པས་གསལ་ཆ་བདེ་བླག་ཏུ་འགྲུབ་པའི་ཕྱིར་རོ། འདི་ནི་སློབ་དཔོན་ཡེ་ཤེས་སྡེའི་གདམས་པ་ལས་འབྱུང་སྟེ་གལ་ཆེའོ། དེ་ཡང་བྱུང་ཚད་ཀྱིས་སྐུའི་སྤྱི་ལ་གཟུང་ཞིང༌། སྐུ་དེའི་ཆ་ཤས་འགའ་ཞིག་གསལ་བར་སྣང་ན་དེ་ལ་གཟུང༌། དེ་མི་གསལ་བར་སོང་ན་ཡང་སྤྱི་ལ་གཟུང་ངོ༌། དེའི་ཚེ་སེར་པོ་སྒོམ་འདོད་པ་ལ་དམར་པོ་ཤར་བ་སོགས་ཁ་དོག་དང༌། བཞུགས་པའི་དབྱིབས་ཅན་སྒོམ་འདོད་པ་ལ་བཞེངས་པ་སོགས་དབྱིབས་དང༌། གཅིག་སྒོམ་འདོད་པ་ལ་གཉིས་ཤར་བ་སོགས་གྲངས་དང༌། ཆེ་བ་སྒོམ་འདོད་པ་ལ་ཆུང་བ་ཤར་བ་ལྟ་བུ་ཆེ་ཆུང་མ་ངེས་པ་བྱུང་ན་དེ་དག་གི་རྗེས་སུ་འབྲང་དུ་མི་རུང་བས་རྩ་བའི་དམིགས་པ་གང་ཡིན་པ་དེ་ཁོ་ན་ལ་དམིགས་རྟེན་བྱའོ།

གསང་སྔགས་ཀྱི་ལྷའི་རྣལ་འབྱོར་སྒྲུབ་པའི་སྐབས་ཡིན་ན་ལྷའི་རྣམ་པ་གསལ་པོ་སྒྲུབ་དགོས་པས་དེ་མ་ཤར་བར་དུ་ཐབས་དུ་མས་དེ་སྐྱེད་ཐབས་བྱ་དགོས་ཀྱི། འདིར་ནི་ལྷའི་རྣམ་པ་འཆར་དཀའ་ན་སྔར་བསྟན་པའི་དམིགས་པ་གང་རུང་ཞིག་གམ། དེ་ཁོ་ན་ཉིད་ངེས་པའི་ལྟ་ཐོག་ཏུ་བཞག་སྟེ་སེམས་བཟུང་ནས་ཏིང་ངེ་འཛིན་བསྒྲུབས་པས་ཀྱང་ཆོག་སྟེ། ཞི་གནས་གྲུབ་པ་དགོས་པའི་གཙོ་བོ་ཡིན་པའི་ཕྱིར་རོ།

གཉིས་པ་ལ་གསུམ། སྐྱོན་མེད་པའི་ལུགས་བཞག་པ། སྐྱོན་དང་བཅས་པའི་ལུགས་བསལ་པ། ཐུན་གྱི་ཚད་བསྟན་པའོ། དང་པོ་ནི། འདིར་བསྒྲུབ་པར་བྱ་བའི་ཏིང་ངེ་འཛིན་ནི་ཁྱད་པར་གཉིས་དང་ལྡན་པ་ཞིག་ཡིན་ཏེ། འདི་ལྟར་སེམས་ཤིན་ཏུ་གསལ་བའི་གསལ་ཆའི་ངར་དང་ལྡན་པ་དང༌། དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་མི་རྟོག་བའི་གནས་ཆ་དང་ལྡན་པའོ། འདི་ལ་ཁ་ཅིག་བདེ་བ་བསྣན་ནས་གསུམ་དུ་བྱེད་ལ། གཞན་དག་དྭངས་པ་བསྣན་ཏེ་བཞིར་བྱེད་ཀྱང༌། དྭངས་པ་ལ་གཉིས་ཏེ། ཡུལ་ཅན་གྱི་དྭངས་པ་ནི་དྲི་མ་མེད་པའི་ཤེལ་གྱི་སྣོད་དུ་དྲི་མ་མེད་པའི་ཆུས་བཀང་སྟེ། སྤྲིན་མེད་པའི་ཉི་འོད་ཀྱིས་ཕོག་པ་ལས་ཀྱང་དྭངས་པ་སྙམ་བྱེད་པ་དང༌། ཀ་བ་སོགས་ཡུལ་གྱི་རྣམ་པ་ཤར་བ་ན་དེ་དག་གི་རྡུལ་ཕྲ་རབ་ལ་ཐུག་གི་བར་བགྲང་ཐུབ་པ་སྙམ་བྱེད་པའི་དྭངས་པ་འབྱུང་ལ། དེ་གཉིས་ཀྱང་བྱིང་པ་ཕྲ་མོ་ནས་བཅད་པའི་གསལ་ཆའི་ངར་བསྐྱེད་དེ་བསྐྱངས་པ་ལས་འབྱུང་བས་དང་པོ་ལས་ཟུར་དུ་སྨོས་མི་དོགས་ལ། ཚོར་བ་སིམ་པའི་རྣམ་བ་ཅན་གྱི་དགའ་བ་དེ་ནི་སྐབས་འདིར་བསྒྲུབ་པར་བྱ་བའི་ཏིང་ངེ་འཛིན་གྱི་འབྲས་བུ་ལ་འབྱུང་ཡང་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་བསྡུས་པའི་ཏིང་ངེ་འཛིན་དང་མཚུངས་ལྡན་དུ་མི་འབྱུང་བས་འདིར་མ་བགྲངས་སོ། དེ་ལྟ་བུའི་གསལ་ཆའི་ངར་ཐོན་པ་ལ་ནི་བྱིང་བས་བར་དུ་གཅོད་ལ། རྩེ་གཅིག་བའི་མི་རྟོག་པ་ལ་ནི་རྒོད་པས་བར་དུ་གཅོད་པས་བྱིང་རྒོད་གཉིས་ཏིང་ངེ་འཛིན་རྣམ་དག་འགྲུབ་པའི་གེགས་ཀྱི་གཙོ་བོར་འོང་པའི་རྒྱུ་མཚན་ཉིད་ནི་དེའོ། དེས་ན་བྱིང་རྒོད་ཕྲ་རགས་རྣམས་ལེགས་པར་ངོས་ཟིན་པ་ཞིག་དང༌། དེ་གཉིས་འགོག་པའི་ཏིང་ངེ་འཛིན་གྱི་སྐྱོང་ལུགས་རྣམ་དག་ཅིག་མི་ཤེས་ན་ལྷག་མཐོང་ལྟ་ཅི་སྨོས། ཞི་གནས་ཀྱང་སྐྱེ་བ་མི་སྲིད་པས་ཏིང་ངེ་འཛིན་དོན་དུ་གཉེར་བའི་བློ་ལྡན་རྣམས་ཀྱིས་ཚུལ་དེ་ལ་མཁས་པར་བྱའོ།

དེ་ལ་བྱིང་རྒོད་གཉིས་ནི་ཞི་གནས་འགྲུབ་པའི་འགལ་རྐྱེན་ཡིན་ཞིང་འགལ་རྐྱེན་ངོས་འཛིན་པ་དང་འགོག་ཚུལ་དངོས་ནི་འོག་ཏུ་སྟོན་པས་འདིར་ནི་ཞི་གནས་འགྲུབ་པའི་མཐུན་རྐྱེན་ཏིང་ངེ་འཛིན་སྐྱེད་ཚུལ་བརྗོད་པར་བྱའོ། འདི་ལ་ཏིང་ངེ་འཛིན་ནི་སེམས་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་ཆ་ཡིན་ལ་དེ་ཡང་དམིགས་པ་ལ་རྒྱུན་ལྡན་དུ་སྡོད་པ་ཞིག་དགོས་སོ། དེ་ལ་ནི་སེམས་རྩ་བའི་དམིགས་པ་ལས་གཡེང་བར་མི་བྱེད་པའི་ཐབས་ཅིག་དང༌། གཡེང་བར་འགྱུར་མི་འགྱུར་ཇི་ལྟ་བ་བཞིན་ཤེས་པ་གཉིས་དགོས་པའི་དང་པོ་ནི་དྲན་པ་དང༌། གཉིས་པ་ནི་ཤེས་བཞིན་ཡིན་ཏེ།

མདོ་རྒྱན་འགྲེལ་པ་ལས།
དྲན་པ་དང་ཤེས་བཞིན་ནི་ཉེ་བར་གཏོད་པར་བྱེད་པ་སྟེ། གཅིག་གིས་སེམས་དམིགས་པ་ལས་མི་འཕྲོ་བར་བྱེད་པའི་ཕྱིར་དང༌། གཉིས་པས་སེམས་འཕྲོ་བ་རབ་ཏུ་ཤེས་པའི་ཕྱིར་རོ།

ཞེས་གསུངས་སོ། དྲན་པ་ཉམས་ནས་དམིགས་པ་བརྗེད་ན་ཡེངས་ནས་དེ་མ་ཐག་ཏུ་དམིགས་པ་སྟོར་བར་འགྱུར་བས་དམིགས་པ་མ་བརྗེད་པའི་དྲན་པ་རྩ་བ་ཡིན་ནོ། དྲན་པ་དེས་སེམས་དམིགས་པ་ལ་ཉེ་བར་གཏོད་ཚུལ་ནི། སྔར་བཤད་པ་ལྟར་དམིགས་རྟེན་གསལ་བཏབ་ནས་མ་མཐའ་ཞིག་ཤར་བྱུང་བ་ན་དེ་ཤེས་པས་གཟུང་བའི་འཛིན་སྟངས་ཤུགས་ཅན་ཞིག་བསྐྱེད་ལ། སེམས་འཕང་མཐོ་བར་བྱས་ཏེ་གསར་དུ་གང་ལ་ཡང་མི་དཔྱོད་པར་འཇོག་གོ།

དྲན་པ་ནི་ཀུན་ལས་བཏུས་ལས།
དྲན་པ་གང་ཞེ་ན། འདྲིས་པའི་དངོས་པོ་ལ་སེམས་ཀྱི་བརྗེད་པ་མེད་པ་སྟེ། རྣམ་པར་མི་གཡེང་བའི་ལས་ཅན་ནོ།

ཞེས་ཁྱད་པར་གསུམ་དང་ལྡན་པར་གསུངས་སོ། དེ་ལ་ཡུལ་གྱི་ཁྱད་པར་ནི། སྔར་མ་འདྲིས་པའི་ཡུལ་ལ་དྲན་པ་མི་སྐྱེ་བས་འདྲིས་པའི་དངོས་པོ་ལ་ཞེས་གསུངས་ཏེ། སྐབས་འདིར་ནི་སྔར་ངེས་པར་བྱས་པའི་དམིགས་རྟེན་གྱི་རྣམ་པ་ཤར་བའོ། འཛིན་སྟངས་ཀྱི་ཁྱད་པར་ནི། སེམས་ཀྱི་བརྗེད་པ་མེད་པ་ཞེས་པ་ཡུལ་དེ་སེམས་ཀྱིས་མ་བརྗེད་པའི་ཆ་སྟེ་སྐབས་འདིར་ནི་དམིགས་རྟེན་མ་བརྗེད་པའོ། མ་བརྗེད་ཚུལ་ནི་གཞན་གྱིས་དྲིས་པ་དང༌། རང་གིས་དེ་ལ་རྟོག་པ་བཅུག་པ་ན་དམིགས་རྟེན་དེ་ནི་འདི་འདྲ་བ་ཡིན་ནོ་ཞེས་བླ་མས་བསྟན་པ་དྲན་ཐུབ་པ་ཙམ་ལ་མི་ཟེར་གྱི། སེམས་དམིགས་པ་ལ་བཏགས་པ་དེ་ཐུར་རེ་དྲན་ནས་ཅུང་ཟད་ཀྱང་མི་ཡེངས་པ་སྟེ། ཡེངས་ན་ནམ་དེ་བྱུང་ཙམ་གྱིས་དྲན་པ་སྟོར་བ་ཡིན་ནོ། དེས་ན་སེམས་དམིགས་རྟེན་ལ་སྔར་ལྟར་བཞག་ཟིན་པ་དང་འདི་ལྟར་དམིགས་པ་ལ་བཏགས་སོ་སྙམ་པ་ཞིག་བསྐྱེད་ལ། དེ་ནས་གསར་དུ་མི་རྟོག་པར་བློ་དེ་ཉིད་ཀྱི་ཤུགས་མ་ཆད་པར་རྒྱུན་སྐྱོང་བ་ནི་དྲན་པ་བསྟེན་ཚུལ་གྱི་གནད་དམ་པ་ཡིན་ནོ། བྱེད་ལས་ཀྱི་ཁྱད་པར་ནི། དམིགས་པ་ལས་སེམས་གཞན་དུ་མི་གཡེང་བར་བྱེད་པའོ། དེ་ལྟར་སེམས་དམིགས་པ་ལ་བཏགས་ཏེ་འདུལ་བ་ནི་གླང་པོ་ཆེ་འདུལ་བའི་དཔེས་གསུངས་ཏེ། དཔེར་ན་སྡོང་པོའམ་ཀ་བ་ཤིན་ཏུ་བརྟན་པ་ལ་ཐག་པ་སྲ་བ་དུ་མས་མི་བསྲུན་པའི་གླང་པོ་བཏགས་ཏེ་གླང་རྫིས་ཇི་ལྟར་བསླབས་པ་ལྟར་བྱེད་ན་ལེགས། མི་བྱེད་ན་ལྕགས་ཀྱུ་རྣོན་པོས་ཡང་ཡང་བཏབ་ནས་ཚར་བཅད་དེ་འདུལ་བ་ལྟར། སེམས་གླང་པོ་ཆེ་མ་དུལ་པ་དང་འདྲ་བ་འདི་ཡང༌། སྔར་བཤད་པའི་དམིགས་པའི་ཀ་བ་བརྟན་པོ་ལ་དྲན་པའི་ཐག་པས་བཅིང་ཞིང༌། དེ་ལ་སྡོད་དུ་མ་བཏུབ་ན། ཤེས་བཞིན་གྱི་ལྕགས་ཀྱུས་གཙགས་ནས་ཁད་ཀྱིས་ཁད་ཀྱིས་དབང་དུ་བྱ་སྟེ།

དབུ་མ་སྙིང་པོ་ལས།
།ཡིད་ཀྱི་གླང་པོ་ལོག་འགྲོ་བ། །དམིགས་པའི་ཀ་བ་བརྟན་པོ་ལ།
།དྲན་པའི་ཐག་པས་དེས་བཅིངས་ནས། །ཤེས་རབ་ལྕགས་ཀྱུས་རིམ་དབང་བྱ།

ཞེས་དང༌། སྒོམ་རིམ་བར་པ་ལས་ཀྱང༌།
དྲན་པ་དང་ཤེས་བཞིན་གྱི་ཐག་པས། ཡིད་ཀྱི་གླང་པོ་ཆེ་དམིགས་པའི་སྡོང་པོ་དེ་ཉིད་ལ་བཏགས་པར་བྱའོ།

ཞེས་སོ། དྲན་པ་ལ་བརྟེན་ནས་ཏིང་ངེ་འཛིན་འགྲུབ་པར་གསུངས་པ་དང༌། དྲན་པ་ཐག་པ་ལྟར་སེམས་དམིགས་པ་ལ་རྒྱུན་ལྡན་དུ་འདོགས་བྱེད་དུ་གསུངས་པས། ཏིང་ངེ་འཛིན་སྒྲུབ་བྱེད་ཀྱི་གཙོ་བོའི་སྐྱོང་ཚུལ་ནི་དྲན་པའི་སྐྱོང་ཚུལ་ཡིན་ལ། དྲན་པ་ཡང་ངེས་པའི་རྣམ་པ་ཅན་གྱི་འཛིན་སྟངས་ཅན་ཡིན་པས། ཏིང་ངེ་འཛིན་སྐྱོང་བ་ན་ངེས་ཤེས་ཀྱི་འཛིན་སྟངས་དམ་པོ་མེད་པར་འཇོག་པ་ལ་སེམས་དྭངས་པའི་གསལ་ཆ་འོང་ཡང༌། ངེས་ཤེས་ཀྱི་ངར་ཐོན་པའི་གསལ་ཆ་མི་ཐོན་པས་དྲན་པ་སྟོབས་ཅན་མི་སྐྱེ་ཞིང༌། བྱིང་བ་ཕྲ་མོ་ཡང་མི་ཁེགས་པས་ཏིང་ངེ་འཛིན་སྐྱོན་ཅན་དུ་འགྱུར་རོ། ལྷ་སྐུ་སོགས་ཀྱི་དམིགས་རྟེན་གཞན་མི་འཇོག་པར་སེམས་མི་རྟོག་པ་ཙམ་སྐྱོང་བས་ཀྱང་སེམས་ཡུལ་གང་ལ་ཡང་མི་རྟོག་པར་གཞག་པར་བྱའོ་ཞེས་དྲན་ནས། དེ་ནས་སེམས་མི་འཕྲོ་བ་ལ་མ་ཡེངས་པར་བྱ་ལ། མ་ཡེངས་པ་ཡང་དམིགས་པ་མ་བརྗེད་པའི་དྲན་པ་དང་དོན་གཅིག་པས་དྲན་པའི་སྐྱོང་ཚུལ་ལས་མ་འདས་པས་དེ་ལྟར་སྒོམ་པ་དེས་ཀྱང་ངེས་ཤེས་ཀྱི་ཤུགས་ཐོན་པའི་དྲན་པ་བསྟེན་ནོ།

གཉིས་པ་ནི། གསལ་བྱའི་ལོག་རྟོག་འདི་ལྟ་བུ་ཡོད་དེ། སྔར་བཤད་པ་ལྟར་ཤེས་པ་འཕང་བསྟོད་དེ་བསྒྲིམས་ནས་མི་རྟོག་བར་བཞག་པ་ན་བྱིང་བ་མེད་ཀྱང་རྒོད་པ་ཤས་ཆེ་བས་གནས་ཆ་རྒྱུན་འཐུད་ཐུབ་པ་མི་འོང་བ་མཐོང་སྟེ། རིག་པའི་གཟེངས་ཡང་སྨད། བསྒྲིམས་པ་ཧ་ཅང་གློད་པས་གནས་ཆ་མྱུར་པོར་སྐྱེ་བ་མཐོང་སྟེ་ཐབས་བཟང་པོའོ་སྙམ་དུ་བཟུང་ནས་གློད་རབ་ལ་སྒོམ་རབ་ཅེས་སྨྲ་བ་མང་ཡང༌། འདི་ནི་བྱིང་བ་སྐྱེས་པ་དང༌། སྒོམ་སྐྱེས་པ་གཉིས་མ་ཕྱེད་པ་ཡིན་པས། ཏིང་ངེ་འཛིན་སྐྱོན་མེད་ནི་སྔར་བཤད་པ་ལྟར་ཁྱད་པར་གཉིས་ལྡན་དགོས་ཀྱི། སེམས་མི་རྟོག་པའི་གནས་ཆ་གཅིག་པུས་མི་ཆོག་གོ། གལ་ཏེ་དེ་འདྲ་བ་དེ་ལ་སེམས་ཉོག་ཉོག་པོར་སོང་བའི་ཐིབས་པོ་ཡོད་ན་བྱིང་བ་ཡིན་ཡང༌། དེ་མེད་པར་སེམས་དྭངས་པའི་གསལ་ཆ་ཡོད་པས་ཏིང་ངེ་འཛིན་སྐྱོན་མེད་དོ་སྙམ་ན། དེ་ནི་རྨུགས་པ་དང་བྱིང་བ་མ་ཕྱེད་པར་སྣང་བས་འདི་རྣམས་འོག་ཏུ་འཆད་དོ། དེས་ན་བསྒྲིམས་དྲགས་པའི་རིག་པ་ངར་ལྡན་དུ་བྱས་པ་ན་གསལ་ཆ་ཡོད་ཀྱང་རྒོད་ཤས་ཆེ་བས་གནས་ཆ་སྐྱེད་དཀའ་ལ། དེ་ཧ་ཅང་གློད་ནས་བསྐྱངས་པ་ན་གནས་ཆ་ཡོད་ཀྱང་བྱིང་བ་ཤས་ཆེ་བས་ངར་ཐོན་པའི་གསལ་བ་མེད་དོ། གྲིམས་ལྷོད་རན་པའི་མཚམས་ཟིན་པའང་དཀའ་བས་བྱིང་རྒོད་དང་བྲལ་བའི་ཏིང་ངེ་འཛིན་སྐྱེ་དཀའ་བ་ལ་དགོངས་ནས།

ཙནྡྲ་གོ་མིས།
།བརྩོན་པ་བསྟེན་ན་རྒོད་པ་འབྱུང་འགྱུར་ཞིང༌། །དེ་སྤངས་ན་ནི་ཞུམ་པ་སྐྱེ་བར་འགྱུར།
།འདི་ཡིས་རིགས་པར་མཉམ་འཇུག་རྙེད་དཀའ་ན། །བདག་གིས་སེམས་དཀྲུགས་པས་ནི་ཅི་ཞིག་བགྱི།

ཞེས་དང༌།
།འབད་པས་འཇུག་ན་རྒོད་པ་འཕྱུང་འགྱུར་ཞིང༌། །དེ་གློད་ན་ནི་ཞུམ་པ་སྐྱེ་བར་འགྱུར།
།འདི་ཡིས་དབུ་མར་སྒྲུབ་པའང་རྙེད་དཀའ་ན། །བདག་གིས་སེམས་དཀྲུགས་བས་ནི་ཅི་ཞིག་བགྱི།

ཞེས་འབད་པས་བསྒྲིམས་ཏེ་བརྩོན་པ་བསྟེན་ན་ནི་རྒོད་པ་འབྱུང་ལ། དེ་མཐོང་ནས་འབད་པས་འཇུག་པའི་སེམས་གློད་ཅིང་རྩོལ་བ་སྤངས་ན་ནི་སེམས་ནང་དུ་ཞུམ་པའི་བྱིང་བ་སྐྱེ་བས། བྱིང་རྒོད་ཀྱི་མཐའ་གཉིས་དང་བྲལ་བའི་དབུ་མ་སྟེ་ཆ་མཉམ་དུ་གནས་པའི་སེམས་མཉམ་འཇུག་རྙེད་དཀའོ།

ཞེས་གསུངས་པས། གློད་པ་རབ་བྱེད་ན་དཀའ་རྒྱུ་ཅི་ཡང་མེད་ཅིང༌། དེ་ལས་བྱིང་བ་སྐྱེ་བར་གསུངས་པས་ཚུལ་དེས་ཏིང་ངེ་འཛིན་སྒྲུབ་པ་མི་རིགས་སོ།

གྲིམས་ལྷོད་རན་པའི་མཚམས་ནི་རང་གིས་བརྟགས་པ་ན་རིག་པ་འཕང་འདི་ཙམ་ཞིག་བསྟོད་ན་རྒོད་པ་སྐྱེ་ངེས་པར་འདུག་སྙམ་པའི་ཚད་དེ་ལས་ནི་ལྷོད་ལ། འདི་ཙམ་ཞིག་ལ་བཞག་ན་བྱིང་བ་སྐྱེ་སླ་བར་འདུག་སྙམ་པའི་ཚད་དེ་ལས་ཀྱང་འཕང་མཐོ་བའི་འཇོག་ཚུལ་ལ་བྱའོ། འཕགས་པ་ཐོགས་མེད་ཀྱིས་ཀྱང་དེ་ལ་འཇོག་པར་བྱེད་པ་དང་ཡང་དག་པར་འཇོག་པར་བྱེད་པ་ལ་ནི་བསྒྲིམས་ཏེ་འཇུག་པའི་ཡིད་ལ་བྱེད་པ་ཡོད་དོ། ཞེས་སེམས་དང་པོ་གཉིས་ཀྱི་སྐབས་སུ་གསུངས་ཤིང༌། སྒོམ་རིམ་དང་པོ་ལས་ཀྱང་བྱིང་བ་བསལ་ལ། དམིགས་པ་དེ་ཉིད་དམ་དུ་བཟུང་ངོ༌། ཞེས་བཤད་དོ། དྲན་པའི་བསྟེན་ལུགས་སྔར་ལྟར་མ་ཤེས་པར་བསྐྱངས་ན་སྒོམ་ཇི་ཙམ་མང་དུ་བྱས་པ་ཙམ་དུ་བརྗེད་ངས་ཆེ་བ་དང༌། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་རྟུལ་དུ་འགྲོ་བ་སོགས་ཀྱི་སྐྱོན་མང་པོ་འབྱུང་ངོ༌། འོ་ན་དྲན་པས་སེམས་དམིགས་པ་ལ་བཏགས་པ་དེའི་ཚེ་དམིགས་པ་ལེགས་པར་འཛིན་ནམ་མི་འཛིན་གྱི་བྱ་ར་བྱེད་པའི་རྟོག་པ་བསྐྱེད་དུ་རུང་ངམ་སྙམ་ན། འདི་ནི་བྱ་དགོས་པར་སྒོམ་རིམ་བར་པ་ལས་གསུངས་སོ། དེ་ཡང་ཏིང་ངེ་འཛིན་བཏང་ནས་དེ་ལྟར་ལྟ་བ་མིན་གྱི། ཏིང་ངེ་འཛིན་ལ་གནས་བཞིན་པའི་ངང་ནས་རྩ་བའི་དམིགས་པ་ལ་སྔར་བཞག་པ་ལྟར་གནས་མི་གནས་དང༌། མི་གནས་ན་བྱིང་རྒོད་གང་དུ་སོང་ལྟ་བ་ཙམ་བྱེད་པ་སྟེ། ཏིང་ངེ་འཛིན་ལ་བཞག་ནས་ཧ་ཅང་ཐུང་བ་དང༌ཧ་ཅང་རིང་བ་མ་ཡིན་པར་བར་བར་དུ་བྱ་ར་བྱེད་དོ། བློ་སྔ་མའི་ཤུགས་མ་ཟད་ཙམ་ནས་འདི་བྱས་པ་ན་བློ་དེའི་ངར་སྐྱེས་ནས་ངར་ལྡན་ལ་གནས་པའི་ཡུན་རིང་བ་དང༌། བྱིང་རྒོད་མྱུར་དུ་རྟོགས་པའི་དགོས་པ་ཡོད་དོ། དེ་བཞིན་དུ་བར་བར་དུ་དམིགས་པ་སྔ་མ་དྲན་ཙམ་དྲན་ཙམ་བྱས་ནས་སྐྱོང་བ་ཡང་དྲན་པ་སྟོབས་ཆེ་བ་དང༌། རྒྱུན་ལྡན་དུ་འཇུག་པའི་རྒྱུར་དགོས་པས་དྲན་པའི་སྐྱོང་ཚུལ་དེ་ནི་ཉན་ས་ལས་གསུངས་ལ།

དབུས་མཐའི་འགྲེལ་བཤད་ལས།
།དྲན་པ་ནི་དམིགས་པ་མ་བརྗེད་པའོ། ཞེས་བྱ་བ་ནི་སེམས་གནས་པར་བྱ་བའི་གདམས་ངག་ཡིད་ཀྱིས་བརྗོད་པའོ་ཞེས་གསུངས་པ་ནི། དྲན་པ་བསྟེན་པ་ནི་དམིགས་པ་ལས་ཡེངས་ནས་དམིགས་པ་བརྗེད་པ་འགོག་པའི་ཆེད་ཡིན་པས་དམིགས་པ་མ་བརྗེད་པ་ནི་ཡིད་ཀྱིས་དམིགས་པ་བརྗེད་པ་སྟེ་ཡང་ཡང་དམིགས་པ་ཡིད་ལ་བྱེད་པའོ། དཔེར་ན་ཤེས་པའི་དོན་འགའ་ཞིག་བརྗེད་ཀྱིས་དོགས་ནས་ཡང་ཡང་དྲན་པར་བྱས་ན་བརྗེད་དཀའ་བ་དང་འདྲའོ།

གསུམ་པ་ནི། འོ་ན་དྲན་པས་སེམས་དམིགས་པ་ལ་བཏགས་པ་ལ་འདི་ཙམ་བར་དུ་འཇོག་ཅེས་པའི་ཐུན་ཚད་ངེས་པ་ཡོད་དམ་མེད་ཅེ་ན། འདི་ལ་ཉན་ས་ལ་སོགས་པའི་གཞུང་ཆེ་བ་རྣམས་ནས་ཐུན་ཚད་གསལ་བར་བཟུང་བ་མི་སྣང་ཡང་སྒོམ་རིམ་ཐ་མ་ལས། དེ་ལྟ་བུའི་རིམ་པ་འདིས་ཆུ་ཚོད་གཅིག་གམ་མེལ་ཚེ་ཐུན་ཕྱེད་དམ། ཐུན་གཅིག་གམ་ཇི་སྲིད་ནུས་པ་དེ་སྲིད་དུ་འདུག་པར་བྱའོ། ཞེས་གསུངས་ལ། འདི་ཞི་གནས་གྲུབ་ཟིན་ནས་ལྷག་མཐོང་སྒོམ་པའི་དུས་ཀྱི་ཐུན་ཚད་ཀྱི་སྐབས་སུ་གསུངས་སྣང་ཡང༌། ཐོག་མར་ཞི་གནས་གྲུབ་པའི་སྐབས་སུ་ཡང་འདྲ་བར་མངོན་ནོ།

དེ་ཡང་སྔར་བཤད་པ་ལྟར་དྲན་ཤེས་སྐྱོང་ལུགས་བར་བར་དུ་དམིགས་པ་དྲན་པ་དང༌། བར་བར་དུ་བྱ་ར་བྱེད་ན་ཐུན་ཅུང་རིང་ཡང་སྐྱོན་མེད་མོད། འོན་ཀྱང་ལས་དང་པོ་པ་ཕལ་ཆེ་བ་ལ་ཐུན་རིངས་ན། ཡང་ན་བརྗེད་ངས་སྐྱེས་ཏེ་ཡེངས་ནས་འགྲོ་ཞིང་དེའི་ཚེ་བྱིང་རྒོད་གང་བྱུང་ཡང་ཡུན་རིང་པོ་ནས་ངོ་ཤེས་པ་ཙམ་མ་གཏོགས་པ་མྱུར་པོར་ངོས་མི་ཟིན་ལ། དྲན་པ་མ་བརྗེད་ཀྱང་བྱིང་རྒོད་ཀྱི་དབང་དུ་འགྲོ་སླ་ཞིང༌། བྱིང་རྒོད་བྱུང་བ་མྱུར་པོར་ངོས་མི་ཟིན་ན། དེ་གཉིས་ཀྱི་སྔ་མས་ནི་དྲན་པ་སྟོབས་ལྡན་སྐྱེ་བ་ལ་བར་དུ་གཅོད་ལ། ཕྱི་མས་ཤེས་བཞིན་སྟོབས་ལྡན་སྐྱེ་བ་ལ་བར་དུ་གཅོད་པས་བྱིང་རྒོད་གཅོད་པ་དཀའོ། ཁྱད་པར་དུ་དམིགས་པ་བརྗེད་ནས་ཡེངས་ཏེ་བྱིང་རྒོད་བྱུང་བ་ངོས་མི་ཟིན་པ་ནི། དམིགས་པ་མ་བརྗེད་པའི་ངང་ནས་བྱིང་རྒོད་བྱུང་བ་མྱུར་པོར་ངོས་མི་ཟིན་པ་ལས་ཆེས་ངན་པས། ཡེངས་ནས་དྲན་པ་ཉམས་པ་འགོག་པའི་གཉེན་པོར་སྔར་བཤད་པ་ལྟ་བུའི་དྲན་པ་སྐྱོང་ཚུལ་གལ་ཆེའོ། ཡེངས་ནས་འགྲོ་བའི་བརྗེད་ངས་ཆེ་བ་དང༌། བྱིང་རྒོད་མྱུར་པོར་ངོས་མི་ཟིན་པའི་ཤེས་བཞིན་མཐུ་ཆུང་ན། ཐུན་ཆུང་དགོས་ལ། བརྗེད་ངས་སྐྱེ་དཀའ་ཞིང་བྱིང་རྒོད་མྱུར་པོར་རྟོགས་ནུས་པར་སྣང་ན། ཐུན་ཅུང་རིང་ཡང་སྐྱོན་མེད་པ་ལ་དགོངས་ནས་ཆུ་ཚོད་གཅིག་ལ་སོགས་པའི་ཡུན་ཚད་མ་ངེས་པར་གསུངས་ཤིང༌། མདོར་ན་རང་གི་བློ་ནུས་དང་བསྟུན་དགོས་པས་ཇི་སྲིད་ནུས་པ་དེ་སྲིད་དུ་ཞེས་གསུངས་སོ། གཞན་ཡང་ལུས་སེམས་ལ་གློ་བུར་བའི་གནོད་པ་མ་བྱུང་ན་མཉམ་པར་འཇོག་ལ། བྱུང་ན་ཨུ་ཚུགས་བྱས་ཏེ་མི་བསྒོམ་པར་ཁམས་ཀྱི་བར་ཆད་བསལ་ཏེ་སྒོམ་པ་ནི་མཁས་པ་རྣམས་ཀྱི་དགོངས་པ་ཡིན་པས། དེ་ལྟར་བྱེད་པ་ཡང་ཐུན་ཚད་ཀྱི་ཡན་ལག་ཏུ་ཤེས་པར་བྱའོ།

གསུམ་པ་ལ་གཉིས་བྱིང་རྒོད་བྱུང་དུས་ཇི་ལྟར་བྱ་བ། བྱིང་རྒོད་དང་བྲལ་དུས་ཇི་ལྟར་བྱ་བའོ། དང་པོ་ལ་གཉིས། བྱིང་རྒོད་ངོས་མི་ཟིན་པའི་གཉེན་པོ་བསྟེན་པ། ངོས་ཟིན་ཀྱང་དེ་སྤོང་བའི་ཕྱིར་དུ་མི་རྩོལ་བའི་གཉེན་པོ་བསྟེན་པའོ། དང་པོ་ལ་གཉིས། བྱིང་རྒོད་ཀྱི་མཚན་ཉིད་གཏན་ལ་དབབ་པ། སྒོམ་པའི་དུས་སུ་དེ་རྟོགས་པའི་ཤེས་བཞིན་སྐྱེད་ཐབས་སོ། དང་པོ་ལ་རྒོད་པ་ནི།

ཀུན་ལས་བཏུས་ལས།
རྒོད་པ་གང་ཞེ་ན། སྡུག་པའི་མཚན་མའི་རྗེས་སུ་འཇུག་པའི་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་རྣམ་པར་མ་ཞི་བ་སྟེ་ཞི་གནས་ཀྱི་བར་དུ་གཅོད་པའི་ལས་ཅན་ནོ། ཞེས་གསུངས་པ་ལྟར་ཏེ། འདི་ལ་གསུམ་ལས། དམིགས་པ་ནི་ཡུལ་ཡིད་དུ་འོང་ཞིང་སྡུག་པའོ། རྣམ་པ་ནི་སེམས་རྣམ་པར་མ་ཞི་ཞིང་ཕྱིར་ལ་འཕྲོ་བ་སྟེ་འདོད་ཆགས་ཀྱི་ཆ་ཤས་ཤིག་ཡིན་པས་ཡུལ་ལ་སྲེང་བའི་རྣམ་པས་འཇུག་པའོ། བྱེད་ལས་ནི་སེམས་དམིགས་པ་ལ་གནས་པའི་བར་ཆད་བྱེད་པའོ། སེམས་ནང་དུ་དམིགས་པ་ལ་བཏགས་པ་ན་གཟུགས་སྒྲ་སོགས་ལ་ཆགས་པའི་རྒོད་པས་དབང་མེད་དུ་ཡུལ་དེ་དག་ལ་སེམས་འདྲེན་ཞིང་གཡེང་སྟེ།

བཤགས་བསྟོད་ལས།
།ཇི་ལྟ་ཇི་ལྟར་ཞི་གནས་ལ་དམིགས་ཤིང༌། །དེ་དང་དེར་ཡིད་ཡང་ཡང་གཏད་པ་ན།
།དེ་དང་དེ་ལས་ཉོན་མོངས་ཞགས་པ་ནི། །ཡུལ་ལ་ཆགས་པའི་ཐག་པས་དབང་མེད་དྲངས།

ཞེས་གསུངས་པ་ལྟར་རོ། བྱིང་བ་ནི། འགྱུར་མང་པོ་ལས་ཞུམ་པར་ཡང་བསྒྱུར་རོ། འདི་ལ་ཁ་ཅིག་ཡུལ་གཞན་ལ་འཕྲོ་བ་མེད་པར་གནས་ཤིང་གསལ་དྭངས་མེད་པའི་སེམས་རྨུགས་པ་ལ་བྱིང་བར་འདོད་པ་ནི་མི་རིགས་ཏེ། སྒོམ་རིམ་བར་པ་དང༌། དགོངས་འགྲེལ་ལས། རྨུགས་པ་ལས་བྱིང་བ་སྐྱེ་བར་གསུངས་པའི་ཕྱིར་རོ།

ཀུན་ལས་བཏུས་ལས་ཀྱང༌།
བྱིང་བ་ཉེ་ཉོན་གྱི་རྣམ་གཡེང་གི་སྐབས་སུ་བཤད་མོད་ཀྱང༌། དེར་བཤད་པའི་རྣམ་གཡེང་ལ་དགེ་བ་ཡང་བྱུང་བས་ཉོན་མོངས་ཅན་དུ་མ་ངེས་སོ།

དེས་ན་རྨུགས་པ་ནི། ཀུན་ལས་ཏུས་དང༌། མཛོད་འགྲེལ་ལས། གཏི་མུག་གི་ཆ་ཤས་ལུས་སེམས་ལྕི་ཞིང་ལས་སུ་མི་རུང་བ་ཞིག་ལ་གསུངས་སོ། བྱིང་བ་ནི་སེམས་ཀྱིས་དམིགས་པ་འཛིན་པའི་འཛིན་སྟངས་ལྷོད་ནས། དམིགས་པ་གསལ་བའམ་དམ་པར་མི་འཛིན་པས་དྭངས་ཆ་ཡོད་ཀྱང་དམིགས་པའི་འཛིན་སྟངས་གསལ་བ་མེད་ན་བྱིང་བར་འགྲོ་སྟེ། སྒོམ་རིམ་བར་པ་ལས། གང་གི་ཚེ་དམུས་ལོང་ལྟ་བུའམ་མི་མུན་པར་ཞུགས་པ་ལྟ་བུའམ། དམིགས་བཙུམས་པ་ལྟ་བུར་སེམས་ཀྱིས་དམིགས་པ་གསལ་བར་མི་མཐོང་བ་དེའི་ཚེ་བྱིང་བར་གྱུར་པར་རིག་པར་བྱའོ། ཞེས་སོ། གཞུང་ཆེ་བ་གཞན་ནས་བྱིང་བའི་མཚན་ཉིད་གསལ་བར་བཟུང་བར་བཟུང་བ་མ་མཐོང་ངོ༌། བྱིང་བ་ལ་དགེ་བ་དང༌། ལུང་མ་བསྟན་གཉིས་ཡོད་ལ། རྨུགས་པ་ནི་མི་དགེ་བ་དང༌། བསྒྲིབས་ལ་ལུང་མ་བསྟན་གང་རུང་དང༌། གཏི་མུག་གི་ཆ་ཤས་ཁོ་ནའོ། གཞུང་ཆེ་བ་རྣམས་ནས་བྱིང་བ་སེལ་བ་ལ་སྐུ་གཟུགས་སོགས་དགའ་བའི་ཡུལ་དང༌། སྣང་བ་བསྒོམས་ནས་སེམས་གཟེངས་བསྟོད་དགོས་པར་གསུངས་བས། སེམས་ལ་མུན་པ་བབས་པ་ལྟ་བུའི་ཡུལ་མི་གསལ་བ་དང༌། བློའི་འཛིན་སྟངས་དམའ་རུ་སོང་བ་བཀག་ནས། དམིགས་པ་གསལ་བ་དང་འཛིན་སྟངས་ཀྱི་གྲིམས་ཆ་གཉིས་ཀ་དགོས་སོ། རྒོད་པ་རིག་སླ་ལ་བྱིང་བ་ཁུངས་ཐུབ་ཀྱི་གཞུང་ཆེ་བ་ལས་གསལ་བར་ངོས་མ་བཟུང་བས་ཤེས་དཀའ་ཞིང་གལ་ཡང་ཆེ་སྟེ། འདི་ལ་ཏིང་ངེ་འཛིན་སྐྱོན་མེད་དུ་འཁྲུལ་ས་ཆེ་བས་སོ། དེའི་ཕྱིར་བློ་ཞིབ་མོས་ཉམས་མྱོང་གི་སྟེང་ནས་སྒོམ་རིམ་དུ་གསུངས་པ་ལྟར་ལེགས་བར་བརྟགས་ལ་ངོས་ཟིན་པར་བྱའོ། གཉིས་པ་ནི། བྱིང་རྒོད་ཀྱི་གོ་བ་ཡོད་ཙམ་གྱིས་མི་ཆོག་གི །བསྒོམས་པའི་ཚེ་ན་བྱིང་རྒོད་བྱུང་མ་བྱུང་ཇི་བཞིན་དུ་ཤེས་པའི་ཤེས་བཞིན་སྐྱེད་ཐུབ་པ་ཞིག་དགོས་སོ། དེ་ཡང་ཤེས་བཞིན་སྟོབས་ལྡན་རིམ་གྱིས་བསྐྱེད་པས་བྱིང་རྒོད་བྱུང་བའི་དེ་མ་ཐག་ཏུ་དེ་ངོས་ཟིན་པའི་ཤེས་བཞིན་སྐྱེད་ཐུབ་པ་ལྟ་ཅི་སྨོས། དངོས་སུ་མ་སྐྱེས་པར་སྐྱེ་བའི་གྲབས་བྱེད་པ་ནས་རིག་པའི་ཤེས་བཞིན་སྐྱེད་དགོས་ཏེ།

སྒོམ་རིམ་ཕྱི་མ་གཉིས་ལས།
སེམས་བྱིང་ངམ་བྱིད་དུ་དགོས་པར་མཐོང་ན།

ཞེས་དང༌།
སེམས་རྒོད་པའམ་རྒོད་དུ་དོགས་པར་མཐོང་བ།

ཞེས་གསུངས་བའི་ཕྱིར་རོ། དེ་ལྟ་བུའི་ཤེས་བཞིན་ཞིག་མ་སྐྱེས་བར་དུ་འདི་ནས་འདིའི་བར་ལ་བྱིང་རྒོད་མེད་པའི་སྒོམ་སྐྱོན་མེད་བྱུང་ངོ་ཞེས་ཐག་བཅད་ཀྱང་སྟེང་དུ་མི་འགྲོ་སྟེ། བྱིང་རྒོད་བྱུང་ཡང་ངེས་པར་མི་ནུས་པའི་ཕྱིར་ཏེ་ཤེས་བཞིན་སྟོབས་ལྡན་མ་སྐྱེས་པའི་ཕྱིར་རོ། དེ་ལྟར་ཡང་དབུས་མཐའ་ལས། བྱིང་དང་རྒོད་བ་རྟོགས་བ་དང༌། ཞེས་བྱིང་རྒོད་རྟོགས་པ་ལ་ཤེས་བཞིན་དགོས་བར་གསུངས་པའི་ཕྱིར་རོ། དེ་ལྟར་ན་བྱིང་རྒོད་བྱུང་ན་མི་རིག་པ་མི་སྲིད་པའི་ཤེས་བཞིན་མ་སྐྱེས་ན་དུས་རིང་པོར་སྒོམ་ལོ་བྱས་ཀྱང་བྱིང་རྒོད་བྱུང་བཞིན་དུ་མི་ཚོར་བར་བྱིང་རྒོད་ཕྲ་མོས་དུས་འདའོ། འོ་ན་ཤེས་བཞིན་དེ་ཇི་ལྟར་བསྐྱེད་སྙམ་ན། འདི་ལ་སྔར་བསྟན་པའི་དྲན་པའི་སྐྱོང་ལུགས་དེ་རྒྱུ་གལ་ཆེ་ཤོས་གཅིག་ཡིན་ཏེ། འདི་ལྟར་དྲན་པ་རྒྱུན་ལྡན་པ་དེ་སྐྱེད་ནུས་ན་དམིགས་པ་བརྗེད་ནས་ཡེངས་འགྲོ་བ་དགག་ནུས་པས། བྱིང་རྒོད་སྐྱེས་པ་ཡུན་རིང་པོར་མི་ཚོར་བ་ལྡོག་པས་བྱིང་རྒོད་རྟོགས་སླ་བའི་ཕྱིར་ཏེ། དྲན་པ་ཉམས་པའི་དུས་ཀྱི་བྱིང་རྒོད་རིག་པ་དང༌། མ་ཉམས་པའི་དུས་ཀྱི་བྱིང་རྒོད་རིག་པའི་དུས་རིང་ཐུང་གཉིས་མྱོང་བ་ལ་བསྐོར་ནས་བལྟས་ན་ཆེས་གསལ་ལོ།

དེ་ལ་དགོངས་ནས་སྤྱོད་འཇུག་ལས་ཀྱང༌།
།གང་ཚེ་དྲན་པ་ཡིད་སྒོ་ནས། །བསྲུང་བའི་དོན་དུ་གནས་གྱུར་པ།
།དེ་ཚེ་ཤེས་བཞིན་འོང་འགྱུར་ཞིང༌། ཞེས་དང༌། དབུས་མཐའི་འགྲེལ་བཤད་ལས་ཀྱང་དྲན་པ་ཤེས་བཞིན་གྱི་རྒྱུར་གསུངས་སོ། རྒྱུ་ཅིག་ནི་སེམས་ལྷ་སྐུ་སོགས་གཟུང་བའི་རྣམ་པ་ལ་དམིགས་པའམ་མྱོང་བ་རིག་ཙམ་གསལ་ཙམ་སོགས་འཛིན་རྣམ་ལ་དམིགས་ནས། སྔར་བཤད་པ་ལྟར་དྲན་པ་བསྟེན་པའི་ངང་ནས་དེ་ལས་གཞན་དུ་འཕྲོ་མི་འཕྲོ་ལ་བྱ་ར་ཐུ་རེ་བྱས་ནས་སེམས་འཛིན་པ་ཡིན་ཏེ་འདི་ནི་ཤེས་བཞིན་སྐྱོང་བའི་གནད་དུ་གཟུང་ངོ༌།

དེ་ལྟར་ཡང་སྤྱོད་འཇུག་ལས།
།ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ།
།དེ་དེ་ཁོ་ན་མདོར་ན་ནི། །ཤེས་བཞིན་སྲུང་བའི་མཚན་ཉིད་དོ།

ཞེས་གསུངས་པ་ལྟར་རོ། དེས་ན་འདིས་ནི་བྱིང་རྒོད་སྐྱེ་བའི་གྲབས་བྱེད་པ་ནས་རིག་པའི་ཤེས་བཞིན་སྐྱེད་ལ་དྲན་པ་བསེན་ཚུལ་གྱིས་ནི་ཡེངས་ནས་འགྲོ་བའི་བརྗེད་ངས་འགོག་པས་ལེགས་པར་དམིགས་ཕྱེད་དགོས་སོ། གཉིས་པ་ནི། སྔར་བཤད་པ་ལྟར་དྲན་པ་དང་ཤེས་བཞིན་གྱི་སྐྱོང་ལུགས་ལེགས་པར་བྱས་པས་དྲན་པ་སྟོབས་ལྡན་སྐྱེས་ཏེ་བྱིང་རྒོད་ཕྲ་མོ་ཡང་ཤེས་བཞིན་གྱིས་རིག་ནུས་པས། བྱིང་རྒོད་བྱུང་བ་ངོས་མི་ཟིན་པའི་སྐྱོན་མེད་ཀྱང༌། དེ་གཉིས་བྱུང་མ་ཐག་ནས་འགོག་པའི་རྩོལ་བ་མི་བསྟེན་པར་དང་དུ་ལེན་པའི་མི་རྩོལ་བའམ་འདུ་མི་བྱེད་པ་ནི་ཏིང་ངེ་འཛིན་གྱི་སྐྱོན་ཆེན་པོ་ཡིན་པས་དེའི་གཉེན་པོར་འདུ་བྱེད་པའམ་རྩོལ་བ་ཞེས་བཏགས་པའི་སེམས་པ་བསྒོམ་མོ། འདི་ལ་གཉིས། སེམས་པ་ངོས་གཟུང་ཞིང་བྱིང་རྒོད་འགོག་པའི་ཚུལ། གང་ལ་བརྟེན་ནས་བྱིང་རྒོད་སྐྱེ་བའི་རྒྱུ་ངོས་གཟུང་བའོ། དང་པོ་ནི།

ཀུན་ལས་བཏུས་ལས།
སེམས་པ་གང་ཞེ་ན། སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ལ་སེམས་འཇུག་པར་བྱེད་པའི་ལས་ཅན་ནོ། ཞེས་པའི་དོན་ནི་རྡོ་ཁབ་ལེན་གྱི་དབང་གིས་ལྕགས་རང་དབང་མེད་པར་གཡོ་བ་ལྟར། སེམས་དགེ་མི་དགེ་ལུང་མ་བསྟན་གསུམ་པོ་གང་རུང་ལ་གཡོ་ཞིང་བསྐུལ་བའི་སེམས་བྱུང་ནི་སེམས་པ་ཡིན་པས། འདིར་ནི་བྱིང་རྒོད་གང་རུང་བྱུང་ན་དེ་སྤོང་བ་ལ་སེམས་མངོན་པར་འདུ་ཕྱེད་པའི་སེམས་པ་གཟུང་ངོ༌།

འོ་ན་བྱིང་རྒོད་འགོག་ཚུལ་ཇི་འདྲ་བྱེད་ཅེ་ན། སེམས་བྱིང་བ་ནི་ཧ་ཅང་ནང་དུ་བསྡུས་དྲགས་ནས་དམིགས་པའི་འཛིན་སྟངས་ཤོར་བ་ཡིན་པས། དེ་ལ་ནི་སེམས་ཕྱིར་འཕྲོ་བའི་རྒྱུ་དགའ་བའི་དངོས་པོ་ཡིད་ལ་བྱ་སྟེ། དེ་ཡང་སངས་རྒྱས་ཀྱི་སྐུ་ལྟ་བུ་ཡིན་གྱི་ཉོན་མོངས་སྐྱེ་བའི་དགའ་བ་མིན་ནོ། ཡང་ན་ཉི་འོད་སོགས་སྣང་བའི་མཚན་མ་ཡིད་ལ་བྱས་ལ་བྱིང་བ་སངས་བ་ན་དེ་མ་ཐག་ནས་དམིགས་པའི་འཛིན་སྟངས་དམ་པར་བྱས་ལ་བསྐྱང་བར་སྒོམ་རིམ་དང་པོ་ལས་གསུངས་སོ། འདི་ལ་སྐྱོ་བའི་དམིགས་པ་བསྒོམ་པར་མི་བྱ་སྟེ། སྐྱོ་ཤས་ནི་སེམས་ནང་དུ་སྡུད་པའི་རྒྱུ་ཡིན་པའི་ཕྱིར་རོ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་གང་ལ་དཔྱོད་འདོད་པའི་ཡུལ་ལ་དཔྱད་ནས་སྤྲོས་ན་ཡང་བྱིང་བ་ལྡོག་སྟེ།

ཕར་ཕྱིན་བསྡུས་པ་ལས།
།ལྷག་མཐོང་བརྩོན་པའི་སྟོབས་ཀྱི་མཐུས། །ཞུམ་པར་གྱུར་ན་གཟེངས་ཀྱང་བསྟོད། ཅེས་སོ། དེ་ལྟར་བྱིང་བའམ་ཞུམ་པ་ནི་དམིགས་པའི་འཛིན་སྟངས་འཕང་དམའ་རུ་སོང་བས་བྱིང་བ་དང༌། ཧ་ཅང་ནང་དུ་བསྡུས་པས་ན་ཞུམ་པ་ཡིན་པས། འཛིན་སྟངས་བསྟོད་པ་དང༌། དམིགས་པ་རྒྱ་བསྐྱེད་ནས་སྤྲོས་པས་ལྡོག་སྟེ།

དབུ་མ་སྙིང་པོ་ལས།
།ཞུམ་པ་དམིགས་པ་རྒྱ་ཆེན་དག །བསྒོམས་པས་ཡངས་པ་ཉིད་དུ་བྱ།

ཞེས་དང༌།
།ཞུམ་པ་ཡང་ནི་བརྩོན་འགྲུས་ཀྱི། །ཕན་ཡོན་མཐོང་བས་གཟེངས་བསྟོད་བྱ།

ཞེས་སོ། བྱིང་བ་འགོག་པའི་གཉེན་པོ་གལ་ཆེ་ཤོས་ནི། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས་ཀྱི་པན་ཡོན་དང་དལ་བ་ཐོབ་བ་དོན་ཆེ་བ་སོགས་ཀྱི་ཡོན་ཏན་བསམས་པ་ན་གཉིད་ཡུར་བའི་གདོང་དུ་ཆུ་གྲང་བཏབ་ན་རིགས་པ་སིང་ཡེར་གྱིས་འགྲོ་བ་ལྟར་འགྲོ་ཐུབ་བ་ཞིག་དགོས་ཏེ། འདི་ནི་ཕན་ཡོན་གྱི་ཕྱོགས་རྣམས་ལ་སོ་སོར་རྟོག་པའི་དཔྱད་སྒོམ་གྱིས་མྱོང་བ་ཐོན་པ་ལ་རག་ལས་སོ། གང་ལ་བརྟེན་ནས་བྱིང་བ་སྐྱེ་བའི་རྒྱུ་རྨུགས་པ་དང་གཉིད་དང༌། དེ་གཉིས་འདྲེན་པའི་ཆོས་སེམས་མུན་པའི་རྣམ་པ་ཅན་ལ་སྣང་བ་སྒོམ་པའི་གཉེན་པོ་བསྟེན་ན་ཡང་དེ་དག་ལ་བརྟེན་པའི་བྱིང་བ་མི་སྐྱེ་ཞིང་སྐྱེས་པ་ལྡོག་གོ །འདི་ལ་སྤྱོད་ལམ་འཆག་པ་དང་སྣང་པའི་མཚན་མ་ཡིད་ལ་བཟུང་ནས་ཡང་ཡང་གོམས་པར་བྱེད་པ་དང༌། དཀོན་མཆོག་གསུམ་དང་ཚུལ་ཁྲིམས་དང་གཏོང་བ་དང་ལྷ་རྗེས་སུ་དྲན་པ་དྲུག་གང་རུང་ངམ། དེ་ལས་གཞན་པའི་དང་བར་འགྱུར་བའི་དམིགས་པ་རྣམས་ཀྱིས་སེམས་གཟེངས་བསྟོད་པ་དང༌། རྨུགས་གཉིད་ཀྱི་ཉེས་དམིགས་སྟོན་པའི་ཆོས་ཁ་ཏོན་བྱེད་པ་དང་ཕྱོགས་དང་ཟླ་སྐར་ལ་ལྟ་བ་དང་གདོང་ཆུས་འཁྲུ་བ་སོགས་བྱ་བར་ཉན་ས་ལས་བཤད་དོ། དེ་ཡང་བྱིང་བ་ཤིན་ཏུ་སྲབ་པ་དང་ལན་རེ་ཙམ་ལས་མི་འོང་ན་སེམས་ཀྱི་འཛིན་སྟངས་གྲིམས་པར་བྱས་ཏེ་བསྒོམ་ལ། བྱིང་བ་འཐུག་པ་དང་ཡང་ཡང་འོང་བར་སྣང་ན་ཏིང་ངེ་འཛིན་བསྒོམ་པའི་འཕྲོ་བཤོལ་ལ་གཉེན་པོ་དེ་རྣམས་ཅི་རིགས་པར་བསྟེན་ནས་བྱིང་བ་སངས་པ་དང་བསྒོམ་མོ། སེམས་གང་ལ་བཟུང་བའི་དམིགས་པ་མི་གསལ་བར་སེམས་ལ་མུན་པ་བབས་པ་ལྟ་བུའི་རྣམ་པ་སྲབ་འཐུག་གང་རུང་བྱུང་ན་དེའི་གཉེན་པོར་མར་མེ་དང་མེ་དང་ཉི་འོད་སོགས་ཀྱི་སྣང་བའི་མཚན་མ་བཟུང་ནས་ཡང་ཡང་གོམས་པར་བྱས་ན་སེམས་ཀྱི་གསལ་དྭངས་ཆེན་པོ་སྐྱེའོ།

རྒོད་པ་ནི་ཆགས་པའི་སྒོ་ནས་གཟུགས་སྒྲ་སོགས་ཀྱི་ཡུལ་ལ་སེམས་རྒྱུག་པ་ཡིན་པས་དེ་ལ་ནི་སེམས་ནང་དུ་སྡུད་པའི་རྒྱུ་ཡིད་འབྱུང་བའི་དངོས་པོ་ཡིད་ལ་བྱ་ལ། དེས་རྒོད་པ་ཞི་མ་ཐག་ཡང་མཉམ་པར་འཇོག་གོ །དབུ་མ་སྙིང་པོ་ནས། རྒོད་པ་མི་རྟག་ལ་སོགས་པ། ཡིད་ལ་བྱེད་པས་ཞི་བར་བྱ། ཞེས་དང༌། གཡེངས་པ་གཡེངས་པའི་མཚན་མ་ལ། ཉེས་དམིགས་ལྟ་བས་བསྡུ་བར་བྱ། ཞེས་སོ། རྒོད་པ་ཤུགས་དྲག་པའམ་རྒྱུན་རིང་བྱུང་ན་རེ་ཞིག་སྒོམ་པ་གློད་ལ། སྐྱོ་ཤས་སྒོམ་པ་གནད་དུ་འགྲོ་བ་ཡིན་གྱི །སེམས་འཕྲོ་རེས་ཀྱིས་བཀུག་ཅིང་འཇོག་པ་མིན་ནོ། རྒོད་པ་དེ་ཙམ་དུ་ཤས་མི་ཆེ་བ་ལ་ནི་འཕྲོས་པ་དེ་བཀུག་ནས་དམིགས་པ་ལ་གདགས་ཏེ།

ཕར་ཕྱིན་བསྡུས་པ་ལས།
།རྒོད་པར་གང་ཚེ་གྱུར་པའི་ཡིད། །ཞི་གནས་ཚུལ་གྱིས་བཟློག་པར་བྱ།

ཞེས་སོ། སེམས་རྒོད་པ་ལ་ནི་དང་ཞིང་དགའ་བའི་ཡུལ་ཡིད་ལ་མི་བྱ་སྟེ་དེ་ནི་ཕྱི་རོལ་ཏུ་གཡེང་བའི་རྒྱུ་ཡིན་པའི་ཕྱིར་རོ།

གཉིས་པ་ནི། བྱིང་རྒོད་གཉིས་ཀའི་རྒྱུ་ཐུན་མོང་བ་ནི། དབང་པོའི་སྒོ་མ་བསྲུངས་པ་དང༌། ཟས་ཀྱི་ཚོད་མ་ཟིན་པ་དང༌། ནམ་གྱི་ཆ་སྟོད་སྨད་ལ་མི་ཉལ་བའི་སྦྱོར་བ་ལ་མི་བརྩོན་པ་དང༌། ཤེས་བཞིན་མ་ཡིན་པར་གནས་པ་ཡིན་ཞིང༌། བྱིང་བའི་རྒྱུ་ནི་གཉིད་ཆེ་བ་དང༌། སེམས་དམིགས་པ་འཛིན་པ་ལ་ཧ་ཅང་གློད་པ་དང༌། ཞི་ལྷག་ཆ་མ་མཉམ་པར་ཞི་གནས་བསྟེན་དྲགས་པ་དང༌། སེམས་མུན་པ་ལྟར་འདུག་པ་དང༌། དམིགས་པ་ལ་གཏོད་པར་མི་དགའ་བའོ། རྒོད་པའི་རྒྱུ་ནི་སྐྱོ་ཤས་ཆུང་བ་དང༌། སེམས་དམིགས་པ་ལ་ཧ་ཅང་དམ་དྲགས་པ་དང༌། བརྩོན་པ་ལ་གོམས་པར་མ་བྱས་པ་དང༌། ཉེ་དུ་ལ་རྟོག་པ་སོགས་ཀྱིས་སེམས་རྣམ་པར་གཡེངས་པ་ལ་བཤད་དོ། དེས་ན་བྱིང་རྒོད་ཆ་ཕྲ་མོ་ཡང་ཤེས་བཞིན་གྱིས་རིག་པར་བྱས་ལ་ཐམས་ཅད་དུ་དགག་དགོས་པས་རྒོད་པ་དང་རྣམ་གཡེང་སོགས་ཕྲ་མོ་རྣམས་ཐོག་མའི་དུས་སུ་བཅད་ཀྱང་མི་ཆོད་པས་སྙམ་ནས་འདོར་བ་དང༌། དེ་རྣམས་ཤུགས་དྲག་པ་དང་ཧ་ཅང་རྒྱུན་རིང་པའི་ལུ་གུ་རྒྱུད་མེད་ན་རྒྱུན་ཐུང་ངེ་བ་དང་ཤུགས་ཞན་པས་ལས་མི་གསོག་པས་བཅད་མི་དགོས་སོ་སྙམ་པས་ནི་ཏིང་ངེ་འཛིན་རྣམ་དག་སྒྲུབ་མི་ཤེས་ཏེ། རྗེ་བཙུན་བྱམས་པ་སོགས་ཀྱིས་ཏིང་ངེ་འཛིན་སྒྲུབ་པའི་ཚུལ་གཏན་ལ་ཕབ་པ་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་རོ། དེས་ན་འཕྲོ་རྒོད་ལས་སེམས་གླན་ཏེ་ནང་དུ་དམིགས་པ་ལ་བདགས་ལ་གནས་ཆ་བཙལ། གནས་ཆ་བྱུང་རེས་ཀྱིས་བྱིང་ཟོན་བྱས་ཏེ་གསལ་བའི་ངར་གདོན། དེ་གཉིས་རེ་མོས་སུ་བྱས་ནས་ཏིང་ངེ་འཛིན་སྐྱོན་མེད་བསྒྲུབ་ཀྱི། འཛིན་སྟངས་ཀྱི་ངར་དང་ལྡན་པའི་གསལ་ཆ་མེད་པའི་དྭངས་པ་བཙམ་ལ་ཡིད་བརྟན་མི་བྱའོ།

གཉིས་པ་ནི། སྔར་བཤད་པ་ལྟར་བྱིང་རྒོད་ཕྲ་མོ་ཡང་བཅད་དེ་བསྒོམས་པས་ཡང་ན་བྱིང་བ་དང་ཡང་ན་རྒོད་པར་འགྱུར་བའི་མི་མཉམ་པ་མེད་པར་སེམས་མཉམ་པ་ཉིད་དུ་འཇུག་པའི་ཚེ་འདུ་བྱེད་པའམ་རྩོལ་ན་ཏིང་ངེ་འཛིན་གྱི་སྐྱོན་ཡིན་པས་དེའི་གཉེན་པོར་བཏང་སྙོམས་བསྒོམ་པར་བྱའོ། འདུ་བྱེད་པའམ་རྩོལ་བ་བྱས་པས་སྐྱོན་དུ་འགྱུར་ལུགས་ནི། སེམས་ནང་དུ་འགུགས་པ་དང་བྱིང་ན་གཟེངས་བསྟོད་དེ་བསྒོམས་པས་ཐུན་འཚམ་པ་རེ་ལ་བྱིང་རྒོད་མི་འོང་བའི་གདེང་ཐོབ་པའི་དུས་སུ་ཐོག་མའི་དུས་བཞིན་བྱིང་ཟོན་དང་རྒོད་ཟོན་ཆེན་པོ་བྱས་ཤིང་སྐྱོང་བ་ཡིན་ཏེ། དེ་ལྟར་བྱས་ན་སེམས་གཡེང་བར་འགྱུར་བས་དེའི་ཚེ་གློད་ཤེས་དགོས་སོ། དེ་ཡང་རྩོལ་བ་གློད་པ་ཡིན་གྱི་འཛིན་སྟངས་ཀྱི་ངར་གཏོང་བ་མིན་ནོ། དེས་ན་བཏང་སྙོམས་སྒོམ་པ་འདི་བྱིང་རྒོད་མ་བྱུང་བའི་སྐབས་ཐམས་ཅད་དུ་བྱེད་པ་མིན་གྱི་བྱིང་རྒོད་ཀྱི་དབལ་ཆོགས་པ་ནས་ཡིན་ཏེ། བྱིང་རྒོད་ཀྱི་དབལ་མ་ཆོགས་པའི་དུས་སུ་བཏང་སྙོམས་ཉིད་མེད་པའི་ཕྱིར་རོ། འོ་ན་བཏང་སྙོམས་དེ་གང་སྙམ་ན། ཚོར་བ་དང༌། ཚད་མེད་དང༌། འདུ་བྱེད་བཏང་སྙོམས་གསུམ་ལས་འདི་ནི་ཐ་མ་ཡིན་ལ། དེའི་ངོ་བོ་ནི་ཉན་ས་ལས། ཞི་ལྷག་གི་ཕྱོགས་ཀྱི་དམིགས་པ་ལ་སེམས་མཉམ་པ་ཉིད་དང་རྣལ་དུ་འབབ་པ་དང་རང་གི་ངང་གིས་འཇུག་པ་དང་ལས་སུ་རུང་བ་ཐོབ་པ་ལ་བཤད་པ་ལྟར་ཡིན་ལ། དེ་འདྲ་བའི་བཏང་སྙོམས་ཐོབ་པའི་ཚེ་ཏིང་ངེ་འཛིན་སྒོམ་པ་ན་བྱིང་རྒོད་མ་བྱུང་བའི་དུས་སུ་བཏང་སྙོམས་དེ་མངོན་དུ་བྱས་ལ་རྩོལ་བ་མི་དྲག་པར་བཞག་གོ །

དེ་རྣམས་ནི་དབུས་མཐའ་ལས།
།དེར་གནས་ལས་སུ་རུང་བ་ཉིད། །དོན་རྣམས་ཐམས་ཅད་འབྱོར་པར་འགྱུར།
།ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བསྟེན་པའི་རྒྱུ་ལས་བྱུང་བའོ།
།ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌།
།འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ།
།གནས་དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་བུ་ཉིད་དུའོ།
།དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་པ་རྟོགས་པ་དང༌།
།དེ་སྤོང་མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འཇུག་པའོ།

ཞེས་གསུངས་པ་ལྟར་ཡིན་ཏེ། དེ་ལ་དེར་གནས་ནི། མི་མཐུན་ཕྱོགས་བསལ་བའི་དོན་དུ་བརྩོན་འགྲུས་རྩོམ་པ་དེར་གནས་པ་སྟེ་དེ་ལ་སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་སྐྱེའོ། དེ་ཡང་མངོན་ཤེས་ལ་སོགས་པའི་དོན་ཐམས་ཅད་འགྲུབ་པར་བྱེད་པའི་རྫུ་འཕྲུལ་གྱི་རྐང་པའམ་གནས་ཡིན་པས་དོན་རྣམས་འབྱོར་པར་བྱེད་པའོ། དེ་འདྲ་བའི་ཏིང་ངེ་འཛིན་ནི་ཉེས་པ་ལྔ་སྤོང་བ་དང་འདུ་བྱེད་བརྒྱད་བསྟེན་པའི་རྒྱུ་ལས་སྐྱེའོ། ཉེས་པ་ལྔ་ནི་སྦྱོར་པའི་ཚེ་ན་ལེ་ལོ་ཉེས་པ་ཡིན་ཏེ། ཏིང་ངེ་འཛིན་ལ་མི་སྦྱོར་བའི་ཕྱིར་རོ། ཏིང་ངེ་འཛིན་ལ་བརྩོན་པའི་ཚེ་གདམས་ངག་བརྗེད་པ་ཉེས་པ་ཡིན་ཏེ་དམིགས་པ་བརྗེད་ན་སེམས་དམིགས་པ་ལ་མཉམ་པར་བཞག་པ་མེད་པའི་ཕྱིར་རོ། མཉམ་པར་བཞག་པ་ལ་བྱིང་རྒོད་ཉེས་པ་སྟེ། དེ་གཉིས་ཀྱིས་སེམས་ལས་སུ་རུང་བ་མེད་པར་བྱེད་པའི་ཕྱིར་རོ། བྱིང་རྒོད་བྱུང་བའི་ཚེ་མི་རྩོལ་བ་ཉེས་པ་སྟེ། དེས་དེ་གཉིས་ཞི་བར་མི་བྱེད་པས་སོ། བྱིང་རྒོད་དང་བྲལ་བའི་ཚེ་འདུ་བྱེད་པའི་སེམས་པ་ཉེས་པ་སྟེ། བྱིང་རྒོད་གཉིས་གཅིག་ཏུ་བྱས་ན་ལྔ་ཡིན་ལ་སོ་སོར་ཕྱེ་ནས་དྲུག་ཏུ་ཡང་སྒོམ་རིམ་རྣམས་ལས་གསུངས་སོ། དེ་དག་གི་གཉེན་པོ་སྤོང་བའི་འདུ་བྱེད་བརྒྱད་ལས་ལེ་ལོའི་གཉེན་པོ་བཞི་སྟེ། དད་པ་དང་འདུན་པ་དང་རྩོལ་བ་དང་ཤིན་སྦྱངས་སོ། དེ་ནས་བརྗེད་ངས་དང་བྱིང་རྒོད་དང་འདུ་མི་བྱེད་པ་དང་འདུ་བྱེད་པའི་གཉེན་པོར་རིམ་པ་ལྟར། དྲན་པ་དང་ཤེས་བཞིན་དང་འདུ་བྱེད་པའི་སེམས་པ་དང་རྣལ་དུ་འཇོག་པའི་བཏང་སྙོམས་ཏེ། དེ་དག་ནི་སྔར་བཤད་ཟིན་ཏོ། འདི་ནི་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དྲན་པ་དང་ཤེས་བཞིན་གྱིས་བྱིང་རྒོད་དང་བྲལ་བར་བྱས་ཏེ་སྐྱོང་བའི་གདམས་ངག་ཐམས་ཅད་ཀྱི་ཐུན་མོང་བ་ཡིན་པས་མཚན་ཉིད་ཐེག་པའི་སྒོས་ཆོས་ཡིན་གྱི་སྡགས་ལ་མི་དགོས་སོ་སྙམ་དུ་མི་གཟུང་སྟེ། རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་དུ་མར་ཡང་གསུངས་པའི་ཕྱིར་རོ།

གཉིས་པ་ལ་གསུམ། སེམས་གནས་སྐྱེ་བའི་རིམ་པ་དངོས། དེ་སྟོབས་དྲུག་གིས་འགྲུབ་ལུགས། དེ་ལ་ཡིད་ལ་བྱེད་པ་བཞི་ཡོད་ཚུལ་ལོ། དང་པོ་ལ་དགུ་ལས། དེ་དང་དེ་ལ་སེམས་འཇོག་པ་ནི། ཕྱི་རོལ་གྱི་དམིགས་པ་ཐམས་ཅད་ལས་སེམས་བསྡུས་ནས་ནང་དུ་དམིགས་པ་ལ་གཏོད་པ་སྟེ།

མདོ་རྒྱན་ལས།
དམིགས་པ་ལ་ནི་སེམས་གཏད་ནས། ཞེས་སོ།

རྒྱུན་དུ་འཇོག་པ་ནི། དང་པོར་གཏད་པའི་སེམས་དེ་ཉིད་གཞན་དུ་མི་གཡེང་པར་དམིགས་པ་དེ་ལ་རྒྱུན་དུ་འཇོག་པ་སྟེ། དེའི་རྒྱུན་རྣམ་པར་གཡེང་མི་བྱ། ཞེས་སོ། གླན་ཏེ་འཇོག་པ་ནི། བརྗེད་ངས་ཀྱིས་ཡེངས་ཏེ་ཕྱི་རོལ་ཏུ་གཡེངས་ན་དེ་ཤེས་པར་བྱས་ནས་སླར་ཡང་དམིགས་པ་དེ་ཉིད་ལ་འདོགས་པ་སྟེ། རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། དེ་ལ་སླར་ནི་གླན་པར་བྱ། ཞེས་སོ། ཉེ་བར་འཇོག་པ་ནི། ཤེར་ཕྱིན་མན་ངག་ལས། སེམས་རང་བཞིན་གྱིས་རྒྱ་ཆེ་བ་ལས་ཡང་ཡང་བསྡུས་ཏེ་ཕྲ་བར་བྱས་ནས་གོང་ནས་གོང་དུ་འཇོག་པ་ལ་བཤད་དེ། བློ་ལྡན་གོང་ནས་གོང་དུ་ཡང༌། སེམས་ནི་ནང་དུ་བསྡུ་བར་བྱ། ཞེས་གསུངས་པ་དང་མཐུན་ནོ། དུལ་བར་བྱེད་པ་ནི། ཏིང་ངེ་འཛིན་གྱི་ཡོན་ཏན་བསམས་ནས་ཏིང་ངེ་འཛིན་ལ་དགའ་བ་སྟེ། དེ་ནས་ཡོན་ཏན་མཐོང་བའི་ཕྱིར། ཏིང་ངེ་འཛིན་ལ་སེམས་འདུལ་ལོ། ཞེས་སོ། ཞི་བར་བྱེད་པ་ནི། རྣམ་གཡེང་ལ་སྐྱོན་དུ་བལྟས་ནས་ཏིང་ངེ་འཛིན་ལ་མི་དགའ་བ་ཞི་བར་བྱེད་པ་སྟེ། རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། དེ་ལ་མི་དགའ་ཞི་བར་བྱ། ཞེས་སོ། རྣམ་པར་ཞི་བར་བྱེད་བ་ནི། ཆགས་སེམས་དང་ཡིད་མི་བདེ་དང་རྨུགས་པ་དང་གཉིད་ལ་སོགས་པ་བྱུང་བ་རྣམས་ཞི་བར་བྱེད་པ་སྟེ། ཆགས་སེམས་ཡིད་མི་བདེ་ལ་སོགས། ལངས་པ་དེ་བཞིན་ཞི་བར་བྱ། ཞེས་སོ། རྩེ་གཅིག་ཏུ་བྱེད་པ་ནི། འབད་མེད་དུ་འཇུག་པའི་ཕྱིར་དུ་འབད་པ་སྟེ། དེ་ནས་སྡོམ་བརྩོན་ཅན་གྱིས་ནི། སེམས་ལ་མངོན་པར་འདུ་བྱེད་བཅས། རང་གི་ངང་གིས་འབྱུང་བ་ཐོབ། ཅེས་སོ། མཉམ་པར་འཇོག་པ་ནི། སེམས་མཉམ་པར་གྱུར་པ་ན་བཏང་སྙོམས་སུ་བྱེད་པ་ལ་སྒོམ་རིམ་ལས་གསུངས་ལ། རྒྱུད་གཅིག་ཏུ་བྱེད་པ་གོམས་པས་ལྷུན་གྲུབ་ཏུ་རང་གི་ངང་གིས་འཇུག་ཅིང་རང་དབང་ཐོབ་པ་ལ་ཤེར་ཕྱིན་མན་ངག་ཏུ་གསུངས་སོ། དེ་ལྟར་ཡང༌། དེ་གོམས་པ་ལས་འདུ་མི་བྱེད། ཅེས་སོ། སེམས་དགུའི་མིང་འདོགས་དེ་དག་ནི་སྒོམ་རིམ་དང་པོ་ལས། ཞི་གནས་ཀྱི་ལམ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་བཤད་དེ། ཞེས་སོགས་དྲངས་པ་ལྟར་བྱས་པའོ།

གཉིས་པ་ནི། སྟོབས་ནི་དྲུག་སྟེ། ཐོས་པ་དང་བསམ་པ་དང་དྲན་པ་དང་ཤེས་བཞིན་གྱི་བརྩོན་འགྲུས་དང་ཡོངས་སུ་འདྲིས་པའི་སྟོབས་སོ། དེ་དག་གིས་སེམས་གང་འགྲུབ་ཚུལ་ནི། ཐོས་པའི་སྟོབས་ཀྱིས་ནི་འཇོག་པའི་སེམས་འགྲུབ་སྟེ། སེམས་དམིགས་པ་ལ་འཇོག་པའི་གདམས་ངག་གཞན་ལས་ཐོས་པ་ཙམ་གྱི་རྗེས་སུ་འབྲངས་ནས། དང་པོར་དམིགས་པ་ལ་བཏགས་པ་ཙམ་ཡིན་གྱི་རང་གིས་ཡང་ཡང་བསམས་ནས་གོམས་པ་མིན་པའི་ཕྱིར་རོ། བསམ་པའི་སྟོབས་ཀྱིས་ནི་རྒྱུན་དུ་འཇོག་པའི་སེམས་འགྲུབ་སྟེ། དང་པོར་དམིགས་པ་ལ་བཏགས་པ་དེའི་རྒྱུན་ཡང་ཡང་བསམས་ནས་བསྐྱངས་པ་ལས་རྒྱུན་ཅུང་ཟད་འཐུད་ནུས་པ་ཐོག་མར་འཐོབ་པའི་ཕྱིར་རོ། དྲན་པའི་སྟོབས་ཀྱིས་ནི་གླན་ཏེ་འཇོག་པ་དང༌། ཉེ་བར་འཇོག་པའི་སེམས་གཉིས་འགྲུབ་སྟེ། དམིགས་པ་ལས་ཡེངས་ནས་གཡེངས་པ་ན་སྔར་གྱི་དམིགས་པ་དྲན་ནས་ནང་དུ་སྡུད་པ་དང༌། དང་པོ་ནས་དྲན་པའི་ཤུགས་བསྐྱེད་དེ་དམིགས་པ་ལས་གཡེང་བར་མི་བྱེད་བའི་ཕྱིར་རོ། ཤེས་བཞིན་གྱི་སྟོབས་ཀྱིས་ནི། དུལ་བར་བྱེད་པ་དང་ཞི་བར་བྱེད་པའི་སེམས་གཉིས་འགྲུབ་སྟེ། རྣམ་རྟོག་དང་ཉེ་ཉོན་གྱི་མཚན་མ་ལ་འཕྲོ་བའི་ཉེས་དམིགས་ཤེས་བཞིན་གྱིས་རིག་ནས་ཉེས་དམིགས་སུ་བལྟས་པས་དེ་གཉིས་ལ་འཕྲོར་མི་སྟེར་བར་བྱེད་པའི་ཕྱིར་རོ། བརྩོན་འགྲུས་ཀྱི་སྟོབས་ཀྱིས་ནི། རྣམ་པར་ཞི་བར་བྱེད་པ་དང་རྩེ་གཅིག་ཏུ་བྱེད་པའི་སེམས་གཉིས་འགྲུབ་སྟེ། རྣམ་རྟོག་དང་ཉེ་ཉོན་བྱུང་བ་ཕྲ་མོ་ཡང་རྩོལ་བས་སྤོང་བས་དང་དུ་མི་ལེན་ཞིང༌། དེ་ལྟར་བྱས་པས་བྱིང་རྒོད་ལ་སོགས་པས་ཏིང་ངེ་འཛིན་ལ་བར་གཅོད་མི་ནུས་པར་རྒྱུན་ཆགས་སུ་སྐྱེ་བའི་ཏིང་ངེ་འཛིན་འགྲུབ་པའི་ཕྱིར་རོ། འདྲིས་པའི་སྟོབས་ཀྱིས་ནི། མཉམ་པར་འཇོག་པའི་སེམས་འགྲུབ་སྟེ། སྔ་མ་རྣམས་ལ་གོམས་པ་ཆེས་པའི་སྟོབས་ཀྱིས་འབད་མེད་དུ་ངང་གིས་འཇུག་པའི་ཏིང་ངེ་འཛིན་སྐྱེ་བའི་ཕྱིར་རོ། དེ་དག་ནི་ཉན་སའི་དགོངས་པ་ཇི་ལྟ་བ་བཞིན་ཡིན་པས་དེ་ལས་གཞན་དུ་འཆད་པ་ལ་ཡིད་བརྟན་མི་བྱའོ། དེ་ལ་སེམས་དགུ་པ་ཐོབ་ན་ནི་དཔེར་ན་གཞུང་ལ་སོགས་པ་འདོན་པ་ལ་ཆེས་ཤིན་ཏུ་གོམས་ན། དང་པོར་འདོན་པའི་ཀུན་སློང་བྱུང་ནས་བཏོན་ན་བར་སྐབས་སུ་སེམས་གཞན་དུ་གཡེངས་ཀྱང་ཁ་ཏོན་དེ་ཉིད་མི་འཆད་པར་རྩོལ་མེད་དུ་འོང་བ་ལྟར། དང་པོར་སེམས་དམིགས་པ་ལ་གཏོད་པའི་དྲན་པས་ལན་ཅིག་མཉམ་པར་བཞག་ན། དེ་ནས་དྲན་ཤེས་ན་རེ་རྒྱུན་ལྡན་དུ་བསྟེན་པ་མ་བྱུང་ཡང་ཏིང་ངེ་འཛིན་དེ་འཕྲོ་མི་འཆད་པར་རྒྱུན་ཆགས་སུ་རྒྱུན་རིང་པོར་འཇུག་ཐུབ་པ་ཞིག་འབྱུང་ངོ༌། དྲན་ཤེས་རྒྱུན་ལྡན་ན་རེ་བསྟེན་པའི་རྩོལ་བ་མི་དགོས་པ་ལ་མངོན་པར་འདུ་བྱེད་པའམ་འབད་རྩོལ་མེད་པ་ཞེས་ཟེར་རོ། དེ་སྐྱེ་བ་ལ་སྔོན་དུ་དྲན་པ་དང་ཤེས་བཞིན་རྩོལ་བས་ན་རེ་བསྟེན་ན། བྱིང་རྒོད་སོགས་ཀྱི་མི་མཐུན་ཕྱོགས་ཀྱིས་བར་གཅོད་མི་ནུས་པར་ཐུན་རིང་པོ་འཁྱོངས་པའི་ཏིང་ངེ་འཛིན་ཞིག་སྐྱེ་དགོས་ལ་དེ་ཡང་སེམས་བརྒྱད་པ་ཡིན་ཏེ། འདི་དང་དགུ་པ་གཉིས་བྱིང་རྒོད་ལ་སོགས་པའི་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་ཀྱིས་བར་གཅོད་མི་ནུས་པར་འདྲ་ཡང༌། འདི་ལ་དྲན་ཤེས་བར་མ་ཆད་དུ་བསྟེན་དགོས་པས་མངོན་པར་འདུ་བྱེད་པའམ་འབད་རྩོལ་དང་བཅས་པ་ཞེས་ཟེར་རོ། དེ་སྐྱེ་བ་ལ་བྱིང་རྒོད་སོགས་ཕྲ་མོ་ཡང་སྐྱེས་ཙམ་ནས་དང་དུ་མི་ལེན་པར་འགོག་པ་ཞིག་དགོས་པས་སེམས་བདུན་པ་དགོས་སོ། དེ་སྐྱེ་བ་ལ་རྣམ་རྟོག་དང་ཉེ་ཉོན་གྱིས་གཡེངས་བ་ལ་ཉེས་དམིགས་སུ་ཤེས་ནས་དེ་དག་ལ་མི་འཕྲོ་བར་བྱ་ར་བྱེད་པའི་ཤེས་བཞིན་སྟོབས་ལྡན་དགོས་པས་སེམས་ལྔ་པ་དང་དྲུག་པ་དགོས་ཏེ། དེ་གཉིས་ཤེས་བཞིན་སྟོབས་སུ་གྱུར་པས་བསྒྲུབས་པའི་ཕྱིར་རོ། དེ་འདྲ་བ་དེ་སྐྱེ་བ་ལ་ཡང་དམིགས་པ་ལས་ཡེངས་ན་ཡང་དམིགས་པ་མྱུར་དུ་དྲན་པ་དང༌། དང་པོ་ནས་དམིགས་པ་ལས་གཡེང་བར་མི་བྱེད་པའི་དྲན་པ་དགོས་པས་སེམས་གསུམ་པ་དང་བཞི་བ་དགོས་ཏེ། དེ་གཉིས་ནི་དྲན་པ་དེ་གཉིས་ཀྱིས་བསྒྲུབས་པ་ཡིན་པའི་ཕྱིར་རོ། དེ་སྐྱེ་བ་ལ་ཡང་ཐོག་མར་སེམས་དམིགས་པ་ལ་འདོགས་པ་དང་བཏགས་པ་དེའི་རྒྱུན་མི་གཡེང་བ་དགོས་པས་སེམས་དང་པོ་གཉིས་སྔོན་དུ་སྐྱེ་བ་ཡིན་ནོ། དེ་ལྟར་ན་མདོར་བསྡུ་ན་དང་པོར་གདམས་ངག་ཐོས་པའི་རྗེས་སུ་འབྲངས་ལ་སེམས་མཉམ་པར་འཇོག་ཚུལ་ལེགས་པར་བྱ། དེ་ནས་དེ་ལྟར་བཞག་པ་དེ་ཡང་ཡང་བསམས་ལ་རྒྱུན་ཅུང་ཟད་འཐུད་ཐུབ་པའི་སྒོ་ནས་རྒྱུན་བསྐྱང༌། དེ་ནས་དྲན་པ་ཉམས་ནས་གཡེངས་ན་མྱུར་དུ་བསྡུས་ལ་དམིགས་པ་བརྗེད་པ་མྱུར་དུ་དྲན་པ་དང༌། དེ་ནས་ཀྱང་དྲན་པ་ཤུགས་ཅན་བསྐྱེད་ལ། དང་པོ་ནས་དམིགས་པ་ལས་མི་ཡེངས་པའི་དྲན་པའི་སྟོབས་བསྐྱེད། དྲན་པ་སྟོབས་ཅན་གྲུབ་པ་དང་དམིགས་པ་ལས་གཞན་དུ་གཡེང་བའི་བྱིང་རྒོད་སོགས་ཀྱི་སྐྱོན་མཐོང་བའི་སྒོ་ནས་བྱ་ར་བྱེད་པའི་ཤེས་བཞིན་དྲག་པོ་བསྐྱེད། དེ་ནས་བརྗེད་ངས་ཕྲ་མོས་གཡེངས་ན་ཡང་དེ་མ་ཐག་རིག་ནས་རྒྱུན་གཅོད་པ་དང༌། བཅད་ནས་མི་མཐུན་ཕྱོགས་ཀྱིས་བར་མ་བཅད་པའི་རྒྱུན་ཇེ་རིང་དུ་གཏོང་བའི་རྩོལ་བའི་སྟོབས་བསྐྱེད། དེ་སྐྱེས་པ་ན་འབད་ནས་བསྒོམས་པས་གོམས་པ་ཀློང་དུ་གྱུར་ནས་འབད་རྩོལ་མེད་པར་ཏིང་ངེ་འཛིན་དུ་འགྲོ་བའི་སེམས་དགུ་པ་འགྲུབ་བོ། དེས་ན་སེམས་དགུ་པ་མ་ཐོབ་པའི་གོང་དུ་རྣལ་འབྱོར་པས་སེམས་ཏིང་ངེ་འཛིན་ལ་འཇོག་པའི་རྩོལ་བ་ཕར་བྱ་དགོས་ལ། སེམས་དགུ་པ་ཐོབ་ནས་ཆེད་དུ་མཉམ་པར་འཇོག་པའི་རྩོལ་བ་མ་བྱས་ཀྱང༌། སེམས་ཏིང་ངེ་འཛིན་དུ་ཧྲིལ་ཧྲིལ་འགྲོའོ། དེ་ལྟ་བུའི་སེམས་དགུ་པ་འདི་ཐོབ་ཀྱང་ཤིན་སྦྱངས་མ་ཐོབ་ན་འོག་ནས་འཆད་པ་ལྟར་ད་དུང་ཞི་གནས་ཐོབ་པར་ཡང་མི་འཇོག་ན་ལྷག་མཐོང་ཐོབ་པ་ལྟ་ཅི་སྨོས།

གསུམ་པ་ནི། ཉན་ས་ལས།
སེམས་གནས་དགུ་ལ་ཡིད་བྱེད་བཞི་ཡོད་པར་བཤད་པ་ལྟར་བཤད་ན། སེམས་དང་པོ་གཉིས་ཀྱི་དུས་སུ་འབད་པས་སྒྲིམ་དགོས་པས་བསྒྲིམས་ཏེ་འཇུག་པ་དང༌། དེ་ནས་སེམས་ལྔའི་སྐབས་སུ་ནི་བྱིང་རྒོད་ཀྱིས་བར་དུ་བཅད་ནས་ཐུན་རིང་པོ་སྐྱོང་མི་ནུས་པས་སྐབས་སུ་ཆད་ཅིང་འཇུག་པ་དང༌། དེ་ནས་སེམས་བརྒྱད་པ་ལ་ནི་བྱིང་རྒོད་ཀྱིས་བར་གཅོད་མི་ནུས་པར་ཐུན་རིང་པོ་སྐྱོད་ཐུབ་པས་སྐབས་སུ་ཆད་པ་མེད་པར་འཇུག་པ་དང༌། དེ་ནས་སེམས་དགུ་པ་ལ་ནི་བར་ཡང་མི་འཆད་ཅིང་རྩོལ་བ་ཡང་རྒྱུན་པར་བསྟེན་མི་དགོས་པས་རྩོལ་བ་མེད་པར་འཇུག་པའི་ཡིད་བྱེད་འཇོག་གོ། འོ་ན་སེམས་དང་པོ་གཉིས་ཀྱི་སྐབས་སུ་འཆད་ཅིང་འཇུག་པ་ཡོད་ལ། སེམས་བར་པ་ལྔའི་སྐབས་སུ་ཡང་སྒྲིམ་དགོས་པ་ཡོད་པ་ལ། དང་པོ་གཉིས་ལ་འཆད་ཅིང་འཇུག་པའི་ཡིད་བྱེད་ཡོད་པར་མི་འཆད་པ་དང༌། བར་པ་ལྔ་ལ་བསྒྲིམས་ཏེ་འཇུག་པའི་ཡིད་བྱེད་ཡོད་པར་མི་འཆད་པ་ཅི་ཞེ་ན། སེམས་དང་པོ་གཉིས་ལ་ནི་སེམས་ཏིང་ངེ་འཛིན་དུ་འགྲོ་བ་དང༌། དེར་མི་འགྲོ་བ་གཉིས་ཕྱི་མ་ཆེས་རིང་ལ། བར་པ་ལྔ་ལ་ནི་ཏིང་ངེ་འཛིན་ལ་གནས་པ་ཆེས་རིང་བས་ཕྱི་མ་ལ་ཏིང་ངེ་འཛིན་གྱི་བར་བཅད་པའི་ཐ་སྙད་མཛད་ལ། སྔ་མ་ལ་མ་མཛད་དོ། དེའི་ཕྱིར་དེ་གཉིས་ཀ་ལ་བསྒྲིམས་ཏེ་འཇུག་པ་ཡོད་པར་འདྲ་མོད་ཀྱང་སྐབས་སུ་ཆད་ཅིང་འཇུག་པ་ཡོད་མེད་མི་འདྲ་བས། བསྒྲིམས་ཏེ་འཇུག་པ་ཡོད་པའི་ཡིད་བྱེད་དུ་སེམས་ལྔ་པོ་དེ་མ་བཞག་གོ །

དེ་ཡང་ཕར་ཕྱིན་བསྡུས་པ་ལས།
།རྒྱུན་མི་འཆད་པའི་རྣལ་འབྱོར་གྱིས། །བསམ་གཏན་བསྒྲུབ་ལ་བརྩོན་པར་བྱ།
།ཡང་དང་ཡང་ཞིང་ངལ་བསོ་ན། །གཙུབས་པས་མེ་ཕྱིན་མི་འགྱུར་ཏེ།
།རྣལ་འབྱོར་ཚུལ་ལའང་དེ་བཞིན་དུ། །ཁྱད་པར་མ་ཐོབ་གཏང་མི་བྱ།

ཞེས་གསུངས་པ་ལྟར་བསྒྲུབ་བོ།

གསུམ་པ་ལ་གསུམ། ཞི་གནས་གྲུབ་པ་དང་མ་གྲུབ་པའི་ས་མཚམས་བསྟན་པ། ཞི་གནས་ལ་བརྟེན་ནས་ལམ་བགྲོད་ཚུལ་སྤྱིར་བསྟན་པ། ཁྱད་པར་དུ་འཇིག་རྟེན་པའི་ལམ་བགྲོད་ཚུལ་བསྟན་པའོ། དང་པོ་ལ་གཉིས། དངོས་ཀྱི་དོན་བསྟན་པ། ཡིད་བྱེད་དང་ལྡན་པའི་རྟགས་དོགས་གཅོད་པ་དང་བཅས་པའོ། དང་པོ་ལ་གཉིས། ཤིན་སྦྱངས་རྫོགས་པར་ཐོབ་མ་ཐོབ་ཀྱི་སྒོ་ནས་ཞི་གནས་ཐོབ་མ་ཐོབ་ཏུ་བསྟན་པ་དང༌། ཤིན་སྦྱངས་རྫོགས་པར་ཐོབ་ནས་ཞི་གནས་འགྲུབ་ལུགས་བསྟན་པའོ། དང་པོ་ནི། སྔར་བཤད་པ་ལྟར་སེམས་དགུ་པ་བྱིང་རྒོད་ཕྲ་མོ་དང་བྲལ་བར་ཐུན་རིང་པོ་སྐྱོང་ནུས་ཤིང༌། དེ་ཡང་དྲན་ཤེས་རྒྱུན་ལྡན་དུ་བསྟེན་པའི་འབད་རྩོལ་ལ་མི་ལྟོས་པར་ལྷུན་གྲུབ་ཏུ་འཇུག་པའི་ཏིང་ངེ་འཛིན་ཐོབ་ན་ཞི་གནས་ཐོབ་པ་ཡིན་ནམ་མིན་སྙམ་ན། ཏིང་ངེ་འཛིན་འདི་ཐོབ་པ་ལ་ཤིན་སྦྱངས་ཐོབ་མ་ཐོབ་གཉིས་སུ་ཡོད་པས་ཤིན་སྦྱངས་མ་ཐོབ་ན་ཞི་གནས་རྗེས་མཐུན་པ་ཡིན་གྱི། ཞི་གནས་དངོས་མིན་ཏེ། དགོངས་འགྲེལ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་ཇི་སྲིད་དུ་སེམས་ལ་དམིགས་པའི་སེམས་ནང་དུ་ཡིད་ལ་བགྱིད་པ་ན་ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེའི་བར་དུ་ཡིད་ལ་བགྱིད་པ་དེ་ལ་ཅི་ཞེས་བགྱི། བྱམས་པ། ཞི་གནས་ནི་མ་ཡིན་ཏེ་ཞི་གནས་ཀྱི་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱའོ། ཞེས་གསུངས་ཤིང༌།

མདོ་རྒྱན་ལས་ཀྱང༌།
།དེ་གོམས་པ་ལས་འདུ་མི་བྱེད། །དེ་ནས་དེ་ཡི་ལུས་དང་སེམས།
།ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས། །ཡིད་ལ་བྱེད་དང་བཅས་ཞེས་བྱ།

ཞེས་ཏེ་ཡིད་ལ་བྱེད་པ་ནི་སྐབས་འདིར་ཞི་གནས་སོ།

སྒོམ་རིམ་བར་པ་ལས་ཀྱང༌།
དེ་ལྟར་ཞི་གནས་གོམས་པར་བྱས་པ་དེའི་ལུས་དང་སེམས་གང་གི་ཚེ་ཤིན་ཏུ་སྦྱངས་པར་གྱུར་པ་དང་ཇི་ལྟར་འདོད་པ་བཞིན་དུ་དམིགས་པ་ལ་སེམས་དབང་དུ་གྱུར་པ་དེའི་ཚེ་ཞི་གནས་གྲུབ་པ་ཡིན་པར་རིག་པར་བྱའོ།

ཞེས་གསལ་བར་གསུངས་སོ། ཤེར་ཕྱིན་མན་ངག་ལས་ཀྱང༌།
འདི་ནི་བྱང་ཆུབ་སེམས་དཔའ་གཅིག་པུ་དབེན་པར་གནས་བཅས་ལ་ཇི་ལྟར་བསམས་པའི་དོན་ཡིད་ལ་བྱ་སྟེ། ཡིད་ཀྱི་བརྗོད་པ་སྤངས་ནས་སེམས་ཉིད་དེ་ལྟར་སྣང་བ་ལ་ལན་མང་དུ་ཡིད་ལ་བྱ་སྟེ་ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་སྐྱེས་ཀྱི་བར་དུ་ཞི་གནས་དང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་ལ། གང་གི་ཚེ་སྐྱེས་པ་དེའི་ཚེ་ཞི་གནས་ཡིན་ནོ།

ཞེས་གསུངས་སོ། འོ་ན་ཤིན་ཏུ་སྦྱངས་པ་མ་སྐྱེས་པའི་གོང་གི་ཏིང་ངེ་འཛིན་དེ་ས་གང་གིས་བསྡུས་པ་ཡིན་ཞེ་ན། འདོད་པའི་སས་བསྡུས་སོ། དེ་ལ་དེ་འདྲ་བའི་སེམས་རྩེ་གཅིག་པ་ཡོད་ཀྱང་མཉམ་པར་མ་བཞག་པའི་ས་ཡིན་གྱི་མཉམ་པར་བཞག་པའི་ས་ཞེས་མི་འཇོག་པ་ནི། འགྱོད་པ་མེད་པ་དང་དགའ་བདེ་མཆོག་དང་ཤིན་སྦྱངས་ཀྱིས་མ་བསྒྲུབས་པའི་རྒྱུ་མཚན་གྱིས་ཡིན་པར་སའི་དངོས་གཞི་ལས་བཤད་དོ། དེ་ལྟར་ན་ཤིན་སྦྱངས་མ་ཐོབ་ན་དྲན་པ་ནར་མར་མ་བསྟེན་ཡང་སེམས་མི་རྟོག་པར་རང་ཤུགས་ཀྱིས་འགྲོ་ཞིང་དེ་ཡང་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཐམས་ཅད་དང་འདྲེ་ཐུབ་པ་ལྟར་སྣང་བའི་ཏིང་ངེ་འཛིན་ནི་འདོད་སེམས་རྩེ་གཅིག་པ་ཞེས་བྱ་བ་ཡིན་གྱི་ཞི་གནས་དངོས་མིན་ནོ།

གཉིས་པ་ནི། འོ་ན་ཤིན་སྦྱངས་ཐོབ་ལུགས་དེ་ཅི་འདྲ་ཞིག་ཡིན། དེ་ཐོབ་ནས་ཞི་གནས་སུ་འགྲོ་ལུགས་ཀྱང་ཇི་འདྲ་ཡིན་སྙམ་ན། དེ་ལ་ཤིན་སྦྱངས་ནི་ཀུན་ལས་བཏུས་ལས། ཤིན་ཏུ་སྦྱངས་པ་གང་ཞེ་ན། ལུས་དང་སེམས་ཀྱི་གནས་ངན་ལེན་རྣམས་ཀྱི་རྒྱུན་གཅོད་པའི་ཕྱིར་ལུས་དང་སེམས་ལས་སུ་རུང་བ་ཉིད་དེ་སྒྲིབ་པ་ཐམས་ཅད་སེལ་བའི་ལས་ཅན་ནོ། ཞེས་སོ། ལུས་སེམས་ཀྱི་གནས་ངན་ལེན་ནི་ལུས་སེམས་དགེ་བའི་བྱ་བ་ལ་ཇི་ལྟར་འདོད་འདོད་དུ་བཀོལ་དུ་མི་རུང་བ་ཡིན་ལ། དེའི་གཉེན་པོ་ལུས་སེམས་ཤིན་སྦྱངས་ནི་ལུས་སེམས་ཀྱི་གནས་ངན་ལེན་གཉིས་དང་བྲལ་བས་ལུས་སེམས་དགེ་བའི་བྱ་བ་ལ་བཀོལ་པ་ལ་ཤིན་ཏུ་ལས་སུ་རུང་པའོ། དེ་ཡང་ཉོན་མོངས་སྤོང་བ་ལ་དགའ་བ་ལ་བར་དུ་གཅོད་ཅིང་ཉོན་མོངས་ཀྱི་ཕྱོགས་སུ་གྱུར་པའི་ལུས་ཀྱི་གནས་ངན་ལེན་ཉོན་མོངས་སྤོང་བ་ལ་རྩོལ་བ་ན་ལུས་ལྕི་བ་སོགས་ཀྱི་ལས་སུ་མི་རུང་བ་དང་བྲལ་ནས་ལྡང་བ་ཡང་བ་ནི་ལུས་ལས་རུང་ངོ༌། དེ་བཞིན་དུ་ཉོན་མོངས་སྤོང་བ་ལ་དགའ་བ་ལ་བར་དུ་གཅོད་བྱེད་ཉོན་མོངས་ཀྱི་ཕྱོགས་སུ་གྱུར་པའི་སེམས་ཀྱི་གནས་ངན་ལེན་ཉོན་མོངས་སྤོང་བའི་ཕྱིར་དུ་རྩོལ་བ་ན། སེམས་དགེ་བའི་དམིགས་པ་ལ་གཏོད་བ་ལ་དགའ་འགུར་འཇུག་ཏུ་མི་རུང་བ་དང་བྲལ་ནས། སེམས་དམིགས་པ་ལ་ཐོགས་པ་མེད་པར་འཇུག་པ་ནི་སེམས་ལས་རུང་ངོ༌།

དེ་ལྟར་ཡང་སློབ་དཔོན་བློ་བརྟན་གྱིས།
དེ་ལ་ལུས་ལས་སུ་རུང་བ་ནི། ལུས་ཀྱི་རང་གི་བྱ་བ་རྣམས་ལ་ལྡང་བ་ཡང་བ་གང་ལས་འབྱུང་བའོ། སེམས་ལས་སུ་རུང་བ་ནི་ཡང་དག་པར་ཡིད་ལ་བྱེད་པ་ལ་ཞུགས་པའི་སེམས་ཀྱི་སིམ་པ་དང་ཡང་བར་འགྱུར་བའི་རྒྱུ་སེམས་ལས་བྱུང་བའི་ཆོས་གཞན་དུ་གྱུར་པ་གང་ཡིན་པ་སྟེ། དེ་དང་ལྡན་ན་དམིགས་པ་ལ་ཐོགས་པ་མེད་པར་འཇུག་པས་དེའི་ཕྱིར་སེམས་ལས་སུ་རུང་བ་ཞེས་བྱའོ།
ཞེས་གསུངས་ཏེ། མདོར་ན་ཤིན་སྦྱངས་ཐོབ་ན་ཉོན་མོངས་སྤོང་བ་ལ་རྩོལ་བར་འདོད་ཀྱང༌། ལས་ལ་ངན་རང་གི་བྱ་བ་ལ་འཇུག་པ་ལྟར་མཚེར་སྣང་གིས་འཇུག་པར་དཀའ་བའི་ལུས་སེམས་ལས་སུ་མི་རུང་བ་ལོག་ནས་ལུས་སེམས་ཤིན་ཏུ་བཀོལ་བདེ་བ་དང་ལྡན་པར་འགྱུར་རོ། དེ་ལྟ་བུའི་ལུས་སེམས་ལས་རུང་ཡོངས་སུ་རྫོགས་པ་དེ་ཡང་ཏིང་ངེ་འཛིན་ཐོག་མ་རྙེད་པ་ནས་ཆ་ཕྲ་མོ་རེ་འབྱུང་བས། ཇེ་ཆེར་སོང་བ་ལས་མཐར་ཤིན་སྦྱངས་དང་རྩེ་གཅིག་པའི་ཞི་གནས་སུ་འགྱུར་ལ། དེ་ཡང་དང་པོ་ཕྲ་བས་རིག་དཀའ་ཞིང་ཕྱི་ནས་ནི་རིག་སླ་བ་འབྱུང་བར་ཉན་ས་ལས་གསུངས་སོ། མཚན་ཉིད་ཡོངས་སུ་རྫོགས་ཤིང་བརྟག་པར་སླ་བའི་ཤིན་སྦྱངས་དེ་སྐྱེ་བའི་སྔ་ལྟས་ནི། ཏིང་ངེ་འཛིན་སྒོམ་པ་ལ་བརྩོན་པའི་གང་ཟག་དེའི་ཀླད་པ་ལྕི་བེམ་པ་སྙམ་བྱེད་པ་སྐྱེ་སྟེ། མི་བདེ་བའི་ལྕི་བ་ནི་མིན་ནོ། དེ་སྐྱེས་མ་ཐག་ཏུ་ཉོན་མོངས་སྤོང་བ་ལ་དགའ་བའི་བར་གཅོད་བྱེད་པའི་སེམས་ཀྱི་གནས་ངན་ལེན་དང་བྲལ་བར་འགྱུར་ཞིང་དེའི་གཉེན་པོ་སེམས་ཤིན་སྦྱངས་པ་སྔོན་ལ་སྐྱེ་སྟེ་ཉན་ས་ལས། ཇི་ཙམ་ན་དེའི་རགས་ཤིང་བརྟག་པར་སླ་བའི་སེམས་རྩེ་གཅིག་པ་ཉིད་དང༌། སེམས་དང་ལུས་ཤིན་ཏུ་སྦྱངས་པ་རིང་པོ་མི་ཐོགས་པར་སྐྱེ་བར་འགྱུར་བའི་སྔ་ལྟས་སུ་དེའི་ཀླད་པ་ལྕི་བར་སྣང་བ་སྐྱེ་བར་འགྱུར་ཏེ། དེ་ཡང་གནོད་པའི་མཚན་ཉིད་ནི་མ་ཡིན་ནོ། དེ་སྐྱེས་མ་ཐག་ཏུ་སྤོང་བ་ལ་དགའ་བའི་བར་ཆད་བྱེད་པ་ཉོན་མོངས་པ་རྣམས་ཀྱི་ཕྱོགས་སུ་གྱུར་པ་སེམས་ཀྱི་གནས་ངན་ལེན་གང་ཡིན་པ་དེ་སྤོང་བར་འགྱུར་ཞིང་དེའི་གཉེན་པོ་སེམས་ལས་སུ་རུང་བ་དང་སེམས་ཤིན་ཏུ་སྦྱངས་པ་ཡང་སྐྱེ་བར་འགྱུར་རོ། ཞེས་སོ། དེ་ནས་སེམས་ལས་རུང་གི་ཤིན་སྦྱངས་དེ་སྐྱེས་པའི་མཐུ་ལ་བརྟེན་ནས་ལུས་ཤིན་སྦྱངས་སྐྱེ་བའི་རྒྱུར་གྱུར་པའི་རླུང་ལུས་ལ་རྒྱུའོ། རླུང་དེ་ལུས་ཀྱི་ཆ་རྣམས་ལ་ཁྱབ་པར་བརྒྱུས་པ་ན་ལུས་ཀྱི་གནས་ངན་ལེན་དང་བྲལ་བར་འགྱུར་ཞིང་ལུས་ཀྱི་གནས་ངན་ལེན་གྱི་གཉེན་པོ་ལུས་ཤིན་སྦྱངས་སྐྱེ་སྟེ། དེ་ཡང་ལུས་ཐམས་ཅད་རྒྱས་ནས་ལས་སུ་རུང་བའི་རླུང་གི་མཐུས་གང་བ་བཞིན་དུ་སྣང་བར་འགྱུར་ཏེ།

ཉན་ས་ལས།
དེ་སྐྱེས་པས་ལུས་ཤིན་ཏུ་སྦྱངས་པ་སྐྱེ་བ་དང་མཐུན་པ་འབྱུང་བ་ཆེན་པོའི་རླུང་དག་ལུས་ལ་རྒྱུ་བར་འགྱུར་ཏེ། དེ་དག་རྒྱུ་བའི་དུས་ན་སྤོང་བ་ལ་དགའ་བའི་བར་གཅོད་བྱེད་པ་ཉོན་མོངས་པའི་ཕྱོགས་སུ་གྱུར་པ་ལུས་ཀྱི་གནས་ངན་ལེན་གང་ཡིན་པ་དེ་དང་འབྲལ་བར་འགྱུར་ཞིང་དེའི་གཉེན་པོ་ལུས་ཤིན་ཏུ་སྦྱངས་པ་ལུས་ཐམས་ཅད་རྒྱས་ཏེ་གང་བ་བཞིན་དུ་སྣང་བར་འགྱུར་རོ། ཞེས་སོ། དེ་ལ་ལུས་ཤིན་སྦྱངས་ནི་ལུས་ཀྱི་ནང་གི་རེག་བྱ་ཆེས་ཡིད་དུ་འོང་བ་ཞིག་ཡིན་གྱི་སེམས་བྱུང་ནི་མིན་ཏེ།

སློབ་དཔོན་བློ་བརྟན་གྱིས།
ལུས་ཀྱི་རེག་བྱའི་ཁྱད་པར་དགའ་བས་ཟིན་ན་ལུས་ཤིན་ཏུ་སྦྱངས་པར་རིག་པར་བྱ་སྟེ། ཡིད་དགའ་ན་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ་ཞེས་མདོ་ལས་འབྱུང་བའི་ཕྱིར་རོ། ཞེས་སོ། དེ་ལྟར་ལུས་ཤིན་སྦྱངས་ཐོག་མར་སྐྱེས་པའི་ཚེ་ན་རླུང་གི་མཐུས་ལུས་ལ་བདེ་ཉམས་ཆེན་པོ་སྐྱེས་པ་ལ་བརྟེན་ནས་སེམས་ལ་ཡང་དགའ་བདེའི་ཉམས་ཆེས་ཕུལ་དུ་བྱུང་བ་འབྱུང་ངོ༌། དེའི་རྗེས་སུ་ཤིན་སྦྱངས་ཐོག་མར་སྐྱེས་པའི་ཤུགས་དེ་རིམ་གྱིས་ཆུང་དུ་འགྲོ་སྟེ། དེ་ཡང་ཤིན་སྦྱངས་ཟད་ནས་འགྲོ་བ་མིན་གྱི་རགས་པ་དེས་སེམས་ཧ་ཅང་གཡོ་བས་དེ་ལོག་ནས་གྲིབ་མ་ལྟར་སྲབ་པའི་ཤིན་སྦྱངས་མི་གཡོ་བ་ཏིང་ངེ་འཛིན་དང་མཐུན་པ་འབྱུང་ངོ༌། སེམས་དགའ་ཡལ་ཡལ་བ་དེ་ཡང་ལོག་ནས་དེ་ནས་སེམས་དམིགས་པ་ལ་བརྟན་པར་གནས་ཤིང་དགའ་བ་ཆེན་པོས་བསྐྱོད་པའི་མ་ཞི་བ་དང་བྲལ་བའི་ཞི་གནས་འཐོབ་པ་ཡིན་ཏེ།

ཉན་ས་ལས།
དང་པོར་དེ་སྐྱེས་པར་གྱུར་པ་དེའི་ཚེ་ན་སེམས་དགའ་བ་དང་སེམས་ཤིན་ཏུ་ཉམས་བདེ་བ་དང་སེམས་མཆོག་ཏུ་དགའ་བ་དང་ལྡན་པ་ལ་དམིགས་པ་དང་མངོན་པར་དགའ་བ་དང་བཅས་པར་ཡང་སྣང་བར་འགྱུར་རོ། དེའི་འོག་ཏུ་ཤིན་ཏུ་སྦྱངས་པའི་ཤུགས་དང་པོ་སྐྱེས་པ་གང་ཡིན་པ་དེ་ཁད་ཀྱིས་ཁད་ཀྱིས་ཤིན་ཏུ་ཕྲ་བར་འགྱུར་ཞིང་ལུས་ལ་ཤིན་ཏུ་སྦྱངས་པ་གྲིབ་མ་ལྟ་བུ་དང་ལྡན་པར་འགྱུར་རོ། སེམས་དགའ་བ་གང་ཡིན་པ་དེ་ཡང་སྤོང་བར་འགྱུར་ཞིང༌། སེམས་ཞི་གནས་ཀྱིས་ཉེ་བར་བརྟན་ཅིང་རབ་ཏུ་ཞི་བའི་རྣམ་པས་དམིགས་པ་ལ་འཇུག་པར་འགྱུར་རོ། ཞེས་སོ། དེ་ལྟ་བུ་བྱུང་ན་ཡིད་བྱེད་དང་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་བསྡུས་པའི་ཞི་གནས་ཐོབ་པས་མཉམ་པར་བཞག་པའི་ས་པའི་ཡིད་བྱེད་ཆུང་ངུ་ཐོབ་པར་ཉན་ས་ལས་བཤད་དོ།

གཉིས་པ་ལ་གཉིས། ཡིད་བྱེད་དང་ལྡན་པའི་རྟགས་དངོས། དོགས་གཅོད་བཤད་པའོ། དང་པོ་ནི། རང་གཞན་གྱིས་ཡིད་བྱེད་ཐོབ་པ་རིག་པར་བྱ་བའི་མཚན་མ་ནི། དེ་ལྟ་བུ་ཐོབ་པ་དེས་གཟུགས་ཀྱི་སས་བསྡུས་པའི་སེམས་དང༌། ལུས་དང༌། སེམས་ཤིན་སྦྱངས་དང༌། རྩེ་གཅིག་པ་བཞི་པོ་ཆུང་ངུ་ཐོབ་པ་དང་ཞི་རགས་སམ་བདེན་པའི་རྣམ་པ་ཅན་གྱི་ལམ་གྱིས་ཉོན་མོངས་སྦྱོང་བ་ལ་ནུས་པ་དང་ལྡན་པ་དང༌། ནང་དུ་མཉམ་པར་བཞག་པ་ན་མྱུར་བ་མྱུར་བར་ལུས་སེམས་ཤིན་སྦྱངས་སྐྱེ་བ་དང༌། འདོད་པ་ལ་འདུན་པ་དང་གཉིད་ལ་སོགས་པའི་སྒྲིབ་པ་ལྔ་ཕལ་ཆེར་མི་འབྱུང་བ་དང༌། མཉམ་གཞག་ལས་ལངས་པའི་ཚེ་ཡང་ལུས་སེམས་ཤིན་སྦྱངས་འགའ་རེ་དང་ལྡན་པར་ཉན་ས་ལས་གསུངས་སོ། རྟགས་དེ་དག་དང་ལྡན་པའི་ཡིད་བྱེད་དེ་ཐོབ་ནས་ནི་ཞི་གནས་གྱི་ལམ་དག་པར་འགྱུར་བསླ་སྟེ། སེམས་རྩེ་གཅིག་པའི་ཞི་གནས་ལ་མཉམ་པར་བཞག་པའི་མཇུག་ཏུ་མྱུར་པོར་ལུས་སེམས་ཤིན་སྦྱངས་འདྲེན་ནུས་པས་ཤིན་སྦྱངས་འཕེལ་བར་འགྱུར་ལ། ཤིན་སྦྱངས་ཇི་ཙམ་འཕེལ་བ་ཙམ་གྱིས་ཀྱང་ཞི་གནས་འཕེལ་བས་ཕན་ཚུན་གཅིག་གིས་གཅིག་སྤེལ་བར་ཉན་སར་བཤད་དོ། མདོར་ན་སེམས་ལས་སུ་རུང་བ་ན་[རླུང་སེམས་འཇུག་པ་གཅིག་ཏུ་སོང་བས་]རླུང་ལས་སུ་རུང་བར་འགྱུར་ལ། དེའི་ཚེ་ལུས་ཤིན་སྦྱངས་ཁྱད་པར་ཅན་འབྱུང་ཞིང་དེ་བྱུང་ན་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བ་དང༌། དེས་ཀྱང་རླུང་ལས་རུང་ཁྱད་པར་ཅན་དུ་བསྒྲུབས་པས་ལུས་སེམས་ཤིན་སྦྱངས་འདྲེན་ནོ།

གཞན་ཡང་ཉན་ས་ལས།
།མཚན་མ་ཐམས་ཅད་ལ་མི་ཕྱོགས་ཤིང༌། །རྣམ་པར་གཡེང་བ་མེད་པར་བྱ་བའི་ཕྱིར། དང་པོ་ནས་ཉེ་བར་གཏོད་པས་ནི་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པར་བྱེད་དོ། ཞེས་དང་པོར་སེམས་རྩེ་གཅིག་ཏུ་འཇོག་པའི་ཚེ་དྲན་པ་དང་ཡིད་ལ་བྱེད་པ་གཞན་གང་ཡང་མེད་པར་འཇོག་པར་བཤད་ལ། དེ་ལྟར་གོམས་པར་བྱས་ན།

ཉན་ས་ལས།
ཁྱོད་ཀྱིས་ཅི་ནས་ཀྱང་རྩེ་གཅིག་པ་ཉིད་ལ་ཉེ་བར་གཏོད་པ་དང༌། ནང་གི་སེམས་ཀྱི་ཞི་གནས་ལ་ཉེ་བར་གཏོད་པའི་རིམ་གྱིས། སེམས་ཀྱི་རྒྱུད་དང་སེམས་ཀྱི་རྒྱུན་ཐམས་ཅད་མཚན་མ་མེད་པ་དང༌། རྣམ་པར་རྟོག་པ་མེད་པ་དང་ཉེ་བར་ཞི་བར་འགྱུར་བ་དེ་ལྟ་དེ་ལྟར་སེམས་གཏད་པར་གྱིས་ཤིག །དེ་ལྟར་ཞི་གནས་ཀྱི་སེམས་ཐོབ་པ་ན། གལ་ཏེ་བརྗེད་ངས་པ་དང་མ་གོམས་པའི་ཉེས་པས་མཚན་མ་དང་རྣམ་པར་རྟོག་པ་དང། ཉེ་བའི་ཉོན་མོངས་པ་དག་གིས་སྣང་པར་འགྱུར། སྒོ་སྟོན་པར་འགྱུར། དམིགས་པར་བྱེད་པར་འགྱུར་ན། དེ་དག་བྱུང་ངོ་ཅོག་ལ་འདི་ལྟ་སྟེ། ཉེས་དམིགས་སྔར་མཐོང་བ་དེ་ཉིད་ཀྱི་དབང་དུ་བྱས་ཏེ། དྲན་པ་མེད་པ་དང༌། ཡིད་ལ་བྱེད་པ་མེད་པར་བྱ་སྟེ། དེ་ལྟར་དྲན་པ་མེད་པ་དང༌ཡིད་ལ་བྱེད་པ་མེད་པས་དམིགས་པ་དེ་རྣམ་བར་བཤིག་ཅིང་རྣམ་པར་བསལ་ན་སྣང་བ་མེད་པ་ཉིད་ལ་ཉེ་བར་བཞག་པར་འགྱུར་རོ། བཞིན་བཟང་། དམིགས་པ་དེ་ནི་ཕྲ་བ་དང་རྟོགས་པར་དཀའ་བ་ཡིན་པས་ཁྱོད་ཀྱིས་དེ་རྟོགས་པར་བྱ་བའི་ཕྱིར་འདུན་པ་དང་འབད་པ་དྲག་ཏུ་བྱའོ། ཞེས་ཏིང་ངེ་འཛིན་སྐྱེ་ཚུལ་གསུངས་སོ། དེ་ལ་གྱིས་ཤིག་ཅེས་པ་ཡན་གྱིས་ནི་སྔ་མ་ལྟར་བསྐྱངས་པ་ལས། མཚན་མ་མེད་པ་སོགས་གསུམ་རིམ་གྱིས་སྐྱེ་ཚུལ་བསྟན་ཏོ། དེ་ནས་མེད་པར་བྱ་སྟེ་ཞེས་པ་ཡན་གྱིས་ནི། ཞི་གནས་གྲུབ་ཀྱང་དེ་ལ་གོམས་པ་ཆེན་པོ་མེད་པ་སོགས་ལ་བརྟེན་ནས་བློ་ནས་བློ་ལ་མཚན་མ་སོགས་སྣང་བར་གྱུར་ན། སེམས་དེ་དག་གི་དབང་དུ་སོང་བའི་ཉེས་དམིགས་དྲན་པར་བྱས་ལ་དེ་དག་གི་རྗེས་སུ་མི་འབྲང་བར་ཅི་ཡང་མི་བསམ་པར་འཇོག་དགོས་པར་བཤད་དོ། དེ་ནས་འགྱུར་རོ་ཞེས་པ་ཡན་གྱིས་ནི། དེ་ལྟར་གོམས་པར་བྱས་པས་མཚན་མ་ལ་སོགས་པ་གསུམ་པོ་གང་བྱུང་བ་དེ་ཅིར་ཡང་མི་སེམས་པའི་གོམས་ཤུགས་ཀྱིས་ཆེད་དུ་གཏད་པ་ལ་མ་ལྟོས་པར་རང་ཞིར་སོང་ནས༌། གསུམ་པོ་དེ་སྣང་བ་མེད་པ་ལ་གནས་ནས་དེ་དག་གིས་མི་འཕྲོགས་པར་བཤད་ལ། ལྷག་མས་ནི་ཞི་གནས་དེ་ཕྲ་བ་དང༌། དེའི་བཤད་པ་རྟོགས་དཀའ་བར་བསྟན་ཏོ།

དེ་ལ་མཚན་མ་ནི་གཟུགས་སོགས་ཡུལ་ལྔའི་དང༌། དུག་གསུམ་གྱི་དང༌། སྐྱེས་པ་དང་བུད་མེད་ཀྱི་མཚན་མ་བཅུ་ལ་བཤད་ལ། དེ་མེད་པར་འགྱུར་ཚུལ་ནི་དང་པོར་གཟུགས་སོགས་ཡུལ་གྱི་མཚན་མ་སྣ་ཚོགས་ཤིག་འཆར་ལ། ཤར་མ་ཐག་རང་ཞི་རང་དག་ཏུ་འགྲོ་ཞིང༌མཐར་མཉམ་པར་བཞག་པ་ན་གཟུགས་སྒྲ་སོགས་ཀྱི་མཚན་མ་མི་འཆར་བར་སེམས་རིག་ཅིང་གསལ་བ་དང་བདེ་སིང་ངེ་བ་ཙམ་གྱི་རྣམ་པ་འབའ་ཞིག་འཆར་རོ། དེ་ནས་རྣམ་རྟོག་མེད་པར་འགྱུར་ཚུལ་ནི། སྔར་ལྟར་དྲན་པ་དང་ཡིད་བྱེད་མེད་པར་བཞག་པས་རྣམ་རྟོག་གང་སྐྱེས་པ་རྣམས་ཆུ་ལས་ཆུ་བུར་བྱུང་བཞིན་དུ་འཕྲོ་ཆེར་འཐུད་མི་ཐུབ་པར་རང་ཞིར་འགྲོ་ཞིང་། དེ་ནས་སྔར་ལྟར་བསྐྱངས་པས་མྱོང་རིག་དང་བདེ་བདེ་བོར་སྣང་བ་དེ་ཡང་ཆེད་དུ་བཀག་པ་མིན་པར་ཤར་མ་ཐག་ནས་ཤུན་པ་བུད་པ་བཞིན་དུ་གཏད་མི་བཟོད་པར་རང་ཞི་རང་དག་ཏུ་འགྲོ་སྟེ། བདེ་བ་དང་མྱོང་རིག་རྣམས་ཕྲ་རུ་སོང་བའོ། དེའི་དུས་སུ་མཉམ་པར་བཞག་པའི་ཚེ་རང་གི་ལུས་ལ་སོགས་པའི་སྣང་བ་གང་ཡང་མི་འཆར་ལ། སེམས་ནི་ནམ་མཁའ་དང་དབྱེར་མེད་པར་སོང་བ་ལྟ་བུའི་ཉམས་འཆར་ཞིང༌། དེ་ལས་ལངས་པ་ན་ལུས་གློ་བུར་དུ་བྱུང་བ་ལྟ་བུའི་ཉམས་འཆར་རོ། རྗེས་ཀྱི་ཚེ་ཡང་ཞེ་སྡང་ལ་སོགས་པའི་ཉོན་མོངས་ཀྱི་རྣམ་རྟོག་སྐྱེས་པ་རྣམས་ཀྱང་སྔར་དང་ཡེ་མི་འདྲ་བར་ཤུགས་ཞན་པ་དང་རྒྱུན་ཆེན་པོ་འཐུད་མི་ཐུབ་བོ། དེ་རྣམས་ཀྱི་སྐབས་ནི་ཉེ་བར་ཞི་བར་འགྱུར་བ་ཞེས་པའི་སྐབས་ཡིན་ཏེ། གསལ་ཉམས་ཆེ་བ་ལ་ཁང་པའི་ཀ་བ་དང་རྩིག་པ་སོགས་ཀྱི་རྡུལ་ཕྲ་རབ་རྣམས་ཀྱང་བགྲང་ཐུབ་པ་སྙམ་བྱེད་པ་དང༌། གནས་ཆ་འཐུག་པས་གཉིད་ཀྱི་ཚེ་ཡང་སྔར་ཏིང་ངེ་འཛིན་མ་ཐོབ་པའི་དུས་བཞིན་གྱི་གཉིད་མི་འོང་བར་ཏིང་ངེ་འཛིན་དང་འདྲེས་པ་སྙམ་འབྱུང་ལ། རྨི་ལམ་གྱི་སྣང་བ་མང་པོ་དག་པ་སོགས་ཀྱང་འབྱུང་ངོ༌།

གཉིས་པ་ནི། སྔར་བཤད་པའི་ཏིང་ངེ་འཛིན་དེ་འདྲ་བ་དེ་ཐོབ་ན་ལམ་ལྔའི་སྐབས་གང་དུ་འཇོག་སྙམ་ན། སྔར་བཤད་པ་དེ་བདག་མེད་པའི་ལྟ་བ་ཕྱིན་ཅི་མ་ལོག་པར་ངེས་ནས། ལྟ་ཐོག་ཏུ་བཞག་ནས་བསྒོམས་པའི་ཏིང་ངེ་འཛིན་ཡིན་ན། སོ་སྐྱེའི་སྐབས་ཀྱི་ཐར་ལམ་དུ་འཇོག་ནུས་ཀྱང༌། དེ་འདྲ་བ་དེ་མིན་པར་བསྐྱངས་པའི་སྒོམ་ཡིན་ན་ནི།

ཉན་ས་ལས།
བསམ་གཏན་དང་པོའི་དངོས་གཞི་སྒྲུབ་པའི་ཞི་རགས་ཀྱི་རྣམ་པ་ཅན་དུ་ལྟ་བའི་འཇིག་རྟེན་པའི་ལམ་རྣམས་ཀྱང་ཏིང་ངེ་འཛིན་འདི་ལ་བརྟེན་ནས་སྒྲུབ་པར་གསུངས་པའི་ཕྱིར། ཕྱི་རོལ་པའི་དྲང་སྲོང་འཇིག་རྟེན་པའི་ལམ་གྱིས་ཅི་ཡང་མེད་པ་མན་ཆད་ཀྱི་ས་འོག་མ་ལ་ཆགས་པ་དང་འབྲལ་བར་བྱེད་པ་རྣམས་ཀྱིས་ཀྱང་འདི་ལ་བརྟེན་ནས་ལམ་གོང་མར་བགྲོད་དགོས་པས་ཕྱི་ནང་གཉིས་ཀའི་ཏིང་ངེ་འཛིན་ཐུན་མོང་ངོ༌། གཞན་ཡང་བདག་མེད་ཕྱིན་ཅི་མ་ལོག་པར་རྟོགས་པའི་ལྟ་བ་དང༌། སྲིད་པ་མཐའ་དག་གི་སྐྱོན་ལེགས་པར་རྟོགས་ནས་འཁོར་བ་ལས་ཡིད་འབྱུང་ཞིང༌། ཐར་པ་དོན་གཉེར་གྱི་ངེས་འབྱུང་གི་བསམ་པས་ཟིན་ན་ཐར་ལམ་དུ་འགྱུར་ཞིང༌། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན་ནི་ཐེག་ཆེན་གྱི་ལམ་དུ་ཡང་འགྱུར་ཏེ། དཔེར་ན་དུད་འགྲོ་ལ་ཟན་ཆངས་གཅིག་སྟེར་བའི་སྦྱིན་པ་དང་ཚུལ་ཁྲིམས་སྣ་གཅིག་བསྲུང་བ་ཡང་བསམ་པ་དེས་ཟིན་ན། རིམ་པ་ལྟར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་ཚོགས་སུ་འགྱུར་བ་དང་འདྲའོ། འོན་ཀྱང་འདིར་ནི་ལམ་གཞན་ཞིག་གིས་ཟིན་པའི་སྒོ་ནས་ཐར་པ་དང་ཀུན་མཁྱེན་གྱི་ལམ་དུ་འགྲོ་མི་འགྲོ་དཔྱོད་པ་མིན་གྱི། ཏིང་ངེ་འཛིན་དེ་རང་གི་ངོ་བོའི་སྒོ་ནས་ལམ་གང་དུ་འགྲོ་དཔྱོད་པ་ཡིན་ནོ། དེས་ན་དྲན་པ་མེད་པ་དང༌། ཡིད་ལ་མི་བྱེད་པའི་སྒོམ་ལ་བློས་མ་བཅོས་པ་དང༌། འཛིན་མེད་དུ་མིང་བཏགས་པའི་བདེ་གསལ་མི་རྟོག་པ་ལ་ནི། དེ་ཁོ་ན་ཉིད་ཀྱི་དོན་ལ་མཉམ་པར་བཞག་པའི་སྟོང་ཉིད་ཀྱི་སྒོམ་ཡིན་མིན་གཉིས་ཡོད་པས་ལེགས་པར་ཕྱེད་པ་ཤིན་ཏུ་གལ་ཆེ་སྟེ། དེ་ཁོ་ན་ཉིད་ཀྱི་དོན་མ་རྟོགས་པ་ལའང་རྟོགས་པར་འཁྲུལ་ས་ཤིན་ཏུ་ཆེ་བའི་ཕྱིར་རོ། སྔར་བཤད་པ་ལྟར་མ་ཕྱེད་ན་ནི་ཆོས་འདི་པ་དང་གཞན་པ་ཐུན་མོང་པའི་ཏིང་ངེ་འཛིན་ལ་ཡང་རྣལ་འབྱོར་བླ་མེད་ཀྱི་རྫོགས་རིམ་གྱི་གཙོ་བོར་འཛིན་པ་འོང་བས་ཞིབ་ཏུ་བརྟག་པར་བྱའོ།

གཉིས་པ་ནི། དེ་ལྟར་སྔར་བཤད་པའི་མི་རྟོག་པའི་ཏིང་ངེ་འཛིན་ཡིད་ལ་བྱེད་པ་ཐོབ་པ་དེས་གསལ་བ་དང་མི་རྟོག་པ་ལ་སོགས་པའི་ཁྱད་པར་ཅན་གྱི་མི་རྟོག་པ་དེ་ཙམ་ཞིག་བསྐྱང་བར་བྱའམ་ཞེ་ན། འདི་འདྲ་བའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེད་པ་ནི། ཉོན་མོངས་འཇོམས་པའི་ལྷག་མཐོང་བསྐྱེད་པའི་ཕྱིར་ཡིན་པས་དེ་ལ་བརྟེན་ནས་ལྟག་མཐོང་མ་སྐྱེས་ན་ཏིང་ངེ་འཛིན་དེ་ལ་ཇི་ཙམ་གོམས་ཀྱང་འདོད་ཁམས་ཀྱི་ཉོན་མོངས་རྣམས་ཀྱང་སྤོང་མི་ནུས་ན། ཉོན་མོངས་ཐམས་ཅད་སྤོང་བ་ལྟ་ཅི་སྨོས། དེའི་ཕྱིར་ལྷག་མཐོང་སྒོམ་དགོས་སོ། དེ་ཡང་ཉོན་མོངས་མངོན་གྱུར་སྤོང་བའི་འཇིག་རྟེན་པའི་ལམ་གྱིས་བགྲོད་པའི་ལྷག་མཐོང་དང༌། ཉོན་མོངས་ཀྱི་ས་བོན་རྩ་བ་ནས་སྤོང་བའི་འཇིག་རྟེན་ལས་འདས་པའི་ལམ་གྱིས་བགྲོད་པའི་ལྷག་མཐོང་གཉིས་ཡོད་ལ། སྔ་མ་ནི་ས་འོག་མ་ལ་རགས་པ་དང་གོང་མ་ལ་ཞི་བར་ལྟ་བའི་ཞི་རགས་ཀྱི་རྣམ་པ་ཅན་དང༌། ཕྱི་མ་ནི་བདེན་བཞི་ལ་མི་རྟག་སོགས་བཅུ་དྲུག་གི་རྣམ་པ་ཅན་དུ་ལྟ་བའི་སྒོམ་གཉིས་ཉན་སར་གསུངས་པའི་གཙོ་བོ་ནི་གང་ཟག་གི་བདག་མེད་རྟོགས་པའི་ལྟ་བའོ། དེ་ལྟར་ན་ཕྱི་རོལ་པ་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་བསྒོམས་ནས་ཉོན་མོངས་མངོན་གྱུར་སྤོང་བ་དང༌། ནང་པ་སངས་རྒྱས་པ་བདག་མེད་པའི་དོན་བསྒོམས་ནས་ཉོན་མོངས་རྩ་བ་ནས་སྤོང་བ་གང་ཡིན་ཡང༌ཐོག་མར་སྔར་བཤད་པའི་ཞི་གནས་ཀྱི་ཏིང་ངེ་འཛིན་དེ་ཐོབ་དགོས་པས་སྔར་བཤད་པའི་ཞི་གནས་དེ་ནི་ཕྱི་ནང་གཉིས་ཀའི་རྣལ་འབྱོར་པ་རྣམས་ཀྱི་ཉོན་མོངས་སྤོང་བའི་གཞིར་དགོས་ལ། དེར་མ་ཟད་ཐེག་པ་ཆེ་ཆུང་གཉིས་ཀྱི་རྣལ་འབྱོར་པ་གང་གིས་ཀྱང་ཏིང་ངེ་འཛིན་དེ་སྒྲུབ་དགོས་ཤིང༌། ཐེག་ཆེན་པ་ལ་ཡང་སྡགས་དང་ཕར་ཕྱིན་ཐེག་པའི་རྣལ་འབྱོར་པ་ཐམས་ཅད་ཀྱིས་ཀྱང་ཞི་གནས་དེ་སྒྲུབ་དགོས་པས། ཞི་གནས་འདི་ནི་རྣལ་འབྱོར་པ་ཐམས་ཅད་ཀྱི་ལམ་བགྲོད་པའི་གཞིར་གལ་ཆེའོ།

སངས་རྒྱས་པ་ལ་ནི་ལྷག་མཐོང་གཉིས་ཀྱི་སྔ་མ་ནི་མེད་མི་རུང་མིན་ལ། ཕྱི་མ་བདག་མེད་རྟོགས་པའི་ལྷག་མཐོང་ནི་མེད་མི་རུང་གི་ཡན་ལག་གོ །དེ་ཡང་སྔར་བཤད་པའི་ཞི་གནས་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་སས་བསྡུས་པ་ཞིག་ཐོབ་ན། དེ་ཡན་ཆད་ཀྱི་བསམ་གཏན་ནམ། གཟུགས་མེད་ཀྱི་ཞི་གནས་མ་ཐོབ་ཀྱང་དེ་ལ་བརྟེན་ནས་ལྷག་མཐོང་བསྒོམས་བས་འཁོར་བའི་འཆིང་བ་མཐའ་དག་ལས་གྲོལ་བའི་ཐར་པ་འཐོབ་ནུས་ལ། བདག་མེད་པའི་དེ་ཁོ་ན་ཉིད་མ་རྟོགས་ཤིང་མ་བསྒོམས་ན་སྔར་བཤད་པའི་ཞི་གནས་དང༌། དེ་ལ་བརྟེན་ནས་འཇིག་རྟེན་པའི་ལྷག་མཐོང་གིས་ཅི་ཡང་མེད་པ་མན་ཆད་ཀྱི་ཉོན་མོངས་མངོན་གྱུར་ཐམས་ཅད་སྤངས་པའི་སྲིད་རྩེའི་སེམས་ཐོབ་ཀྱང་འཁོར་བ་ལས་མི་ཐར་བའི་ཕྱིར་ཏེ།

བསྔགས་འོས་བསྔགས་བསྟོད་ལས།
།ཁྱོད་ཀྱི་ཆོས་ལ་མི་ཕྱོགས་པའི། །སྐྱེ་བོ་གཏི་མུག་གིས་ལྡོངས་པ།
།སྲིད་རྩེའི་བར་དུ་སོང་ནས་ཀྱང༌། །སྡུག་བསྔལ་ཡང་འབྱུང་སྲིད་པ་སྒྲུབ།
།ཁྱོད་ཀྱི་བསྟན་པའི་རྗེས་འགྲོ་བ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང༌།
།བདུད་ཀྱི་མིག་རས་བཙའ་བཞིན་དུ། །སྲིད་པ་དག་ནི་ཟློག་པར་བགྱིད། ཅེས་སོ།

དེའི་ཕྱིར་རྣལ་འབྱོར་བླ་མེད་པའི་རྣལ་འབྱོར་པས་ཀྱང་ཞི་རགས་ཀྱི་རྣམ་པ་ཅན་གྱི་ཇི་སྙེད་པ་ལ་དམིགས་པའི་ལྷག་མཐོང་དང༌། དེས་བསྒྲུབ་པའི་ཞི་གནས་མི་སྐྱེད་ཀྱང་ཞི་གནས་ཤིག་སྐྱེད་དགོས་ཏེ། དེ་ཡང་ཐོག་མར་སྐྱེ་མཚམས་ནི་བསྐྱེད་རིམ་གྱི་སྐབས་སུ་སྐྱེ་བ་ཡིན་ནོ།

གསུམ་པ་ནི། འདིར་སེམས་དགུ་པ་ནས་བཟུང་སྟེ་ཡིད་བྱེད་མ་ཐོབ་པའི་བར་དུ་ནི་ཡིད་ལ་བྱེད་པའི་ལས་དང་པོ་པ་ཡིན་ལ། ཡིད་བྱེད་ཐོབ་ནས་ཉོན་མོངས་སྦྱོང་འདོད་པས་མཚན་ཉིད་སོ་སོར་རིག་པའི་ཡིད་བྱེད་སྒོམ་པ་ནི་ཉོན་མོངས་རྣམ་སྦྱོང་གི་ལས་དང་པོ་པར་ཉན་སར་བཤད་དོ། ཉན་ས་ནས་བཤད་པ་འདི་ལེགས་པར་མ་ངེས་ན། བསམ་གཏན་དང་གཟུགས་མེད་ཀྱི་ལམ་གྱི་དམའ་ཤོས་ནི་བསམ་གཏན་དང་པོའི་ཉེར་བསྡོགས་ཡིན་ལ། དེ་ལ་ཡིད་བྱེད་དྲུག་བཤད་པའི་ཐོག་མ་མཚན་ཉིད་སོ་སོར་རིག་པ་ཡིན་པས། ཉེར་བསྡོགས་ཀྱིས་བསྡུས་པའི་སེམས་ཐོག་མར་སྐྱེ་བ་ནི་མཚན་ཉིད་སོ་སོར་རིག་པ་ཡིན་ནོ་སྙམ་དུ་འཁྲུལ་པ་སྐྱེ་བར་འགྱུར་རོ། དེ་ལྟར་བཟུང་ན་མི་འཐད་དེ། འདི་ལྟར་ཞི་གནས་མ་ཐོབ་པར་བསམ་གཏན་དང་པོའི་ཉེར་བསྡོགས་སྐྱེ་ས་མེད་ལ། ཉེར་བསྡོགས་དེ་མ་ཐོབ་ན་ཞི་གནས་མི་འཐོབ་པའི་ཕྱིར་དང༌། མཚན་ཉིད་སོ་སོར་རིག་པ་དཔྱད་སྒོམ་ཡིན་པས་དེ་བསྒོམས་པས་ཞི་གནས་སྔར་མ་ཐོབ་གསར་དུ་སྒྲུབ་མི་ནུས་པའི་ཕྱིར་རོ། དེས་ན་ཉེར་བསྡོགས་དང་པོའི་ཡིད་བྱེད་དྲུག་གི་ཐོག་མ་ནི་ཉེར་བསྡོགས་ཀྱིས་བསྡུས་པའི་ལྷག་མཐོང་སྒོམ་པའི་མགོ་ཡིན་གྱི། ཉེར་བསྡོགས་དང་པོ་ཙམ་གྱི་ཐོག་མ་མིན་ཏེ། དེའི་གོང་དུ་ཉེར་བསྡོགས་ཀྱིས་བསྡུས་པའི་ཞི་གནས་འགྲོ་དགོས་པས་སོ། ཉེར་བསྡོགས་དང་པོས་བསྡུས་པའི་ཏིང་ངེ་འཛིན་མ་ཐོབ་གོང་གི་ཏིང་ངེ་འཛིན་ཐམས་ཅད་འདོད་སེམས་རྩེ་གཅིག་པ་ཡིན་པས། གཞུང་ཆེ་བ་རྣམས་དང་བསྟུན་ན་ལྷག་མཐོང་ལྟ་ཞོག་ཞི་གནས་ཐོབ་པ་ཡང་ཤིན་ཏུ་ཉུང་བར་སྣང་ངོ༌། འདིར་ཉེར་བསྡོགས་ཀྱི་ཡིད་བྱེད་དྲུག་གིས་འདོད་པ་ལ་ཆགས་པ་དང་བྲལ་བར་བྱེད་ཚུལ་ནི་ཚིག་མངས་སུ་དོགས་པས་མ་བྲིས་སོ།

།གཉིས་བ་ལྷག་མཐོང་ལ་བསླབ་པའི་ཚུལ་ལ་བཞི།

ལྷག་མཐོང་གི་ཚོགས་བསྟེན་པ། ལྷག་མཐོང་གི་རབ་དབྱེ། ལྷག་མཐོང་སྒོམ་པའི་ཚུལ། བསྒོམས་པས་ལྷག་མཐོང་གྲུབ་པའི་ཚད་དོ། །དང་པོ་ལ་གཉིས། ལྷག་མཐོང་གི་ཚོགས་བསྟེན་ཚུལ་སྤྱིར་བསྟན། ཁྱད་པར་དུ་ལྟ་བ་གཏན་ལ་འབེབས་ཚུལ་ལོ། །དང་པོ་ནི། སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། དེ་ལས་ཆོས་ཐོས་པ་བཙལ་བ་དང༌། ཚུལ་བཞིན་དུ་སེམས་པ་སྟེ། ལྷག་མཐོང་གི་ཚོགས་གསུམ་སྒོམ་རིམ་བར་པ་ལས་གསུངས་སོ། །དེ་ཡང་གསུང་རབ་ཀྱི་གནད་ཕྱིན་ཅི་མ་ལོག་པར་མཁྱེན་པའི་མཁས་པ་ལ་བརྟེན་ནས། དྲི་མ་མེད་པའི་གཞུང་ཉན་ཏེ་ཐོས་བསམ་གྱི་ཤེས་རབ་ཀྱིས་དེ་ཉིད་རྟོགས་པའི་ལྟ་བ་སྐྱེད་པ་ནི། ལྷག་མཐོང་གི་རྒྱུའི་ཚོགས་མེད་མི་རུང་ཡིན་ཏེ། ཡིན་ལུགས་ཀྱི་དོན་ལ་ཕུ་ཐག་ཆོད་པའི་ལྟ་བ་མེད་ན། ཇི་ལྟ་བ་རྟོགས་པའི་ལྷག་མཐོང་གི་རྟོག་པ་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །དེ་འདྲ་བའི་ལྟ་བ་ཡང་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ་ཞིག་གིས་བཙལ་དགོས་པས། དྲང་ངེས་ཀྱི་ཁྱད་བར་ཤེས་ནས་ངེས་དོན་གྱི་གསུང་རབ་ཀྱི་དོན་ཁོང་དུ་ཆུད་དགོས་ལ། འདི་ཡང་ཚད་མར་གྱུར་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཞིག་གིས་དགོངས་པ་བཀྲལ་བའི་བསྟན་བཅོས་ལ་མ་བརྟེན་ན། དམུས་ལོང་ལོང་ཁྲིད་མེད་པར་ཉམ་ང་བའི་ཕྱོགས་སུ་འགྲོ་བ་དང་འདྲ་བས། དགོངས་འགྲེལ་ཕྱིན་ཅི་མ་ལོག་པ་ལ་བརྟེན་པར་བྱའོ། ། ཇི་འདྲ་ཞིག་ལ་བརྟེན་སྙམ་ན། བཅོམ་ལྡན་འདས་ཉིད་ཀྱིས་བསྟན་པའི་སྙིང་པོ་ཡོད་མེད་ཀྱི་མཐའ་ཐམས་ཅད་དང་བྲལ་བའི་ཟབ་མོའི་དོན་འགྲེལ་བར་མདོ་རྒྱུད་དུ་མ་ནས་ཤིན་ཏུ་གསལ་བར་ལུང་བསྟན་པའི་འཕགས་པ་ཀླུ་སྒྲུབ་ཅེས་ས་གསུམ་ན་ཡོངས་སུ་གྲགས་པ་དེ་ཡིན་པས། དེའི་གཞུང་ལ་བརྟེན་ནས་སྟོང་ཉིད་རྟོགས་པའི་ལྟ་བ་བཙལ་པར་བྱའོ། །འདི་ལ་འཕགས་པ་ལྷ་ནི་སློབ་དཔོན་སངས་རྒྱས་བསྐྱངས་དང༌། ལེགས་ལྡན་འབྱེད་དང༌། ཟླ་བ་གྲགས་པ་དང༌། ཞི་བ་འཚོ་ལ་སོགས་པའི་དབུ་མ་པ་ཆེན་པོ་རྣམས་ཀྱིས་ཀྱང༌སློབ་དཔོན་དང་འདྲ་བར་ཚད་མར་མཛད་པས་ཡབ་སྲས་གཉིས་ཀ་དབུ་མ་པ་གཞན་རྣམས་ཀྱི་ཁུངས་ཡིན་པས། སྔ་རབས་པ་རྣམས་དེ་གཉིས་ལ་གཞུང་ཕྱི་མོའི་དབུ་མ་པ་ཞེས་དང༌། གཞན་རྣམས་ལ་ཕྱོགས་འཛིན་པའི་དབུ་མ་པ་ཞེས་ཐ་སྙད་བྱེད་དོ། །སྔ་རབས་པའི་བཤེས་གཉེན་ཁ་ཅིག་ན་རེ། ཐ་སྙད་འཇོག་ཚུལ་གྱི་སྒོ་ནས་མིང་བཏགས་པའི་དབུ་མ་པ་ནི་གཉིས་ཏེ། ཐ་སྙད་དུ་ཕྱི་རོལ་ཡོད་པར་འདོད་པ་མདོ་སྡེ་སྤྱོད་པ་དང༌། ཐ་སྙད་དུ་ཕྱི་རོལ་མེད་པར་འདོད་པ་རྣལ་འབྱོར་སྤྱོད་པའི་དབུ་མ་པའོ། །དོན་དམ་འདོད་ཚུལ་གྱི་སྒོ་ནས་མིང་བཏགས་པ་ཡང་གཉིས་ཏེ། མྱུ་གུ་ལ་སོགས་པའི་ཆོས་ཅན་དང་བདེན་མེད་ཀྱི་སྣང་བ་ཚོགས་པ་དོན་དམ་བདེན་པར་འདོད་པ་སྒྱུར་མ་རིགས་གྲུབ་པ་དང༌། སྣང་བ་ལ་སྤྲོས་པ་རྣམ་པར་བཅད་པའི་ཡོངས་གཅོད་དོན་དམ་བདེན་པར་འདོད་པ་རབ་ཏུ་མི་གནས་པར་སྨྲ་བའོ། །དེ་གཉིས་ཀྱི་སྔ་མ་ནི་སློབ་དཔོན་ཞི་བ་འཚོ་དང༌། ཀ་མ་ལ་ཤཱི་ལ་སོགས་ཡིན་པར་འདོད་ལ། སྒྱུ་མ་ལྟ་བུ་དང་རབ་ཏུ་མི་གནས་པའི་ཐ་སྙད་ནི་རྒྱ་གར་བ་ཁ་ཅིག་ཀྱང་འདོད་དོ། །དོན་དམ་འདོད་ཚུལ་གྱི་སྒོ་ནས་གཉིས་སུ་བཞག་པ་ནི་རྨོངས་པ་ངོ་མཚར་སྐྱེད་པའི་རྣམ་གཞག་གོ །ཞེས་ལོ་ཙཱ་བ་ཆེན་པོ་གསུང་ངོ༌། །འདི་ལ་སློབ་དཔོན་ཡེ་ཤེས་སྡེ་ན་རེ། འཕགས་པ་ཡབ་སྲས་ཀྱིས་དབུ་མའི་བསྟན་བཅོས་མཛད་པ་ལས་ཕྱི་དོན་ཡོད་མེད་ཀྱི་ཚུལ་གསལ་བར་མ་མཛད་ལ། དེའི་འོག་ཏུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྣམ་པར་རིག་ཙམ་གྱི་ལུགས་སུན་ཕྱུང་སྟེ་ཐ་སྙད་དུ་ཕྱི་དོན་ཡོད་པའི་ལུགས་བཞག་གོ །དེ་ནས་སློབ་དཔོན་ཞི་བ་འཚོས་རྣལ་འབྱོར་སྤྱོད་པའི་གཞུང་ལ་བརྟེན་ནས་ཐ་སྙད་དུ་ཕྱི་དོན་མེད་པ་དང༌། དོན་དམ་པར་སེམས་རང་བཞིན་མེད་པར་སྟོན་པའི་དབུ་མའི་ཚུལ་མི་འདྲ་བ་ཞིག་མཛད་པས་དབུ་མ་པ་རྣམ་པ་གཉིས་སུ་བྱུང་ཞིང་སྔ་མ་ལ་མདོ་སྡེ་པའི་དབུ་མ་པ་ཞེས་དང༌། ཕྱི་མ་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཞེས་བཏགས་སོ། །ཞེས་འཆད་པ་ནི་བསྟན་བཅོས་ཆེན་པོས་གསལ་བར་བྱས་པའི་བྱུང་རིམ་དེ་ལྟར་དུ་མངོན་ནོ། །འོན་ཀྱང་སློབ་དཔོན་ཟླ་བ་གྲགས་པ་ནི་ཐ་སྙད་དུ་ཕྱི་དོན་ཡོད་པར་བཞེད་ཀྱང་གྲུབ་མཐའ་སྨྲ་བ་གཞན་དང་སྒོ་མི་བསྟུན་པས་མདོ་སྡེ་སྤྱོད་པ་ཞེས་བྱར་མི་རུང་ལ། བྱེ་བྲག་སྨྲ་བ་དང་མཐུན་པར་འདོད་པ་ཡང་མི་རིགས་སོ། །

གངས་རིའི་ཁྲོད་ཀྱི་ཕྱི་དར་གྱི་མཁས་པ་རྣམས་དབུ་མ་པ་ལ་ཐལ་རང་གཉིས་ཀྱི་ཐ་སྙད་བྱེད་པ་ནི་ཚིག་གསལ་དང་མཐུན་ནོ། །དེས་ན་ཐ་སྙད་དུ་ཕྱི་རོལ་འདོད་མི་འདོད་གཉིས་སུ་ངེས་ལ། སྟོང་ཉིད་ངེས་པའི་ལྟ་བ་རྒྱུད་ལ་སྐྱེད་ཚུལ་གྱི་སྒོ་ནས་མིང་འདོགས་ན་ཡང་ཐལ་རང་གཉིས་སུ་ངེས་སོ། །འོ་ན་སློབ་དཔོན་དེ་དག་སུའི་རྗེས་སུ་འབྲངས་ནས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་འཚེལ་སྙམ་ན། ཇོ་བོ་ཆེན་པོ་སློབ་དཔོན་ཟླ་བ་གྲགས་པའི་ལུགས་ལ་གཙོ་བོར་མཛད་པའི་རྗེས་སུ་འབྲངས་ནས་གདམས་ངག་འདིའི་བླ་མ་གོང་མ་ཆེན་པོ་རྣམས་ཀྱང་ལུགས་དེ་གཙོ་བོར་འཛིན་ནོ། །སློབ་དཔོན་ཟླ་བས་ནི་རྩ་ཤེའི་འགྲེལ་བྱེད་རྣམས་ཀྱི་ནང་ནས། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་འཕགས་པའི་དགོངས་པ་རྫོགས་པར་བཀྲལ་བར་གཟིགས་ནས་ལུགས་དེ་གཞིར་འཇོག་ཅིང༌། སློབ་དཔོན་ལེགས་ལྡན་འབྱེད་ཀྱིའང་ལེགས་བཤད་མང་པོ་བླངས་ལ། ཅུང་ཟད་མི་འཐད་པར་སྣང་བ་རྣམས་སུན་ཕྱུང་ནས་འཕགས་པའི་དགོངས་པ་འགྲེལ་ལོ། །སློབ་དཔོན་འདི་གཉིས་ཀྱི་འགྲེལ་བ་རྣམས་ནི་འཕགས་པ་ཡབ་སྲས་ཀྱི་གཞུང་འཆད་པ་ལ་ཆེས་ཕུལ་དུ་བྱུང་བར་མཐོང་བས་ན། འདིར་ནི་སློབ་དཔོན་སངས་རྒྱས་བསྐྱངས་དང་ཟླ་བའི་ཞབས་ཀྱི་རྗེས་སུ་འབྲངས་ནས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་གཏན་ལ་དབབ་བོ། །

།གཉིས་པ་ལ་གསུམ། ཉོན་མོངས་ཅན་གྱི་མ་རིག་པ་ངོས་གཟུང་བ། དེ་འཁོར་བར་འཁོར་བའི་རྩ་བར་བསྟན་པ། བདག་འཛིན་དེ་སྤོང་བར་འདོད་པས་བདག་མེད་ཀྱི་ལྟ་བ་བཙལ་བའོ། །དང་པོ་ནི། རྒྱལ་བས་ཆགས་སོགས་ཉོན་མོངས་གཞན་གྱི་གཉེན་པོ་གསུངས་པ་ནི་ཕྱོགས་རེའི་གཉེན་པོ་ཡིན་ལ། མ་རིག་པའི་གཉེན་པོ་གསུངས་པ་ནི་མཐའ་དག་གི་གཉེན་པོར་འགྱུར་བས་མ་རིག་པ་ནི་ཉེས་སྐྱོན་ཐམས་ཅད་ཀྱི་གཞི་ཡིན་ཏེ།

ཚིག་གསལ་ལས།
།སངས་རྒྱས་རྣམས་ཀྱིས་མདོ་ཡི་སྡེ་སོགས་བདེན་པ་གཉིས་བརྟེན་བསྟན་པ་རྣམ་པ་དགུ།
།འཇིག་རྟེན་རྣམས་ཀྱི་སྤྱོད་ངོར་རྒྱ་ཆེ་གང་ཞིག་འདིར་ནི་ཡང་དག་བསྒྲགས་གྱུར་པ།
།དེར་ནི་འདོད་ཆགས་བསལ་ཕྱིར་གསུངས་པས་ཞེ་སྡང་ཟད་པར་བྱེད་མི་འགྱུར།
།ཞེ་སྡང་བསལ་བར་བྱ་ཕྱིར་གསུངས་པས་ཀྱང་ནི་འདོད་ཆགས་ཟད་པར་བྱེད་འགྱུར་མིན།
།གང་ཞིག་ང་རྒྱལ་སོགས་ཟད་བྱ་ཕྱིར་གསུངས་པ་དེས་ཀྱང་དྲི་མ་གཞན་མི་འཇོམས།
།དེ་ཕྱིར་དེ་ནི་ཆེས་ཁྱབ་མ་ཡིན་གསུང་དེ་དག་དང་དེ་དག་དོན་ཆེན་མིན།
།གཏི་མུག་ཟད་པར་བྱ་ཕྱིར་གསུངས་པ་གང་ཡིན་དེས་ནི་ཉོན་མོངས་མ་ལུས་འཇོམས།
།ཉོན་མོངས་མཐའ་དག་གཏི་མུག་ལ་ནི་ཡང་དག་བརྟེན་པར་རྒྱལ་བ་རྣམས་ཀྱིས་གསུངས།

ཞེས་སོ། །དེ་ལྟར་ན་མ་རིག་པའི་གཉེན་པོར་དེ་ཁོ་ན་ཉིད་སྒོམ་དགོས་ལ། དེ་ཡང་མ་རིག་པ་ངོས་མ་ཟིན་ན་དེའི་གཉེན་པོ་སྒོམ་མི་ཤེས་པས་མ་རིག་པ་ངོས་འཛིན་པ་ཤིན་ཏུ་གལ་ཆེའོ། །དེ་ལ་མ་རིག་པ་ནི་རིག་པའི་བཟློག་ཕྱོགས་ཡིན་ལ། རིག་པ་ཡང་གང་རུང་རུང་ལ་མི་བྱའི། བདག་མེད་པའི་དེ་ཁོ་ན་ཉིད་རིག་པའི་ཤེས་རབ་བོ། །དེའི་བཟློག་ཕྱོགས་ནི་ཤེས་རབ་དེ་མེད་པ་ཙམ་དང་དེ་ལས་གཞན་པ་ཙམ་ལ་མི་རུང་བས་དེའི་འགལ་ཟླའོ། །དེ་ནི་བདག་ཏུ་སྒྲོ་འདོགས་པ་ཡིན་ལ། དེ་ཡང་ཆོས་དང་གང་ཟག་གི་བདག་ཏུ་སྒྲོ་འདོགས་པ་གཉིས་ཡིན་པས་ཆོས་ཀྱི་བདག་འཛིན་དང་གང་ཟག་གི་བདག་འཛིན་གཉིས་ཀ་མ་རིག་པའོ། །དེས་སྒྲོ་འདོགས་ལུགས་ནི། ཆོས་རྣམས་ལ་རང་གི་ངོ་བོས་སམ་རང་གི་མཚན་ཉིད་ཀྱིས་སམ་རང་བཞིན་གྱིས་གྲུབ་པ་ཡོད་པར་འཛིན་པའོ།

།དེ་ཡང་ཉེ་བར་འཁོར་གྱིས་ཞུས་པ་ལས།
།སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་བྱེ་ཞིང༌། །གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ།
།དེ་ན་འདི་ལའང་བྱེད་པ་འགའ་མེད་དེ། །དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན།
།རྟོག་པའི་དབང་གིས་འཇིག་རྟེན་རྣམ་བཏགས་ཏེ།

ཞེས་ཆོས་རྣམས་རྟོག་པའི་དབང་གིས་བཞག་པར་གསུངས་པ་དང༌།

རིགས་བ་དྲུག་ཅུ་པ་ལས་ཀྱང༌།
།འཇིག་རྟེན་མ་རིག་རྐྱེན་ཅན་དུ། །གང་ཕྱིར་རྫོགས་པའི་སངས་རྒྱས་གསུངས།
།དེ་ཡི་ཕྱིར་ན་འཇིག་རྟེན་འདི། །རྣམ་རྟོག་ཡིན་ཞེས་ཅིས་མི་འཐད།

ཅེས་གསུངས་པའི་དོན་འགྲེལ་བར་འཇིག་རྟེན་རྣམས་རང་གི་ངོ་བོས་མ་གྲུབ་པ། རྟོག་པས་བཏགས་པ་ཙམ་དུ་བཤད་ཅིང༌།

བརྒྱ་བ་ལས་ཀྱང༌།
།རྟོག་པ་མེད་པར་འདོད་ཆགས་ལ། །སོགས་ལ་ཡོད་ཉིད་ཡོད་མིན་ན།
།ཡང་དག་དོན་དང་རྟོག་པ་ཞེས། །བློ་དང་ལྡན་པ་སུ་ཞིག་འཛིན།

ཞེས་གསུངས་ཤིང༌། དེའི་འགྲེལ་བ་ལས་ཀྱང༌། རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང༌། རྟོག་པ་མེད་པར་ཡོད་པ་ཉིད་མེད་པ་དེ་དག་ནི། གོར་མཆོག་པར་ཐག་པ་བསྡོགས་པ་ལ་བཏགས་པའི་སྦྲུལ་ལྟར་རང་གི་ངོ་བོས་མ་གྲུབ་པར་ངེས་སོ། ཞེས་རང་གི་ངོ་བོས་མ་གྲུབ་བཞིན་དུ་བཏགས་བའི་ཆ་ནས། ཆགས་སོགས་རྣམས་ཐག་པ་ལ་སྦྲུལ་དུ་བཏགས་པ་དང་འདྲ་བར་བཤད་དེ། །དེ་དང་ཆགས་སོགས་རྣམས་ཐ་སྙད་དུ་ཡོད་མེད་མཚུངས་པ་ནི་མིན་ནོ། །རྒྱུ་མཚན་དེ་རྣམས་ཀྱིས་ན་དགག་བྱ་བདེན་པར་འཛིན་པའི་ཚུལ་ནི། ཐོག་མ་མེད་པའི་རྟོག་པའི་དབང་གིས་བཞག་པ་མིན་པ་རང་གི་ངོ་བོའི་སྒོ་ནས་ཡུལ་སྟེང་དུ་གྲུབ་པར་འཛིན་པ་ཡིན་ལ། དེའི་ཞེན་ཡུལ་ལ་བདག་གམ་རང་བཞིན་ཞེས་ཟེར་རོ། །དེ་ཉིད་ཁྱད་གཞི་གང་ཟག་གི་སྟེང་དུ་མེད་པ་ནི་གང་ཟག་གི་བདག་མེད་དང༌། མིག་རྣ་སོགས་ཆོས་ཀྱི་སྟེང་དུ་མེད་པ་ནི་ཆོས་ཀྱི་བདག་མེད་དུ་གསུངས་བས། རང་བཞིན་དེ་གང་ཟག་དང་ཆོས་ཀྱི་སྟེང་དུ་ཡོད་པར་འཛིན་པ་ནི། བདག་གཉིས་ཀྱི་འཛིན་པར་ཤུགས་ཀྱིས་རྟོགས་སོ།

།བཞི་བརྒྱ་པའི་འགྲེལ་པ་ལས།
དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ། །དེ་ནི་ཆོས་དང་གང་ཟག་གི་དབྱེ་བས་གཉིས་སུ་རྟོགས་ཏེ། ཆོས་ཀྱི་བདག་མེད་པ་དང་གང་ཟག་གི་བདག་མེད་བ་ཞེས་བྱའོ། །ཞེས་པ་ལྟར་རོ།

།གང་ཟག་གི་བདག་འཛིན་གྱི་དམིགས་པ་ལ་མང་པོས་བཀུར་བའི་སྡེ་པ་ཁ་ཅིག་ཕུང་པོ་ལྔ་ཆར་དང༌། ཁ་ཅིག་སེམས་གཅིག་པུ་བདག་ལྟའི་རྟེན་ནམ་དམིགས་པར་འདོད་པར་འཇུག་པ་ལས་བཤད་ཅིང༌། སེམས་ཀྱང་སེམས་ཙམ་པ་དང་དབུ་མ་པ་ཀུན་གཞི་རྣམ་ཤེས་འདོད་པ་ཁ་ཅིག་ཀུན་གཞི་རྣམ་ཤེས་དང༌། དེ་མི་འདོད་པའི་ལེགས་ལྡན་ལ་སོགས་པའི་དབུ་མ་པ་ཁ་ཅིག་དང༌། ཉན་ཐོས་སྡེ་བ་མང་པོ་ཡིད་ཀྱི་རྣམ་ཤེས་དམིགས་པར་འདོད་པ་ཡོད་ལ། འདི་དག་གི་ལུགས་ལ་ཡང་ལམ་སྒོམ་པ་པོ་དང༌། འཁོར་བར་འཁོར་མཁན་སོགས་ཀྱི་གང་ཟག་གི་ཐ་སྙད་འཇུག་པའི་དོན་ནི། །ང་ཙམ་དང༌། ང་དེའི་མཚན་གཞིར་ཀུན་གཞི་སོགས་འཇོག་པའི་ཚུལ་གཉིས་ཤེས་དགོས་སོ། །བདག་འཛིན་གྱི་འཇིག་ལྟ་ལྷན་སྐྱེས་ལ་ནི། འཇུག་པར་ཕུང་པོ་དམིགས་པ་ཡིན་པ་བཀག་ཅིང་འགྲེལ་བར་བརྟེན་ནས་བཏགས་པའི་བདག་དམིགས་པར་གསུངས་ལ། ཕུང་པོ་ཚོགས་ཙམ་ཡང་ཐ་སྙད་པའི་བདག་མིན་པར་གསུངས་པས་དུས་གཅིག་པའི་ཚོགས་པ་དང༌། དུས་སྔ་ཕྱིའི་ཕུང་པོའི་རྒྱུན་གྱི་ཚོགས་པ་གང་ཡང་དམིགས་པ་མིན་གྱི། ངའི་སྙམ་པ་ཙམ་ཞིག་སྐྱེ་བའི་དམིགས་པའི་ང་ཙམ་དང༌། གང་ཟག་ཙམ་ཞིག་ལ་དམིགས་པར་བྱ་ལ། ང་དེའི་མཚན་གཞིར་ནི་ཕུང་པོ་ཁ་ཡར་བ་དང་ཚོགས་པ་གཉིས་གང་ཡང་མི་འཇོག་གོ །འདི་ཡང་ལུགས་འདིའི་ཁྱད་ཆོས་བླ་ན་མེད་པ་སྟེ་རྒྱས་པར་གཞན་དུ་བཤད་ཟིན་ཏོ།

།འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་པ་ལ་ངའོ་སྙམ་པའི་བློ་ངང་གིས་སྐྱེ་བ་དགོས་པས། རྒྱུད་གཞན་གྱི་གང་ཟག་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་ལྷན་སྐྱེས་གང་ཟག་གི་བདག་འཛིན་ལྷན་སྐྱེས་ཡིན་ཡང༌། གང་ཟག་དེའི་འཇིག་ལྟ་ལྷན་སྐྱེས་མིན་ནོ། །བདག་གིར་འཛིན་པའི་འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་པ་ནི། །ང་ཡིའོ་སྙམ་པའི་བློ་ལྷན་སྐྱེས་ཀྱི་དམིགས་པ་ང་ཡི་བ་ཉིད་ཡིན་གྱི། རང་གི་མིག་སོགས་དམིགས་པར་མི་གཟུང་ངོ༌། །རྣམ་པ་ནི་དམིགས་པ་དེ་ལ་དམིགས་ནས། ང་ཡི་བ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའོ། །ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ཀྱི་དམིགས་པ་ནི། རང་གཞན་གྱི་རྒྱུད་ཀྱི་གཟུངས་ཕུང་སོགས་དང༌། མིག་རྣ་སོགས་དང༌། རྒྱུད་ཀྱིས་མ་བསྡུས་པའི་སྣོད་ལ་སོགས་པའོ། །རྣམ་པ་ནི་སྔར་བཤད་པ་ལྟར་རོ།

།འཇུག་འགྲེལ་ལས།
།གཏི་མུག་སྟེ་མ་རིག་པ་དངོས་པོའི་རང་གི་ངོ་བོ་ཡོད་པ་མ་ཡིན་པ་སྒྲོ་འདོགས་པར་བྱེད་པ།
།རང་བཞིན་མཐོང་བ་ལ་སྒྲིབ་པའི་བདག་ཉིད་ཅན་ནི་ཀུན་རྫོབ་བོ།

།ཞེས་དང༌། དེ་ལྟར་ན་སྲིད་པའི་ཡན་ལག་གིས་ཡོངས་སུ་བསྡུས་པ་ཉོན་མོངས་པ་ཅན་གྱི་མ་རིག་པའི་དབང་གིས། ཞེས་གསུངས་པས་ཡུལ་ལ་བདེན་པར་འཛིན་པ་མ་རིག་པ་དང༌། དེ་ཉིད་ཉོན་མོངས་ཅན་གྱི་མ་རིག་པར་བཞེད་པས་ཆོས་ཀྱི་བདག་འཛིན་ལ་ཉོན་མོངས་དང་ཤེས་སྒྲིབ་ཏུ་འཇོག་པའི་ཚུལ་གཉིས་ཡོད་པ་ལས། འདིར་ནི་སྔ་མ་ལྟར་རོ། །དེ་ནི་འཕགས་པ་ཡབ་སྲས་ཀྱིས་ཀྱང་གསུངས་ཏེ།

སྟོང་ཉིད་བདུན་ཅུ་པ་ལས།
།རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །ཡང་དག་པར་ནི་རྟོག་པ་གང༌།
།དེ་ནི་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང༌།
།ཡང་དག་མཐོང་ཕྱིར་དངོས་སྟོང་པར། །ལེགས་ཤེས་མ་རིག་མི་འབྱུང་བ།
།དེ་ནི་མ་རིག་འགག་པ་ཡིན། །དེ་ཕྱིར་ཡན་ལག་བཅུ་གཉིས་འགག །

ཅེས་གསུངས་ཏེ་དངོས་པོ་ལ་ཡང་དག་པར་རྟོག་པ་ནི། དེ་ལ་ཡང་དག་པར་གྲུབ་པའམ་བདེན་པར་འཛིན་པའོ།

།འདི་ནི་རིན་ཆེན་ཕྲེང་བ་ལས།
།ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད།

ཅེས་ཕུང་པོ་བདེན་འཛིན་མ་ལོག་བར་དུ་འཇིག་ལྟ་མི་ལྡོག་པར་གསུངས་པ་དང་ཡང་དོན་འདྲའོ།

།བཞི་བརྒྱ་པ་ལས་ཀྱང་།
།ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་འགྱུར་ཏེ།
།དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང༌། །གཏི་མུག་བཅོམ་པས་བཅོམ་པར་འགྱུར།
།རྟེན་ཅིང་འབྲེལ་བར་འབྱུང་བ་ནི། །མཐོང་ན་གཏི་མུག་འབྱུང་མི་འགྱུར།
།དེ་ཕྱིར་འབད་པ་ཀུན་གྱིས་འདིར། །གཏམ་དེ་ཁོ་ན་བསྙད་པར་བྱ།

ཞེས་གསུངས་ལ། དེ་ལྟར་གསུངས་པའི་གཏི་མུག་ནི། དུག་གསུམ་གྱི་ཡ་གྱལ་གྱི་གཏི་མུག་ངེས་འཛིན་པའི་སྐབས་ཡིན་པས། ཉོན་མོངས་ཅན་གྱི་མ་རིག་པ་ཡིན་ཞིང༌། མ་རིག་པ་དེ་ལྡོག་པ་ལ་སྟོང་པའི་དོན་རྟེན་འབྱུང་གི་དོན་དུ་ཤར་བའི་རྟེན་འབྲེལ་ཟབ་མོའི་དོན་རྟོགས་དགོས་པར་གསུངས་པས། ཉོན་མོངས་ཅན་གྱི་གཏི་མུག་ནི་གཞུང་དེའི་འགྲེལ་པར། དངོས་པོ་བདེན་པར་སྒྲོ་འདོགས་པ་ལ་བཤད་པ་ལྟར་བྱ་དགོས་སོ།

།ཚུལ་འདི་ནི་བུདྡྷ་པཱ་ལི་ཏ་ལས་འཕགས་པའི་དགོངས་པ་བཀྲལ་བའི་རྗེས་སུ་ཞུགས་ནས་ཟླ་བའི་ཞབས་ཀྱིས་གསལ་བར་གསུངས་པའོ། །

།གཉིས་པ་ནི། དེ་ལྟར་བདག་གཉིས་སུ་འཛིན་པའི་མ་རིག་པ་སྔར་བཤད་པ་དེ་ཡང༌ཕྱི་ནང་གི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་འདོད་པ་ཐུན་མོང་མ་ཡིན་པས་བཏགས་པའི་གང་ཟག་རྟག་གཅིག་རང་དབང་ཅན་དང༌། གཟུང་བ་ཕྱི་རོལ་གྱི་དོན་ཤར་ལ་སོགས་པའི་ཕྱོགས་ཀྱི་ཆ་མེད་ཀྱི་རྡུལ་ཕྲ་རབ་དང༌། དེ་བསགས་པའི་རགས་པ་དང༌། འཛིན་པ་ནང་ཤེས་རིག་སྔ་ཕྱི་ལ་སོགས་པའི་དུས་ཀྱི་ཆ་མེད་པའི་ཤེས་པ་སྐད་ཅིག་ཆ་མེད་དང༌། དེ་འཐུད་པའི་ཤེས་པའི་རྒྱུན་དང༌། དེ་འདྲ་བའི་གཟུང་འཛིན་གྱིས་སྟོང་བའི་གཉིས་མེད་ཀྱི་རང་རིག་བདེན་པར་འདོད་པའི་ཀུན་བརྟགས་ཀྱི་གང་ཟག་དང༌། ཆོས་ཀྱི་བདག་འཛིན་མིན་གྱི། གྲུབ་མཐས་བློ་བསྒྱུར་མ་བསྒྱུར་ཐམས་ཅད་ལ་ཐུན་མོངས་དུ་ཡོད་པ། གྲུབ་མཐས་བློ་བསླད་པ་ལ་མི་ལྟོས་པར་ཐོག་མ་མེད་པ་ནས་རྗེས་སུ་ཞུགས་པ་ལྷན་སྐྱེས་ཀྱི་བདག་འཛིན་གཉིས་ཡིན་ལ། དེ་ཉིད་འདིར་འཁོར་བའི་རྩ་བར་གཟུང་སྟེ།

འཇུག་པ་ལས།
།གང་དག་དུད་འགྲོར་བསྐལ་མང་བསྐྱལ་གྱུར་པ། །དེས་ཀྱང་མ་སྐྱེས་རྟག་འདི་མ་མཐོང་ལ།
།ངར་འཛིན་དེ་དག་ལ་ཡང་འཇུག་མཐོང་སྟེ།

ཞེས་གསུངས་པའི་རིགས་པས་སེམས་ཅན་ཐམས་ཅད་འཁོར་བར་འཆིང་བ་ནི་ལྷན་སྐྱེས་ཀྱི་མ་རིག་པ་ཡིན་པའི་ཕྱིར་དང༌། ཀུན་བརྟགས་ཀྱི་མ་རིག་པ་ནི་གྲུབ་མཐའ་སྨྲ་བ་དེ་དག་ཁོ་ན་ལ་ཡོད་པས་འཁོར་བའི་རྩ་བར་མི་འཐད་པའི་ཕྱིར་རོ། །འདི་ལ་ངེས་པ་དམིགས་ཕྱེད་པར་རྙེད་པ་ཤིན་ཏུ་གལ་ཆེ་སྟེ། དེ་ལྟར་མ་ཤེས་ན་ནི་ལྟ་བས་གཏན་ལ་འབེབས་པའི་དུས་སུ་ལྷན་སྐྱེས་ཀྱི་མ་རིག་པས་ཇི་ལྟར་བཟུང་བའི་དོན་མེད་པར་གཏན་ལ་འབེབས་པ་གཙོ་བོར་བཟུང་ནས་དེའི་ཡན་ལག་ཏུ་ཀུན་བརྟགས་ཀྱི་འཛིན་པའི་ཡུལ་རྣམས་སུན་འབྱིན་པ་མི་ཤེས་པར་ལྷན་སྐྱེས་ཀྱི་མ་རིག་པའི་འཛིན་སྟངས་སུན་འབྱིན་པ་དོར་ནས་བདག་གཉིས་འགོག་པ་ན་སྔར་བཤད་པ་ལྟར་གྱི་གྲུབ་མཐའ་སྨྲ་བ་རྣམས་ཁོ་ནས་བཏགས་པ་རྣམས་བཀག་པའི་བདག་མེད་ཙམ་ཞིག་གཏན་ལ་འབེབས་པས། སྒོམ་པའི་ཚེ་ཡང་དེ་ཙམ་ཞིག་སྒོམ་དགོས་ཏེ། ལྟ་བས་གཏན་ལ་ཕབ་པ་ནི་སྒོམ་པའི་དོན་དུ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་བསྒོམས་ནས་མངོན་དུ་གྱུར་པ་དང༌། གོམས་པ་དེ་མཐར་ཐུག་ན་ཡང་དེ་ཙམ་ཞིག་ཏུ་ཟད་ལ། དེ་ལྟར་ཀུན་བརྟགས་ཀྱི་འཛིན་པས་བཏགས་པ་ཙམ་གྱི་བདག་གཉིས་མེད་པར་མཐོང་བས། ལྷན་སྐྱེས་ཀྱི་ཉོན་མོངས་རྣམས་ལྡོག་པར་འདོད་ན་ཧ་ཅང་ཐལ་ཏེ།

འཇུག་པ་ལས།
།བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང༌། །འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ།
།དེ་ཕྱིར་བདག་མེད་ཤེས་པས་བདག་ལྟ་བ། །དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར།

ཞེས་གསུངས་ཤིང༌། འགྲེལ་པ་ལས་ཀྱང༌ཕན་ཚུན་འབྲེལ་པ་མེད་པའི་དོན་འདི་ཉིད་དཔེའི་སྒོ་ནས་གསལ་བར་བྱ་བའི་ཕྱིར་བཤད་པ།

།རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ། །འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ།
།སྦྲུལ་གྱི་འཇིགས་པ་སྤོང་བར་བྱེད་པ་ནི། །ཀྱེ་མ་གཞན་གྱི་གནམ་པོར་འགྱུར་ཉིད་དོ།

ཞེས་གསུངས་ཏེ། འདི་གང་ཟག་གི་བདག་མེད་ལ་གསུངས་ཀྱང་ཆོས་ཀྱི་བདག་མེད་ལའང་མཚུངས་ཏེ།

།བདག་མེད་རྟོགས་ཚེ་ཀུན་བརྟགས་བདག་སྤོང་ཞིང༌། །འདི་ནི་མ་རིག་རྟེན་དུའང་མི་འདོད་པ།
།དེ་ཕྱིར་བདག་མེད་ཤེས་པས་མ་རིག་པ། །དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར།

ཞེས་སྦྱར་རོ། །གལ་ཏེ་རིན་ཆེན་ཕྲེང་བ་ལས།

།ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད།
།ངར་འཛིན་ཡོད་ན་ཡང་ལས་ཏེ། །ལས་ལས་ཀྱང་ནི་སྐྱེ་བ་ཡིན།

ཞེས་ཕུང་པོ་བདེན་འཛིན་ཆོས་ཀྱི་བདག་འཛིན་འཁོར་བའི་རྩ་བའི་རྩ་བར་བཤད་ལ།

འཇུག་པ་ལས།
།ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང༌།

།ཞེས་འཇིག་ལྟ་འཁོར་བའི་རྩ་བར་བཤད་པ་གཉིས་འགལ་ཏེ། འཁོར་བའི་རྩ་བ་མི་མཐུན་པ་གཉིས་མི་འཐད་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། འདི་པའི་ལུགས་ཀྱིས་བདག་འཛིན་གཉིས་དམིགས་པས་སོ་སོར་འབྱེད་ཀྱི། འཛིན་སྟངས་ཀྱི་རྣམ་པ་མི་འདྲ་བ་མེད་དེ། གཉིས་ཀ་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རྣམ་པ་ཅན་ཡིན་པའི་ཕྱིར་དང༌། འཁོར་བའི་རྩ་བ་གཉིས་འགལ་བ་ནི་ཡུལ་ལ་འཇུག་པའི་འཛིན་སྟངས་མི་མཐུན་པ་གཉིས་འཁོར་བའི་རྩ་བར་འཇོག་པ་ལ་བྱེད་པའི་ཕྱིར་རོ། །དེས་ན་ཆོས་ཀྱི་བདག་འཛིན་འཇིག་ལྟའི་རྒྱུར་སྟོན་པ་ན། མ་རིག་པའི་ནང་ཚན་གཉིས་རྒྱུ་འབྲས་སུ་སྟོན་ཞིང༌། དེ་གཉིས་ཀ་ཉོན་མོངས་ཀྱི་རྩ་བར་སྟོན་པ་ན་རང་དང་འཛིན་སྟངས་མི་མཐུན་པའི་ཉོན་མོངས་གཞན་ཐམས་ཅད་ཀྱི་རྩ་བར་སྟོན་པ་ཡིན་ལ། ཚུལ་དེ་ཡང་དེ་གཉིས་ཀ་ལ་ཡོད་པས་མི་འགལ་ཏེ། མ་རིག་པའི་རིགས་འདྲ་སྔ་ཕྱི་གཉིས་ཀ་འཁོར་བའི་རྩ་བར་མི་འགལ་བ་བཞིན་ནོ། །ཟླ་བའི་ཞབས་ཀྱིས་འཇིག་ལྟ་ལ་སྒོས་སུ་མ་རིག་པར་གསལ་བར་བཤད་པ་མ་བྱུང་ཡང༌། གང་ཟག་དང་ཆོས་སོ་སོར་མ་ཕྱེ་བར་སྤྱིར་དངོས་པོ་བདེན་འཛིན་ཉོན་མོངས་ཅན་གྱི་མ་རིག་པར་གསུངས་ཤིང༌། གང་ཟག་གི་བདག་འཛིན་ཡང་གང་ཟག་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པར་བཞེད་ལ། འཇིག་ལྟ་ལྷན་སྐྱེས་ཀྱང་འཁོར་བའི་རྩ་བར་མང་དུ་བཤད་པ་དང༌། བདེན་འཛིན་གྱི་མ་རིག་པ་ལས་དོན་གཞན་དུ་བཞེད་ན། འཁོར་བའི་རྩ་བ་འཛིན་སྟངས་མི་མཐུན་པ་གཉིས་འཇོག་པ་འགལ་བས། གཉིས་ཀ་མ་རིག་པར་བྱའོ། །སྔར་བཤད་པའི་མ་རིག་པ་ལྷན་སྐྱེས་ཀྱིས་སྒྲོ་བཏགས་པའི་ཡུལ་དེ་ཉིད་ལ་ལྷན་སྐྱེས་དང་ཀུན་བརྟགས་ཀྱི་ཉོན་མོངས་གཞན་ཐམས་ཅད་ཀྱིས་ཡུལ་གྱི་ཁྱད་པར་རེ་རེ་བཟུང་ནས་འཇུག་པས། མིག་སོགས་ཀྱི་དབང་པོ་གཞན་བཞི་ག་ལུས་དབང་ལ་བརྟེན་ནས་གནས་ཀྱི། དེ་ལས་ཡུལ་རང་དབང་དུ་མི་གནས་པ་བཞིན་དུ། ཉོན་མོངས་གཞན་ཐམས་ཅད་ཀྱང་ལྷན་སྐྱེས་ཀྱི་མ་རིག་པ་ལ་བརྟེན་ནས་འཇུག་པས། གཏི་མུག་གཙོ་བོ་ཡིན་པར་གསུངས་ཏེ། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་འགྱུར་ཏེ། ཞེས་པའི་བརྒྱ་པའི་འགྲེལ་པ་ལས། འདོད་ཆགས་ལ་སོགས་པ་དག་ཀྱང་གཏི་མུག་གིས་ཀུན་ཏུ་བཏགས་པའི་དངོས་པོའི་རང་བཞིན་ཁོ་ན་ལ། སྡུག་པ་དང་མི་སྡུག་པ་ལ་སོགས་པའི་ཁྱད་པར་སྒྲོ་འདོགས་པར་འཇུག་པ་ཉིད་ཀྱི་ཕྱིར། གཏི་མུག་ལས་ཐ་མི་དད་པར་འཇུག་པར་འགྱུར་ཞིང༌། གཏི་མུག་ལ་བརྟེན་པར་ཡང་འགྱུར་ཏེ། གཏི་མུག་གཙོ་བོ་ཉིད་ཀྱི་ཕྱིར་རོ། ཞེས་གསུངས་སོ། ། དེས་ན་གཏི་མུག་གིས་ཡུལ་རྣམས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པར་བཟུང་བ་ན། བཟུང་བའི་ཡུལ་དེ་རང་གི་ཡིད་དང་མཐུན་པ་ཞིག་ཡིན་ན། དེ་ལ་དམིགས་ནས་འདོད་ཆགས་དང༌། གལ་ཏེ་རང་གི་ཡིད་དང་མི་མཐུན་པར་སྣང་ན་ནི་དེ་ལ་ཁོང་ཁྲོ་སྐྱེ་ལ། ཅི་སྟེ་ཡུལ་དེ་ཡིད་དང་མཐུན་མི་མཐུན་གང་དུ་ཡང་མི་སྣང་བ་ཐ་མལ་པ་བར་མར་གནས་པ་ཞིག་ཡིན་ན་ནི། དེ་ལ་དམིགས་ནས་གཞན་གཉིས་མི་སྐྱེ་ཡང་གཏི་མུག་གི་རིགས་འདྲ་ཕྱི་མ་སྐྱེ་སྟེ།

རིགས་པ་དྲུག་ཅུ་པ་ལས།
།གནས་བཅས་སེམས་དང་ལྡན་རྣམས་ལ། །ཉོན་མོངས་དུག་ཆེན་ཅིས་མི་འབྱུང་།
།གང་ཚེ་བར་མར་འདུག་པ་ཡང༌། །ཉོན་མོངས་སྦྲུལ་གྱིས་ཟིན་པར་འགྱུར།

།ཞེས་གསུངས་ཏེ། དེའི་འགྲེལ་པར་སྔར་བཞིན་བཤད་དོ། །ཕུང་པོ་བདེན་འཛིན་ལས་འཇིག་ལྟ་སྐྱེ་བ་རིན་ཆེན་ཕྲེང་བའི་ཡང་དགོངས་པར་སྣང་ཞིང༌། ཉོན་མོངས་ལྷག་མའི་སྐྱེ་ཚུལ་ནི་སྐྱེས་བུ་འབྲིང་གི་སྐབས་སུ་བཤད་པ་ལས་དཔགས་ནས་ཤེས་པར་བྱའོ།

།ཡང་རྣམ་འགྲེལ་ལས།
།གང་ཞིག་བདག་མཐོང་དེ་ལ་ནི། །ང་ཞེས་རྟག་ཏུ་ཞེན་པར་འགྱུར།
།ཞེན་པས་བདེ་ལ་སྲེད་འགྱུར་ཏེ། །སྲེད་པས་སྐྱོན་རྣམས་སྒྲིབ་པར་བྱེད།
།ཡོན་ཏན་མཐོང་བས་ཡོངས་སྲེད་པ། །ང་ཡི་ཞེས་དེའི་སྒྲུབ་བྱེད་ལེན།
།དེས་ན་བདག་ལ་མངོན་ཆགས་པ། །དེ་སྲིད་དེ་ནི་འཁོར་བར་འགྱུར།

ཞེས་གསུངས་པ་ལྟར་ཡང་ཤེས་པར་བྱ་སྟེ། འདིའི་ལུགས་དང་སྔར་བཤད་པའི་བདག་འཛིན་གཉིས་འཇོག་ཚུལ་མི་འདྲ་ཡང༌། ཉོན་མོངས་སྐྱེ་ཚུལ་གྱི་རིམ་པ་འདི་ལ་བརྟེན་ནས་ཤེས་པར་བྱར་ཡོད་དོ། །དེ་ཡང་དང་པོར་ངའོ་སྙམ་པའི་དམིགས་པ་ང་རང་གི་མཚན་ཉིད་ཀྱིས་གྲུབ་པར་བཟུང་བ་ན་བདག་ལ་ཆགས་པ་སྐྱེ། དེས་ནི་བདག་གི་བདེ་བ་ལ་སྲེད་པ་སྐྱེད་ལ། བདག་གི་བདེ་བ་ཡང་བདག་གི་བ་རྣམས་ལ་མ་ལྟོས་པར་རང་དབང་མེད་པས་བདག་གི་བ་ལ་སྲེད་ལ། དེས་ནི་དེའི་སྐྱོན་བསྒྲིབས་ནས་དེ་ལ་ཡོན་ཏན་མཐོང་དུ་འཇུག་གོ །དེ་ནས་ནི་བདག་གི་བ་རྣམས་བདག་གི་བདེ་བ་སྒྲུབ་བྱེད་དུ་ལེན་ནོ། །དེ་ལྟར་སྐྱེས་པའི་ཉོན་མོངས་ཀྱིས་ནི་ལས་འདུ་བྱེད་ལ། ལས་ཀྱིས་ཀྱང་འཁོར་བར་ཉིད་མཚམས་སྦྱོར་ཏེ།

སྟོང་ཉིད་བདུན་ཅུ་པ་ལས།
།ལས་ནི་ཉོན་མོངས་རྒྱུ་མཚན་ཅན། །འདུ་བྱེད་ཉོན་མོངས་ལས་བདག་ཉིད།
།ལུས་ནི་ལས་ཀྱི་རྒྱུ་མཚན་ཅན། །གསུམ་གཱང་ངོ་བོ་ཉིད་ཀྱི་སྟོང༌།

ཞེས་གསུངས་སོ། །དེ་ལྟ་བུའི་ཚུལ་གྱིས་འཁོར་བར་འཁོར་བའི་རིམ་པ་ལ་ངེས་པ་རྙེད་རྙེད་དུ་སྦྱང་ངོ༌།

།གསུམ་པ་ལ་གཉིས། མ་རིག་པ་དེ་སྤོང་འདོད་ན་བདག་མེད་རྟོགས་པའི་ལྟ་བ་འཚོལ་དགོས་པའི་རྒྱུ་མཚན། བདག་མེད་རྟོགས་པའི་ལྟ་བ་སྐྱེད་བའི་ཚུལ་ལོ། །དང་པོ་ནི། སྔར་བཤད་པའི་མ་རིག་པ་བདག་འཛིན་གཉིས་སྤངས་ཏེ་ཟད་པ་ཞིག་ནི་འདོད་དགོས་ཀྱང་དགོས་ལ་འདོད་ཀྱང་འདོད་པར་སྣང་ངོ༌། །དེ་ལྟ་ནའང་དེ་ལྟར་འདོད་བཞིན་དུ་བདག་འཛིན་འཁོར་བའི་རྩ་བར་འགྲོ་ཚུལ་ཤེས་པ་ལ་མི་འབད་པ་དང༌། དེའི་ཕྱོགས་མཐོང་ཡོད་ཀྱང༌བདག་འཛིན་གྱིས་གཟུང་བའི་ཡུལ་ངེས་དོན་གྱི་ལུང་རིགས་ཀྱིས་ལེགས་པར་བཀག་ནས་བདག་མེད་ཀྱི་ལྟ་བ་རྣམ་དག་རྒྱུད་ལ་བསྐྱེད་པའི་དོན་དུ་མི་འབད་པ་ནི་དབང་པོ་ཤིན་ཏུ་རྟུལ་བ་ཡིན་ཏེ། ཐར་པ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་གྱི་སྲོག་སྟོར་ཡང་ཇི་མི་སྙམ་པར་འཇོག་པའི་ཕྱིར་རོ། །དེས་ན།

དཔལ་ལྡན་ཆོས་གྲགས་ཀྱིས།
།འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན།
།ཡོན་ཏན་སྐྱོན་དང་རྗེས་འབྲེལ་བའི། །འདོད་དང་སྡང་སོགས་སྤོང་བ་ནི།
།དེ་དག་ཡུལ་ལ་མ་མཐོང་བས། །ཡིན་གྱིས་ཕྱི་ཚུལ་དག་གིས་མིན།

ཞེས་ཕྱི་རོལ་གྱི་སྤང་བྱ་ཚེར་མ་ཟུག་པ་ལྟ་བུ་དེ་འདོན་པ་ན། དེས་ཇི་ལྟར་བཟུང་བའི་ཡུལ་སུན་འབྱིན་པ་ལ་མི་ལྟོས་པར་ཁབ་ལྟ་བུས་རྩ་བ་ནས་འདོན་པ་ལྟར། ནང་སེམས་ཀྱི་སྟེང་གི་སྤང་བྱ་སྤོང་བ་ན་དེ་ལྟར་བྱེད་པ་མིན་གྱི། འོན་ཀྱང་བདག་འཛིན་ལྟ་བུ་དེས་ཡུལ་ལ་ཇི་ལྟར་བཟུང་བའི་དོན་དེ་མེད་པར་མཐོང་ནས་སྤོང་དགོས་པར་གསུངས་སོ།

།དཔལ་ལྡན་ཟླ་བས་ཀྱང༌།
།ཆགས་སོགས་ཉོན་མོངས་དང༌སྐྱེ་རྒ་སོགས་ཀྱི་སྐྱོན་ཐམས་ཅད་བདག་འཛིན་ལས་འབྱུང་བར་མཐོང་བ་ན། དེ་འགོག་ཅིང་སྤོང་འདོད་འབྱུང་ལ་དེའི་ཚེ་བདག་འཛིན་གྱི་སྒྲོ་བཏགས་པའི་ཡུལ་གང་ཟག་གི་བདག་རྣལ་འབྱོར་པས་རིགས་པས་འགོག་པར་གསུངས་ཏེ།

འཇུག་པ་ལས།
།ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང༌།
།བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད།

ཅེས་གསལ་བར་གསུངས་སོ། །དེ་ཡང་དེ་ཁོ་ན་ཉིད་སྒོམ་པ་པོས་བྱ་དགོས་པས་རྣལ་འབྱོར་པས་ཞེས་གསུངས་སོ། །ཚུལ་འདི་ནི་མགོན་པོ་ཀླུ་སྒྲུབ་ཀྱིའང་དགོངས་པ་དམ་པ་ཡིན་ཏེ།

རིགས་པ་དྲུག་ཅུ་པ་ལས།
།དེ་ནི་ལྟ་བ་ཀུན་གྱི་རྒྱུ། །དེ་མེད་ཉོན་མོངས་མི་སྐྱེ་སྟེ།
།དེ་ཕྱིར་དེ་ནི་ཡོངས་ཤེས་ན། །ལྟ་དང་ཉོན་མོངས་ཡོངས་སུ་འབྱང༌།
།གང་གིས་དེ་ཤེས་འགྱུར་སྙམ་ན། །བརྟེན་ནས་འབྱུང་བ་མཐོང་བ་སྟེ།
།བརྟེན་ནས་སྐྱེས་པ་མ་སྐྱེས་པར། །དེ་ཉིད་མཁྱེན་པའི་མཆོག་གིས་གསུངས།

ཞེས་ལྟ་བ་ཉོན་མོངས་ཅན་དང༌། ཉོན་མོངས་གཞན་ཀུན་གྱི་རྒྱུར་གྱུར་པའི་དངོས་པོར་ཁས་ལེན་ཞེས་པའི་བདེན་འཛིན་དེ། བརྟེན་ནས་འབྱུང་བའི་རྒྱུ་མཚན་གྱིས་རང་བཞིན་གྱིས་མ་སྐྱེས་པའི་དངོས་པོའི་དེ་ཉིད་རྟོགས་པས་སྤོང་བར་བསྟན་ལ། རང་བཞིན་དེ་མེད་པར་མཐོང་བ་ནི། དངོས་པོ་རང་བཞིན་གྱིས་གྲུབ་པར་འཛིན་པའི་ཡུལ་སུན་ཕྱུང་པ་མེད་པར་མི་འབྱུང་བའི་ཕྱིར་རོ། །འདི་དང་མཐུན་པར་འཕགས་པ་ལྷས་གསུངས་པ་ནི་སྔར་དྲངས་ཟིན་ལ།

ཡང་བཞི་བརྒྱ་པ་ལས།
།ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར།

ཞེས་བདག་འཛིན་གྱིས་གཟུང་བའི་དམིགས་ཡུལ་གྱི་བདག་མེད་པར་མཐོང་བས་སྲིད་པའི་རྩ་བ་མ་རིག་པ་གཅོད་པར་གསུངས་སོ།

།རྗེ་བཙུན་ཞི་བ་ལྷས་ཀྱང༌།
།གང་ཟག་སྟོང་པ་ཉིད་ནི་དེ་ལྟར་ཤིན་ཏུ་གྲུབ་པ་ཡིན་ནོ།
།དེའི་ཕྱིར་རྩ་བ་ཆད་པས་ཉོན་མོངས་པ་ཐམས་ཅད་ཀུན་ཏུ་མི་འབྱུང་ངོ༌།
།འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཇི་སྐད་དུ།

ཞི་བའི་བློ་གྲོས།
འདི་ལྟ་སྟེ་དཔེར་ན་ཤིང་རྩ་བ་ནས་ཆད་ན་ཡལ་ག་དང་ལོ་མ་དང་ཡལ་ག་ཕྲ་མོ་ཐམས་ཅད་བསྐམས་པར་འགྱུར་རོ།

།ཞི་བའི་བློ་གྲོས།
དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞི་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཞི་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ།

ཞེས་གང་ཟག་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་པ་ཉིད་རྟོགས་པ་བསྒོམས་པས་འཇིག་ལྟ་ལྡོག་པ་དང༌། དེ་ལོག་ན་ཉོན་མོངས་གཞན་ཐམས་ཅད་ལྡོག་པར་གསུངས་ལ། གང་ཟག་གི་བདག་འཛིན་གྱི་ཡུལ་སུན་མ་ཕྱུང་བར་བདག་མེད་རྟོགས་པ་མི་སྲིད་བའི་ཕྱིར་རོ། །ལུང་དེས་ནི་འཇིག་ལྟ་ཉོན་མོངས་གཞན་ཐམས་ཅད་ཀྱི་རྩ་བར་བསྟན་ཏེ། དེ་མ་རིག་པ་ལས་དོན་གཞན་ཡིན་ན་འཁོར་བའི་རྩ་བ་མི་མཐུན་པ་གཉིས་ཡོད་པར་འགྱུར་བས་དེ་ཡང་མ་རིག་པར་བྱའོ། །མདོར་ན་ཟབ་མོའི་གསུང་རབ་ཀྱི་དོན་འགྲེལ་བའི་མཁས་མཆོག་དུ་མས། དེ་ཁོ་ན་ཉིད་ཀྱི་དོན་གཏན་ལ་འབེབས་པ་ན་ལུང་རིགས་དུ་མས་རྣམ་པར་དཔྱོད་པ་ནི། ཕྱིན་ཅི་ལོག་གི་འཛིན་པས་ཇི་ལྟར་བཟུང་བའི་བདག་དེ་མེད་པ་དང༌། བདག་དེས་སྟོང་པར་མ་མཐོང་བར་བདག་མེད་དང༌། སྟོང་ཉིད་རྟོགས་མི་ནུས་པར་གཟིགས་ནས་དེ་ལྟར་མཛད་པ་འདི་ལ་ངེས་པ་རྙེད་པ་གལ་ཆེའོ། །འདི་ལྟར་འཁོར་བར་འཆིང་བའི་རྩ་བའི་ཕྱིན་ཅི་ལོག་གི་ཡུལ་བཀག་པའི་དོན་མ་བསྒོམས་ན། དེ་ལས་གཞན་པའི་དོན་ཟབ་པར་འདོད་པ་བསྒོམས་ཀྱང་བདག་འཛིན་ལ་ཅི་ཡང་མི་གནོད་དེ། བློ་བདག་མེད་དང་སྟོང་པ་ཉིད་ཀྱི་དེ་ཁོ་ན་ལ་མ་ཞུགས་པར་བདག་འཛིན་ལྡོག་བ་མི་སྲིད་པའི་ཕྱིར་དང༌། བདག་འཛིན་གྱི་ཡུལ་སུན་མ་ཕྱུང་བར་དེའི་ཡུལ་ལ་ཡིད་ཕར་འགྲོ་བ་ཚུར་བསྡུས་པ་ཙམ་བྱས་ཀྱང༌། དེས་ནི་བདག་མེད་ལ་ཞུགས་པར་འཇོག་མི་ནུས་པའི་ཕྱིར་རོ། །དེའི་རྒྱུ་མཚན་ནི་ཡིད་ཡུལ་ལ་འཇུག་པ་ན་དམིགས་པ་དེ་བདེན་པར་འཛིན་པ་ཞིག་དང༌། བདེན་མེད་དུ་འཛིན་པ་ཞིག་དང༌། དེ་གཉིས་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པར་འཛིན་པ་ཞིག་དང་གསུམ་ཡོད་པས། བདེན་མེད་དུ་མ་བཟུང་ཡང་བདེན་པར་འཛིན་མི་དགོས་པ་བཞིན་དུ་བདག་གཉིས་ལ་མ་ཞུགས་ཀྱང༌བདག་མེད་གཉིས་ལ་ཞུགས་མི་དགོས་ཏེ། བློ་ཕུང་པོ་གསུམ་པ་ལ་གནས་པ་མཐའ་ཡས་པ་ཞིག་ཡོད་པའི་ཕྱིར་རོ།

།བདག་ཏུ་འཛིན་པ་གཉིས་ཀྱང་གཙོ་བོར་གང་ཟག་དང་ཆོས་ཀྱི་དངོས་པོ་ལ་དམིགས་ནས་འཇུག་པས། །གང་ལ་འཁྲུལ་བའི་གཞི་དེ་ཉིད་ཇི་ལྟར་བཟུང་བ་ལྟར་དུ་མེད་པར་གཏན་ལ་དབབ་དགོས་ཏེ། དེ་ལྟ་མ་ཡིན་ན་རྐུན་མ་ནགས་ལ་སོང་བའི་རྗེས་སྤང་ལ་རྩད་གཅོད་པ་དང་འདྲའོ། །དེས་ན་དེ་ལྟར་གཏན་ལ་ཕབ་པའི་དོན་བསྒོམས་པས་འཁྲུལ་པ་ཟད་པར་བྱེད་པས། དེ་འདྲ་བའི་སྟོང་པ་ནི་དེ་ཁོ་ན་ཉིད་ཀྱི་དོན་མཆོག་ཡིན་གྱི། དེ་དོར་བའི་དེ་ཁོ་ན་ཉིད་ཀྱི་དོན་ལོགས་ཤིག་ཏུ་གཏན་ལ་ཕབ་པ་ནི། འདོད་པས་བཏགས་པ་ཙམ་དུ་ཟད་པས་གསུང་རབ་ཀྱི་དོན་ལས་ཕྱི་རོལ་ཏུ་གྱུར་པར་ཟུངས་ཤིག །དེ་ལྟར་ན་སྐྱེས་པ་དང་། བུད་མེད་སོགས་གང་ཟག་དང༌། གཟུགས་ཚོར་སོགས་ཆོས་ཀྱི་སྤྲོས་པ་ལ་བདེན་པར་འཛིན་པའི་མ་རིག་པ་ནི། བདག་མེད་པའི་སྟོང་ཉིད་རྟོགས་པའི་ལྟ་བ་རྙེད་ནས་དེ་བསྒོམས་པས་ལྡོག་ལ། དེ་ལོག་ན་བདེན་འཛིན་གྱི་ཡུལ་ལ་དམིགས་ནས་སྡུག་མི་སྡུག་སོགས་ཀྱི་མཚན་མ་སྒྲོ་འདོགས་པའི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ལྡོག་གོ །དེ་ལོག་ན་འཇིག་ལྟའི་རྩ་བ་ཅན་གྱི་ཆགས་སོགས་ཉོན་མོངས་གཞན་རྣམས་ལྡོག་གོ །དེ་ལོག་ན་དེས་ཀུན་ནས་བསླངས་པའི་ལས་ལྡོག་གོ །དེ་ལོག་ན་ལས་ཀྱིས་འཕངས་པའི་འཁོར་བར་རང་དབང་མེད་པར་སྐྱེ་བ་ལྡོག་པས། ཐར་པ་ཐོབ་པོ་སྙམ་དུ་ངེས་པ་བརྟན་པོ་བསྐྱེད་ལ། དེ་ནས་དེ་ཁོ་ན་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་པར་བཙལ་ཏེ།

རྩ་ཤེ་ལས།
།ལས་དང་ཉོན་མོངས་ཟད་པས་མཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས།
།དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་[དུ]འགག་པར་འགྱུར།

ཞེས་སོ། །དེ་ལྟར་འཁོར་བ་ལྡོག་འཇུག་གི་རིམ་པ་ཤེས་ནས། དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་ལ་གཅེས་སྤྲས་སུ་བྱེད་པ་དགོས་ཀྱི། དམིགས་ལེགས་པར་མ་ཕྱེད་པའི་ཐོམ་ཐོམ་ཏོམ་འཇུག་གིས་མི་འོང་ངོ༌།

།གཉིས་པ་ལ་གསུམ། བདག་མེད་ཀྱི་ལྟ་བ་གཉིས་སྐྱེད་པའི་རིམ་པ་དང༌། ལྟ་བ་གཉིས་རིམ་ཅན་དུ་བསྐྱེད་པ་དངོས། ཀུན་རྫོབ་དང་དོན་དམ་གྱི་བདེན་པ་རྣམ་པར་བཞག་པའོ། །དང་པོ་ནི། བདག་འཛིན་གཉིས་ཀྱི་སྐྱེ་རིམ་ལ་ཆོས་ཀྱི་བདག་འཛིན་གྱིས་གང་ཟག་གི་བདག་འཛིན་སྐྱེད་པ་ཡིན་ཡང༌། བདག་མེད་ཀྱི་དེ་ཉིད་ལ་འཇུག་པ་ན་སྔོན་དུ་གང་ཟག་གི་བདག་མེད་ཀྱི་ལྟ་བ་བསྐྱེད་ནས། དེའི་འོག་ཏུ་ཆོས་ཀྱི་བདག་མེད་རྟོགས་པའི་ལྟ་བ་སྐྱེད་དགོས་སོ།

།དེ་ཡང་རིན་ཆེན་འཕྲེང་བ་ལས།
།སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན།
།རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་ན་སྐྱེས་བུ་གང༌།
།སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཇི་ལྟ་བར།
།དེ་བཞིན་ཁམས་ནི་རེ་རེ་ཡང༌། །འདུས་ཕྱིར་ཡང་དག་ཉིད་དུ་མིན།

ཞེས་སྔོན་དུ་གང་ཟག་དང༌། དེ་ནས་དེར་བཏགས་པའི་གཞི་ས་ལ་སོགས་པའི་ཁམས་རྣམས་རང་བཞིན་མེད་པར་གསུངས་པ་ལྟར་རོ། །ཚིག་གསལ་དང་བུད་དྷ་པཱ་ལི་ཏ་ལས་ཀྱང༌། དེ་ཁོ་ན་ཉིད་ལ་འཇུག་པ་ན། ཐོག་མར་གང་ཟག་གི་བདག་མེད་ནས་འཇུག་པར་བཤད་པའི་ཕྱིར་དང༌། །ཞི་བ་ལྷས་ཀྱང་དེ་བཞིན་དུ་གསུངས་པའི་ཕྱིར་རོ། །དེ་ལྟར་བྱ་དགོས་པའི་རྒྱུ་མཚན་ནི། གཞི་གང་ཟག་དང་ཆོས་ཀྱི་སྟེང་དུ་ངེས་རྒྱུའི་བདག་མེད་ལ་ཕྲ་རགས་མེད་ཀྱང༌། ཁྱད་གཞིའི་གནད་ཀྱིས་གང་ཟག་གི་སྟེང་དུ་ངེས་སླ་ལ། ཆོས་ཀྱི་སྟེང་དུ་ངེས་དཀའ་བའི་ཕྱིར་ཏེ། དཔེར་ན་ཆོས་ཀྱི་བདག་མེད་དེ་མིག་རྣ་སོགས་ཀྱི་སྟེང་དུ་ངེས་དཀའ་ཞིང༌། གཟུགས་བརྙན་སོགས་ཀྱི་སྟེང་དུ་ངེས་སླ་བས། དེ་རྣམས་སྔ་མའི་སྟེང་དུ་བདག་མེད་གཏན་ལ་འབེབས་པའི་དཔེར་འཇོག་པ་བཞིན་ནོ།

།དོན་འདི་ལ་དགོངས་ནས་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང༌།
།ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་བྱ།
།ཆོས་རྣམས་ཐམས་ཅད་དེ་ཡི་ངོ་བོ་ཉིད། །ཡོངས་སུ་དག་པ་ནམ་མཁའ་ལྟ་བུ་ཡིན།
།གཅིག་གིས་ཀྱང་ནི་ཐམས་ཅད་ཤེས། །གཅིག་གིས་ཀྱང་ནི་ཐམས་ཅད་མཐོང༌།

ཞེས་ངའོ་སྙམ་པའི་བདག་གི་འདུ་ཤེས་གང་ལ་འཇུག་པའི་ངའི་གནས་ལུགས་ལེགས་པར་ཤེས་པ་ན། མིག་རྣ་སོགས་ནང་དང༌། བུམ་པ་སོགས་ཕྱིའི་ཆོས་ཀུན་ལ་དེའི་རིགས་པ་སྦྱར་ནས། དེ་དང་མཚུངས་པར་ཤེས་པར་བྱ་བས་ན། ཆོས་གཅིག་གི་ངང་ཚུལ་ཤེས་ཤིང་མཐོང་བས་ཆོས་གཞན་ཐམས་ཅད་ཀྱི་རང་བཞིན་ཡང་ཤེས་པ་དང་མཐོང་བར་ནུས་པར་གསུངས་སོ།

།གཉིས་པ་ལ་གཉིས། གང་ཟག་གི་བདག་མེད་གཏན་ལ་དབབ་པ་དང༌། ཆོས་ཀྱི་བདག་མེད་གཏན་ལ་དབབ་པའོ། །དང་པོ་ལ་གཉིས། གང་ཟག་ངོས་གཟུང་བ་དང༌། དེ་རང་བཞིན་མེད་པར་གཏན་ལ་དབབ་པའོ། །དང་པོ་ནི། གང་ཟག་ཅེས་པ་ནི་ལྷ་ལ་སོགས་པ་རིགས་དྲུག་གི་གང་ཟག་དང༌། སོ་སྐྱེ་དང་འཕགས་པའི་གང་ཟག་སོགས་ཡིན་ལ། དེ་ཡང་དཀར་ནག་གི་ལས་གསོག་པ་པོ་དང༌། དེའི་འབྲས་བུ་མྱོང་བ་པོ་དང༌། འཁོར་བར་འཁོར་མཁན་དང༌། ཐར་པའི་དོན་དུ་ལམ་སྒོམ་པ་པོ་དང༌། ཐར་པ་ཐོབ་པ་པོ་སོགས་སོ།

འདི་ཡང་འཇུག་འགྲེལ་སོགས་སུ་མདོ་དྲངས་པ་ལས།
།བདག་ཅེས་བྱ་བ་བདུད་ཀྱི་སེམས། །ཁྱོད་ནི་ལྟ་བར་གྱུར་པ་ཡིན།
།འདུ་བྱེད་ཕུང་པོ་འདི་སྟོང་སྟེ། །འདི་ལ་སེམས་ཅན་ཡོད་མ་ཡིན།
།ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར།
།དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ།

ཞེས་ཚིགས་བཅད་དང་པོས་དོན་དམ་པར་གང་ཟག་མེད་པའི་གང་ཟག་གི་བདག་མེད་བསྟན་ཏེ། རྐང་པ་དང་པོས་གང་ཟག་གི་བདག་འཛིན་བདུད་ཀྱི་སེམས་སུ་དང༌། གཉིས་པས་དེ་ལྟར་འཛིན་མཁན་ལྟ་ངན་གྱི་དབང་དུ་གྱུར་པ་དང༌། གསུམ་པ་དང་བཞི་པས་ཕུང་པོ་གང་ཟག་གི་བདག་གིས་སྟོང་བར་གསུངས་ལ། ཚིགས་བཅད་གཉིས་པས་གང་ཟག་ཐ་སྙད་དུ་ཡོད་པར་སྟོན་ཏེ། དེ་ཡང་རྐང་པ་དང་པོ་གཉིས་ཀྱིས་དཔེ་དང༌། ཐ་མ་གཉིས་ཀྱིས་དོན་དུ་སྦྱར་ནས་གང་ཟག་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་དུ་བསྟན་ཏོ། །མདོ་འདིས་ཕུང་པོའི་ཚོགས་པ་གང་ཟག་གི་གདགས་གཞིར་གསུངས་ཤིང༌། གདགས་གཞི་བཏགས་ཆོས་སུ་མི་འཐད་ལ། ཕུང་པོའི་ཚོགས་པ་ནི་དུས་གཅིག་དང་སྔ་ཕྱི་བའི་ཚོགས་པ་གཉིས་ཀ་ལ་བྱ་དགོས་པས། ཕུང་པོའི་ཚོགས་རྒྱུན་གང་ཟག་ཏུ་འཇོག་པ་མི་འཐད་ལ། ཚོགས་པ་གདགས་གཞིར་འཇོག་པ་ན། ཚོགས་པ་ཅན་ཡང་གདགས་གཞིར་འཇོག་པས། དེ་གཉིས་ཀ་ཡང་གང་ཟག་ཏུ་མི་རིགས་ཏེ།

འཇུག་པ་ལས།
།མདོ་ལས་ཕུང་པོ་བརྟེན་ནས་ཡིན་གསུངས་པ། །དེ་ཕྱིར་ཕུང་པོ་འདུས་ཙམ་བདག་མ་ཡིན།

ཞེས་དང༌།
།གང་ཕྱིར་སྟོན་པས་ཕུང་པོ་བདག་གོ་ཞེས། །གསུངས་པ་དེ་ཕྱིར་ཕུང་པོ་བདག་འདོད་ན།
།དེ་ནི་ཕུང་ལས་གཞན་བདག་འགོག་པ་སྟེ། །གཟུགས་བདག་མིན་སོགས་མདོ་གཞན་གསུངས་ཕྱིར་རོ།

ཞེས་གསུངས་པས་དགེ་སྦྱོང་དང་བྲམ་ཟེ་གང་དག་བདག་དང་བདག་གིར་ལྟ་བ་ནི་ཕུང་པོ་ལྔ་བོ་འདི་ཁོ་ན་ལ་ལྟ་བའོ། ཞེས་གསུངས་པས་ཀྱང་ཕུང་པོ་ལས་ངོ་བོ་ཐ་དད་པའི་བདག་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པར་ཡོད་པ་ནི་ཁོ་ནའི་སྒྲས་བཀག་ལ། དེ་བཀག་ནས་ཕུང་པོ་ངར་འཛིན་གྱི་དམིགས་པར་སྟོན་པ་ཡང་མིན་ཏེ། ཡིན་ན་ནི་མདོ་གཞན་ལས་ཕུང་པོ་ལྔ་བདག་ཡིན་པ་བཀག་པ་དང་འགལ་བར་འགྱུར་ཏེ། ངར་འཛིན་གྱི་དམིགས་རྣམ་གཉིས་ཀྱི་ནང་ནས་དམིགས་པའི་ཡུལ་ཡིན་ན་བདག་ཏུ་གཞག་དགོས་པས་སོ། །དེས་ན་མདོ་ལས་ཕུང་པོ་ལ་ལྟ་བར་གསུངས་པའི་དོན་ནི། ཕུང་པོ་ལ་བཏགས་པའི་བདག་ལ་དམིགས་པར་བྱེད་པ་ལ་བཤད་དགོས་སོ། །དེའི་ཕྱིར་ང་ཙམ་ལ་བདག་ཏུ་བྱས་པ་ཐ་སྙད་དུ་ཡོད་པ་དང༌། གང་ཟག་རང་བཞིན་གྱིས་གྲུབ་པ་ལ་བདག་ཏུ་བྱས་པ་ནི་ཐ་སྙད་ཙམ་དུའང་མེད་པར་གསུངས་པ་སོ་སོར་ཕྱེད་པར་བྱ་ཡི། ལུགས་འདིས་གང་ཟག་གི་བདག་ཐ་སྙད་དུ་ཡོད་པར་འདོད་ཅེས་མི་བྱའོ། །དེ་འདྲ་བའི་གང་ཟག་གི་ངོས་འཛིན་ནི་ལུགས་བླ་ན་མེད་པ་འདིའི་ཁྱད་ཆོས་ཏེ། འདི་ལེགས་པར་ངེས་པ་ནི་ཐུན་མོང་མིན་པའི་གང་ཟག་གི་བདག་མེད་རྟོགས་པའི་ཐབས་བཟང་པོ་ཞིག་གོ །

།གཉིས་པ་ལ་གསུམ། ང་རང་བཞིན་མེད་པར་གཏན་ལ་དབབ་པ་དང༌། ང་ཡི་བ་རང་བཞིན་མེད་པར་གཏན་ལ་དབབ་པ་དང༌། དེ་ལ་བརྟེན་ནས་གང་ཟག་སྒྱུ་མ་ལྟ་བུར་འཆར་ཚུལ་བསྟན་པའོ།

།དང་པོ་ནི། འདི་ལ་དགག་བྱ་ངེས་པའི་གནད། ཁྱབ་པ་ངེས་པའི་གནད། བདེན་པའི་གཅིག་དྲལ། གནད་བཞི་ཡོད་པའི་དང་པོ་ནི་རང་རྒྱུད་ལ་བརྟགས་ཏེ་གང་ཟག་གི་བདག་ཏུ་འཛིན་ལུགས་ངོས་ཟིན་པར་བྱ་བ་ཡིན་ཏེ། དེ་ནི་སྔར་བཤད་དོ།

།གཉིས་པ་ནི་གང་ཟག་དེ་རང་བཞིན་གྱིས་གྲུབ་ན་ཕུང་པོ་དང་ངོ་བོ་གཅིག་དང་ཐ་དད་གང་རུང་དུ་གྲུབ་དགོས་ཀྱི། དེ་གཉིས་ལས་གཞན་དུ་གྲུབ་ཐབས་མེད་པར་ཐག་བཅད་པའོ། །དེ་ནི་སྤྱིར་བུམ་པ་དང་ཀ་བ་ཞེས་པ་ལྟ་བུ་ཟླ་བཅས་སུ་ཚུར་ཡོངས་སུ་གཅོད་པ་ན། ཟླ་མེད་ཡིན་པ་ཕར་རྣམ་པར་གཅོད་ཅིང༌། བུམ་པ་ཞེས་པ་ལྟ་བུ་ཟླ་མེད་དུ་ཚུར་ཡོངས་སུ་གཅོད་པ་ན། ཟླ་བཅས་ཡིན་པ་ཕར་རྣམ་པར་གཅོད་པ་མྱོང་བས་གྲུབ་པས། གཅིག་དང་དུ་མ་གང་ཡང་མིན་པའི་ཕུང་གསུམ་མེད་ལ། དེའི་ཕྱིར་ངོ་བོ་གཅིག་དང་ཐ་དད་གཉིས་གང་ཡང་མིན་པ་ཡང་མི་སྲིད་པར་ངེས་པར་བྱེད་པའོ།

།གསུམ་པ་ནི་གང་ཟག་དང་ཕུང་པོ་གཉིས་རང་བཞིན་གྱིས་གྲུབ་པའི་ངོ་བོ་གཅིག་ཡིན་པ་ལ་གནོད་པ་མཐོང་བའོ།

།བཞི་པ་ནི་དེ་གཉིས་རང་བཞིན་གྱིས་གྲུབ་པའི་ཐ་དད་ཡིན་པ་ལ་གནོད་བྱེད་ལེགས་པར་མཐོང་བའོ། །དེ་ལྟར་བཞི་ཚང་ན་དེ་ནས་གང་ཟག་གི་བདག་མེད་པའི་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་རྣམ་དག་སྐྱེའོ། །དེ་ལ་བདག་ཕུང་གཉིས་རང་བཞིན་གྱིས་གྲུབ་པའི་ངོ་བོ་གཅིག་ཡིན་ན། སྐྱོན་གསུམ་ཡོད་པའི་གནོད་བྱེད་དང་པོ་བདག་ཁས་བླངས་པ་དོན་མེད་པ་ནི། དེ་གཉིས་ངོ་བོ་གཅིག་པ་དེ་རང་བཞིན་གྱིས་གྲུབ་ན་དེ་བྱ་བ་གཏན་མེད་པའི་གཅིག་ཏུ་འགྱུར་ཏེ། ངོ་བོ་གཅིག་པ་དོན་དམ་དུ་གྲུབ་ན་དེ་གཉིས་བློ་གང་ལ་སྣང་ཡང་ཐ་དད་དུ་མི་སྣང་དགོས་པའི་ཕྱིར་རོ། །དེའི་རྒྱུ་མཚན་ནི་རྫུན་པ་ཀུན་རྫོབ་པ་ལ་སྣང་ཚུལ་དང་གནས་ཚུལ་མི་མཐུན་པ་འོང་བ་མི་འགལ་ཡང་། བདེན་པར་གྲུབ་པ་ལ་དེ་གཉིས་འགལ་དགོས་པའི་ཕྱིར་ཏེ། བདེན་གྲུབ་གང་ལ་སྣང་བའི་བློ་དེ་ལ་དེའི་གནས་ཚུལ་ཇི་ལྟ་བ་བཞིན་སྣང་དགོས་པའི་ཕྱིར་རོ། །དེ་ལྟར་ན་བདག་ངོ་བོ་ཉིད་ཀྱིས་གྲུབ་པར་ཁས་བླངས་པ་ནི་ཕུང་པོ་འདོར་ལེན་བྱེད་པ་པོ་སྒྲུབ་པའི་དོན་དུ་ཡིན་ལ། ཕུང་པོ་དང་གཅིག་ཏུ་སོང་ན་དེ་མི་རུང་བའི་ཕྱིར་རོ།

།དེ་ནི་རྩ་ཤེ་ལས་ཀྱང༌།
།ཉེ་བར་ལེན་པ་མ་གཏོགས་པའི། །བདག་ཡོད་མ་ཡིན་བྱས་པའི་ཚེ།
།ཉེ་བར་ལེན་ཉིད་བདག་ཡིན་ན། །ཁྱོད་ཀྱི་བདག་ནི་མེད་པ་ཡིན།

ཞེས་གསུངས་སོ། །གཉིས་པ་བདག་མང་པོར་འགྱུར་བ་ནི། བདག་ཕུང་པོ་རྣམས་དང་གཅིག་ཏུ་གྲུབ་ན་གང་ཟག་གཅིག་ལ་ཡང་ཕུང་པོ་དུ་མ་ཡོད་པ་བཞིན་དུ་བདག་ཀྱང་མང་པོ་ཡོད་པར་འགྱུར་ལ། བདག་གཅིག་ལས་མེད་པ་བཞིན་དུ་ཕུང་པོ་རྣམས་ཀྱང་གཅིག་ཏུ་འགྱུར་བའི་སྐྱོན་ཡོད་དེ།

འཇུག་པ་ལས།
།གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་དེ། །མང་བས་བདག་དེ་དག་ཀྱང་མང་པོར་འགྱུར། ཞེས་གསུངས་སོ།

།གསུམ་པ་བདག་སྐྱེ་འཇིག་ཅན་དུ་འགྱུར་བ་ནི།

རྩ་ཤེ་ལས།
།གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར།

ཞེས་གསུངས་ཏེ། ཕུང་པོ་སྐྱེ་འཇིག་བྱེད་པ་བཞིན་དུ་བདག་ཀྱང་སྐྱེ་འཇིག་བྱེད་པར་འགྱུར་ཏེ། དེ་གཉིས་གཅིག་ཡིན་པའི་ཕྱིར་རོ། །བདག་གམ་གང་ཟག་སྐད་ཅིག་རེ་རེ་ལ་སྐྱེ་འཇིག་བྱེད་པ་ནི་འདོད་པ་ཡིན་ནོ་སྙམ་ན། ཐ་སྙད་དུ་དེ་ལྟར་འདོད་པ་ཙམ་ལ་སྐྱོན་མེད་ཀྱང༌། ཕ་རོལ་པོས་གང་ཟག་རང་མཚན་གྱིས་གྲུབ་པར་ཁས་བླངས་པས། དེ་ལྟ་ན་གང་ཟག་དེ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་སྐྱེ་འཇིག་བྱེད་པར་འདོད་དགོས་ལ། དེ་ལ་ནི་སྐྱོན་གསུམ་འཇུག་འགྲེལ་ལས་གསུངས་པའི་དང་པོ་ནི།

འཇུག་པ་ལས།
།གང་དག་རང་མཚན་ཉིད་ཀྱིས་སོ་སོ་བ། །དེ་དག་རྒྱུད་གཅིག་གཏོགས་པར་རིགས་མ་ཡིན།

ཞེས་གསུངས་པས་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་སྔ་ཕྱི་སོ་སོ་བ་རྣམས་ལ། ཕྱི་མ་སྔ་མ་ལ་ལྟོས་པའི་འབྲེལ་བ་མི་འཐད་དེ། སྔ་ཕྱི་རྣམས་རང་དབང་ཅན་གྱི་ཚུགས་ཐུབ་ཏུ་གྲུབ་པས་གཞན་ལ་རག་ལས་པ་མི་རུང་བའི་ཕྱིར་རོ། །དེ་ལྟར་རྒྱུད་གཅིག་པ་མི་འཐད་ན་ང་དེའི་ཚེ་དེའི་དུས་ན་འདི་འདྲ་ཞིག་ཏུ་གྱུར་ཏོ། ཞེས་སྐྱེ་བ་དྲན་བ་མི་རིགས་ཏེ། རྒྱུད་སོ་སོ་བ་ལྷ་སྦྱིན་གྱིས་སྐྱེ་བ་དྲན་པ་ན། ང་མཆོད་སྦྱིན་དུ་གྱུར་ཏོ་སྙམ་དུ་མི་དྲན་པ་བཞིན་ནོ། །རང་གི་ལུགས་ལ་སྐད་ཅིག་རེ་རེ་ལ་འཇིག་པ་ཡིན་ཡང་སྔ་ཕྱི་རྒྱུད་གཅིག་པ་མི་འགལ་བས་སྐྱེ་བ་དྲན་པ་འཐད་དོ།

།འདིའི་དོན་མ་རྟོགས་པ་རྣམས་ལ་མདོ་སྡེ་ལས།
ང་ནི་སྔོན་འདིར་གྱུར་ཅེས་མང་དུ་གསུངས་པས། སངས་རྒྱས་པའི་དུས་ཀྱི་གང་ཟག་དང༌། དེའི་སྔོན་གྱི་སྐབས་ཀྱི་གང་ཟག་གཉིས་གཅིག་ཡིན་ནོ། །དེ་ཡང་འདུས་བྱས་ཡིན་ན་སྐད་ཅིག་གིས་འཇིག་པས་གཅིག་ཏུ་མི་རུང་བའི་ཕྱིར། དེ་གཉིས་ཀ་རྟག་པའོ། ཞེས་སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་ངན་པ་བཞི་གསུངས་པའི་ལོག་ལྟ་དང་པོ་སྐྱེད་པར་བྱེད་དོ། །དེར་མ་ལྷུང་བར་བྱེད་པ་ལ་ནི་སྐྱེ་བ་དྲན་པའི་དུས་སུ་ཡུལ་དང་དུས་དང་རང་བཞིན་བྱེ་བྲག་པས་ཁྱད་པར་དུ་མ་བྱས་པར་སྤྱིར་ང་ཞེས་དྲན་པའི་དྲན་ཚུལ་ཁྱད་པར་བ་ལེགས་པར་ཤེས་དགོས་སོ། །གཉིས་བ་ལས་བྱས་པ་ཆུད་ཟོས་པའི་ཉེས་པ་ནི། ལས་བྱེད་པ་པོ་དང་འབྲས་བུ་མྱོང་བ་པོ་གཉིས་གཞི་ང་གཅིག་ཙམ་གི་སྟེང་དུ་འདུར་མི་རུང་བའོ། །ལས་མ་བྱས་པ་དང་ཕྲད་པའི་ཉེས་པ་ནི་རྒྱུད་ཐ་དད་པ་གཞན་གྱིས་གང་བསགས་པའི་ལས་ཀྱི་འབྲས་བུ་ཀུན་ཡང༌། རྒྱུད་ཅིག་ཤོས་ཀྱིས་མྱོང་བར་འགྱུར་བའི་ཧ་ཅང་ཐལ་བའོ། །ཉེས་པ་འདི་གཉིས་འཇུག་པ་ཡང་སྔར་བཤད་པ་ལྟར་གང་ཟག་ངོ་བོ་ཉིད་ཀྱིས་གྲུབ་ན། སྐད་ཅིག་སྔ་ཕྱི་རྣམས་རྒྱུད་གཅིག་པ་མི་རུང་བའི་གནད་ཀྱིས་ཡིན་ཏེ།

རྩ་ཤེ་ལས་ཀྱང༌།
།གལ་ཏེ་ལྷ་མི་གཞན་ཡིན་ན། །རྒྱུད་ནི་འཐད་པར་མི་འགྱུར་རོ།

ཞེས་གསུངས་སོ། །ཅི་སྟེ་བདག་དང་ཕུང་པོ་གཉིས་རང་བཞིན་གྱིས་གྲུབ་པའི་ཐ་དད་དུ་འདོད་ན་སྐྱོན་ཅི་ཡོད་སྙམ་ན།

རྩ་ཤེ་ལས།
།གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། ཞེས་པའི་སྐྱོན་གསུངས་སོ།

།དེ་ལ་བདག་ཕུང་པོ་ལས་ངོ་བོས་གྲུབ་པའི་ཐ་དད་པར་ཡོད་ན་ནི། ཕུང་པོ་འདུས་བྱས་སུ་མཚོན་པའི་མཚན་ཉིད་སྐྱེ་འཇིག་གནས་པ་དང་མི་ལྡན་པར་འགྱུར་ཏེ། དཔེར་ན་རྟ་བ་ལང་ལས་དོན་གཞན་དུ་གྲུབ་པས་བ་ལང་གི་མཚན་ཉིད་དང་མི་ལྡན་པ་བཞིན་ནོ། །དེ་ལྟ་ཡིན་མོད་སྙམ་ན། འོ་ན་དེ་ལྷན་སྐྱེས་ཀྱི་འཛིན་པས་བདག་ཏུ་ཐ་སྙད་འདོགས་པའི་གཞིའི་དམིགས་པར་མི་འཐད་དེ། འདུས་མ་བྱས་ཡིན་པའི་ཕྱིར། དཔེར་ན་ནམ་མཁའི་མེ་ཏོག་གམ་མྱང་འདས་བཞིན་ནོ། །གཞན་ཡང་ཕུང་སོགས་ཀྱི་མཚན་ཉིད་གཟུགས་སུ་རུང་བ་སོགས་ལས་རང་བཞིན་ཐ་དད་དུ་ཡོད་ན་དེ་ལྟར་དུ་དམིགས་དགོས་ཏེ། དཔེར་ན་གཟུགས་སེམས་ཐ་དད་དུ་དམིགས་པ་བཞིན་ནོ། །དེ་ལྟར་འཛིན་པ་ཡང་མེད་པས་བདག་དོན་གཞན་དུ་མེད་དེ།

རྩ་ཤེ་ལས།
།བདག་ནི་ཉེ་བར་ལེན་པ་ལས། །གཞན་དུ་འཐད་པ་ཉིད་མ་ཡིན།
།གལ་ཏེ་གཞན་ན་ལེན་མེད་པར། །གཟུང་ཡོད་རིགས་ན་གཟུང་དུ་མེད།

ཅེས་དང༌། འཇུག་པ་ལས་ཀྱང༌།
།དེ་ཕྱིར་ཕུང་པོ་ལས་གཞན་བདག་མེད་དེ། །ཕུང་པོ་མ་གཏོགས་དེ་འཛིན་མ་གྲུབ་ཕྱིར། ཞེས་གསུངས་སོ།

།དེ་ལྟ་བུའི་རིགས་པ་རྣམས་ཀྱིས་བདག་ཕུང་པོ་ལས་ངོ་བོ་ཐ་དང་དུ་ཡོད་པ་ལ་གནོད་བྱེད་མཐོང་བའི་ངེས་པ་བརྟན་པོ་རྙེད་རྙེད་དུ་སྦྱང་བར་བྱ་སྟེ། གཅིག་པ་དང་ཐ་དད་པའི་ཕྱོགས་འདི་གཉིས་ལ་གནོད་བྱེད་ཀྱི་ངེས་པ་རྣམ་དག་མ་འདྲོངས་ན། གང་ཟག་རང་བཞིན་མེད་པར་ཐག་བཅད་ཀྱང་དམ་བཅའ་ཙམ་དུ་འགྲོ་བས་ལྟ་བ་རྣམ་དག་མི་རྙེད་པའི་ཕྱིར་རོ།

།གཉིས་པ་ནི། དེ་ལྟར་བདག་ལ་རང་བཞིན་གྱིས་གྲུབ་པ་ཡོད་མེད་རིགས་པས་བཙལ་བ་ན། གཅིག་དང་དུ་མ་གང་དུ་ཡང་མ་རྙེད་པས་བདག་ལ་རང་བཞིན་ཁེགས་པ་དེའི་ཚེ་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་བདག་གི་བ་རང་བཞིན་གྱིས་གྲུབ་པ་རྙེད་པར་མི་འགྱུར་ཏེ།

མོ་གཤམ་གྱི་བུ་མ་དམིགས་ན་དེའི་བདག་གི་བ་མིག་སོགས་མི་དམིགས་པ་བཞིན་ནོ།

།རྩ་ཤེ་ལས་ཀྱང༌།
།བདག་ཉིད་ཡོད་པ་མ་ཡིན་ན། །བདག་གི་ཡོད་པར་ག་ལ་འགྱུར།

ཞེས་དང༌། འཇུག་པ་ལས་ཀྱང༌།
།གང་ཕྱིར་བྱེད་པོ་མེད་ཅན་ལས་མེད་པ། །དེ་ཕྱིར་བདག་གི་བདག་མེད་པར་ཡོད་མིན།
།དེ་ཕྱིར་བདག་དང་བདག་གི་སྟོང་ལྟ་བས། །རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་འགྱུར།

ཞེས་སོ། །དེ་ལྟར་རང་རྒྱུད་ཀྱི་ངའོ་སྙམ་དུ་འཛིན་པའི་ངའམ་བདག་གམ་གང་ཟག་དེ་རང་གི་ངོ་བོ་ཉིད་ཀྱིས་མ་གྲུབ་པར་གཏན་ལ་འབེབས་པའི་རིགས་པ་དེས། དམྱལ་བ་ནས་སངས་རྒྱས་ཀྱི་བར་གྱི་གང་ཟག་དང་དེའི་བདག་གི་བ་ཐམས་ཅད་ཀྱང༌། གདགས་གཞི་ཟག་བཅས་དང་ཟག་མེད་ཀྱི་ཕུང་པོ་གང་ཡིན་པ་དེ་དང་ངོ་བོ་གཅིག་པ་དང་ངོ་བོ་ཐ་དད་པར་རང་བཞིན་གྱིས་གྲུབ་པ་མེད་པའི་གང་ཟག་གི་བདག་མེད་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ཐམས་ཅད་ཀྱང་རྟོགས་པར་བྱ་ཞིང༌། དེས་ཀྱང་དེ་རྣམས་ཀྱི་བདག་གི་བ་ཐམས་ཅད་ཀྱང་རང་བཞིན་མེད་པར་འགྲུབ་ཚུལ་ཤེས་པར་བྱའོ།

།གསུམ་པ་ལ་གཉིས། སྒྱུ་མ་ལྟ་བུར་གསུངས་པའི་དོན་བསྟན་པ། ཐབས་གང་ལ་བརྟེན་ནས་སྒྱུ་མ་ལྟ་བུར་འཆར་ཚུལ་ལོ། །དང་པོ་ལ་གཉིས། སྒྱུ་མ་བཞིན་དུ་འཆར་ཚུལ་ཕྱིན་ཅི་མ་ལོག་པ་དང༌། སྒྱུ་མ་བཞིན་དུ་འཆར་ཚུལ་ལྟར་སྣང་བསྟན་པའོ། །དང་པོ་ནི།

ཏིང་ངེ་འཛིན་རྒྱལ་པོ་ལས།
།ཇི་ལྟར་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་དང༌། །སྒྱུ་མ་ཇི་བཞིན་རྨི་ལམ་ཇི་ལྟ་བུར།
།མཚན་མ་སྒོམ་པ་ངོ་བོ་ཉིད་ཀྱིས་སྟོང༌། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས།

ཞེས་དང༌། རྒྱལ་བའི་ཡུམ་ལས་ཀྱང༌།
གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་བཞིན་དུ་གསུངས་སོ།

།དེ་ལྟར་གསུངས་པའི་སྒྱུ་མ་ལྟ་བུའི་དོན་ནི་གཉིས་ཏེ། དོན་དམ་བདེན་པ་སྒྱུ་མ་ལྟ་བུར་གསུངས་པ་ལྟ་བུ་ཡོད་ཙམ་དུ་གྲུབ་ཀྱང་བདེན་པ་ཁེགས་པ་ལ་བྱས་པ་དང༌། སྟོང་བཞིན་དུ་སྣང་བའི་སྣང་བ་སྒྱུ་མ་ལྟ་བུ་གཉིས་ལས་འདིར་ནི་ཕྱི་མའོ། །འདི་ལ་ནི་དེར་སྣང་བ་དང་སྣང་བ་ལྟར་གྱི་དོན་ཡོད་པས་སྟོང་པ་གཉིས་དགོས་ཀྱི། རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལྟར་སྣང་བ་ཙམ་དུ་ཡང་གཏན་མེད་པ་དང༌། སྣང་ཡང་སྣང་བ་ལྟར་གྱི་དོན་ཡོད་པས་སྟོང་པར་མི་འཆར་ན་ཡང་སྣང་བ་སྒྱུ་མ་ལྟ་བུའི་དོན་བློ་ལ་མི་འཆར་རོ། །དེས་ན་སྒྱུ་མའི་དཔེ་དང་འདྲ་བར་ཆོས་གཞན་རྣམས་ཤེས་པར་བྱད་ཚུལ་ནི། དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྒྱུ་མ་དེ། རྟ་གླང་གིས་གདོད་མ་ནས་སྟོངས་ཀྱང་རྟ་གླང་དུ་སྣང་བ་བསྙོན་མི་ནུས་པར་འཆར་བ་བཞིན་དུ། གང་ཟག་ལ་སོགས་པའི་ཆོས་རྣམས་ཀྱང་ཡུལ་སྟེང་ན་རང་གི་ངོ་བོས་གྲུབ་པའི་རང་བཞིན་གྱིས་གདོད་མ་ནས་སྟོངས་ཀྱང༌། དེར་གྲུབ་པར་སྣང་བ་ལ་བསྙོན་མི་ནུས་པར་ཤེས་པའོ། །དེ་ལྟར་ལྷ་དང་མི་ལ་སོགས་པར་སྣང་བ་ནི་གང་ཟག་དང༌། གཟུགས་སྒྲ་ལ་སོགས་པར་སྣང་བའི་དོན་ནི་ཆོས་སུ་འཇོག་པས། གང་ཟག་དང་ཆོས་རྣམས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་རྡུལ་ཙམ་ཡང་མེད་ཀྱང༌། ལས་གསོག་པ་པོ་ལ་སོགས་པ་དང༌། བལྟ་བ་དང་མཉན་པར་བྱ་བ་སོགས་རྟེན་འབྲེལ་གྱི་བྱ་བྱེད་ཐམས་ཅད་ཀྱང་འཐད་དོ། །བྱ་བྱེད་ཐམས་ཅད་འཐད་པའི་ཕྱིར་ཆད་སྟོང་མིན་ལ། ཆོས་རྣམས་ཡེ་གདོད་མ་ནས་དེ་ལྟར་སྟོང་བ་ལ་སྟོང་བར་ཤེས་པ་ཙམ་ཡིན་པས་བློས་བྱས་ཀྱི་སྟོང་བའང་མིན་ཞིང༌། ཤེས་བྱ་ཐམས་ཅད་དེ་ལྟར་འདོད་པས་ཉི་ཚེ་བའི་སྟོང་བའང་མིན་པས། དེ་བསྒོམས་པས་བདེན་འཛིན་གྱི་མངོན་ཞེན་མཐའ་དག་གི་གཉེན་པོར་ཡང་འགྲོའོ། །ཟབ་མོའི་དོན་དེ་བློ་གང་གི་ཡང་ཡུལ་དུ་མི་རུང་བ་མིན་གྱི། ཡང་དག་པའི་ལྟ་བས་གཏན་ལ་ཕེབས་པ་དང༌། ཡང་དག་པའི་དོན་སྒོམ་པའི་སྒོམ་པས་ཡུལ་དུ་བྱེད་ནུས་པས། ལམ་དུས་སུ་ཉམས་སུ་ལེན་མི་ནུས་པ་དང༌། རིག་རྒྱུ་དང་རྟོགས་རྒྱུ་ཅི་ཡང་མེད་པའི་སྟོང་བ་ཡང་མིན་ནོ། །འོ་ན་གཟུགས་བརྙན་ལ་སོགས་པ་འདི་དག་གང་དུ་སྣང་བས་སྟོང་པར་ངེས་པ་འདི་དེ་དག་གི་རང་བཞིན་མེད་པར་རྟོགས་པ་ཡིན་ན། སོ་སྐྱེའི་མངོན་སུམ་གྱིས་རང་བཞིན་མེད་པ་རྟོགས་པར་འགྱུར་བས་དེ་དག་འཕགས་པར་འགྱུར་རོ། །མིན་ན་འདི་རྣམས་རང་བཞིན་མེད་པའི་དཔེར་ཇི་ལྟར་རུང་སྙམ་ན།

འདི་ལ་བཞི་བརྒྱ་བ་ལས།
།དངོས་པོ་གཅིག་གི་ལྟ་པོ་གང༌། །དེ་ནི་ཀུན་གྱི་ལྟ་པོར་བཤད།
།གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་ཉིད་ཡིན།

ཞེས་དངོས་པོ་གཅིག་གི་སྟོང་ཉིད་ལྟ་བ་པོའམ་རྟོགས་པ་པོ་དེས་དངོས་པོ་གཞན་རྣམས་ཀྱི་སྟོང་ཉིད་ཀྱང་རྟོགས་ནུས་པར་བཤད་ལ། བྱད་བཞིན་གྱི་གཟུགས་བརྙན་བྱད་བཞིན་གྱིས་སྟོང་བར་རྟོགས་པས་ནི། གཟུགས་བརྙན་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པའི་བདེན་འཛིན་གྱི་ཡུལ་ལ་ཅི་ཡང་མི་གནོད་ཅིང༌། དེའི་ཡུལ་སུན་ཕྱུང་བ་མེད་པར་གཟུགས་བརྙན་རང་བཞིན་གྱིས་གྲུབ་པས་སྟོང་བའི་སྟོང་ཉིད་མ་རྟོགས་པའི་ཕྱིར། བློ་དེས་གཟུགས་བརྙན་གྱི་དེ་ཉིད་རྟོགས་པ་མིན་ནོ། །འདིས་ནི་སྒྱུ་མ་རྟ་གླང་གིས་སྟོང་བ་དང༌། རྨི་ལམ་གྱི་སྣང་བ་སོགས་གང་དུ་སྣང་བ་དེས་སྟོང་བར་རྟོགས་ཀྱང༌། སྒྱུ་མ་དང་རྨི་ལམ་ལྟ་བུར་རྟོགས་པའི་དབུ་མ་པའི་ལྟ་བ་རྙེད་པ་མིན་ནོ། །འོན་ཀྱང་འདི་དག་དཔེར་ལེན་པ་ནི་གཟུགས་སྒྲ་སོགས་ཀྱི་ཆོས་གཞན་རྣམས་ལས་འདི་རྣམས་རང་བཞིན་མེད་པར་རྟོགས་སླ་བའི་རྒྱུ་མཚན་གྱིས་ཡིན་ལ། འདི་རྣམས་ངོ་བོ་ཉིད་གྱིས་གྲུབ་པའི་རང་བཞིན་གྱིས་སྟོང་པར་ནི། ཡུལ་བདེན་པར་གྲུབ་ན་རང་གི་གནས་ཚུལ་གང་ཡིན་པ་དེ་ལས་རྣམ་པ་གཞན་དུ་བློ་ལ་འཆར་དུ་མི་རུང་བས། དེ་གཉིས་ལ་འགལ་བ་བསྟན་ནས་གྲུབ་པ་ཡིན་ནོ། །འཇིག་རྟེན་རྫུན་པར་གྲགས་པའི་དཔེ་འདི་རྣམས་ཐོག་མར་རང་བཞིན་མེད་པར་རྟོགས་སུ་བཅུག་ནས། དེ་ནས་འཇིག་རྟེན་ན་རྫུན་པར་མ་གྲགས་པའི་ཆོས་གཞན་རྣམས་རང་བཞིན་མེད་པར་རྟོགས་པ་སྐྱེད་དགོས་ཤིང་། དེ་གཉིས་ལ་སྔ་ཕྱིའི་རིམ་པ་དགོས་པས་ཆོས་གཅིག་གི་སྟོང་ཉིད་རྟོགས་པ་ན་ཆོས་གཞན་ཐམས་ཅད་ཀྱི་སྟོང་ཉིད་དངོས་སུ་རྟོགས་པ་མིན་གྱི། ཆོས་གཞན་བདེན་པར་ཡོད་མེད་ལ་བློ་ཁ་ཕྱོགས་པ་ན་རྟོགས་ནུས་པའི་དོན་ནོ། །དེ་ལྟར་ན་རྨི་ལམ་ལ་དེར་ཤེས་ནས་སྐྱེས་པ་བུད་མེད་སོགས་སུ་སྣང་བ་དེས་སྟོང་བར་རྟོགས་པ་དང༌།

མངོན་རྟོགས་རྒྱན་ལས།
།རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས།

ཞེས་རྨི་ལམ་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ལྟ་བར་གསུངས་པ་གཉིས་ཀྱང་དོན་མི་གཅིག་གོ །དེ་བཞིན་དུ་ཏིང་ངེ་འཛིན་བསྒོམས་པའི་ཉམས་ཀྱི་སྣང་བ་ལ། བུམ་སྣམ་སོགས་སུ་སྣང་བ་རྣམས་གང་དུ་སྣང་བ་དེས་སྟོང་པར་རྟོགས་པ་དང༌། དེ་རྣམས་རང་བཞིན་གྱིས་མ་གྲུབ་པའི་སྒྱུ་མ་དང་རྨི་ལམ་ལྟ་བུར་རྟོགས་པ་གཉིས་ཀྱང་དོན་མི་གཅིག་པས། ངེས་དོན་གྱི་གསུང་རབ་དང༌། བསྟན་བཅོས་ནས་སྒྱུ་མ་དང་རྨི་ལམ་བཞིན་དུ་རྟོགས་པར་བྱ་བར་གསུངས་པའི་སྒྱུ་མ་བཞིན་དུ་འཆར་ཚུལ་ཐུན་མོང་མ་ཡིན་པ་རྣམས་ལེགས་པར་རྩད་གཅད་པར་བྱའོ། །དེ་ལྟར་བྱས་ན་བརྡ་ལ་མ་བྱང་བའི་བྱིས་པས་མེ་ལོང་གི་གཟུགས་བརྙན་ལ་བྱད་བཞིན་སོགས་སུ་འཛིན་པ་དང༌། སྒྱུ་མའི་རྒྱུས་མེད་པའི་ལྟད་མོ་བས་སྒྱུ་མའི་སྣང་བ་ལ་རྟ་གླང་སོགས་སུ་འཛིན་པ་དང༌། རྨི་ལམ་ལ་དེར་མ་ཤེས་པས་དེར་སྣང་བའི་རི་ཁང་ཁྱིམ་སོགས་ལ་དེ་རྣམས་དངོས་ཡིན་པར་འཛིན་པ་རྣམས་ཀྱང་འདྲ་ལ། ཡང་རྒན་པོ་བརྡ་ལ་བྱང་བ་དང༌། སྒྱུ་མ་སྤྲུལ་མཁན་དང༌། རྨི་ལམ་ལ་རྨི་ལམ་དུ་ཤེས་པ་རྣམས་ཀྱིས་སྣང་བ་དེ་དང་དེ་རྣམས་སུ་མི་བདེན་པར་ཤེས་པ་རྣམས་ཀྱང་འདྲ་སྟེ། གཉིས་ཀས་ཀྱང་དེ་ཁོ་ན་ཉིད་ཀྱི་ལྟ་བ་རྙེད་པ་མིན་ནོ།

།གཉིས་པ་ནི། སྔར་བཤད་པའི་དགག་བྱའི་ཚད་ལེགས་པར་མ་ཟིན་པར། ཡུལ་ལ་རིགས་པས་དཔྱད་དེ་གསིལ་བ་ན་ཡུལ་དེ་མི་འདུག་པ་སྙམ་པ་དང་པོར་འབྱུང་ཞིང༌། དེ་ནས་དཔྱོད་མཁན་ལ་ཡང་དེ་དང་འདྲ་བར་མཐོང་ནས། མེད་པར་ངེས་མཁན་ཡང་ཡོད་པ་མ་ཡིན་པས་གང་ལ་ཡང་འདི་ཡིན་འདི་མིན་གྱི་ངེས་པ་བྱ་ས་མེད་པར་སོང་ནས། སྣང་བ་བན་བུན་དུ་སོང་བའི་སྣང་བ་འཆར་བ་ཡང་རང་བཞིན་ཡོད་མེད་དང་། ཡོད་མེད་ཙམ་མ་ཕྱེད་པ་ལ་བརྟེན་ནས་བྱུང་བ་ཡིན་པས། དེ་འདྲའི་སྟོང་པ་ཡང་རྟེན་འབྲེལ་བཤིག་པའི་སྟོང་པ་ཡིན་ལ། དེས་ན་དེ་རྟོགས་པས་དྲངས་པའི་སྣང་བ་བན་བུན་དུ་ཤར་བ་ཡང་སྒྱུ་མ་ལྟ་བུའི་དོན་གཏན་མིན་ནོ། །དེས་ན་རིགས་པས་དཔྱད་པ་ན་གང་ཟག་སོགས་ལ་རང་གི་ངོ་བོས་གྲུབ་པའི་ཡུལ་སྟེང་དུ་སྡོད་ཚུལ་ཅུང་ཟད་ཀྱང་མི་འདུག་གོ་སྙམ་པ་དང༌། དེ་ལ་བརྟེན་ནས་སྣང་བ་འདི་རྣམས་ཀྱང་བན་བུན་དུ་འཆར་བ་ཙམ་དཀའ་བ་མིན་གྱི། དེ་འདྲ་དེ་དབུ་མའི་གྲུབ་མཐའ་ལ་མོས་ཤིང་རང་བཞིན་མེད་པའི་ཚུལ་སྟོན་པའི་ཆོས་ཐན་ཐུན་ཐོས་པ་ཐམས་ཅད་ལ་འོང་ཡང༌། དཀའ་ས་ནི་རང་གི་ངོ་བོས་གྲུབ་པའི་རང་བཞིན་མ་ལུས་པར་ཁེགས་པ་དང༌། རང་བཞིན་མེད་པའི་གང་ཟག་ལ་སོགས་པ་དེ་ཉིད་ལས་གསོག་པ་པོ་དང༌། འབྲས་བུ་མྱོང་བ་པོ་ལ་སོགས་པར་འཇོག་པ་ལ་ངེས་པ་གཏིང་ནས་འདྲོངས་ཏེ། དེ་རྣམས་སུ་འཇོག་ཐུབ་པའི་གཉིས་ཚོགས་དེ་སྲིད་མཐའ་ཙམ་དུ་སོང་བས་དབུ་མའི་ལྟ་བ་ཤིན་ཏུ་རྙེད་དཀའ་བ་ཡིན་ནོ། དེའི་ཕྱིར་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་དཔྱད་པའི་ཚེ། སྐྱེ་བ་ལ་སོགས་པ་མ་རྙེད་པས་ནི། རང་བཞིན་གྱིས་སྐྱེ་བ་སོགས་འགོག་གི །སྐྱེ་འགག་སོགས་གང་ཡིན་ཀུན་མི་འགོག་པ་དང༌། དེ་བཀག་ན་དོན་བྱེད་པ་ཐམས་ཅད་ཀྱིས་སྟོང་བའི་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་བཞིན་དུ་འགྱུར་གྱི། སྣང་བ་སྒྱུ་མ་ལྟ་བུ་ཙམ་ཞིག་ལྷག་མར་ལུས་པ་ལ། རྟེན་འབྲེལ་གྱི་བྱ་བྱེད་ཐམས་ཅད་འཐད་པ་མེད་པའི་སྐྱོན་གསུངས་ཏེ།

བཞི་བརྒྱ་པ་ལས།
།དེ་ལྟ་ཡིན་ན་ཇི་ལྟ་བུར། །སྲིད་པ་སྒྱུ་མ་འདྲ་མ་ཡིན།

ཞེས་པའི་འགྲེལ་པར། རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟ་བ་བཞིན་མཐོང་བ་ན། སྒྱུ་མ་བྱས་པ་ལྟ་བུར་འགྱུར་གྱི། མོ་གཤམ་གྱི་བུ་ལྟ་བུ་ནི་མ་ཡིན་ནོ། །གལ་ཏེ་རྣམ་པར་དཔྱད་པ་འདིས་སྐྱེ་བ་རྣམ་པ་ཐམས་ཅད་དུ་བཀག་པ་ལས། འདུས་བྱས་སྐྱེ་བ་མེད་པར་བསྟན་པར་འདོད་ན་ནི། དེའི་ཚེ་དེ་སྒྱུ་མ་ལྟ་བུ་ཉིད་དུ་མི་འགྱུར་གྱི། མོ་གཤམ་གྱི་བུ་ལ་སོགས་པ་དག་གིས་ཉེ་བར་གཞལ་བར་འགྱུར་བ་ཞིག་ན། རྟེན་ཅིང་འབྲེལ་བར་འབྱུང་བ་མེད་པར་ཐལ་བར་འགྱུར་བའི་འཇིགས་པས། དེ་དག་དང་བསྟུན་པར་མི་བྱེད་ཀྱི། དེ་དང་མི་འགལ་བ་སྒྱུ་མ་ལ་སོགས་པ་དག་དང་ནི་བྱེད་དོ། ཞེས་དང༌། དེའི་ཕྱིར་དེ་ལྟར་ཡོངས་སུ་དཔྱད་པ་ན་དངོས་པོ་རྣམས་ཀྱི་རང་བཞིན་འགྲུབ་པར་མི་འགྱུར་བས་སོ་སོ་ནས་དངོས་པོ་རྣམས་ལ་སྒྱུ་མ་ལྟ་བུ་དེ་ཉིད་ལྷག་མར་ལུས་པར་འགྱུར་རོ། ཞེས་གསུངས་སོ། །དེའི་ཕྱིར་སྣང་བ་སྒྱུ་མ་ལྟ་བུའི་རྟེན་འབྲེལ་ཡོད་བ་ཙམ་དུ་འཛིན་པ་སྐྱོན་ཅན་གྱི་སྒྱུ་འཛིན་མིན་གྱི། སྒྱུ་མ་ལྟ་བུའི་སྣང་བ་ངོ་བོ་ཉིད་ཀྱིས་གྲུབ་པ་དང་བདེན་པར་འཛིན་ན་སྐྱོན་ནོ།

།ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང༌།
།སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ལ་མི་སྐྱེ་སུ་ཡང་འཆི་བ་མེད།
།སེམས་ཅན་མི་དང་སྲོག་ཀྱང་མི་རྙེད་དེ། །ཆོས་འདི་རྣམས་ནི་དབུ་བ་ཆུ་ཤིང་འདྲ།
།སྒྱུ་མ་ལྟ་བུ་ནམ་མཁའི་གློག་འདྲ་སྟེ། །ཆུ་ཡི་ཟླ་བ་འདྲ་ཞིང་སྨིག་རྒྱུ་བཞིན།
།མི་འགའ་འཇིག་རྟེན་འདིར་ཡང་ཤི་ནས་ནི། །འཇིག་རྟེན་གཞན་དུ་འཕོ་ཞིང་འགྲོ་མེད་ཀྱང༌།
།ལས་བྱས་རྣམས་ནི་ནམ་ཡང་ཆུད་མི་ཟ། །འཁོར་བ་ན་ཡང་དཀར་ནག་འབྲས་བུ་སྨིན།

ཞེས་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་བཙལ་བ་ན། སྐྱེ་བ་དང་འཆི་འཕོ་བའི་གང་ཟག་ལ་སོགས་པ་དཔྱད་བཟོད་པ་རྡུལ་ཙམ་ཡང་མི་རྙེད་ཀྱང༌། ཆོས་རྣམས་སྒྱུ་མ་ལྟ་བུ་ལ་དཀར་ནག་གི་འབྲས་བུ་རྣམས་འབྱུང་བར་གསུངས་པ་ལྟ་བུའི་གོ་བ་ཆགས་པ་དགོས་སོ། །གཞན་ཡང་མཉམ་གཞག་ཏུ་ཡིན་ལུགས་ཕུ་ཐག་ཆོད་པའི་ལྟ་ཐོག་ཏུ་བཞག་ནས་བསྐྱངས་པ་མིན་པར། སེམས་གང་དུ་ཡང་མི་འཛིན་པའི་རྩེ་གཅིག་པ་ཙམ་བརྟན་པོ་རྙེད་པའི་མཐུས། དེ་ལས་ལངས་ན་རི་ལ་སོགས་པའི་སྣང་བ་རྣམས། སྔར་སྲ་འཐས་སུ་འཆར་བ་བཞིན་མིན་པར་འཇའ་ཚོན་ནམ། དུ་བ་སྲབ་མོ་བཞིན་དུ་བཀྲག་མེད་དུ་འཆར་བ་ཡང་གསུང་རབ་ནས་བཤད་པའི་སྒྱུ་མ་བཞིན་དུ་ཤར་བ་མིན་ཏེ། དེ་ནི་ཐོགས་བཅས་རགས་པ་ཞིག་གིས་སྟོང་པར་སྣང་བ་ཡིན་གྱི། ཡུལ་སྣང་དེ་རྣམས་རང་བཞིན་གྱིས་གྲུབ་པས་སྟོང་བར་སྣང་བ་མིན་པའི་ཕྱིར་དང༌། ཐོགས་བཅས་སྲ་འཐས་པར་མེད་པ། རང་བཞིན་མེད་པའི་སྟོང་པའི་དོན་དུ་གཏན་མི་རུང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འཇའ་ཚོན་སོགས་ཁྱད་གཞིར་བཟུང་བའི་ཚེ་བདེན་འཛིན་སྐྱེར་མི་རུང་བ་དང༌། ཐོགས་བཅས་ཁྱད་གཞིར་བཟུང་བའི་ཚེ་བདེན་མེད་རྟོགས་པའི་ཤེས་པ་བསྐྱེད་དུ་མི་རུང་བའི་སྐྱོན་དུ་འགྱུར་རོ།

།གཉིས་པ་ནི། འོ་ན་ཇི་ལྟར་བྱས་ན་སྒྱུ་མའི་དོན་ཕྱིན་ཅི་མ་ལོག་པར་འཆར་སྙམ་ན། དཔེར་ན་སྒྱུ་མའི་རྟ་གླང་མིག་གི་ཤེས་པས་མཐོང་བ་དང༌། སྣང་བ་ལྟར་གྱི་རྟ་གླང་མེད་པར་ཡིད་ཤེས་ཀྱིས་ངེས་པ་ལ་བརྟེན་ནས་རྟ་གླང་དུ་སྣང་བ་དེ་སྒྱུ་མའམ་རྫུན་པའི་སྣང་བར་ངེས་པ་སྐྱེ་བ་དེ་བཞིན་དུ། གང་ཟག་ལ་སོགས་པ་ཐ་སྙད་པའི་ཤེས་པ་ལ་བསྙོན་མེད་དུ་སྣང་བ་དང༌། དེ་ཉིད་རང་གི་ངོ་བོས་གྲུབ་པའི་རང་བཞིན་གྱིས་སྟོང་བར་རིགས་ཤེས་ཀྱིས་ངེས་པ་གཉིས་ལ་བརྟེན་ནས་གང་ཟག་དེ་སྒྱུ་མའམ་རྫུན་པའི་སྣང་བར་ངེས་པ་སྐྱེ་བ་ཡིན་ནོ། །དེའི་གནད་ཀྱིས་མཉམ་གཞག་ཏུ་མཚན་འཛིན་གྱི་དམིགས་གཏད་རྡུལ་ཙམ་ཡང་མེད་པའི་ནམ་མཁའ་ལྟ་བུའི་སྟོང་ཉིད་སྒོམ་པ་གནད་དུ་སོང་ན། དེ་ལས་ལངས་ནས་ཡུལ་སྣང་འཆར་བ་ལ་བལྟས་ན་རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུའི་སྟོང་པ་འཆར་རོ། །དེ་བཞིན་དུ་ཆོས་རྣམས་ལ་རང་གི་ངོ་བོས་གྲུབ་པ་ཡོད་མེད་དཔྱོད་པའི་རིགས་པས་མང་དུ་དཔྱད་ནས་རང་བཞིན་མེད་པ་ལ་ངེས་པ་ཤུགས་དྲག་བསྐྱེད་པའི་རྗེས་སུ་སྣང་བ་ཤར་བ་ལ་བལྟས་ན་སྒྱུ་མ་ལྟ་བུར་འཆར་བ་ཡིན་གྱི། སྒྱུ་མ་ལྟ་བུའི་སྟོང་པ་ལོགས་སུ་གཏན་ལ་འབེབས་ཚུལ་མེད་དོ།

།དེས་ན་ཕྱག་སྐོར་བ་སོགས་ཀྱི་སྤྱོད་ཕྱོགས་ལ་འཇུག་ན་ཡང་སྔར་ལྟར་དཔྱད་པའི་ངེས་པའི་རྩིས་ཟིན་པར་བྱས་ནས། དེ་དག་ལ་ཞུགས་པས་སྒྱུ་མ་ལྟ་བུར་འཆར་བ་ལ་བསླབ་སྟེ་དེའི་ངང་ནས་དེ་དག་བྱའོ། །དེ་ལ་བྱང་ནས་ནི་ལྟ་བ་དྲན་ཙམ་གྱིས་ཀྱང་དེ་རྣམས་སྒྱུ་མ་བཞིན་དུ་འཆར་རོ། །ངེས་པ་དེའི་འཚོལ་ལུགས་གོ་བདེ་བར་བརྗོད་ན། སྔར་བཤད་པ་ལྟར་རིགས་པའི་དགག་བྱའི་ལེགས་པར་འཆར་དུ་གཞུག་ལ། རང་རྒྱུད་ཀྱི་མ་རིག་པས་རང་བཞིན་ཇི་ལྟར་སྒྲོ་བཏགས་པ་རྣམས་ལེགས་པར་བསམས་ལ་ངོས་ཟིན་པར་བྱ། དེ་ནས་རང་བཞིན་དེ་འདྲ་ཡོད་ན་གཅིག་ཐ་དད་ལས་མི་འདའ་བའི་ཚུལ་དང༌། དེ་གཉིས་ཀར་ཁས་བླངས་པ་ལ་གནོད་བྱེད་ཡོད་ལུགས་དམིགས་ཕྱེད་པར་བསམས་ལ་གནོད་བྱེད་མཐོང་བའི་ངེས་པ་དྲང་ཞིང༌། མཐར་གང་ཟག་ལ་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཀྱང་མེད་དོ་སྙམ་པའི་ངེས་པ་བརྟན་པར་བྱ་སྟེ། སྟོང་ཕྱོགས་ལ་དེ་འདྲ་མང་དུ་སྦྱང༌། དེ་ནས་གང་ཟག་གི་ཐ་སྙད་བསྙོན་མི་ནུས་པར་སྣང་བ་རྣམས་བློའི་ཡུལ་དུ་འཆར་དུ་གཞུག་ལ། དེ་ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོར་འཇོག་པའི་རྟེན་འབྲེལ་གྱི་ཕྱོགས་རྣམས་ཡིད་ལ་བྱ་ཞིང༌། རང་བཞིན་མེད་པ་ལ་རྟེན་འབྲེལ་འཐད་ལུགས་རྣམས་ལ་ངེས་པ་རྙེད་པར་བྱའོ། །དེ་གཉིས་འགལ་པར་སྣང་བའི་ཚེ་ན་གཟུགས་བརྙན་སོགས་དཔེར་བླངས་ནས་མི་འགལ་བའི་ཚུལ་བསམ་ཏེ། འདི་ལྟར་བྱད་བཞིན་གྱི་གཟུགས་བརྙན་མིག་རྣ་སོགས་གང་དུ་སྣང་བ་རྣམས་ཀྱིས་སྟོང་ཀྱང༌བྱད་དང་མེ་ལོང་ལ་བརྟེན་ནས་སྐྱེ་བ་དང༌། རྐྱེན་དེ་དག་འགའ་ཞིག་ལོག་པའི་ཚེ་འཇིག་པ་གཉིས་བསྙོན་མི་ནུས་པར་གཞི་མཐུན་དུ་འདུ་བ་བཞིན་དུ། གང་ཟག་ལ་ཡང་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་མེད་ཀྱང༌ལས་གསོག་པ་པོ་དང༌འབྲས་བུ་མྱོང་བ་པོ་དང༌། སྔོན་གྱི་ལས་ཉོན་སོགས་ལ་བརྟེན་ནས་སྐྱེ་བ་ཡང་མི་འགལ་ལོ་སྙམ་དུ་སྦྱང་བར་བྱ་སྟེ། འདི་ལྟ་བུ་ནི་འདི་འདྲ་ཐམས་ཅད་ཀྱི་སྐབས་སུ་ཤེས་པར་བྱའོ།

།གཉིས་པ་ནི། གང་ཟག་ཏུ་གདགས་པའི་གཞི་ཕུང་པོ་ལྔ་དང་སའི་ཁམས་ལ་སོགས་པ་ཁམས་དྲུག་དང༌། མིག་སོགས་སྐྱེ་མཆེད་དྲུག་ལ་སོགས་པ་ནི་ཆོས་ཡིན་ལ། དེ་རང་གི་ངོ་བོས་གྲུབ་པའི་རང་བཞིན་གྱིས་སྟོང་བ་ནི་ཆོས་དེ་དག་གི་བདག་མེད་པ་ཡིན་ནོ། །དེ་གཏན་ལ་འབེབས་པའི་ཚུལ་ལ་གཉིས། སྔར་བཤད་པའི་རིགས་པ་ཁ་སྤོས་ནས་འགོག་པ་དང༌། སྔར་མ་བཤད་པའི་རིགས་པ་གཞན་གྱིས་དགག་པའོ། །དང་པོ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དངོས་པོ་ལ་གཉིས་ལས། གཟུགས་ཅན་རྣམས་ནི་རང་གི་ཤར་ལ་སོགས་པའི་ཕྱོགས་ཀྱི་ཆ་རྣམས་དང༌། ཆ་ཅན་གཉིས་དང༌། ཤེས་པ་རྣམས་ནི་རང་གི་སྔ་ཕྱི་ལ་སོགས་པའི་དུས་ཀྱི་ཆ་རྣམས་དང༌། ཆ་ཅན་གཉིས་ངོ་བོ་ཉིད་ཀྱིས་གྲུབ་པའི་གཅིག་ཐ་དད་གང་དུ་གྲུབ་བརྟགས་ནས་སྔར་བཞིན་འགོག་པ་ཡིན་ཏེ། འདི་ནི། ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་བྱ། ཞེས་གསུངས་པའི་མདོ་སྔར་དྲངས་པའི་དོན་ནོ། །གཉིས་པ་ལ་གཉིས། རྟན་འབྱུང་གི་གཏན་ཚིགས་བསྟན་པ༌། དེ་དང་རིགས་པ་སྔ་མས་འདུས་མ་བྱས་ཀྱང་བདེན་མེད་དུ་འགྲུབ་ཚུལ་ལོ། །དང་པོ་ནི། རྟེན་འབྲེལ་གྱི་གཏན་ཚིགས་ནི།

བློ་གྲོས་རྒྱ་མཚོས་ཞུས་པ་ལས།
།གང་རྣམས་རྟེན་ཅིང་འབྲེལ་བར་འབྱུང༌། །དེ་རྣམས་ངོ་བོ་ཉིད་ཀྱིས་མེད།

ཅེས་རྟེན་འབྱུང་གི་རྟགས་ཀྱིས་རང་བཞིན་གྱིས་གྲུབ་པ་འགོག་པ་གསལ་བར་གསུངས་ཤིང༌།

མ་དྲོས་པས་ཞུས་པ་ལས་ཀྱང༌།
།གང་ཞིག་རྐྱེན་ལས་སྐྱེ་བ་དེ་མ་སྐྱེས། །དེ་ལ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད།
།གང་ཞིག་རྐྱེན་ལ་ལྟོས་པ་དེ་སྟོང་གསུངས། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན།

ཞེས་གསལ་བར་གསུངས་ཏེ། འདི་ནི་གསུང་རབ་རིན་པོ་ཆེ་རྣམས་ན་ཤིན་ཏུ་མང་ངོ༌། །དེ་ཡང་རྐང་པ་དང་པོས་མ་སྐྱེས་ཞེས་གསུངས་པའི་དོན་ནི། རྐང་པ་གཉིས་པས་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་ཅེས་བཤད་པས། སྐྱེ་བ་འགོག་པ་ལ་དགག་བྱའི་ཁྱད་པར་སྦྱར་བ་ཡིན་ལ། ལང་གཤེགས་ལས། རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས། ངས་ཆོས་ཐམས་ཅད་མ་སྐྱེས་པའོ། ཞེས་གསུངས་སོ། ཞེས་པ་ཚིག་གསལ་དུ་དྲངས་པ་ལས་ཀྱང༌། ཁྱད་པར་མ་སྦྱར་བར་སྐྱེ་བ་མེད་པར་གསུངས་པ་རྣམས་སྐྱེ་བ་གང་ཡིན་ཐམས་ཅད་མེད་པར་བཟུང་དོགས་ནས། སྟོན་པ་ཉིད་ཀྱིས་མདོ་སྡེའི་དགོངས་པ་བླངས་ཏེ་རང་བཞིན་གྱིས་སྐྱེ་བ་མེད་པའི་དོན་དུ་བཤད་དོ། །དེ་ནས་རྐང་པ་གསུམ་པས་རྐྱེན་ལ་རག་ལས་ཤིང་ལྟོས་པ། ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པའི་དོན་དུ་གསུངས་པས་ནི། རང་བཞིན་གྱིས་གྲུབ་པས་སྟོང་པ་རྟེན་འབྱུང་གི་དོན་ཡིན་གྱི། སྐྱེ་ཙམ་བཀག་པའི་དོན་བྱེད་པས་སྟོང་བ་མིན་པར་བསྟན་ཏོ།

།རྩ་ཤེ་ལས་ཀྱང་།
།རྟེན་ཅིང་འབྱུང་བ་གང་ཡིན་པ། །དེ་ནི་ངོ་བོ་ཉིད་ཀྱིས་ཞི།

ཞེས་བརྟེན་ནས་འབྱུང་བའི་རྒྱུ་མཚན་གྱིས། ངོ་བོ་ཉིད་ཀྱིས་གྲུབ་པས་ཞི་བའམ་སྟོང་པར་གསུངས་པས། དབུ་མ་པའི་ལུགས་ཀྱིས་ནི། བརྟེན་ནས་སྐྱེ་བ་ཉིད་ཀྱིས། མ་སྐྱེས་ཞེས་སྨྲ་བར་བྱ་དགོས་སོ་ཞེས་སོགས་ཀྱི། མུན་སྤྲུལ་གང་ཅིའང་རུང་སྨྲ་བ། །དེ་དག་ཀྱང་ནི་བསལ་བ་ཡིན། ཞེས་ཤེས་པར་བྱའོ། །དེ་འདྲ་བའི་རྟེན་འབྱུང་གི་གཏན་ཚིགས་ལ་ནི་ཤིན་ཏུ་བསྔགས་ཏེ།

མ་དྲོས་པས་ཞུས་པ་ལས།
མཁས་པས་རྟེན་འབྱུང་ཆོས་རྣམས་རྟོགས་འགྱུར་ཏེ། །མཐར་ལྟ་བ་ལ་བརྟེན་པར་ཡོང་མི་བྱེད།

ཅེས་རྟེན་འབྱུང་ཇི་བཞིན་དུ་རྟོགས་པས་མཐར་འཛིན་གྱི་ལྟ་བ་ལ་མི་བརྟེན་པར་གསུངས་པའི་དོན།

འཇུག་པ་ལས།
།གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བས། །རྟོག་པ་འདི་དག་བརྟག་པར་མི་ནུས་པ།
།དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད།

ཅེས་གསུངས་ཏེ། འདི་ནི་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་ཁྱད་ཆོས་བླ་ན་མེད་པའོ། །དེའི་ཕྱིར་འདིར་རིགས་པ་རྣམས་ཀྱི་ནང་ནས་རྟེན་འབྱུང་གི་རིགས་པ་བརྗོད་པར་བྱའོ། །འདིར་ལྟ་བ་རྣམ་དག་གི་གེགས་གོལ་སའི་གཙོ་བོ་ནི་གཉིས་ཏེ། གཅིག་ནི་ཆོས་རྣམས་ལ་བདེན་པར་འཛིན་པའི་བདེན་འཛིན་གྱི་དམིགས་གཏད་ཅན་གྱི་རྟག་ལྟ་དང་སྒྲོ་འདོགས་ཀྱི་ལྟ་བའོ། །གཉིས་པ་ནི་དགག་བྱའི་ཚད་མ་ཟིན་པར་ཐལ་དྲགས་ནས། རྒྱུ་འབྲས་རྟེན་འབྱུང་གི་ངེས་པ་རང་ལུགས་ལ་དྲང་ས་མེད་པར་སོང་ནས། འདི་ཡིན་དང་འདི་མ་ཡིན་གྱི་ངོས་གཟུང་བྱ་ས་མེད་པ་ཆད་ལྟ་དང་སྐུར་འདེབས་ཀྱི་ལྟ་བའོ། །དེ་གཉིས་ནི་རྒྱུ་རྐྱེན་འདི་ལས་འབྲས་བུ་འདི་འབྱུང་ལ་ངེས་པ་དྲངས་པའི་གཏན་ཚིགས་ལ་བརྟེན་ནས་རང་བཞིན་གྱིས་གྲུབ་པ་བཀག་པ་ན་མ་ལུས་པར་སྤོང་བ་ཡིན་ཏེ། གཏན་ཚིགས་ཀྱི་རྟེན་འབྱུང་ངེས་པས་ནི་ཆད་ལྟ་དང༌། དམ་བཅས་པའི་དོན་ངེས་པས་ནི་རྟག་ལྟ་རྩ་བ་ནས་སུན་འབྱིན་པའི་ཕྱིར་རོ། །དེས་ན་མྱུ་གུ་ལ་སོགས་པ་ཕྱི་དང༌། འདུ་བྱེད་ལ་སོགས་པ་ནང་གི་དངོས་པོ་རྣམས་རིམ་པ་བཞིན་དུ་ས་བོན་ལ་སོགས་པ་དང༌། མ་རིག་པ་ལ་སོགས་པ་ལ་བརྟེན་ནས་འབྱུང་ལ། དེ་ལྟ་ཡིན་ན་དེ་དག་རང་གི་མཚན་ཉིད་ཀྱིས་གྲུབ་པ་མི་འཐད་དེ། རང་གི་ངོ་བོ་ཉིད་ཀྱིས་གྲུབ་ན་ནི་རང་ལ་རང་དབང་བའི་ཚུགས་ཐུབ་ཀྱི་རང་བཞིན་གྲུབ་དགོས་པས། རྒྱུ་རྐྱེན་ལ་རག་ལས་པ་འགལ་བའི་ཕྱིར་ཏེ།

བརྒྱ་པ་ལས།
།གང་ལ་བརྟེན་ནས་འབྱུང་ཡོད་པ། །དེ་ནི་རང་དབང་མི་འགྱུར་རོ།
།འདི་ཀུན་རང་དབང་མེད་པ་སྟེ། །དེས་ན་བདག་ནི་ཡོད་མ་ཡིན།

ཞེས་སོ། །འདིས་ནི་གང་ཟག་དང་བུམ་པ་སོགས་ཀྱང་རང་གི་ཚོགས་པ་ལ་བརྟེན་ནས་བཏགས་པ་ཡིན་པས། རང་བཞིན་གྱིས་གྲུབ་པ་མེད་པར་ཤེས་པར་བྱ་སྟེ། རྟེན་འབྱུང་གི་གཏན་ཚིགས་ཀྱི་རྣམ་གཞག་གཉིས་སོ། །བརྟེན་ནས་སྐྱེས་པ་དང་བརྟེན་ནས་བཏགས་པ་ཡིན་ན། གང་ལ་བརྟེན་པ་དེ་དང་ངོ་བོ་ཉིད་ཀྱིས་གྲུབ་པའི་གཅིག་ཏུ་མེད་དེ། གཅིག་ཏུ་ཡོད་ན་བྱ་བྱེད་ཐམས་ཅད་གཅིག་ཏུ་འགྱུར་རོ། །དེ་གཉིས་ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་དུའང་མེད་དེ། ཡོན་ན་ནི་འབྲེལ་པ་འགོག་ནུས་པས། དེ་ལ་ལྟོས་པ་འགལ་བའི་ཕྱིར་རོ།

།རྩ་ཤེ་ལས་ཀྱང༌།
།གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན།
།དེ་ལས་གཞན་པའང་མ་ཡིན་ཏེ། །དེ་ཕྱིར་ཆད་མིན་རྟག་མ་ཡིན།

ཞེས་དང༌། འཇིག་རྟེན་ལས་འདས་པར་བསྟོད་པ་ལས་ཀྱང༌།
།སྡུག་བསྔལ་རང་གིས་བྱས་པ་དང༌། །གཞན་གྱིས་བྱས་དང་གཉིས་ཀས་བྱས།
།རྒྱུ་མེད་པར་ནི་རྟོག་གེ་འདོད། །ཁྱོད་ཀྱིས་བརྟེན་ནས་འབྱུང་བར་གསུངས།
།རྟེན་ཅིང་འབྲེལ་བར་གང་འབྱུང་བ། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད།
།དངོས་པོ་རང་དབང་ཡོད་མིན་ཞེས། །མཉམ་མེད་ཁྱོད་ཀྱིས་སེང་གེའི་སྒྲ།

ཞེས་རྟེན་འབྲེལ་གྱི་གཏན་ཚིགས་ཀྱིས་གཅིག་དང་ཐ་དད་དང་རྟག་ཆད་ཀྱི་མཐའ་དང༌། སྐྱེ་བའི་མཐའ་བཞིར་འཛིན་པ་འགོག་པར་གསུངས་སོ། །དེ་ལྟར་མཚན་འཛིན་ཀྱི་དམིགས་གཏད་མཐའ་དག་གིས་སྟོང་བའི་སྟོང་ཉིད་ཀྱི་ངེས་པ་དྲངས་ནས། ལས་འབྲས་ཀྱི་འབྲེལ་བའི་ངེས་པ་མི་འདོར་བས། འདོར་ལེན་བསྟེན་པ་ལ་ཤིན་ཏུ་བསྔགས་ཏེ།

བྱང་ཆུབ་སེམས་འགྲེལ་ལས།
།ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བསྟན་པ་གང༌།
།ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང༌།

ཞེས་གསུངས་སོ། །དེ་ལྟར་འོང་བ་ལ་ནི་རང་བཞིན་གྱིས་ཡོད་པ་དང༌། ཡོད་ཙམ་དང༌། །རང་གི་མཚན་ཉིད་ཀྱིས་མེད་པ་དང༌། མེད་པའི་ཁྱད་པར་ཕྱེད་དགོས་ཏེ།

འཇུག་འགྲེལ་ལས།
གཟུགས་བརྙན་རང་བཞིན་མེད་པའི་རྒྱུ་དང་འབྲས་བུའི་རྣམ་པར་བཞག་པ་ཡང་ཤེས་བཞིན་དུ། མཁས་པ་སུ་ཞིག་གཟུགས་དང་ཚོར་བ་ལ་སོགས་པ་རྒྱུ་དང༌། འབྲས་བུ་ལས་ཐ་དང་མེད་པར་གནས་པ་རྣམས་ཡོད་ཙམ་ཞིག་ཏུ་དམིགས་པས། རང་བཞིན་དང་བཅས་པར་ངེས་པར་བྱེད། དེའི་ཕྱིར་ཡོད་པར་དམིགས་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་དོ།

ཞེས་གསུངས་པ་ལྟར་རོ། །དེ་དག་མ་ཕྱེད་ན་དངོས་པོ་ཡོད་ཕྱིན་ཆད་རང་གི་ངོ་བོས་ཡོད་པ་དང༌། རང་གི་ངོ་བོས་མེད་ཕྱིན་ཆད་ཡེ་མེད་དུ་སོང་ནས། སྒྲོ་འདོགས་དང་སྐུར་འདེབས་ཀྱི་མཐའ་གཉིས་ལས་མི་འདའ་སྟེ།

བརྒྱ་བའི་འགྲེལ་པ་ལས།
དངོས་པོ་དངོས་པོ་ཡོད་པར་སྨྲ་བའི་ལྟར་ན་ནི། ཇི་སྲིད་དུ་དངོས་པོ་དེའི་ཡོད་པ་ཉིད་ཡིན་པ་དེ་སྲིད་དུ་དེ་ལྟར་རང་གི་ངོ་བོ་ཡང་ཡོད་པ་ཉིད་ཡིན་ལ། གང་གི་ཚེ་རང་གི་ངོ་བོ་དང་བྲལ་བ་དེའི་ཚེ་དེ་ལ་དངོས་པོ་དེ་རྣམས་པ་ཐམས་ཅད་དུ་མེད་པའི་ཕྱིར་བོང་བུའི་རྭ་དང་འདྲ་བས། གཉིས་སུ་སྨྲ་བ་ལས་མ་འདས་པའི་ཕྱིར་འདིའི་མངོན་པར་འདོད་པ་ཐམས་ཅད་འགྲིག་དཀའ་བར་འགྱུར་རོ།

ཞེས་སོ། །དེས་ན་རང་གི་ངོ་བོས་མེད་པས་ཡོད་མཐའ་ཐམས་ཅད་དང༌། དེ་ཉིད་ལ་རང་བཞིན་མེད་པའི་རྒྱུ་འབྲས་འཇོག་ནུས་པས་མེད་མཐའ་ཐམས་ཅད་ལས་གྲོལ། མཐའ་ལ་རྣམ་བཤད་རིགས་པ་ལས། །མཐའ་ནི་ཟད་དང་འཇུག་ཆ་དང༌། །ཉེ་དང་ཕྱོགས་དང་སྨད་པ་ལའོ། ཞེས་གསུངས་པ་ལྟར་གྱི་མཐའ་རྣམས་རང་ལུགས་ལའང་ཁས་ལེན་མོད་ཀྱང༌། མཐའ་བྲལ་ཞེས་པའི་ལྟ་བའི་གོལ་སའི་མཐའ་ནི།

དབུ་མ་སྣང་བ་ལས།
གལ་ཏེ་དབུ་མ་ལ་སེམས་ཀྱི་རང་གི་ངོ་བོའི་བདག་ཉིད་ཀྱི་དངོས་པོ་དོན་དམ་པ་བ་ཅི་ཡང་རུང་བ་ཞིག་ཡོད་པར་གྱུར་ན་ནི། དེའི་ཚེ་དེ་ལ་དེ་ཡོད་པས་རྟག་གོ་ཞེའམ་མི་རྟག་གོ་ཞེས་བྱ་བར་མངོན་པར་ཞེན་པ་ཡང་ཇི་ལྟར་མཐར་འགྱུར་ཏེ། དངོས་པོའི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་གྱི་རྗེས་སུ་སོང་ཞིང་ཚུལ་བཞིན་ཡིད་ལ་བྱེད་པ་ཉིད་ནི་ལྟུང་བའི་གནས་སོ། ཞེས་བྱ་བར་རིགས་པ་མ་ཡིན་ནོ། ཞེས་ཇི་ལྟར་གནས་པའི་དོན་ལ་དེ་ལྟར་དུ་ཡིད་ལ་བྱེད་པ་ནི། ལྟུང་བའི་གནས་མིན་པས་མཐར་འཛིན་མིན་པར་གསུངས་པ་ལྟར་ཡིན་པས། འཇིག་རྟེན་ན་བྲག་གཡེང་ལ་མཐའ་དང༌། དེ་ལ་ལྷུང་བ་ལ་མཐའ་ལ་ལྷུང་ཞེས་སྨྲ་བ་བཞིན་དུ། ཆོས་རྣམས་བདེན་པར་འཛིན་པ་དང༌། ཅིར་ཡང་མ་གྲུབ་པ་དང་ཡོད་པ་མིན་པར་འཛིན་པ་ནི། ཡང་དག་པའི་དོན་གྱི་བཟློག་ཕྱོགས་ཀྱི་རྟག་ཆད་ཀྱི་མཐར་ལྷུང་བ་ཡིན་གྱི། ཆོས་རྣམས་དོན་དམ་པར་མེད་པ་དང༌། ལས་འབྲས་སོགས་ཐ་སྙད་དུ་ཡོད་པར་འཛིན་པ་སོགས་ནི་མཐར་འཛིན་མིན་ཏེ། བཟུང་བ་ལྟར་དུ་ཡུལ་དེ་དེ་ལྟར་གནས་པའི་ཕྱིར་ཏེ།

རྩོད་ཟློག་ལས།
རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་རབ་གྲུབ་འགྱུར།

ཞེས་དོན་དམ་པར་མེད་པ་མ་ཡིན་ན་དེར་ཡོད་པར་གསུངས་པ་དང༌། ཐ་སྙད་ཁས་ནི་མ་བླངས་པར། །ངེད་ཅག་འཆད་པར་མི་བྱེད་དོ། ཞེས་དང༌།

སྟོང་ཉིད་བདུན་ཅུ་པ་ལས།
འདི་བརྟེན་འདི་འབྱུང་ཞེས་བྱ་བའི། །འཇིག་རྟེན་ཚུལ་འདི་འགོག་མི་མཛད།

ཅེས་གསུངས་པའི་ཕྱིར་རོ། །དེས་ན་གཞི་དེ་ཡོད་པ་མིན་པ་དང༌། ཡོད་པ་གཉིས་དང༌། མེད་པ་མིན་པ་དང༌། མེད་ཅེས་པའི་ཁྱད་འབྱེད་ནི། སྨྲ་ལུགས་ཀྱི་ཁྱད་པར་ཙམ་དུ་ཟད་ཀྱི། གཉིས་ཀའི་དོན་བློ་ལ་འཆར་ཚུལ་ལ་ཇི་ཙམ་བརྟགས་ཀྱང་ཁྱད་པར་ཅི་ཡང་མེད་པའི་ཕྱིར་ན། ཚུལ་དེས་མཐར་ལྷུང་མི་ལྷུང་དུ་སྨྲ་བ་ནི་ཚིག་ཙམ་ལ་འཆེལ་བར་ཟད་དོ།

།གཉིས་པ་ནི། དེ་ལྟར་གང་ཟག་དང་ཆོས་འདུས་བྱས་རྣམས་སྔར་བཤད་པའི་རིགས་པ་རྣམས་ཀྱིས་བདེན་མེད་དུ་གྲུབ་ན། ནམ་མཁའ་དང༌། སོ་སོར་བརྟགས་པའི་འགོག་པ་དང༌། སོ་སོར་བརྟགས་མིན་གྱི་འགོག་པ་དང༌། དེ་བཞིན་ཉིད་ལ་སོགས་པའི་འདུས་མ་བྱས་རྣམས་བདེན་མེད་དུ་ཚེགས་ཆུང་ངུས་འགྲུབ་པ་ལ་དགོངས་ནས།

རྩ་ཤེ་ལས།
།འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་འགྲུབ།

ཅེས་གསུངས་སོ། །འགྲུབ་སླ་ལུགས་ནི་འདུས་བྱས་རང་བཞིན་གྱིས་གྲུབ་པ་སྔར་ལྟར་བཀག་པ་ན། རང་བཞིན་གྱིས་མ་གྲུབ་ཀྱང་དེ་རྣམས་ལ་འཆིང་གྲོལ་དང༌། རྒྱུ་འབྲས་དང༌། གཞལ་བྱ་འཇལ་བྱེད་སོགས་བྱ་བྱེད་བཞག་པས་ཆོག་པ་འགྲུབ་ལ། དེ་གྲུབ་ན་འདུས་མ་བྱས་ཆོས་ཉིད་དང་བརྟགས་འགོག་ལྟ་བུ་ལ་ཡང་བདེན་པར་མ་གྲུབ་ཀྱང༌། ལམ་གྱི་ཐོབ་བྱ་དང་གཞལ་བྱ་དང༌། གདུལ་བྱའི་སྐྱབས་གནས་ཆོས་དཀོན་མཆོག་ཏུ་འཇོག་པ་སོགས་ཀྱི་རྣམ་གཞག་རྣམས་ལེགས་པར་བཞག་པས་ཆོག་པས། དེ་རྣམས་བདེན་བར་ཁས་མ་བླངས་ན། དེ་རྣམས་གཞག་དགོས་པའི་རྣམ་གཞག་འདི་མི་འཐད་ཅེས་གང་ཡང་སྨྲར་མེད་པས་དེ་རྣམས་བདེན་པར་ཁས་ལེན་པའི་དོན་མེད་དོ། །དེ་རྣམས་བདེན་པར་འདོད་པས་ཀྱང་དེ་དག་གི་མཚན་མཚོན་དང༌། བྲལ་རྒྱུ་དང༌། བྲལ་འབྲས་དང༌། ཚད་མ་འདིས་གཞལ་བ་སོགས་ཀྱི་རྣམ་གཞག་རྣམས་འདོད་དགོས་ཀྱང་དགོས་ལ། འདོད་ཀྱང་འདོད་དོ། །དེའི་ཚེ་དེ་རྣམས་རང་གི་ཐབ་བྱ་དང་མཚན་ཉིད་དང་འཇལ་བྱེད་སོགས་ལ་མ་འབྲེལ་ན་ནི། འབྲེལ་མེད་ཐམས་ཅད་མཚན་མཚོན་སོགས་སུ་འགྱུར་བ་བཟློག་མི་ནུས་ལ། འབྲེལ་བ་འདོད་ན་ནི་རང་བཞིན་གྱིས་གྲུབ་པའི་བདེན་གྲུབ་ལ་གཞན་ལ་ལྟོས་པ་མི་རུང་བས། འབྲེལ་པ་འཇོག་མི་ནུས་སོ། །དེ་བཞིན་དུ་གཅིག་དང་ཐ་དད་བརྟགས་ནས་ཀྱང་དགག་པར་བྱ་སྟེ། རིགས་པའི་དཔྱོད་པ་འདིས་དེ་དག་བདེན་གྲུབ་ཏུ་འདོད་པ་དགག་མི་ནུས་ན། འདུས་བྱས་ལའང་རྣམ་པ་ཀུན་ཏུ་མཚུངས་པས་བདེན་པ་ཅུང་ཟད་ཀྱང་འགོག་མི་ནུས་པར་འགྱུར་རོ། །གལ་ཏེ་འདུས་བྱས་རང་བཞིན་གྱིས་གྲུབ་པའི་རང་གི་ངོ་བོས་སྟོང་ཞེས་པའི་དོན་ནི། ཆོས་དེ་ལ་དེའི་ངོ་བོ་མེད་པའི་དོན་ཡིན་པས། ཆད་པའི་སྟོང་པ་ཡིན་གྱི། དེ་བཞིན་ཉིད་ལ་ནི་རང་གི་ངོ་བོ་ཡོད་པས་བདེན་པར་ཡོད་དོ་སྙམ་ན། དེ་ནི་འདུས་བྱས་རང་བཞིན་གྱིས་གྲུབ་པས་སྟོང་པར་གཏན་ལ་འབེབས་པའི་ཕྱིན་ཅི་ལོག་གི་གོལ་ས་མཐར་ཐུག་པ་འདུས་བྱས་ཀྱི་རྟེན་འབྲེལ་ལ་སྐུར་འདེབས་ཀྱི་ལྟ་བ་ཡིན་ཞིང༌། ཕྱི་མ་ནི་རང་གི་ངོ་བོ་ཡོད་ན་བདེན་གྲུབ་ཏུ་སྒྲོ་འདོགས་ཀྱི་རྟག་ལྟ་མི་བཟད་པ་ཡིན་པས་ཡང་དག་པའི་སྟོང་ཉིད་ཀྱི་དོན་ལ་ལོག་པར་ཞུགས་པའོ། །གལ་ཏེ་རང་བཞིན་གྱིས་གྲུབ་པའི་རང་གི་ངོ་བོས་སྟོང་པ་ནི་ཁོ་རང་ལ་ཁོ་རང་མེད་པ་ཡིན་ན། རང་ལ་མེད་པ་ནི་འགར་ཡང་ཡོད་པ་མི་སྲིད་པས་ཆོས་འགའ་ཞིག་བདེན་པར་དམ་འཆའ་མཁན་དང༌། དེ་སྒྲུབ་པའི་ལུང་རིགས་ལ་སོགས་པ་རྣམས་ཀྱང་རང་བཞིན་གྱིས་གྲུབ་པའི་རང་གི་ངོ་བོས་སྟོང་པ་ཡིན་པས་གཞི་མ་གྲུབ་པས་ཆོས་འགའ་ཞིག་བདེན་པའི་གྲུབ་མཐའ་འཇོག་པ་ནི་མ་བརྟགས་པར་བྱུང་རྒྱལ་དུ་སྨྲ་བའོ། །ཚུལ་འདིའི་རིགས་པའི་འགྲེས་རྣམས་ལེགས་བར་མཐོང་ནས་འཕགས་ཡུལ་གྱི་རང་སྡེ་ཆོས་བདེན་གྲུབ་ཏུ་སྨྲ་བ་ཐམས་ཅད་ངེས་པར་དངོས་པོ་བདེན་གྲུབ་ཏུ་སྨྲ་བས་དེ་དག་ལ་དངོས་པོར་སྨྲ་བ་ཞེས་ཟེར་ལ་དངོས་པོ་བདེན་མེད་དུ་སྨྲ་ཕྱིན་ཆད་ཆོས་གང་ཡང་བདེན་གྲུབ་ཏུ་མི་འདོད་པ་ནི་ཕྱོགས་འདིའི་མུ་ཅོར་སྨྲ་བ་རྣམས་ལས་ཆེས་ཆེར་ཁྱད་པར་དུ་འཕགས་པའི་རྟགས་སུ་སྣང་ངོ༌། །འདི་ན་དེ་ཁོ་ན་ཉིད་ལ་མི་མཐུན་པ་གཉིས་སུ་སྨྲ་བ་རྣམས་ཀྱང་ཀུན་རྫོབ་པ་རང་བཞིན་གྱིས་གྲུབ་པའི་རང་གི་ངོ་བོས་སྟོང་བའི་ཚུལ་སྔ་མ་ལྟ་བུ་ལ་བློ་མཐུན་བྱས་ནས་དོན་དམ་པ་དོན་དམ་དུ་གྲུབ་མ་གྲུབ་ལ་རྩོད་པའི་ཚུལ་རྣམས་ཇི་ལྟར་དུ་སོང་བ་ཡང་སྔར་བཤད་པས་ལེགས་པར་ཤེས་དགོས་ཏེ། རིགས་པས་ཆོས་རྣམས་ལ་བདེན་པ་ཁེགས་ནས་དངོས་པོ་དང་ཆོས་ཀུན་ལ་བདེན་པ་ཁས་མི་ལེན་པ་དང༌། སྟོང་པའི་གོ་ལུགས་ཉེས་པའི་ཆད་སྟོང་ལ་བརྟེན་ནས་དངོས་པོ་དང༌། ཆོས་ཀུན་བདེན་མེད་དུ་སྨྲ་བ་གཉིས་རྣམ་པ་ཐམས་ཅད་དུ་མི་མཚུངས་པའི་ཕྱིར་རོ།

།གལ་ཏེ། འདུས་བྱས་རབ་ཏུ་མ་གྲུབ་པས། འདུས་མ་བྱས་ནི་ཇི་ལྟར་འགྲུབ།

ཅེས་པའི་དོན་སྔར་ལྟར་ཡིན་ན་རིགས་པ་དྲུག་ཅུ་པ་ལས།
།མྱ་ངན་འདས་པ་བདེན་གཅིག་པུར། །རྒྱལ་བ་རྣམས་ཀྱིས་ནམ་གསུངས་པ།
།དེ་ཚེ་ལྷག་མ་ལོག་མིན་ཞེས། །མཁས་པ་སུ་ཞིག་རྟོག་པར་བྱེད།

ཅེས་མྱང་འདས་གཅིག་པུ་བདེན་གྱི་གཞན་རྣམས་མི་བདེན་པར་གསུངས་པ་དང༌།

ཆོས་དབྱིངས་བསྟོད་པ་ལས་ཀྱང༌།
།སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་དེ།
།དེ་དག་ཀུན་གྱིས་ཉོན་མོངས་བཟློག །ཁམས་འདི་ཉམས་པར་བྱེད་མ་ཡིན།

ཞེས་རང་བཞིན་མེད་པའི་སྟོང་ཉིད་སྟོན་པའི་མདོ་སྡེ་རྣམས་ནི། ཉོན་མོངས་སྤོང་བའི་དོན་དུ་ཡིན་གྱི། རང་བཞིན་རྣམ་དག་གི་ཁམས་མེད་པར་སྟོན་པ་མིན་པར་སྟོན་པ་མིན་ཞེས་གསུངས་པ་དང་ཇི་ལྟར་མི་འགལ་སྙམ་ན། དེ་དག་ནི་ལུང་གི་དོན་ལ་ལོག་པར་ཞུགས་པ་ཡིན་ཏེ། འདི་ལྟར་ལུང་སྔ་མའི་དོན་ནི།

བཅོམ་ལྡན་འདས་ཀྱིས།
དགེ་སློང་དག་བདེན་པ་དམ་པ་འདི་ནི་གཅིག་སྟེ། འདི་ལྟ་སྟེ་མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས་པའོ། །འདུ་བྱེད་ཐམས་ཅད་ནི་རྫུན་པ་སླུ་བའི་ཆོས་ཅན་ནོ།

ཞེས་གསུངས་པའི་དོན་ཡིན་ལ། མདོ་དེས་ཀྱང་མྱང་འདས་བདེན་པ་དང་འདུ་བྱེད་ཐམས་ཅད་བརྫུན་པར་གསུངས་ལ། བདེན་པའི་དོན་ནི་མདོ་སྔ་མས་མི་སླུ་བ་དང༌། རྫུན་པའི་དོན་ནི་མདོ་ཕྱི་མས་སླུ་བ་ལ་ཤིན་ཏུ་གསལ་བར་བཤད་ལ། དེ་ཡང་མྱང་འདས་ནི་དོན་དམ་བདེན་པ་ལ་རིགས་པ་དྲུག་ཅུ་པའི་འགྲེལ་པས་བཤད་པ་ལྟར་ཡིན་པས། དེ་མངོན་སུམ་དུ་མཐོང་བའི་བློ་དེའི་ངོར་རང་བཞིན་གྱིས་མ་གྲུབ་བཞིན་དུ་དེར་སྣང་བའི་སླུ་བ་མེད་ལ། ལྷག་མ་འདུ་བྱེད་རྣམས་ནི་རང་མངོན་སུམ་དུ་སྣང་བའི་བློའི་ངོར་རང་བཞིན་གྱིས་མ་གྲུབ་བཞིན་དུ་དེར་སྣང་བའི་སླུ་བ་ཡོད་པས་བདེན་པར་གྲུབ་མ་གྲུབ་དཔྱོད་པའི་རིགས་པས་དཔྱད་པ་ན་དཔྱད་བཟོད་ཀྱི་བདེན་པར་གྲུབ་བ་མིན་པས་དོན་ལ་ཞིབ་ཏུ་མ་བསམས་པར་མིང་ཙམ་ལ་ཆགས་པས་ཅི་ཞིག་བྱ། གཞན་ཡང༌།

རིགས་པ་དྲུག་ཅུ་པ་ལས།
།སྲིད་པ་དང་ནི་མྱ་ངན་འདས། །གཉིས་པོ་འདི་ནི་ཡོད་མ་ཡིན།
།སྲིད་པ་ཡོངས་སུ་ཤེས་པ་ཉིད། །མྱ་ངན་འདས་ཞེས་བྱ་བར་བརྗོད།

ཅེས་སྲིད་ཞི་གཉིས་ཀ་རང་བཞིན་གྱིས་ཡོད་པ་མིན་པ་དང༌། སྲིད་པ་རང་བཞིན་གྱིས་གྲུབ་པ་མེད་པར་ཤེས་པའི་ཡུལ་ཉིད་ལ་མྱང་འདས་འཇོག་པར་བཤད་པས་འཁོར་བ་བདེན་པ་མེད་པའི་སྟོང་བ་ཆད་སྟོང་དུ་འདོད་པའི་ཕྱོགས་ག་ལ་ཡིན། བསྟོད་པའི་ལུང་དོན་ཡང་། རང་བཞིན་གྱིས་གྲུབ་པ་མེད་པའི་སྟོང་ཉིད་སྟོན་པའི་མདོ་རྣམས་ཀྱིས་ཉོན་མོངས་གཞན་ཐམས་ཅད་ཀྱི་རྩ་བ་དངོས་པོ་བདེན་འཛིན་བཟློག་པའི་དོན་དུ་དེའི་ཞེན་ཡུལ་མེད་པར་སྟོན་པ་ཡིན་གྱི། བདེན་འཛིན་གྱི་ཡུལ་བདག་གཉིས་བཀག་པའི་རང་བཞིན་རྣམ་དག་གི་ཁམས་སྟོང་ཉིད་མེད་པར་སྟོན་པ་མིན་ནོ། ཞེས་པ་ཡིན་ལ། སྟོང་ཉིད་དེ་ཡོད་ཀྱང་བདེན་པར་གྲུབ་བ་མིན་པས་ལུང་དེ་དགག་བྱ་བདེན་པ་བཀག་པའི་སྟོང་ཉིད་ཀྱང་ཡོད་པ་མིན་ཞེས་སྨྲ་བ་དང༌། ཉོན་མོངས་ཟད་པར་སྤོང་བ་ལ་དོན་དམ་པའི་དེ་ཁོ་ན་ཉིད་ཀྱི་སྟོང་ཉིད་རྟོགས་མི་དགོས་ཞེས་སྨྲ་བ་འགོག་པ་ལ་ཁུངས་སུ་འགྱུར་རོ།

།དེས་ན་བསྟོད་པ་དེ་ཉིད་ལས།
།མི་རྟག་སྟོང་པ་སྡུག་བསྔལ་ཞེས། །བྱ་བ་གསུམ་པོས་སེམས་སྦྱོང་བྱེད།
།མཆོག་ཏུ་སེམས་ནི་སྦྱོང་བྱེད་པའི། །ཆོས་ནི་རང་བཞིན་མེད་པ་ཡིན།

ཞེས་དང༌།
།ཆོས་རྣམས་རང་བཞིན་མེད་པ་ཉིད། །ཆོས་ཀྱི་དབྱིངས་སུ་བསྒོམ་པར་བྱ།

ཞེས་ཆོས་འདི་རྣམས་རང་བཞིན་གྱིས་གྲུབ་པའི་རང་བཞིན་མེད་པ་ཉིད་བསྒོམ་བྱའི་ཆོས་ཀྱི་དབྱིངས་དང༌། དེ་སྒོམ་པ་ཉིད་སེམས་སྦྱོང་བའི་མཆོག་ཏུ་གསུངས་པས། འདི་ལྟར་སྣང་བའི་ཆོས་རྣམས་རང་བཞིན་གྱིས་གྲུབ་པ་མེད་པའི་སྟོང་པ་ཆད་སྟོང་ཡིན་པས་དེ་ལས་ལོགས་པའི་སྟོང་པ་ཉིད་བདེན་པར་གྲུབ་པ་ཞིག་བསྒོམ་བྱའི་སྟོང་ཉིད་དུ་འཇོག་པའི་ཕྱོགས་ལ་ཇི་ལྟར་དྲང་དུ་རུང༌། དེ་ནི་ཤར་ཕྱོགས་ན་སྦྲུལ་མེད་བཞིན་དུ་ཡོད་པར་བཟུང་ནས་འཇིགས་པའི་སྡུག་བསྔལ་སེལ་པ་ལ་ཤར་ཕྱོགས་ན་སྦྲུལ་མེད་པར་སྟོན་པ་དེའི་གཉེན་པོར་མི་འགྲོ་ཡི། ནུབ་ཕྱོགས་ན་ཤིང་སྡོང་ཡོད་ཅེས་བསྟན་དགོས་ཞེས་སྨྲ་བ་དང་འདྲ་སྟེ། སེམས་ཅན་རྣམས་འདི་ལྟར་སྣང་བ་ལ་བདེན་པར་ཞེན་ནས་སྡུག་བསྔལ་སེལ་བ་ལ་གང་ལ་བདེན་པར་བཟུང་བའི་གཞི་དེ་བདེན་མེད་དུ་རྟོགས་པ་གཉེན་པོར་མི་འགྲོ་ཡི། གཞི་གཞན་དོན་མེད་ཅིག་བདེན་པར་ཡོད་པར་བསྟན་དགོས་ཞེས་སྨྲ་བའི་ཕྱིར་རོ།

།གསུམ་པ་ལ་བཞི། བདེན་གཉིས་གང་ལས་འབྱེད་པའི་གཞི། ཇི་ལྟར་དུ་ཕྱེ་བའི་གྲངས། དེ་ལྟར་དུ་ཕྱེ་བའི་དོན། ཕྱེ་བ་སོ་སོའི་དོན་བཤད་པའོ། །དང་པོ་ནི། བདེན་གཉིས་ཀྱི་དབྱེ་གཞི་ལ་སྔ་མ་རྣམས་ལ་འདོད་ཚུལ་མང་དུ་ཡོད་ཀྱང༌།

འདིར་ནི་བསླབ་བཏུས་ལས།
ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདིར་ཟད་དོ།

ཞེས་གསུངས་པས་ཤེས་བྱ་ནི་དབྱེ་གཞིའོ།

།གཉིས་པ་ནི།

རྩ་ཤེ་ལས།
།འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ།

ཞེས་གསུངས་པ་ལྟར་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་དབྱེའོ། །གསུམ་པ་ནི། གཉིས་སུ་ཕྱེ་བ་གཉིས་ནི་ཐ་དད་པ་དགོས་པས་ཐ་དད་ཚུལ་ཇི་ལྟར་ཡིན་སྙམ་ན། འདི་ལ་སྔ་རབས་པ་མང་པོ་བུམ་པ་དང་སྣམ་བུ་ལྟ་བུ་ངོ་བོ་ཐ་དད་པ་དང༌། བྱས་པ་དང་མི་རྟག་པ་ལྟ་བུ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་གཉིས་ནི། ཐ་དད་རྒྱུ་གཉིས་ཀ་དངོས་པོ་ཡིན་ལ། གང་རུང་གཅིག་དངོས་པོར་མེད་པའི་ཐ་དད་ནི་གཅིག་པ་བཀག་པའི་ཐ་དད་གསུམ་ཡོད་པས། བདེན་གཉིས་ནི་གཅིག་པ་བཀག་པའི་ཐ་དད་དུ་སྨྲ་ལ། ཁ་ཅིག་ནི་དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད་དོ།

།དབུ་མ་སྣང་བ་ལས།
།བདག་གཅིག་པའི་འབྲེལ་པ་ནི། དངོས་པོར་མེད་པ་ལའང་མི་འགལ་བར་གསུངས་པ་ལྟར་ལེགས་པས་ཐ་དད་རྒྱུ་གཉིས་ཀ་དངོས་པོར་མེད་པ་དང༌། གང་རུང་གཅིག་དངོས་པོར་མེད་པ་གཉིས་ཅར་ལའང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་མི་འགལ་ལོ།

།འཇུག་འགྲེལ་ལས།
དངོས་པོ་ཐམས་ཅད་ཀྱི་རང་གི་ངོ་བོ་རྣམ་པ་གཉིས་ཉེ་བར་བསྟན་ཏེ། འདི་ལྟ་སྟེ་ཀུན་རྫོབ་དང་དོན་དམ་པའོ།

ཞེས་གསུངས་པས་ཆོས་ཅན་རེ་རེའི་ངོ་བོ་ལ་ཀུན་རྫོབ་དང་དོན་དམ་པའི་ངོ་པོ་གཉིས་གཉིས་ཡོད་པའི་ཕྱིར་དང༌། བདེན་གཉིས་ངོ་བོ་གཅིག་མིན་ན་ངོ་བོ་ཐ་དད་དུ་ཤིན་ཏུ་ཡང་མི་རིགས་པས་དེ་གཉིས་ལ་ངོ་བོ་མེད་པས་མེད་པར་འགྱུར་ཏེ། ཡོད་པ་ལ་ངོ་བོ་གཅིག་དང་དུ་མར་ཡོད་པ་གང་རུང་གིས་ཁྱབ་པའི་ཕྱིར་རོ།

།བྱང་ཆུབ་སེམས་འགྲེལ་ལས་ཀྱང༌།
།ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན།
།མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་དག་བཞིན་ནོ།

ཞེས་གསུངས་ལ། མྱུ་གུ་ལྟ་བུ་དེ་རང་གི་དོན་དམ་དང་ངོ་བོ་ཐ་དད་ཡིན་ན། དེ་རང་གི་བདེན་སྟོང་དང་ཡང་ངོ་བོ་ཐ་དད་པས་མྱུ་གུ་བདེན་གྲུབ་ཏུ་འགྱུར་བས། ངོ་བོ་ཐ་དད་མིན་པས་ངོ་བོ་གཅིག་པ་ཡིན་ནོ། །མྱུ་གུ་ནི་རང་གི་བདེན་སྟོང་ཡནི་ཡང་རང་གི་
དོན་དམ་བདེན་པ་ནི་མིན་ནོ། །གཞུང་འགའ་ཞིག་ལས་བདེན་གཉིས་གཅིག་དང་ཐ་དད་གང་ཡང་མིན་པར་གསུངས་པའི་ཁ་ཅིག་ནི་རང་བཞིན་གྱིས་གྲུབ་པའི་གཅིག་ཐ་དད་ལ་དགོངས་ལ། ཁ་ཅིག་ནི་ངོ་བོ་ཐ་དད་པ་དང་ལྡོག་པ་གཅིག་པ་གཉིས་ཀར་མིན་པ་ལ་དགོངས་སོ།

།བཞི་པ་ལ་གསུམ། ཀུན་རྫོབ་བདེན་པ་དང༌། དོན་དམ་བདེན་པ་དང༌། བདེན་གཉིས་ཀྱི་གྲངས་ངེས་བསྟན་པའོ། །དང་པོ་ལ་གསུམ། ཀུན་རྫོབ་དང་བདེན་པའི་སྒྲ་དོན་བཤད་པ། ཀུན་རྫོབ་བདེན་པའི་མཚན་ཉིད། ཀུན་རྫོབ་ཀྱི་དབྱེ་བའོ།

།དང་པོ་ནི།

ཚིག་གསལ་ལས།
།ཀུན་རྫོབ་ལ་དེ་ཁོ་ན་ཉིད་ལ་སྒྲིབ་པ་དང༌། །ཕན་ཚུན་བརྟེན་པའི་དོན་དང༌།
།འཇིག་རྟེན་གྱི་ཐ་སྙད་གསུམ་བཤད་ཅིང༌། །ཕྱི་མ་ནི་བརྗོད་བྱ་དང་རྗོད་བྱེད་དང༌།

ཤེས་པ་དང་ཤེས་བྱ་ལ་སོགས་པའི་མཚན་ཉིད་ཅན་དུ་བཤད་པས། ཡུལ་ཅན་གྱི་ཐ་སྙད་ཤེས་བརྗོད་ཙམ་མིན་ལ། ཤེས་བྱ་དང་བརྗོད་བྱ་གང་ཡིན་ཐམས་ཅད་ཀྱང་ཀུན་རྫོབ་བདེན་པར་མི་གཟུང་ངོ༌། །དེ་ལ་གཟུགས་སོགས་རྣམས་ཤེས་པ་ཀུན་རྫོབ་པ་གང་གི་ངོར་བདེན་པར་འཇོག་པའི་ཀུན་རྫོབ་པ་ནི་གསུམ་གྱི་དང་པོ་ཡིན་ལ། དེ་ཡང་ཆོས་རྣམས་ལ་རང་བཞིན་གྱིས་གྲུབ་པའི་རང་གི་ངོ་བོ་མེད་པ་ལ་ཡོད་པར་སྒྲོ་འདོགས་པའི་མ་རིགས་པ་ཡིན་ཏེ། དོན་ལ་བདེན་པར་གྲུབ་པ་མི་སྲིད་པས་བདེན་པར་འཇོག་པ་ནི་བློའི་ངོར་ཡིན་ལ། བདེན་འཛིན་མིན་པའི་བློའི་ངོར་བདེན་པར་བཞག་ཏུ་མེད་པའི་ཕྱིར་རོ།

།དེ་ལྟར་ཡང་འཇུག་པ་ལས།
།གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི།
།ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ།

།ཞེས་སོ། །འདིར་འཇུག་འགྲེལ་ལ།
དེ་ལྟར་རེ་ཞིག་སྲིད་པའི་ཡན་ལག་གིས་ཡོངས་སུ་བསྡུས་པ་ཉོན་མོངས་པ་ཅན་གྱི་མ་རིག་པའི་དབང་གིས་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་གོ །དེ་ཡང་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ཅན་གྱི་མ་རིག་པ་སྤངས་པ། འདུ་བྱེད་གཟུགས་བརྙན་ལ་སོགས་པའི་ཡོད་པ་ཉིད་དང་འདྲ་བར་གཟིགས་པ་རྣམས་ལ་ནི་བཅོས་མའི་རང་བཞིན་ཡིན་གྱི། བདེན་པ་ནི་མ་ཡིན་ཏེ་བདེན་པར་མངོན་པར་རློམ་པ་མེད་པའི་ཕྱིར་རོ། །བྱིས་པ་རྣམས་ལ་ནི་སླུ་བར་བྱེད་པ་ཡིན་ལ། དེ་ལས་གཞན་པ་རྣམས་ལ་ནི་སྒྱུ་མ་ལ་སོགས་པ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱིས་ཀུན་རྫོབ་ཙམ་དུ་འགྱུར་རོ།

ཞེས་གསུངས་པས་ནི་ཀུན་རྫོབ་བདེན་པ་ཡོད་པར་འཇོག་པ་རྣམས་མ་རིག་པས་ཡོད་པར་འཇོག་པ་དང༌། ཉོན་མོངས་ཅན་གྱི་མ་རིག་པ་སྤངས་པའི་ཉན་རང་དང་བྱང་སེམས་ཀྱི་ངོར་ཀུན་རྫོབ་ཀྱི་བདེན་པ་མི་འཇོག་པར་སྟོན་པ་མིན་ནོ། ། དེ་ལ་དང་པོའི་རྒྱུ་མཚན་ནི་སྔར་བཤད་པ་ལྟར། ཉོན་མོངས་པ་ཅན་གྱི་མ་རིག་པ་ནི་བདེན་འཛིན་ཡིན་པས། དེས་བཟུང་བའི་དོན་ཐ་སྙད་དུ་ཡང་མི་སྲིད་པའི་ཕྱིར་དང༌། ཀུན་རྫོབ་བདེན་པ་ཡིན་ན་ཐ་སྙད་དུ་ཡོད་པས་ཁྱབ་པའི་ཕྱིར་རོ། །དེས་ན་ཆོས་རྣམས་ཀུན་རྫོབ་ཏུ་ཡོད་པར་འཇོག་པའི་འཇོག་སའི་ཀུན་རྫོབ་ཡིན་ན་ནི། ཉོན་མོངས་ཅན་གྱི་མ་རིག་པ་ལ་ཀུན་རྫོབ་ཏུ་བྱས་པ་དེ་མ་ཡིན་དགོས་སོ། །གཉིས་པའི་རྒྱུ་མཚན་ནི་ཉོན་མོངས་ཅན་གྱི་མ་རིག་པའི་ཀུན་རྫོབ་སྤངས་པ་རྣམས་ལ་གང་གི་ངོར་བདེན་པར་འཇོག་པའི་བདེན་ཞེན་གྱི་ཀུན་རྫོབ་མེད་པའི་རྒྱུ་མཚན་གྱིས་འདུ་བྱེད་རྣམས་དེ་དག་གི་ངོར་མི་བདེན་པར་བསྒྲུབས་ཀྱི། ཀུན་རྫོབ་བདེན་པ་མ་ཡིན་པར་མ་བསྒྲུབས་པའི་ཕྱིར་རོ། །དེས་ན་དེ་དག་གི་ངོར་འདུ་བྱེད་རྣམས་ཀུན་རྫོབ་ཙམ་དུ་གསུངས་པས་ནི། དེའི་ངོར་ཀུན་རྫོབ་དང་བདེན་པ་གཉིས་ཀྱི་ནང་ནས་བདེན་པར་གཞག་ཏུ་མེད་པས། ཙམ་གྱི་སྒྲས་ནི་བདེན་པ་གཅོད་ཀྱི་ཀུན་རྫོབ་བདེན་པ་མི་གཅོད་པས་ཀུན་རྫོབ་ཙམ་དང་ཀུན་རྫོབ་བདེན་པ་གཉིས་གསུངས་པའི་དགོངས་པ་དེ་བཞིན་དུ་ཤེས་པར་བྱའོ།

།ཚིག་གསལ་ལས།
།འཇིག་རྟེན་གྱི་ཀུན་རྫོབ་ཏུ་བདེན་པ་ནི། །འཇིག་རྟེན་ཀུན་རྫོབ་བདེན་པ་སྟེ།

ཞེས་གསུངས་པ་ནི་འཇུག་འགྲེལ་ལས།
ཀུན་རྫོབ་དེས་གང་ཞིག་བདེན་པར་སྣང་ཞིང་རང་བཞིན་མེད་བཞིན་དུ་རང་བཞིན་དུ་སོ་སོར་སྣང་བ་དེ་ནི་འཇིག་རྟེན་ཕྱིན་ཅི་ལོག་ཏུ་གྱུར་པའི་ཀུན་རྫོབ་ཏུ་བདེན་པས་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་སྟེ། ཞེས་སྔར་བཤད་པའི་ཀུན་རྫོབ་དེའི་ངོར་བདེན་པ་ལ་གསལ་བར་གསུངས་པ་ལྟར་བྱ་ཡི། ཐ་སྙད་དུ་བདེན་པར་གྲུབ་པ་ལ་མི་བྱ་སྟེ། གཞན་དུ་ན་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུ་ཡང་མི་སྲིད་པའི་ལུགས་དང་འགལ་བའི་ཕྱིར་དང༌། བདེན་གྲུབ་འགོག་པ་དང་བདེན་མེད་སྒྲུབ་པ་རྣམས་ཐ་སྙད་དུ་བྱེད་པའི་ཕྱིར་རོ། །ཚུལ་འདིས་སློབ་དཔོན་ཡེ་ཤེས་སྙིང་པོས་ཀུན་རྫོབ་ཏུ་བདེན་པར་གནས་པར་བཤད་པའང་ཤེས་པར་བྱའོ། །འོ་ན་ཆོས་ཉིད་དང་བདག་གཉིས་བདེན་འཛིན་ཀུན་རྫོབ་པའི་ངོར་བདེན་པས་ཀུན་རྫོབ་བདེན་པར་འགྱུར་རོ་སྙམ་ན། བདེན་འཛིན་ཀུན་རྫོབ་པའི་ངོར་བདེན་པ་ཙམ་ཞིག་ལ་ཀུན་རྫོབ་བདེན་པར་འཇོག་ན་དེ་ལྟར་འགྱུར་མོད་ཀྱང་དེ་ལྟར་ནི་མི་སྨྲའི་ཀུན་རྫོབ་བདེན་པའི་བདེན་པ་དེ་ཀུན་རྫོབ་པ་གང་གི་ངོར་བདེན་པའི་ཀུན་རྫོབ་པ་དང་དེའི་ངོར་བདེན་ཚུལ་བཤད་པ་ཙམ་མོ།

།གཉིས་པ་ནི། ཕྱི་ནང་གི་དངོས་པོ་འདི་རྣམས་རེ་རེ་ལ་ཡང་དོན་དམ་པ་དང་ཀུན་རྫོབ་པའི་ངོ་བོ་གཉིས་གཉིས་ཡོད་དེ། དེ་ཡང་མྱུ་གུ་ལྟ་བུ་ཞིག་ལ་མཚོན་ན། ཤེས་བྱ་ཡང་དག་པ་དེ་ཁོ་ནའི་དོན་གཟིགས་པའི་རིགས་ཤེས་ཀྱིས་རྙེད་པའི་མྱུ་གུའི་ངོ་བོ་དང༌། ཤེས་བྱ་རྫུན་པ་སླུ་བའི་དོན་འཇལ་བའི་ཐ་སྙད་པའི་ཤེས་པས་རྙེད་པའི་མྱུ་གུའི་ངོ་བོའོ། །དེའི་སྔ་མ་ནི་མྱུ་གུའི་དོན་དམ་བདེན་པའི་ངོ་བོ་ཡིན་ལ། ཕྱི་མ་ནི་མྱུ་གུའི་ཀུན་རྫོབ་བདེན་པའི་ངོ་བོའོ།

།དེ་ལྟར་ཡང་འཇུག་པ་ལས།
།དངོས་ཀུན་ཡང་དག་རྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར།
།ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས།

ཞེས་སོ། །འདིས་ནི་མྱུ་གུའི་ངོ་བོ་ལ་བདེན་གཉིས་ཀྱི་ངོ་བོ་གཉིས་ཡོད་པའི་དོན་དམ་ནི་ཤེས་པ་སྔ་མ་དང༌། ཀུན་རྫོབ་ནི་ཤེས་པ་ཕྱི་མས་རྙེད་པར་སྟོན་གྱི། མྱུ་གུའི་ངོ་བོ་གཅིག་ཉིད་ཤེས་པ་སྔ་ཕྱི་གཉིས་ལ་ལྟོས་ནས་བདེན་པ་གཉིས་སུ་སྟོན་པ་མིན་ཏེ།

འཇུག་འགྲེལ་ལས།
དངོས་པོ་ཐམས་ཅད་ཀྱི་རང་གི་ངོ་བོ་རྣམ་པ་གཉིས་ཉེ་བར་བསྟན་ཏེ། འདི་ལྟ་སྟེ་ཀུན་རྫོབ་དང་དོན་དམ་པའོ། ཞེས་དངོས་པོ་རེ་རེའི་ངོ་བོ་ལ་གཉིས་གཉིས་སུ་ཕྱེ་ནས་དོན་དམ་པ་ནི་ཡང་དག་པའི་དོན་གཟིགས་པའི་ཤེས་པ་དང༌། ཀུན་རྫོབ་ནི་རྫུན་པ་མཐོང་བའི་ཤེས་པས་རྙེད་པར་གསུངས་སོ། །ཀུན་རྫོབ་བདེན་པ་ནི་དོན་ལ་མི་བདེན་གྱི་བདེན་འཛིན་གྱི་ངོ་ཙམ་དུ་བདེན་པ་ཡིན་པས་དེའི་དོན་ལྡོག་ངེས་པ་ལ་རྫུན་པར་ངེས་དགོས་སོ། །མཚན་གཞི་བུམ་པ་ལྟ་བུ་ཞིག་ཤེས་བྱ་རྫུན་པ་སླུ་བའི་དོན་དུ་ངེས་པ་ལ་གཞི་དེ་ལ་བདེན་པར་འཛིན་པའི་ཞེན་ཡུལ་རིགས་ཤེས་ཀྱིས་སུན་ཕྱུང་བའི་ལྟ་བ་རྙེད་དགོས་ཏེ། བདེན་པ་རིགས་པས་མ་ཁེགས་པར་རྫུན་པ་ཚད་མས་མི་འགྲུབ་པའི་ཕྱིར་རོ། །བུམ་སྣམ་ལ་སོགས་པ་ཀུན་རྫོབ་བདེན་པ་ཡིན་ཡང་དེ་དག་བློས་གྲུབ་པ་ན་ཀུན་རྫོབ་བདེན་པའི་དོན་བློས་གྲུབ་མི་དགོས་ཏེ། བུམ་སྣམ་སོགས་རང་བཞིན་མེད་བཞིན་དུ་སྣང་བའི་སྒྱུ་མ་ལྟ་བུ་ཡིན་ཡང༌། དེ་དག་གྲུབ་པའི་བློས་སྒྱུ་མ་ལྟ་བུའི་དོན་གྲུབ་མི་དགོས་པ་བཞིན་ནོ༌། །དེའི་ཕྱིར་དབུ་མའི་ལྟ་བ་མེད་པའི་སོ་སྐྱེའི་ཤེས་ངོ་ལ་ལྟོས་ཏེ་བུམ་སྣམ་སོགས་ཀུན་རྫོབ་བདེན་པ་དང༌། འཕགས་པ་ལ་ལྟོས་ཏེ་དོན་དམ་བདེན་པར་འཇོག་པ་འདིའི་ལུགས་སུ་སྨྲ་བ་ནི་རིགས་པ་མིན་ཏེ།

འཇུག་འགྲེལ་ལས།
དེ་ལ་སོ་སོའི་སྐྱེ་བོ་རྣམས་ཀྱི་དོན་དམ་པ་གང་ཡིན་པ་དེ་ཉིད། འཕགས་པ་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་རྣམས་ཀྱི་ཀུན་རྫོབ་ཙམ་ཡིན་ལ། དེའི་རང་བཞིན་སྟོང་བ་ཉིད་གང་ཡིན་པ་དེ་ནི་དེ་རྣམས་ཀྱི་དོན་དམ་པའོ་ཞེས་གསུངས་པ་ལས་བཟློག་ནས་སྨྲ་བ་ཡིན་པའི་ཕྱིར་རོ། །སོ་སོ་སྐྱེ་བོ་རྣམས་ཀྱིས་ནི་བུམ་པ་སོགས་ལ་བདེན་པར་འཛིན་ལ། དེ་ཉིད་དོན་དམ་པར་ཡོད་པར་འཛིན་པ་ཡང་ཡིན་པས། དེ་དག་གི་ཤེས་ངོ་དེ་ལ་ལྟོས་ཏེ་བུམ་སོགས་རྣམས་དོན་དམ་པར་གྲུབ་པ་ཡིན་གྱི། ཀུན་རྫོབ་པའི་དོན་མིན་ནོ། །དེ་དག་གི་ངོར་དོན་དམ་པར་གྱུར་བའི་གཞི་བུམ་སོགས་རྣམས་འཕགས་པའི་རྒྱུད་ཀྱི་སྣང་བ་སྒྱུ་མ་ལྟ་བུ་འཇལ་བའི་ཡེ་ཤེས་ཀྱི་གཟིགས་པ་ལ་ལྟོས་ནས་ཀུན་རྫོབ་པ་ཡིན་ནོ། །ཤེས་པ་དེ་ལ་ལྟོས་ན་བདེན་པར་གཞག་ཏུ་མེད་པས་ཀུན་རྫོབ་ཙམ་ཞེས་གསུངས་སོ།

།དེ་ལྟ་ནའང་དེ་དག་གི་རང་བཞིན་དོན་དམ་བདེན་པར་གསུངས་པས་བུམ་སོགས་ཀུན་རྫོབ་དང༌། དེ་དག་གི་རང་བཞིན་འཕགས་པའི་དོན་དམ་མོ་ཞེས་ཕྱེ་ནས་བརྗོད་པར་བྱ་ཡི། བུམ་སོགས་འཕགས་པ་ལ་དོན་དམ་མོ་ཞེས་སྨྲ་བར་མི་བྱ་སྟེ། དེའི་ཡང་དག་པའི་དོན་མཐོང་བའི་རིགས་ཤེས་ཀྱིས་བུམ་སོགས་མ་རྙེད་པའི་ཕྱིར་དང༌། ཡང་དག་པའི་དོན་མཐོང་བའི་རིགས་ཤེས་ཀྱིས་རྙེད་པ་དོན་དམ་བདེན་པའི་དོན་དུ་གསུངས་པའི་ཕྱིར་རོ།

།གསུམ་པ་ནི། དབུ་མ་རང་རྒྱུད་པ་དག་ཤེས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་ནི་སྣང་བ་ལྟར་དུ་ཡོད་པར་ངེས་པས། ཡུལ་ཅན་ལ་ཡང་ལོག་གཉིས་མི་འབྱེད་པར་ཡུལ་དུ་སྣང་བ་ལ་ཇི་ལྟར་སྣང་བ་ལྟར་གྱི་རང་གི་མཚན་ཉིད་ཀྱིས་ཡོད་མེད་འབྱེད་པ་རྣམས་ནི།

བདེན་གཉིས་ལས།
།སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར།
།ཡང་དག་ཡང་དག་མ་ཡིན་པའི༌། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས།

ཞེས་གསུངས་པ་ལྟར་བཞེད་དོ། །ལུགས་འདི་ནི་མ་རིག་པ་དང་ལྡན་པ་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པར་གང་སྣང་བ་ཐམས་ཅད་ཤེས་པ་དེ་མ་རིག་པས་བསླད་པའི་སྣང་བར་བཞེད་པས། ཀུན་རྫོབ་པའི་དོན་ལ་ཡང་ལོག་གཉིས་སུ་མི་འབྱེད་དོ།

།འདིར་འཇུག་འགྲེལ་ལས།
གང་ཞིག་ཀུན་རྫོབ་ཏུ་ཡང་རྫུན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་ནོ།

ཞེས་གསུངས་པ་ནི་བརྡ་ལ་བྱང་བའི་འཇིག་རྟེན་པའི་ཀུན་རྫོབ་ཀྱི་ངོར་བྱད་བཞིན་གྱི་གཟུགས་བརྙན་ལྟ་བུ་དེ་བྱད་བཞིན་དུ་མི་བདེན་པས། དེ་ལ་ལྟོས་པའི་ཀུན་རྫོབ་བདེན་པ་མིན་ནོ། །དེ་ལྟ་ནའང་ཤེས་བྱ་རྫུན་བ་སླུ་བའི་དོན་མཐོང་བས་རྙེད་པའི་དོན་ནི་ཡིན་པས་ཀུན་རྫོབ་བདེན་པའོ། །གཟུགས་བརྙན་སྣང་བའི་ཤེས་པ་སྣང་ཡུལ་ལ་འཁྲུལ་བ་བཞིན་དུ་མ་རིག་པ་དང་ལྡན་པ་རྣམས་ལ་སྔོན་པོ་ལ་སོགས་པའི་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་ཡང་སྣང་ཡུལ་ལ་འཁྲུལ་པར་མཚུངས་སོ། །གཞལ་བྱ་བདེན་པ་འཇོག་ན་དེ་ལྟར་འཁྲུལ་པ་དེས་འཇོག་པ་འགལ་ཡང༌། གཞལ་བྱ་རྫུན་པ་འཇོག་པ་ལ་དེ་ཉིད་གྲོགས་སུ་འགྲོ་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཐ་སྙད་དུ་བདེན་པར་མ་གྲུབ་ན་ཀུན་རྫོབ་བདེན་པར་འཇོག་མི་ནུས་པས་སྒྱུ་མ་ལྟ་བུའི་རྫུན་པ་རྣམས་ཐ་སྙད་དུ་འཇོག་ན། ཀུན་རྫོབ་བདེན་པ་གཞག་མི་ནུས་པར་འགྱུར་རོ། །ཐལ་འགྱུར་བའི་ལུགས་ཀྱིས་ནི། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་ཤེས་པ་དྲུག་དང༌། དེ་ལས་བཟློག་པའི་ཤེས་པ་དྲུག་དང༌། ཤེས་པ་སྔ་མ་དྲུག་གིས་བཟུང་བའི་ཡུལ་དྲུག་དང༌། ཕྱི་མ་དྲུག་གིས་བཟུང་བའི་ཡུལ་དྲུག་སྟེ། ལོག་པའི་ཡུལ་ཡུལ་ཅན་དྲུག་ལོག་པའི་ཀུན་རྫོབ་དང་། མ་ལོག་པའི་ཡུལ་ཡུལ་ཅན་དྲུག་ཡང་དག་ཀུན་རྫོབ་ཏུ་འཇོག་ལ། དེ་ཡང་འཇིག་རྟེན་པའམ་ཐ་སྙད་པའི་ཚད་མ་ཉིད་ལ་ལྟོས་ནས་ཡང་དག་དང་ལོག་པའི་ཀུན་རྫོབ་ཏུ་འཇོག་གི །འཕགས་པའི་གཟིགས་པའི་རྗེས་སུ་འབྲང་བའི་རིགས་ཤེས་ལ་ལྟོས་ནས་མིན་པས། དབུ་མ་པ་རང་གི་ལུགས་ལ་མ་རིག་པ་དང་ལྡན་པ་ལ་གཟུགས་བརྙན་སོགས་དང༌། སྔོ་སོགས་སྣང་བ་གཉིས་ལ་སྣང་ཡུལ་ལ་ལྟོས་ཏེ་འཁྲུལ་མ་འཁྲུལ་གཉིས་མེད་པའི་ཕྱིར། ཡང་དག་དང་ལོག་པའི་ཀུན་རྫོབ་གཉིས་སུ་མི་བྱེད་དེ།

འཇུག་པ་ལས།
།གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །བཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ།
།འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག།

།ཅེས་སོ། །གང་ཟག་དང་ཆོས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་ལ་གཉིས་ཡོད་པའི་རང་གི་གྲུབ་མཐའ་ངན་པས་འཕྲལ་དུ་ཡིད་བསླད་པ་ལས་བྱུང་བ་ལྟ་བུའི་འཛིན་སྟངས་ཀྱི་བཟློག་ཕྱོགས་ནི་ཐ་སྙད་པའི་ཚད་མས་མི་འགྲུབ་པས་དམིགས་བསལ་ལོ། །གཞན་ཡང་མ་རིག་པའི་བག་ཆགས་ཀྱིས་སློད་པའི་རྒྱུ་མཐའ་དག་དང་བྲལ་བའི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལ་གཉིས་སུ་སྣང་བ་ཤར་བ་ཡང༌། སྣང་ཡུལ་ལ་འཁྲུལ་བ་ནི་མིན་ཏེ། རྒྱུ་མཚན་ནི་གཞན་དུ་བཤད་ཟིན་ཏོ།

།གཉིས་པ་ལ་གསུམ། དོན་དམ་དང་བདེན་པའི་དོན་བཤད་པ། དོན་དམ་བདེན་པའི་མཚན་ཉིད་བཤད་པ། དོན་དམ་པའི་དབྱེ་བ་བཤད་པའོ། །དང་པོ་ནི།

ཚིག་གསལ་ལས།
དོན་ཡང་དེ་ཡིན་ལ་དམ་པ་ཡང་ཡིན་པས་ན་དོན་དམ་པའོ། །དེ་ཉིད་བདེན་པ་ཡིན་པས་དོན་དམ་བདེན་པའོ།

ཞེས་གསུངས་པས་དོན་དང་དམ་པ་གཉིས་ཀ་དོན་དམ་བདེན་པ་ཉིད་ལ་བཞེད་དོ། །དོན་དམ་བདེན་པའི་བདེན་ཚུལ་ནི་མི་སླུ་བ་ཡིན་ལ། དེ་ཡང་གནས་ཚུལ་གཞན་དུ་གནས་ཤིང་སྣང་ཚུལ་གཞན་དུ་སྣང་ནས་འཇིག་རྟེན་ལ་མི་སླུ་བའི་ཕྱིར། དོན་དམ་བདེན་པར་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་ཡོད་པར་བཞག་པ་ཙམ་ཡིན་པར་རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས་གསུངས་སོ། །དེས་ན་ཀུན་རྫོབ་བདེན་པའི་བདེན་པ་ནི་བདེན་འཛིན་གྱི་ངོར་བདེན་པ་དང༌། དོན་དམ་བདེན་པ་གཉིས་སྒྲ་དོན་མི་འདྲའོ།

།གཉིས་པ་ལ་གཉིས། དངོས་ཀྱི་དོན་དང༌། རྩོད་པ་སྤང་བའོ། །དང་པོ་ནི། དོན་དམ་བདེན་པའི་མཚན་ཉིད་ནི།

འཇུག་པ་ལས།
ཤེས་བྱ་ཡང་དག་པའི་དོན་མཐོང་བས་རྙེད་པ་ལ་གསུངས་པ་སྔར་བཤད་པ་ལྟར་ཡིན་ལ། དེའི་འགྲེལ་བ་ལས། དེ་ལ་དོན་དམ་པ་ནི་ཡང་དག་པ་གཟིགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ཁྱད་པར་གྱི་ཡུལ་ཉིད་ཀྱིས། བདག་གི་རང་གི་ངོ་བོ་རྙེད་པ་ཡིན་གྱི། རང་གི་བདག་ཉིད་ཀྱིས་གྲུབ་པ་ནི་མ་ཡིན་ཏེ་འདི་ནི་ངོ་བོ་གཅིག་ཡིན་ནོ།

ཞེས་དེ་ཁོ་ན་ཉིད་འཇལ་བའི་ཟག་མེད་ཀྱི་ཡེ་ཤེས་ཀྱིས་རྙེད་ལ། རང་གི་ངོ་བོས་མ་གྲུབ་པར་གསུངས་པས། མཉམ་གཞག་ཟག་མེད་ཀྱིས་རྙེད་རྒྱུ་ཞིག་བྱུང་ན་བདེན་པར་གྲུབ་པ་ཡིན་ནོ། ཞེས་སྨྲ་བ་བཀག་པ་ཡིན་ནོ། །ཡེ་ཤེས་ཀྱི་ཁྱད་པར་ཞེས་གསུངས་བས་ནི་འཕགས་པ་རྣམས་ཀྱི་ཡེ་ཤེས་གང་ཡིན་གྱིས་རྙེད་པས་མི་ཆོག་གི །ཡེ་ཤེས་ཀྱི་ཁྱད་པར་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་རྙེད་པ་ཞིག་དོན་དམ་བདེན་པར་སྟོན་པའོ། །རྙེད་པའི་དོན་ནི། ཤེས་པ་དེས་དེ་ལྟར་གྲུབ་པའི་དོན་ཡིན་ཏེ། ཀུན་རྫོབ་ལ་ཡང་འདྲའོ། །ཡང་དེས་ཇི་ལྟར་རྙེད་པའི་ཚུལ་ནི། རབ་རིབ་ཅན་གྱི་མིག་གིས་བར་སྣང་གི་གཞིར་སྐྲ་ཤད་འཛག་པར་མཐོང་བ་ན་རབ་རིབ་མེད་བའི་མིག་གིས་གཞི་དེར་སྐྲ་ཤད་འཛག་པའི་སྣང་བ་ཙམ་ཡང་མ་མཐོང་བ་བཞིན་དུ། མ་རིག་པའི་རབ་རིབ་ཀྱིས་གནོད་པ་བྱས་པ་རྣམས་ཀྱིས་ཕུང་པོ་ལ་སོགས་པའི་རང་གི་ངོ་བོ་དམིགས་པ་དེ་ཉིད་མ་རིག་པའི་བག་ཆགས་མ་ལུས་པར་ཟད་པ་དང༌། འཕགས་པ་སློབ་པའི་མཉམ་གཞག་ཟག་མེད་ཀྱི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་གཟིགས་ཚུལ་གྱི་དབང་དུ་བྱས་ན་རབ་རིབ་མེད་པའི་མིག་བཞིན་དུ་གཉིས་སྣང་ཕྲ་མོ་ཡང་མ་གཟིགས་པའི་ཚུལ་གྱིས་རང་བཞིན་གང་གིས་གཟིགས་པ་ནི་དོན་དམ་བདེན་པ་སྟེ།

འཇུག་པ་ལས།
།རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པ། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ།
།དེ་ཉིད་བདག་ཉིད་གང་དུ་མིག་དག་པས། །མཐོང་སྟེ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས།

ཞེས་གསུངས་ཤིང་། དེའི་འགྲེལ་པ་ལས་ཀྱང༌། ཕུང་པོ་ལ་སོགས་པ་དེ་དག་ཉིད་མ་རིག་པའི་བག་ཆགས་དང་བྲལ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རབ་རིབ་ཅན་མ་ཡིན་པས་སྐྲ་ཤད་མཐོང་བའི་ཚུལ་དུ་རང་བཞིན་གང་གིས་གཟིགས་པ་དེ་ནི་དེ་དག་གི་དོན་དམ་པའི་བདེན་པའོ། ཞེས་གསུངས་སོ། །དེ་ལྟར་གཟིགས་པའི་དོན་དམ་པ་ནི། ཆོས་ཅན་རེ་རེ་ལ་ངོ་བོ་གཉིས་གཉིས་ཡོད་བའི་དོན་དམ་གྱི་ངོ་བོ་ཡིན་ལ། དེ་ཡང་ཆོས་ཅན་རྣམས་རང་བཞིན་གྱིས་གྲུབ་པས་སྟོང་བའི་རང་བཞིན་རྣམ་དག་གི་མྱང་འདས་དང༌། [སྟོང་ཉིད]དེ་ཉིད་དྲི་མའི་ས་བོན་ཅི་རིགས་པ་དང་བྲལ་བའི་འགོག་བདེན་གྱི་མྱང་འདས་གཉིས་ཡིན་པས།

རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས།
ཅི་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་བདེན་པ་ཡིན་ནམ་ཞེ་ན། འདི་ནི་དེ་བཞིན་ཏེ།

ཞེས་དང༌། དེའི་ཕྱིར་མྱ་ངན་ལས་འདས་པ་ནི་ཀུན་རྫོབ་ཀྱི་བདེན་པར་ཡོངས་སུ་བརྟགས་པ་ཁོ་ན་ཡིན་ནོ། ཞེས་གསུངས་པའི་དོན་ནི། མྱང་འདས་དོན་དམ་བདེན་པ་ཡོད་པར་འཇོག་པ་ཡང་ཀུན་རྫོབ་བདེན་པ་ཐ་སྙད་པའི་ཤེས་ངོར་ཡོད་པ་ཙམ་དུ་འཇོག་གི །ལུགས་འདིས་མྱང་འདས་ཀུན་རྫོབ་བདེན་པར་བཞེད་པ་མིན་ཏེ། འགྲེལ་པ་དེ་ཉིད་ལས་ཀྱང༌། བདེན་པ་གསུམ་ཀུན་རྫོབ་བདེན་པ་དང༌། མྱང་འདས་དོན་དམ་བདེན་པར་བཤད་ཅིང་།

འཇུག་འགྲེལ་ལས་ཀྱང༌།
།བདེན་པ་གཞན་གསུམ་ཀུན་རྫོབ་དང༌། །འགོག་བདེན་དོན་དམ་བདེན་པར་གསུངས་པའི་ཕྱིར་དང༌།

མྱང་འདས་ཀུན་རྫོབ་ཏུ་ཡོད་པར་འཇོག་ན་དོན་དམ་བདེན་པར་གསུངས་པ་དང་འགལ་བར་བརྩད་པའི་ལན་དུ་འཇིག་རྟེན་གྱི་ཐ་སྙད་ཁོ་ནས་དོན་དམ་པའི་བདེན་བར་གསུངས་སོ། ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་ཡོད་པར་འཇོག་པ་ཐམས་ཅད་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་འཇོག་སྟེ།

ཤེར་ཕྱིན་འབུམ་པ་ལས།
།ཆོས་འདི་ཐམས་ཅད་ནི་འཇིག་རྟེན་གྱི་ཐ་སྙད་ལ་བརྟེན་ནས་བཏགས་ཀྱི་དོན་དམ་པར་ནི་མ་ཡིན་ནོ།

།ཞེས་གསུངས་ཤིང༌། སྟོང་ཉིད་བདུན་ཅུ་པ་ལས་ཀྱང༌།
།གནས་པའམ་སྐྱེ་འཇིག་ཡོད་མེད་དམ། །དམན་པའམ་མཉམ་པའམ་ཁྱད་པར་ཅན།
།སངས་རྒྱས་འཇིག་རྟེན་སྙད་དབང་གིས། །གསུངས་ཀྱི་ཡང་དག་དབང་གིས་མིན།

ཞེས་སྐྱེ་འཇིག་གནས་གསུམ་དང༌། དམན་མཆོག་འབྲིང་གསུམ་དང༌། འདི་ཡོད་འདི་མེད་ཀྱི་རྣམ་གཞག་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་རྒྱལ་པས་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་དུ་གསུངས་ཀྱི། ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་མིན་པའི་ཡང་དག་པའི་གནས་ཚོད་ཀྱི་དབང་གིས་བཞག་པ་མིན་པར་གསུངས་སོ། སློབ་དཔོན་ཡེ་ཤེས་སྙིང་པོས། དོན་དམ་པར་བདེན་པས་དོན་དམ་བདེན་པའོ། ཞེས་བཤད་པ་ཡང༌། དེས་རིགས་ཤེས་ཀྱང་དོན་དམ་དུ་བཤད་པས། དེའི་ངོར་མི་སླུ་བ་ལ་བདེན་པར་གསུངས་པ་ཡིན་གྱི། དཔྱད་བཟོད་ཀྱི་བདེན་གྲུབ་ལ་དགོངས་པ་མིན་ཏེ། གཞུང་དེར་ཆོས་ཐམས་ཅད་བདེན་པར་གྲུབ་པ་བཀག་པའི་ཕྱིར་རོ། །དེའི་ཕྱིར་དོན་དམ་དོན་དམ་དུ་མི་བདེན་ན། ཀུན་རྫོབ་ཀུན་རྫོབ་ཏུ་མི་བདེན་ནོ་ཞེས་སྨྲ་བ་ནི་འདོད་པ་ཡིན་ལ། སྔ་མ་སྔ་མར་མ་གྲུབ་ན་ཕྱི་མ་ཕྱི་མར་མ་གྲུབ་བོ་ཞེས་སྨྲ་ན་ནི། བདེན་པ་བཀག་པ་བདེན་པར་མ་གྲུབ་ན་དགག་གཞི་ཆོས་ཅན་རྣམས་བདེན་གྲུབ་ཏུ་འགྱུར་རོ་ཞེས་པར་འགྱུར་ཏེ། དོན་དམ་བདེན་པ་ནི་དགག་གཞི་ཆོས་ཅན་ལ་བདེན་པ་བཀག་པ་ཙམ་ལ་འཇོག་པའི་ཕྱིར་དང༌། ཆོས་ཅན་རྣམས་ཀུན་རྫོབ་ཏུ་མ་གྲུབ་པར་འཕེན་པ་ནི་རྫུན་པར་མ་གྲུབ་པར་འཕེན་པའི་ཕྱིར་རོ། །དེ་ལྟ་ན་ནི་ཤིན་ཏུ་ཡང་མ་འབྲེལ་བར་འགྱུར་ཏེ། ཆོས་ཅན་སྣང་བ་རྣམས་བདེན་གྲུབ་ཏུ་མེད་པ་བདེན་པར་མ་གྲུབ་པ་ཉིད་ཀྱིས་དགག་གཞི་རྣམས་རྫུན་པར་འགྲུབ་དགོས་པའི་ཕྱིར་རོ། །དེས་ན་ཐ་སྙད་དུ་ཡོད་པར་འཇོག་པ་ལ་དེ་ཁོ་ན་ཉིད་ཀྱི་རིགས་ཤེས་ཀྱིས་འགྲུབ་མི་དགོས་ཀྱང༌། ཐ་སྙད་པ་དང་རིགས་ཤེས་ཀྱི་ཚད་མ་གང་གིས་ཀྱང་མི་གནོད་པ་ཞིག་དགོས་ཏེ།

རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས།
ཉེར་ལེན་གྱི་ཕུང་པོ་མི་རྟག་སོགས་བཞིར་ཀུན་རྫོབ་ཏུ་གནས་པས། དེ་བཞིར་འཛིན་པ་དེ་ལ་ལྟོས་ཏེ་ཕྱིན་ཅི་མ་ལོག་པ་དང༌། ཕུང་པོ་རྟག་སོགས་བཞིར་ཀུན་རྫོབ་ཏུ་ཡང་གནས་པ་མེད་པས་དེ་བཞིར་འཛིན་པ་དེ་ལ་ལྟོས་ཏེ་ཕྱིན་ཅི་ལོག་ཏུ་བཤད་ཅིང༌།

འཇུག་པ་ལས།
།མི་ཤེས་གཉིད་ཀྱིས་རབ་བསྐྱོད་མུ་སྟེགས་ཅན། །རྣམས་ཀྱིས་བདག་ཉིད་ཇི་བཞིན་བཏགས་པ་དང༌།
།སྒྱུ་མ་སྨིག་རྒྱུ་སོགས་ལ་བཏགས་པ་གང༌། །དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད།

ཅེས་མུ་སྟེགས་ཀྱིས་ཀུན་བཏགས་པའི་བདག་དང་གཙོ་བོ་སོགས་དང༌། སྒྱུ་མའི་རྟ་གླང་སོགས་སུ་ཞེན་པའི་ཡུལ་རྣམས་ཐ་སྙད་དུ་ཡང་མེད་པར་གསུངས་པས་བློ་འཁྲུལ་པ་ཞིག་གི་ངོར་ཡོད་ཙམ་ལ་ཀུན་རྫོབ་ཏུ་ཡོད་པར་འཇོག་པ་ཐལ་འགྱུར་བའི་ལུགས་སུ་སྨྲ་བ་ནི་སྙིང་པོ་མེད་པའི་གཏམ་ཡིན་ལ། དབུ་མ་པ་ཆེན་པོ་གཞན་སུས་ཀྱང་མི་འདོད་དོ། །འཇུག་པ་ལས་ཡུལ་ཡུལ་ཅན་ལ་ཡོད་མེད་མགོ་མཚུངས་མཛད་པ་ཡང་སྤྱིར་ཡོད་མེད་ཙམ་མིན་གྱི། དེ་གཉིས་རང་བཞིན་གྱིས་ཡོད་མེད་ལ་དེ་ལྟར་མཛད་པའོ། །དེས་ན་ཐ་སྙད་དུ་ཡོད་པར་འཇོག་པ་རྣམས་མིང་གི་ཐ་སྙད་ཀྱི་དབང་གིས་ཡོད་པར་བཞག་པ་ཡིན་ཡང་། དེའི་དབང་གིས་གང་བཞག་ཐམས་ཅད་ཐ་སྙད་དུ་ཡོད་པར་མི་འདོད་ལ། ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་དུ་འདོད་ཀྱང་། ཙམ་གྱི་སྒྲས་ནི་ཡུལ་ཅན་གྱི་ཐ་སྙད་མིན་པའི་དོན་ཡིན་པ་གཅོད་པ་དང༌། འཇོག་པའི་དོན་དེ་ཚད་མས་གྲུབ་པ་གཅོད་པ་གཏན་མིན་ཏེ། འདི་ལྟར་ཐ་སྙད་བཏགས་པའི་དབང་གིས་འཇོག་པས་མ་ཚིམ་པར་དེ་ཙམ་མིན་པའི་བཏགས་དོན་དོན་ལ་ཇི་ལྟར་ཡོད་བཙལ་ནས་རྙེད་ན་ཡོད་པར་འཇོག་ལ། མ་རྙེད་ན་མེད་པར་འཇོག་པ་ལྟར་ལུགས་འདིས་མི་བྱེད་ཀྱི། ཚོལ་ལུགས་དེས་བཙལ་ནས་རྙེད་རྒྱུ་བྱུང་ན་བདེན་གྲུབ་ཏུ་འགྱུར་བར་བཞེད་པས་དེ་འདྲ་བའི་དཔྱད་ནས་ཡོད་པར་རྙེད་པ་ཐ་སྙད་དུ་ཡང་མི་འདོད་ལ། དེ་ཁོ་ན་ཉིད་ལ་དཔྱད་མ་དཔྱད་ཀྱི་ས་མཚམས་ཀྱང་དེ་ནས་འཇོག་པས། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡོད་ན་ཡུལ་ཅན་གྱི་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་མིན་པའི་དོན་རང་གི་ངོ་བོས་ཡོད་པར་འགྱུར་བར་གཟིགས་ནས་རང་བཞིན་གྱིས་སམ། རང་གི་མཚན་ཉིད་ཀྱིས་སམ། རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་ཐ་སྙད་དུ་ཡང་མི་བཞེད་དེ། རྒྱས་པར་གཞན་དུ་བཤད་ཟིན་ཏོ།

།གཉིས་པ་ནི། གལ་ཏེ་སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་དོན་དམ་པའི་བདེན་པ་རྙེད་ན།

འཇུག་འགྲེལ་ལས།
གལ་ཏེ་རྣམ་པ་དེ་ལྟ་བུའི་རང་བཞིན་མཐོང་བ་མེད་བ་ཉིད་མ་ཡིན་ནམ། དེའི་ཕྱིར་ཇི་ལྟར་དེ་དག་གིས་གཟིགས་ཤེ་ན། བདེན་མོད་ཀྱི་འོན་ཀྱང་མ་གཟིགས་པའི་ཚུལ་གྱིས་དེ་དག་གིས་གཟིགས་སོ་ཞེས་བརྗོད་དོ། །ཞེས་ཅི་ཡང་མ་གཟིགས་པ་ལ་དེ་ཁོ་ན་གཟིགས་པར་བཤད་ཅིང༌། དེའི་ཤེས་བྱེད་དུ་དོན་དམ་བདེན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་ཀྱང་འདས་པར་བཤད་པ་དྲངས་པ་དང༌། སངས་རྒྱས་ཀྱི་ས་ལ་སེམས་སེམས་བྱུང་གི་རྒྱུ་བ་གཏན་ལོག་པར་བཤད་བ་དང༌། སངས་རྒྱས་ཀྱིས་ཕུང་སོགས་མ་གཟིགས་ན་སྟོབས་བཅུའི་སྐབས་སུ་ཆོས་ཐམས་ཅད་མཁྱེན་པར་བཤད་པ་ཇི་ལྟར་མི་འགལ་ཞེ་ན། མ་གཟིགས་པའི་ཚུལ་གྱིས་གཟིགས་ཞེས་པ་ནི། ཡུལ་གང་ཡིན་ཐམས་ཅད་མ་མཐོང་བ་ལ་མི་བྱེད་ཀྱི། མ་རིག་པའི་རབ་རིབ་ཀྱི་མཐུས་དམིགས་པ་འདི་རྣམས་དེ་ཁོ་ན་ཉིད་དུ་ཡོད་ན། འཕགས་པའི་མཉམ་གཞག་ཟག་པ་མེད་པའི་ཡེ་ཤེས་ཀྱིས་དམིགས་དགོས་པ་ལས། དེ་རྣམས་ཅི་ཡང་མ་གཟིགས་པའི་སྒོ་ནས་དེ་དག་གི་དེ་ཁོ་ན་ཉིད་གཟིགས་བར་སྟོན་པ་ཡིན་ཏེ། དགག་བྱ་ཡོད་ན་དམིགས་སུ་རུང་བ་ལས་མ་དམིགས་པ་ཉིད་ལས་དགག་བྱ་བཀག་པ་རྟོགས་པར་འཇོག་པའི་ཕྱིར་རོ། །མཐོང་བ་མེད་པ་ནི་མཐོང་བ་དམ་པའོ། ཞེས་གསུངས་པའི་དོན་ཡང་དེ་བཞིན་དུ་ཤེས་པར་བྱའོ།

།དེ་ལྟར་ཡང་སྡུད་པ་ལས།
གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང༌། །འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང༌། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་སྟེ་དེས་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། ཞེས་མི་མཐོང་པ་ཕུང་པོ་ལྔ་དང༌། མཐོང་བ་ནི་ཆོས་ཞེས་གསུངས་ལ། དེ་ནི་དེ་ཁོ་ན་ཉིད་ཀྱི་དོན་ཏེ། སུས་རྟེན་འབྲེལ་མཐོང་བ་དེས་ཆོས་མཐོང་ངོ༌། ཞེས་གསུངས་པ་བཞིན་ནོ། །དེ་ཡང་དཔེར་ན་ནམ་མཁའ་ནི་ཐོགས་པའི་རེག་བྱ་བཅད་ཙམ་ཡིན་ལ། དེ་མཐོང་ངམ་རྟོགས་པ་ནི་དགག་བྱ་སྒྲིབ་ཐོགས་ཡོད་ན་དམིགས་སུ་རུང་བ་ལས་མ་མཐོང་བ་ལ་བྱེད་པ་དང་འདྲ་སྟེ། དེར་ཡང་མཐོང་བ་ནི་ནམ་མཁའ་དང་མ་མཐོང་བ་ནི་སྒྲིབ་ཐོགས་སོ། །དཔེ་དེ་བཞིན་དུ་མཐོང་བ་མིན་པར་སྔོན་པོ་མཐོང་བ་བཞིན་དུ་དེ་ཁོ་ན་ཉིད་མཐོང་བ་ནི་རྐང་པ་ཐ་མ་གཉིས་ཀྱིས་བཀག་གོ །ཕུང་པོ་ལྔ་མི་མཐོང་བར་གསུངས་པས་ནི་ཟག་མེད་ཀྱི་མཉམ་གཞག་གིས་དེ་ཁོ་ན་ཉིད་གཟིགས་པའི་ངོར་ཆོས་ཅན་མཐོང་བ་མིན་པར་བསྟན་ཏོ།

།བདེན་པ་གཉིས་ལ་འཇུག་པ་ལས།
ལྷའི་བུ་དག །དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ། ཇི་ལྟར་དོན་དམ་པའི་བདེན་པའོ་ཞེས་བརྗོད་པ་ལྟར་ནི་མ་ཡིན་ནོ། ཞེས་དོན་དམ་བདེན་པའོ་ཞེས་བརྗོད་པའི་ཚེ་ན། བློ་ལ་ཡུལ་ཡུལ་ཅན་གཉིས་སོ་སོར་སྣང་བ་ལྟར་མི་མཐོང་བ་ལ་བཤད་པས་གཉིས་སྣང་ལོག་པའི་ཁུངས་ཡིན་གྱི། སངས་རྒྱས་ཀྱིས་དོན་དམ་མ་རྟོགས་པའི་ཁུངས་མིན་ནོ། །

འཇུག་འགྲེལ་ལས་ཀྱང༌།
དངོས་པོ་བྱས་པ་ཅན་ལ་མ་རེག་པར་རང་བཞིན་འབའ་ཞིག་མངོན་སུམ་དུ་མཛད་པས་དེ་ཉིད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བརྗོད་དོ། ཞེས་སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་གཟིགས་པའི་ངོར་གཞན་དབང་ལ་མ་རེག་པར་ཆོས་ཉིད་འབའ་ཞིག་ཐུགས་སུ་ཆུད་པར་གསུངས་སོ། །སེམས་སེམས་བྱུང་གི་རྒྱུ་བ་ལོག་པ་ནི། དེ་ཁོ་ན་ཉིད་མངོན་དུ་གྱུར་པའི་ཚེ་རྣམ་རྟོག་གི་རྒྱུ་བ་ལོག་པའི་དོན་ཡིན་གྱི། སེམས་དང་སེམས་བྱུང་མེད་པར་སྟོན་པ་མིན་ཏེ།

ཚིག་གསལ་ལས།
རྣམ་པར་རྟོག་པ་ནི་སེམས་ཀྱི་རྒྱུ་བ་ཡིན་ན་དེ་དང་བྲལ་བའི་ཕྱིར། དེ་ཁོ་ན་ཉིད་དེ་ནི་རྣམ་པར་རྟོག་པ་མེད་པ་ཡིན་ནོ།

།ཇི་སྐད་དུ་མདོ་ལས།
དོན་དམ་པའི་བདེན་པ་གང་ཞེ་ན། །གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན། ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས།

ཞེས་གསུངས་སོ། ཞེས་སེམས་ཀྱི་རྒྱུ་བ་མེད་པར་གསུངས་པའི་དོན་རྣམ་རྟོག་གི་རྒྱུ་བ་མེད་པ་ལ་བཤད་དོ། །དེ་ཡང་འཕགས་པ་སློབ་པའི་མཉམ་གཞག་གི་དུས་སུ་གཏན་ལོག་པ་མིན་གྱི། སངས་རྒྱས་པའི་དུས་སུ་གཏན་ལོག་པར་འཇུག་འགྲེལ་ལས་གསུངས་སོ།

།གཞན་ཡང་འཇུག་འགྲེལ་ལས།
རང་བཞིན་དེ་ཡོད་པ་མིན་ན་དེ་རྟོགས་པའི་ཕྱིར་དུ་བྱང་སེམས་རྣམས་དཀའ་བ་སྤྱོད་པ་དོན་མེད་པར་ཤེས་བྱེད་དང་བཅས་པས་སྒྲུབས་ཏེ། ཇི་སྐད་དུ་དེ་དག་གི་རང་བཞིན་ཡང་གང་ཞིག་ཅེ་ན། དེ་དག་གི་བཅོས་མ་མ་ཡིན་པ་དང༌། གཞན་ལ་ལྟོས་པ་མེད་པ་གང་ཡིན་པ་སྟེ། མ་རིག་པའི་རབ་རིབ་དང་བྲལ་བའི་ཤེས་པས་རྟོགས་པར་བྱ་བའི་རང་གི་ངོ་བོའོ། །ཅི་དེ་ཡོད་དམ་མེད་དོ་ཞེས་ཇི་སྐད་དུ་སུ་སྨྲ། གལ་ཏེ་མེད་ན་ནི་ཅིའི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པའི་ལམ་སྒོམ་པར་འགྱུར་ཏེ། གང་གི་ཕྱིར་ཆོས་ཉིད་དེ་རྟོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་དཀའ་བ་བརྒྱ་ཕྲག་རྩོམ་པ་ཡིན་ནོ།
ཞས་གསུངས་ཤིང༌། དེའི་ཤེས་བྱེད་དུ། རིགས་ཀྱི་བུ་གལ་ཏེ་དོན་དམ་པ་ཡོད་པར་མ་གྱུར་ན་ནི་ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་ཞིང༌། དེ་བཞིན་གཤེགས་པ་རྣམས་འབྱུང་བ་དོན་མེད་པར་འགྱུར་རོ། །གང་གི་ཕྱིར་དོན་དམ་པ་ཡོད་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་དོན་དམ་པ་ལ་མཁས་པ་ཞེས་བྱའོ། ཞེས་དོན་དམ་བདེན་པ་ཡོད་པ་མིན་ན་མཐར་ཐུག་གི་མྱང་འདས་ཀྱི་ཚངས་པའི་དོན་དུ་སྤྱད་པ་སྤྱོད་པ་དོན་མེད་པ་དང་གདུལ་བྱས་དེ་རྟོགས་པ་མི་སྲིད་པས། དེས་དེ་རྟོགས་པར་བྱ་བའི་དོན་དུ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དོན་མེད་པ་དང༌། རྒྱལ་སྲས་ཆེན་པོ་རྣམས་དོན་དམ་བདེན་པ་ལ་མཁས་པ་མིན་པར་འགྱུར་བས་དོན་དམ་བདེན་པ་ཡོད་པར་བསྒྲུབས་པའི་མདོ་སྡེ་དྲངས་པས་ན། སློབ་དཔོན་ཆེན་པོ་འདིའི་ལུགས་ཀྱིས་དོན་དམ་བདེན་པ་ཤེས་བྱ་མིན་པ་དང༌། འཕགས་པའི་མཉམ་གཞག་ན་དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་མེད་པར་སྨྲ་བ་ནི་ལོག་པར་སྨྲ་བ་ཁོ་ན་ཡིན་ནོ།

།གཞན་ཡང་འཇུག་འགྲེལ་ལས།
དེའི་ཕྱིར་བཏགས་པ་ལས་དེ་ཁོ་ན་ཉིད་རྟོགས་སོ་ཞེས་རྣམ་པར་བཞག་གི །དངོས་སུ་ནི་འགའ་ཞིག་གིས་ཤེས་པ་ནི་མ་ཡིན་ཏེ། ཤེས་པ་དང་ཤེས་བྱ་གཉིས་ཀ་ཡང་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། ཞེས་གསུངས་པའི་དང་པོའི་དོན་ནི་ཡེ་ཤེས་དང་དེ་ཁོ་ན་ཉིད་གཉིས་ཡུལ་ཡུལ་ཅན་སོ་སོ་བ་གཉིས་སུ་བྱས་ནས་དེ་ཁོ་ན་ཉིད་རྟོགས་པར་འཇོག་པ་ནི་ཐ་སྙད་པའི་ཤེས་ངོ་ཙམ་དུ་འཇོག་གི །ཡེ་ཤེས་དེའི་ངོར་མི་འཇོག་པའི་དོན་ཡིན་ལ། ཤེས་པ་མ་སྐྱེས་ཞེས་པ་ནི་རང་བཞིན་གྱིས་མ་སྐྱེས་པའི་དོན་ལ་ཆུ་ལ་ཆུ་བཞག་པ་བཞིན་དུ་གྱུར་ཅེས་པའོ། །ཡེ་ཤེས་ཀྱི་ཡུལ་དེ་ཁོ་ན་ཉིད་ལ་སེམས་སེམས་བྱུང་མི་འཇུག་པས། སྐུ་ཁོ་ནས་མངོན་སུམ་དུ་མཛད།
ཅེས་གསུངས་པ་ནི། མངོན་དུ་བྱ་རྒྱུའི་ལས་སུ་བྱ་བ་ནི་དེ་ཁོ་ན་ཉིད་དང༌། ཡུལ་ཅན་གྱི་ཡེ་ཤེས་ནི་དེ་མངོན་དུ་བྱེད་པའི་བྱེད་པ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་ནི་དེ་མངོན་དུ་བྱེད་པའི་བྱེད་པ་པོ་སྟེ། མཁྱེན་པ་པོའོ། །དེས་དེ་མངོན་དུ་བྱེད་ཚུལ་ནི། སྔར་བཤད་པ་ལྟར་སེམས་སེམས་བྱུང་གི་ཀུན་རྟོག་གི་རྒྱུ་བ་ལོག་པའི་ཚུལ་གྱིས་ཡིན་ཏེ།

འགྲེལ་པ་ལས།
སྐུ་གང་གིས་དེ་ཉིད་མངོན་དུ་མཛད་པའི་སྐུ་དེ་སེམས་སེམས་བྱུང་དང་བྲལ་བས་ཞི་བའི་རང་བཞིན་ཅན་དུ་བཤད་པས་ཤེས་སོ། །སངས་རྒྱས་ཀྱིས་ཕུང་སོགས་མ་གཟིགས་ན་ཇི་སྙེད་པ་མཁྱེན་པ་དང༌། ཇི་སྙེད་པའི་དོན་ཐམས་ཅད་ལ་སྐུར་པ་འདེབས་པར་འགྱུར་ཏེ། ཡོད་པ་དང་སངས་རྒྱས་ཀྱིས་མི་མཁྱེན་པ་གཉིས་འགལ་བའི་ཕྱིར་རོ།

།དེས་ན་ཇི་སྙེད་པ་མཁྱེན་པ་ལ་ཇི་སྙེད་པའི་དོན་རྣམས་སྣང་དགོས་ཤིང༌། རྣམ་མེད་དུ་མཁྱེན་པ་འདི་པའི་ལུགས་མིན་པས་རྣམ་པར་ཤར་ནས་སོ། །སྣང་ཡུལ་ཇི་སྙེད་པ་ཡང་མ་རིག་པའི་བག་ཆགས་ཀྱིས་མ་བསླད་པའི་སངས་རྒྱས་ཀྱི་མཚན་དཔེ་སོགས་དང༌། མ་རིག་པའི་བག་ཆགས་ཀྱིས་བསླད་པའི་མ་དག་པའི་སྣོད་བཅུད་ལ་སོགས་པ་གཉིས་སོ། །དེའི་དང་པོ་ནི་སངས་རྒྱས་ཀྱི་སར་ལྡོག་པའི་དོན་མེད་ལ། གཉིས་པ་ནི་ས་དེར་རྒྱུ་ལོག་པས་ལྡོག་པ་ཡིན་ནོ། །སྣང་ཚུལ་ནི་སངས་རྒྱས་ཀྱི་མཚན་དཔེ་མ་རིག་པ་མ་སྤངས་པའི་གང་ཟག་ལ་སྣང་བ་ན། རང་གི་མཚན་ཉིད་ཀྱིས་མ་གྲུབ་བཞིན་དུ་དེར་སྣང་བ་ནི། ཡུལ་དེ་མ་རིག་པའི་བག་ཆགས་ཀྱི་དབང་གིས་བྱུང་བའི་རྒྱུ་མཚན་གྱིས་མིན་གྱི། ཡུལ་ཅན་དེ་མ་རིག་པའི་བག་ཆགས་ཀྱིས་བསླད་པའི་དབང་གིས་སྣང་བ་ཡིན་ཏེ། དེ་ནི་གང་ཟག་གཞན་ལ་དེ་ལྟར་སྣང་བ་ཙམ་གྱི་ངོས་ནས་ཡུལ་ཅན་དེ་ལ་སྣང་བ་མིན་པར་རང་ངོས་ནས་དེ་ལྟར་སྣང་བ་ཡིན་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལ། མ་རིག་པ་མ་སྤངས་པའི་ངོར་གཟུགས་སྒྲ་སོགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་བཞིན་དུ་དེར་སྣང་བའི་དོན་རྣམས་སྣང་བ་ནི། མ་རིག་པའི་བསླད་པ་ཡོད་པའི་གང་ཟག་ལ་དེ་དག་སྣང་བ་ཁོ་ནའི་སྒོ་ནས་སངས་རྒྱས་ལ་སྣང་བ་ཡིན་གྱི། གཞན་ལ་དེ་ལྟར་སྣང་བ་ལ་མ་ལྟོས་པར་སངས་རྒྱས་ཀྱི་རང་ངོས་ནས་སྣང་བ་མིན་ནོ། །དེའི་ཕྱིར་གཟུགས་སོགས་རང་བཞིན་གྱིས་མ་གྲུབ་བཞིན་དུ་དེར་སྣང་བ་སངས་རྒྱས་ཀྱིས་མཁྱེན་པ་ཡང་མ་རིག་པ་དང་ལྡན་པ་དེ་ལྟར་སྣང་བའི་ངོས་ནས་ཡིན་གྱི། གང་ཟག་དེ་ལ་དེར་སྣང་བ་ལ་མ་ལྟོས་པར་སངས་རྒྱས་རང་གི་ངོས་ནས་དེ་ལྟར་སྣང་བའི་ཚུལ་གྱིས་མཁྱེན་པ་མིན་པས། དེར་སྣང་བས་འཁྲུལ་བར་འགྱུར་བའི་དོན་མེད་དེ། དེ་ནི་ཡེ་ཤེས་ལ་བསླད་པ་ཡོད་ནས་སྣང་བ་མིན་ཡང་ཡེ་ཤེས་དེས་ཤེས་བྱ་ཐམས་ཅད་མཁྱེན་དགོས་པའི་གནད་ཀྱིས་ཡིན་པས་སོ། །དེ་ལྟར་ན་ཇི་སྙེད་པ་མཁྱེན་པའི་རང་ངོས་ནས་ནི། དངོས་པོ་ཐམས་ཅད་བདག་མེད་པ་དང་རང་བཞི་གྱིས་མེད་པའི་ངོ་བོར་སྣང་བས་རྫུན་པ་སྒྱུ་མ་བཞིན་དུ་སྣང་གི་བདེན་པར་མི་སྣང་ལ། མ་རིག་པ་དང་ལྡན་པ་རྣམས་ལ་སྣང་བའི་ཆ་ནས་ཡེ་ཤེས་དེ་ལ་སྣང་བ་ན། གང་ཟག་གཞན་དེ་ལ་བདེན་པར་སྣང་བར་ཤར་བཙམ་མོ།

།རིགས་པ་དྲུག་ཅུ་པ་ལས་ཀྱང༌།
།དངོས་ལ་མཁས་པ་རྣམས་ཀྱིས་ནི། །དངོས་པོ་མི་རྟག་སླུ་བའི་ཆོས།
།གསོག་དང་སྟོང་པ་བདག་མེད་པ། །རྣམ་པར་དབེན་ཞེས་བྱ་བར་མཐོང༌།

ཞེས་གསུངས་ལ། དེའི་འགྲེལ་བར་ཡང༌།
།མཛད་པ་མཐར་ཕྱིན་པས་དེ་ལྟར་གཟིགས་པར་གསུངས་སོ།

དེ་ལྟར་ན་བདེན་གཉིས་ལས།
།བརྟགས་པའི་ངོ་བོས་དབེན་པ་ཡི། །ཇི་ལྟར་སྣང་བ་འདི་ཁོ་ན།
།བརྟེན་ཏེ་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས།

ཞེས་ཇི་སྙེད་པ་ཐམས་ཅད་མངོན་སུམ་དུ་ས་ལེ་གཟིགས་པ་དང་།
།གང་ཚེ་ཤེས་དག་ཤེས་བྱ་དང༌། །བདག་ཉིད་རྗེས་སུ་མི་མཐོང་བ།
།དེ་ནི་མཚན་མ་མི་འབྱུང་བའི། །གནས་པ་བརྟན་ཕྱིར་མི་བཞེངས་སོ།

ཞེས་གཉིས་སྣང་ཉེ་བར་ཞི་བའི་ཏིང་ངེ་འཛིན་ལས་དུས་ནམ་ཡང་མི་བཞེངས་པར་བཤད་པ་གཉིས་ཀའི་ཚུལ་གསུངས་པ་རྣམས་ཀྱང༌། ཇི་བཞིན་དུ་མ་གོ་བ་ལ་དེ་གཉིས་གང་རུང་གཅིག་མ་གཏོག་པ། གཉིས་ཀ་ཁས་ལེན་པ་འགལ་བར་སྣང་ཡང་འགལ་བ་ནི་མེད་དེ། དེ་ཁོ་ན་ཉིད་གཟིགས་པ་དང༌། ཇི་སྙེད་པ་གཟིགས་པའི་ཡེ་ཤེས་གཉིས་ངོ་བོ་གཅིག་ཡིན་ཡང༌། ཡུལ་སོ་སོ་ལ་ལྟོས་ཏེ་རིགས་ཤེས་དང༌། ཐ་སྙད་པའི་ཤེས་པ་གཉིས་སུ་འགྲོ་བ་ཅུང་ཟད་ཀྱང་མི་འགལ་བའི་ཕྱིར་རོ། །འདི་ཡང་གཞིའི་ལྟ་བའི་སྐབས་སུ་ཆོས་ཅན་གཅིག་གི་སྟེང་ནས་རིགས་ཤེས་དང་ཐ་སྙད་པའི་ཚད་མ་གཉིས་ཀྱིས་རྙེད་ཚུལ་མི་འདྲ་བ་གཉིས་འོང་ཡང༌། འགལ་པ་ཅུང་ཟད་ཀྱང་མེད་པ་ལེགས་པར་ཤེས་པ་ལ་རག་ལས་སོ། །འབྲས་བུའི་སྐབས་སུ་ཡེ་ཤེས་གཉིས་ཀྱིས་ཡུལ་འཇལ་བ་ན། དེ་ཙམ་དུ་མ་ཟད་ཡུལ་དེ་ལ་ཚད་མ་གཉིས་གང་དུ་སོང་ལེགས་པར་ཤེས་ན། ཡུལ་སོ་སོར་མ་ངེས་ཀྱང་ཡུལ་ཅན་གཉིས་གཞི་མཐུན་དུ་མི་འོང་བ་ཡང་ཤེས་པར་ནུས་ཏེ། འདིས་ནི་བདེན་པ་གཉིས་ཀྱི་མཚན་ཉིད་ཀྱི་ཞིབ་འཆའང་ཤེས་པར་བྱའོ།

།གསུམ་པ་ནི། དོན་དམ་བདེན་པ་ལ་དབྱེ་ན།

འཇུག་འགྲེལ་ལས།
སྟོང་པ་ཉིད་ལ་རྒྱས་པར་ཕྱེད་ན། སྟོང་པ་ཉིད་བཅུ་དྲུག་དང༌། འབྲིང་དུ་ཕྱེ་ན་དངོས་པོ་དང༌། དངོས་མེད་དང༌། རང་དང༌། གཞན་གྱི་ངོ་བོ་སྟོང་པ་ཉིད་དེ་བཞི་དང༌། བསྡུས་ན་གང་ཟག་དང༌། ཆོས་ཀྱི་བདག་མེད་གཉིས་སུ་གསུངས་པ་ལྟར་རོ། །གཞུང་གཞན་ལས་ནི་དོན་དམ་པ་དངོས་དང༌། མཐུན་པའི་དོན་དམ་གཉིས་གསུངས་ཏེ།

དབུ་མ་སྣང་བ་ལས།
སྐྱེ་བ་མེད་པ་འདི་ཡང་དོན་དམ་པ་དང་མཐུན་པའི་ཕྱིར་དོན་དམ་པ་ཞེས་བྱ་ཡི། །དངོས་སུ་ནི་མ་ཡིན་ཏེ། དངོས་སུ་ནི་དོན་དམ་པ་སྤྲོས་པ་ཐམས་ཅད་ལས་འདས་པའི་ཕྱིར་རོ། ཞེས་དང༌།

དབུ་མ་རྒྱན་ལས་ཀྱང༌།
།དམ་པའི་དོན་དང་མཐུན་པའི་ཕྱིར། །འདི་ནི་དམ་པའི་དོན་ཞེས་བྱ།
།ཡང་དག་ཏུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན།

ཞེས་དང༌། བདེན་གཉིས་ལས་ཀྱང་དེ་བཞིན་དུ་གསུངས་ཤིང༌། བདེན་གཉིས་རང་འགྲེལ་དང་རྒྱན་ལས་དོན་དམ་པར་སྐྱེ་སོགས་བཀག་པ་ཀུན་རྫོབ་པར་བཤད་དོ། །དེ་རྣམས་ཀྱི་དོན་ནི། སྔོན་གྱི་མང་པོས་རྣམ་གྲངས་པ་ཡིན་མིན་གྱི་དོན་དམ་བདེན་པ་གཉིས་བྱས་ནས། གཟུགས་སོགས་ལ་དོན་དམ་པར་སྐྱེ་སོགས་བཀག་པའི་སྟོང་ཉིད་སྔ་མ་ཡིན་ཞིང༌། དེ་དོན་དམ་བདེན་པ་བཏགས་པ་བ། ཀུན་རྫོབ་བདེན་པ་མཚན་ཉིད་པ་དང༌། ཕྱི་མ་ནི་བློ་གང་གིས་ཀྱང་ཡུལ་དུ་བྱ་མ་ནུས་པས་ཤེས་བྱ་མིན་པར་འདོད་དོ། །དེ་ནི་དེ་རྣམས་ཀྱི་དོན་མིན་པས་འདི་ལྟར་བཤད་དེ། ཡུལ་ཆོས་ཉིད་ལ་དོན་དམ་པར་བྱ་དགོས་མོད་ཀྱང་ཡུལ་ཅན་རིགས་ཤེས་ལ་ཡང་དེར་བཤད་པ་མང་སྟེ།

བདེན་གཉིས་ལས།
།སླུ་བ་མེད་པས་རིགས་པ་ནི། །དོན་དམ་ཡིན་ཏེ།

ཞེས་དང༌། དབུ་མ་སྣང་བ་ལས་ཀྱང༌།
གང་ཡང་དོན་དམ་པར་སྐྱེ་བ་མེད་ཅེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་ཡང་དོན་ནི་འདི་ཡིན་པར་འདོད་དེ། ཡང་དག་པའི་ཐོས་པ་དང་བསམ་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་པ་ཐམས་ཅད་ནི། ཕྱིན་ཅི་མ་ལོག་པའི་ཡུལ་ཅན་ཡིན་པའི་ཕྱིར་དོན་དམ་པ་ཞེས་བྱ་སྟེ། འདིའི་དོན་དམ་པ་ཡིན་པའི་ཕྱིར། ཞེས་གསུངས་པ་ལྟར་རོ། །

རིགས་ཤེས་ལ་གཉིས་ལས། འཕགས་པའི་མཉམ་གཞག་མི་རྟོག་ཡེ་ཤེས་རྟོག་མེད་དང༌། རྟགས་ལ་བརྟེན་ནས་དེ་ཁོ་ན་ཉིད་འཇལ་བའི་རིགས་ཤེས་རྟོག་བཅས་ལ་སོགས་པའོ།

།རྟོག་གེ་འབར་བ་ལས།
དོན་དམ་ལ་མི་རྟོག་ཡེ་ཤེས་དང༌། དེ་དང་རྗེས་སུ་མཐུན་པའི་ཤེས་རབ་གཉིས་བཤད་པའི་དགོངས་པ་དང༌། དབུ་མ་སྣང་བ་ལས་དོན་དམ་གཉིས་བཤད་པ་གཉིས་ནི་དགོངས་པ་གཅིག་ཡིན་པས། དོན་དམ་གཉིས་བཤད་པ་ནི་ཡུལ་ཅན་ལ་མི་བྱེད་པར་ཡུལ་གྱི་དོན་དམ་ཁོ་ན་ལ་བྱེད་པ་ནི་གཞུང་གི་དོན་མིན་ནོ། །དེ་ལ་དང་པོ་ནི། དེ་ཁོ་ན་ཉིད་ལ་འཇུག་པ་ནི་བདེན་པ་དང་གཉིས་སྣང་གི་སྤྲོས་པ་ཅིག་ཅར་རང་གི་ཡུལ་དུ་གཅོད་ནུས་པས་དོན་དམ་པ་དངོས་ཡིན་ཏེ། སྤྲོས་པ་ཐམས་ཅད་ལས་འདས་ཞེས་པའི་དོན་ཡང་དེའི། །གཉིས་པས་ནི། རང་གི་ཡུལ་དུ་བདེན་པའི་སྤྲོས་པ་འགོག་ནུས་ཀྱང༌གཉིས་སྣང་གི་སྤྲོས་པ་གཅོད་མི་ནུས་པས་ཇིག་རྟེན་ལས་འདས་པའི་དོན་དམ་དང་རྣམ་པ་རྗེས་སུ་མཐུན་པས་མཐུན་པའི་དོན་དམ་མོ། །གཟུགས་སོགས་ལ་དོན་དམ་པར་སྐྱེ་སོགས་བཀག་པའི་ཡུལ་གྱི་དོན་དམ་ལ་ཡང་ཚུལ་གཉིས་བཤད་དགོས་ལ། དེ་ལ་ནི་ཡུལ་གྱི་སྟོང་ཉིད་དེ་རིགས་ཤེས་རྟོག་མེད་ཀྱི་ངོར་ནི་སྤྲོས་པ་གཉིས་ཆར་དང་བྲལ་བའི་དོན་དམ་དངོས་ཡིན་ལ། རིགས་ཤེས་རྟོག་བཅས་ཀྱི་ངོར་ནི་སྤྲོས་པ་ཕྱོགས་གཅིག་ཙམ་དང་བྲལ་བས་སྤྲོས་པ་གཉིས་ཅར་དང་བྲལ་བའི་དོན་དམ་དངོས་མིན་གྱི། སྤྱིར་དོན་དམ་བདེན་པ་དངོས་མིན་ཟེར་བ་མིན་ནོ། །དེས་ན་བློ་འགའ་ཞིག་གི་ངོར་གཉིས་སྣང་གི་སྤྲོས་པ་ཐམས་ཅད་དང་བྲལ་བ་མ་གཏོགས་པ། བདེན་སྟོང་དེ་སྣང་བའི་སྤྲོས་པ་ཐམས་ཅད་དང་བྲལ་བ་མི་སྲིད་པས། དོན་དམ་བདེན་པ་ཡིན་ན་གཉིས་སྣང་གི་སྤྲོས་པ་ཐམས་ཅད་དང་བྲལ་དགོས་པ་ནི་གཞུང་གི་དོན་མིན་ནོ།

།དེས་ན་སྒྱུ་མ་རིགས་གྲུབ་པས་གཞི་ཕུང་པོ་ལྟ་བུ་དང་བདེན་སྟོང་གི་སྣང་བ་གཉིས་ཚོགས་པ་རིགས་ཤེས་རྗེས་དཔག་གིས་གྲུབ་པའི་དོན་ཙམ་དོན་དམ་བདེན་པར་འདོད་པ་ནི། མཐུན་པའི་དོན་དམ་དུ་འགྱུར་གྱི་དོན་དམ་བདེན་པ་མིན་ནོ། །བདེན་པའི་གཅིག་དང་དུ་བྲལ་གྱི་སྣང་བས་མྱུ་གུ་སོགས་བདེན་མེད་ཀྱི་སྣང་བར་སྒྲུབ་པ་ཡང༌། གཞི་དེ་བདེན་པར་ཡོད་མེད་ཐེ་ཚོམ་མ་མཆོད་པའི་གང་ཟག་རྟོགས་ལྡན་ལ་ནི་དེ་ལྟར་སྒྲུབ་པའི་དོན་མེད་ལ། ཐེ་ཚོམ་ཆོད་པ་ལ་ནི་རྟགས་དེ་རྟགས་ཡང་དག་ཏུ་མི་འགྱུར་བ་དང༌། དབུ་མ་སྣང་བ་ལས་གཅིག་དུ་བྲལ་གྱི་རྟགས་ཆོས་གཉིས་ཀ་རྣམས་ཅད་ཙམ་དུ་གསུངས་ཤིང༌། གཅིག་དང་དུ་མ་མིན་པ་དང༌། དེ་གཉིས་སུ་མེད་པ་གང་རྟགས་སུ་བྱས་ཀྱང་འདྲ་བར་གསུངས་པ་ནི་མ་ཡིན་དགག་ལ་མི་བྱེད་པར་དེ་ཉིད་ཀྱི་དཔེར་བརྗོད་ལས་ཤེས་པས། སློབ་དཔོན་ཞི་བ་འཚོ་ཡབ་སྲས་དང༌། སློབ་དཔོན་སེང་གེ་བཟང་པོའི་བཞེད་པ་གཏན་མིན་ནོ། །སྣང་བ་ལ་དགག་བྱའི་སྤྲོས་པ་རྣམ་པར་བཅད་པ་ལ་རྣམས་ཅད་དང་ཡོངས་གཅོད་གཉིས་སུ་བྱས་པའི་ཕྱི་མ་རྗེས་དཔག་གིས་གཞལ་བའི་དོན་ཙམ་དོན་དམ་བདེན་པར་འདོད་པ་ཡང་དབུ་མ་པ་ཆེན་པོ་སུ་ཡང་མི་བཞེད་དོ། །ཚུལ་འདིས་ལམ་རིམ་རྒྱས་པར་འདི་དག་གི་རྣམ་གཞག་བཤད་པ་ཡང་ཞིབ་ཏུ་ཤེས་པར་བྱའོ། །སྐྱེས་སོགས་བཀག་པ་མཐུན་པའི་དོན་དམ་དུ་བཤད་པའི་འཕྲོ་ལ།

བདེན་གཉིས་རང་འགྲེལ་ལས།
གཞན་དག་ནི་ཡང་དག་པ་ཁོ་ནར་འཛིན་པས། ཡང་ཞེས་བྱ་བ་བསྡུ་བའི་དོན་ནོ། །དེ་ཡང་རིག་པས་དཔྱད་ན་ཀུན་རྫོབ་ཁོ་ན་སྟེ། ཅིའི་ཕྱིར་ཞེ་ན། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། ཞེས་གཞན་དག་སེམས་ཙམ་པ་དགག་གཞི་ལ་ཆོས་བདག་བཀག་པའི་དགག་པའི་སྟོང་ཉིད་ཡང་དག་ཏུ་གྲུབ་པར་འདོད་པ་དང༌། རང་ལུགས་ཀྱིས་དགག་བྱ་ཆོས་བདག་མེད་པས་དེ་བཀག་པའི་དགག་པ་ཡང་དག་པར་མ་གྲུབ། ཅེས་གསུངས་པས། དོན་དམ་པར་སྐྱེ་སོགས་བཀག་པ་ཀུན་རྫོབ་པར་བཤད་པ་ནི་ཀུན་རྫོབ་ཏུ་ཡོད་པའི་དོན་ཡིན་གྱི། ཀུན་རྫོབ་ཡིན་པར་སྟོན་པ་མིན་ནོ།

།ཡང་དེ་ཉིད་ལས།
ཡང་དག་པའི་སྐྱེ་སོགས། དངོས་པོ་སྣང་བ་ན་མི་སྣང་བས། ལོག་པའི་ཀུན་རྫོབ་ཡིན་པ་བཞིན་དུ། ཡང་དག་པའི་སྐྱེ་སོགས་བཀག་པ་ཡང་ལོག་པའི་ཀུན་རྫོབ་ཏུ་འགྱུར་ཏེ། དེ་ནི་དགག་གཞིའི་དངོས་པོ་སྣང་བ་ན་མི་སྣང་ངོ༌། ཞེས་པའི་ལན་དུ་མི་སྣང་བ་མ་ཡིན་ཏེ། དངོས་པོ་ངོ་བོ་དང་ཐ་མི་དད་པའི་ཕྱིར་རོ། ཞེས་སྔོན་པོ་ལྟ་བུ་སྣང་བ་ན། དེའི་བདེན་སྟོང་སྣང་བར་བཤད་པ་ནི། བདེན་པ་མེད་པར་བཀག་པའི་རྣམ་བཅད་ཙམ་མིག་ཤེས་སོགས་ལ་སྣང་བ་མིན་གྱི། མ་ཡིན་དགག་ལ་དགོངས་པས། དེ་འདྲ་དེ་ཀུན་རྫོབ་མཚན་ཉིད་པ་ཡིན་ཀྱང༌། བདེན་པ་བཅད་ཙམ་གྱི་སྟོང་པ་དོན་དམ་བདེན་པར་མི་འགལ་ལོ།

།དབུ་མ་རྒྱན་ལས།
དོན་དམ་པར་སྐྱེ་བ་སོགས་བཀག་པ་ཡང་དག་ཀུན་རྫོབ་ཏུ་གཏོགས་པ་ཡིན་ཡང་དོན་དམ་པ་དང་མཐུན་པས་དེར་བཤད་ལ། དོན་དམ་པ་ནི་དངོས་པོ་ཡོད་མེད་སོགས་ཀྱི་སྤྲོས་པའི་དྲ་བ་མཐའ་དག་སྤངས་པར་གསུངས་པའི་སྤྲོས་པའི་དྲ་བ་ནི།

བདེན་གཉིས་རང་འགྲེལ་ལས།
།དེ་ཉིད་ཕྱིར་ན་དེ་སྟོང་མིན། །མི་སྟོང་མ་ཡིན་ཡོད་མེད་མིན།
།མི་སྐྱེ་མ་ཡིན་སྐྱེ་མིན་ཞེས། །དེ་ལ་སོགས་པ་བཅོམ་ལྡན་གསུངས།

ཞེས་དང༌། དེ་ཅིའི་ཕྱིར་ཞེ་ན། དེ་ནི་སྤྲོས་པ་མེད་པ་ཡིན། །དེ་ཁོ་ན་ནི་རྟོག་པའི་དྲ་བ་ཐམས་ཅད་དང་བྲལ་བའོ། ཞེས་རྟོག་པའི་དྲ་བ་ལ་སྤྲོས་པའི་དྲ་བར་བཤད་པ་ལྟར་ཡིན་ལ། དེ་ཡང་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་བའི་ངོར་ཟློག་པས། དེ་ནི་དོན་དམ་དངོས་དང༌། དེ་ལྟར་མ་གྱུར་པའི་རིགས་ཤེས་ཡུལ་བཅས་ནི་སྔ་མའི་རྗེས་མཐུན་པ་ཡིན་པ་སོགས་ནི་སྔར་བཞིན་ནོ། །ཡང་དག་པའི་སྐྱེ་སོགས་བཀག་པ་ལ་ཡང༌། འདིས་བཀག་པའི་རིགས་ཤེས་དང༌། དེའི་གཞལ་བྱ་གཉིས་ཡོད་པས། ཡང་དག་པའི་ཀུན་རྫོབ་ཏུ་གཏོགས་ཚུལ་ཡང་དེའི་སྟེང་ནས་ཤེས་པར་བྱའོ། །བདེན་གཉིས་ཀྱི་སྤྲོས་པ་ཡིན་ནོ་ཅོག་གི་དྲ་བ་དང་བྲལ་བར་བཤད་ཚུལ་དེ་ནི་སྐབས་མང་པོ་ཞིག་ཏུ་ཉེ་བར་མཁོའོ།

།གསུམ་པ་ནི། གཞི་གང་ཞིག་རྫུན་པ་སླུ་བའི་དོན་དུ་ཡོངས་སུ་བཅད་ན། མི་སླུ་བའི་དོན་ཡིན་པ་རྣམ་པར་བཅད་དགོས་པས། སླུ་མི་སླུ་ནི་ཕན་ཚུན་སྤངས་ཏེ་གནས་པའི་འགལ་བའོ། །དེ་ནི་ཤེས་བྱ་ཐམས་ཅད་ལ་ཕན་ཚུན་སྤངས་པའི་ཚུལ་གྱིས་ཁྱབ་བྱེད་དུ་འཇུག་པས་ཕུང་པོ་གསུམ་པ་ཡང་ཟློག་གོ །དེའི་ཕྱིར་ཤེས་བྱ་ལ་བདེན་གཉིས་སུ་གྲངས་ངེས་པར་ཤེས་པར་བྱའོ།

།ཡབ་སྲས་མཇལ་བ་ལས་ཀྱང༌།
འདི་ལྟར་དེ་བཞིན་གཤེགས་པས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཐུགས་སུ་ཆུད་དེ། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདིར་ཟད་དོ།

ཞེས་ཤེས་བྱ་ཐམས་ཅད་བདེན་པ་གཉིས་སུ་ཟད་པར་གསུངས་ལ།

འཕགས་པ་དེ་ཁོ་ན་ཉིད་ངེས་པར་བརྟན་པའི་ཏིང་ངེ་འཛིན་ལས་ཀྱང༌།
གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ།

ཞེས་བདེན་གཉིས་སུ་གྲངས་ངེས་པར་གསལ་བར་གསུངས་སོ། །བདེན་གཉིས་ཀྱི་རྣམ་དབྱེ་ཤེས་ན་ཐུབ་པའི་བཀའ་ལ་མི་རྨོངས་པ་དང༌། མི་ཤེས་ན་ནི་བསྟན་པ་དེ་ཉིད་མི་ཤེས་པར་གསུངས་ལ། དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་ཇི་ལྟར་གཏན་ལ་ཕབ་པ་ལྟར་ཤེས་དགོས་ཏེ།

འཇུག་པ་ལས།
།སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དེ།
།དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་པ་གྲུབ་ཡོད་མིན།
།ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང༌། །དོན་དམ་བདེན་པ་ཐབས་བྱུང་གྱུར་བ་སྟེ།
།དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པས་ལམ་ངན་ཞུགས།

ཞེས་གསུངས་པས་ཐར་པ་འདོད་པ་རྣམས་ཀྱིས་བདེན་གཉིས་ལ་མཁས་པར་བྱ་བ་ཤིན་ཏུ་གལ་ཆའོ།

།གཉིས་པ་ནི། སྔར་བཤད་པ་ལྟར་གྱི་ལྷག་མཐོང་གི་ཚོགས་བསྟེན་པ་ལས་བདག་མེད་གཉིས་རྟོགས་པའི་ལྟ་བ་རྙེད་པ་ན་ལྷག་མཐོང་བསྒོམ་པར་བྱའོ། །འོ་ན་ལྷག་མཐོང་དུ་ཞིག་ཡོད་སྙམ་ན། འདིར་ནི་ས་མཐོན་པོའི་ལྷག་མཐོང་རྣམས་གཙོ་བོར་མི་སྟོན་གྱི་སོ་སྐྱེའི་དུས་ཀྱི་བསྒོམ་པར་བྱ་བའི་ལྷག་མཐོང་གཙོ་བོར་སྟོན་ནོ། །དེའི་ལྷག་མཐོང་གི་དབྱེ་བ་རྫོགས་པར་བྱས་ན། ངོ་བོ་ཉིད་བཞིའི་སྒོ་དང༌། སྒོ་གསུམ་གྱི་དང༌། ཚོལ་བ་དྲུག་གི་ལྷག་མཐོང་ངོ༌། །བཞི་ནི་དགོངས་འགྲེལ་ལས་གསུངས་པའི་རྣམ་པར་འབྱེད་པ་སོགས་བཞིའོ། །དེ་ལ་རྣམ་པར་འབྱེད་པ་ནི་ཇི་སྙེད་པ་ལ་དམིགས་པའོ། །རབ་ཏུ་རྣམ་པར་འབྱེད་པ་ནི་ཇི་ལྟ་བ་ལ་དམིགས་པའོ། །དང་པོ་ལ་ཡོངས་སུ་རྟོག་པ་དང་ཡོངས་སུ་དཔྱོད་པ་གཉིས་ཡོད་ལ། གཉིས་པ་ལ་ཡང་རྟོག་པ་དང་དཔྱོད་པ་གཉིས་ཡོད་དེ། དོན་རགས་པ་དང་ཕྲ་བ་རྣམས་འབྱེད་པའོ། །དེ་བཞིའི་ངོས་འཛིན་ནི་ཉན་ས་དང་ཤེར་ཕྱིན་མན་ངག་སོགས་ལས་གསུངས་སོ།

།སྒོ་གསུམ་ནི་དགོངས་འགྲེལ་ལས།
།མཚན་མ་ལས་བྱུང་བ་དང༌། ཡོངས་སུ་ཚོལ་བ་ལས་བྱུང་བ་དང༌།
སོ་སོར་རྟོག་པ་ལས་བྱུང་བ་གསུམ་གསུངས་པའོ།

།དེ་གསུམ་གྱི་ངོས་འཛིན་ནི། བདག་མེད་པའི་དོན་ལྟ་བུ་ཞིག་ལ་མཚོན་ན། དང་པོ་ནི་བདག་མེད་ངེས་ཟིན་ལ་དམིགས་ནས་དེའི་མཚན་མ་ཡིད་ལ་བྱེད་ཀྱི། གཏན་ལ་འབེབས་པ་མང་དུ་མི་བྱེད་པའོ། །གཉིས་པ་ནི་སྔར་མ་ངེས་པ་ངེས་པར་བྱ་བའི་ཕྱིར་དུ་གཏན་ལ་འབེབས་པའོ། །གསུམ་པ་ནི་ངེས་ཟིན་གྱི་དོན་ལ་སྔར་བཞིན་དུ་དཔྱོད་པར་བྱེད་པའོ། །ཚོལ་བ་དྲུག་ནི་དོན་དང་དངོས་པོ་དང་མཚན་ཉིད་དང་ཕྱོགས་དང་དུས་དང་རིགས་པ་ཡོངས་སུ་ཚོལ་བར་བྱེད་ཅིང་བཙལ་ནས་ཀྱང་སོ་སོར་རྟོག་པའོ། །དེ་ལ་དོན་ཚོལ་བ་ནི། ཚིག་འདིའི་དོན་ནི་འདི་ཡིན་ནོ་ཞེས་ཚོལ་བའོ། །དངོས་པོ་ཚོལ་བ་ནི། འདི་ནི་ནང་གིའོ། །འདི་ནི་ཕྱིའི་དངོས་པོའོ་ཞེས་ཚོལ་བའོ། །མཚན་ཉིད་ཚོལ་བ་ནི་གཉིས་ཏེ། འདི་ནི་རང་གི་མཚན་ཉིད་དོ། །འདི་ནི་སྤྱིའི་མཚན་ཉིད་དོ། ཞེས་པའམ། ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་ཚོལ་བའོ། །ཕྱོགས་ཚོལ་བ་ནི། ནག་ཕྱོགས་སྐྱོན་དང་ཉེས་དམིགས་ཀྱི་སྒོ་ནས་དང༌། དཀར་ཕྱོགས་ནི་ཡོན་ཏན་དང་ཕན་ཡོན་གྱི་སྒོ་ནས་ཚོལ་བའོ། །དུས་ཚོལ་བ་ནི། འདས་པའི་དུས་ན་འདི་ལྟར་བྱུང་ངོ༌། །མ་འོངས་པའི་དུས་ན་འདི་ལྟར་འབྱུང་ངོ༌། །ད་ལྟར་བའི་དུས་ན་འདི་ལྟར་ཡོད་དོ་ཞེས་ཚོལ་བའོ།

།རིགས་པ་ཚོལ་བ་ནི་རིགས་པ་བཞི་ལས། ལྟོས་པའི་རིགས་པ་ནི། འབྲས་བུ་རྣམས་འབྱུང་བ་རྒྱུ་དང་རྐྱེན་ལ་ལྟོས་པའོ། །འདི་ཡང་ཀུན་རྫོབ་དང་དོན་དམ་དང་དེ་དག་གི་གཞི་རྣམས་སོ་སོའི་སྒོ་ནས་ཚོལ་བའོ། །བྱ་བ་བྱེད་པའི་རིགས་པ་ནི། མེས་སྲེག་པའི་བྱ་བ་བྱེད་པ་སོགས་ཆོས་རྣམས་ཀྱིས་རང་རང་གི་བྱ་བ་བྱེད་པའོ། །འདི་ཡང་འདི་ནི་ཆོས་སོ། །འདི་ནི་བྱེད་པའོ། །ཆོས་འདིས་ནི་བྱ་བ་འདི་བྱེད་དོ། ཞེས་ཚོལ་བའོ། །འཐད་པས་སྒྲུབ་པའི་རིགས་པ་ནི། ཚད་མ་དང་མི་འགལ་བར་དོན་སྒྲུབ་པའོ། །འདི་ཡང་ཅི་འདི་ལ་མངོན་སུམ་དང་རྗེས་དཔག་དང་ཡིད་ཆེས་པའི་ལུང་གི་ཚད་མ་གསུམ་པོ་ཡོད་དམ་མེད་སྙམ་དུ་ཚོལ་བའོ། །ཆོས་ཉིད་ཀྱི་རིགས་པ་ནི། མེ་ཚ་བ་དང་ཆུ་རླན་པ་སོགས་ལ་དེ་དག་གི་ཆོས་ཉིད་དུ་འཇིག་རྟེན་ན་གྲགས་པའི་ཆོས་ཉིད་དང་། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་དང༌། གནས་པའི་ཆོས་ཉིད་ལ་མོས་པར་བྱེད་ཅིང་དེ་ལྟར་ཡིན་པའི་རྒྱུ་མཚན་གཞན་སེམས་པར་མི་བྱེད་དེ། དེ་ལྟར་ཚོལ་བའོ། །དེ་ལྟར་དྲུག་ཏུ་བཞག་པས་ནི། རྣལ་འབྱོར་པས་ཤེས་པར་བྱ་བ་ནི་གསུམ་དུ་ངེས་ཏེ། སྨྲས་པའི་དོན་དང་ཤེས་བྱ་ཇི་སྙེད་པ་དང་ཇི་ལྟ་བའོ། །དེ་ལ་དང་པོའི་དབང་དུ་བྱས་ནས་ཚོལ་བ་དང་པོའོ། །གཉིས་པའི་དབང་དུ་བྱས་ནས་དངོས་པོ་ཚོལ་བ་དང་རང་གི་མཚན་ཉིད་ཚོལ་བ་གཉིས་སོ། །གསུམ་པའི་དབང་དུ་བྱས་ནས་ལྷག་མ་གསུམ་དང་སྤྱིའི་མཚན་ཉིད་ཚོལ་བ་བཞག་གོ །དང་པོར་བཤད་པའི་ལྷག་མཐོང་བཞིའི་སྒོ་ནི་གསུམ་ཡིན་ལ། ཚོལ་ལུགས་ནི་དྲུག་ཏུ་གསུངས་པས་སྒོ་གསུམ་དང་ཚོལ་བ་དྲུག་ནི་སྔ་མ་བཞིར་འདུའོ། །སྔར་བཤད་པའི་བསྒྲིམས་ཏེ་འཇུག་པའི་ཡིད་བྱེད་ལ་སོགས་པ་བཞི་ཡང་ཞི་ལྷག་གཉིས་ཀའི་ཐུན་མོང་བ་ཡིན་པར་ཉན་སར་གསུངས་པས་ལྷག་མཐོང་ལ་ཡང་ཡིད་བྱེད་བཞི་ཡོད་དོ།

།གསུམ་པ་ལ་གསུམ། ཞི་གནས་ལ་བརྟེན་ནས་ལྷག་མཐོང་བསྒོམ་པར་གསུངས་པའི་དོན་བསྟན་པ། ལུགས་དེ་ཐེག་པ་ཆེ་ཆུང་གང་གི་ལམ་གང་གི་དབང་དུ་བྱས་པ། ཞི་གནས་ལ་བརྟེན་ནས་ལྷག་མཐོང་སྒོམ་ཚུལ་དངོས་བསྟན་པའོ། །དང་པོ་ནི། དགོངས་འགྲེལ་ལས་སྔོན་དུ་ཞི་གནས་གྲུབ་པར་བྱས་ནས། ཕྱིས་ལྷག་མཐོང་བསྒོམ་པར་གསུངས་པ་བཞིན་དུ། རྗེ་བཙུན་གྱི་གཞུང་དང༌། བྱང་ས་དང༌། ཉན་ས་དང༌། ལེགས་ལྡན་འབྱེད་དང༌། ཞི་བ་ལྷ་དང༌། ཀམ་ལ་ཤཱི་ལའི་སྒོམ་རིམ་གསུམ་དང༌། ཤེར་ཕྱིན་མན་ངག་སོགས་གཞུང་དུ་མ་ཞིག་ལས་ཀྱང་གསུངས་སོ། །འདི་རྣམས་ཀྱི་དགོངས་པ་ནི། སྔོན་དུ་བདག་མེད་ཀྱི་དོན་ལ་མ་དམིགས་པར་དམིགས་པ་གང་རུང་ཞིག་ལ་དམིགས་པའི་ཞི་གནས་བསྐྱེད་ནས། ཕྱིས་བདག་མེད་ལ་དམིགས་ཏེ་སྐྱོང་བ་ཉིད་ལ་ལྷག་མཐོང་དུ་བྱེད་པ་ནི་མིན་ཏེ། ཞི་ལྷག་གཉིས་དམིགས་པའི་སྒོ་ནས་འབྱེད་པ་མིན་པའི་ཕྱིར་དང༌།

ཤེར་ཕྱིན་མན་ངག་ལས་ཀྱང༌།
གཟུང་འཛིན་གཉིས་སྟོང་གི་དེ་ཉིད་ལ་དམིགས་ནས་སྔོན་དུ་ཞི་གནས་བསྐྱེད་པའི་འོག་ཏུ་དམིགས་པ་དེ་ཁོ་ན་ཉིད་ལ་དམིགས་ནས་དཔྱད་སྒོམ་གྱིས་ལྷག་མཐོང་བསྐྱེད་པར་བཤད་པའི་ཕྱིར་དང༌།

འཕགས་པ་ཐོགས་མེད་ཀྱིས་ཀྱང༌།
ཇི་སྙེད་པ་ལ་དམིགས་པའི་ལྷག་མཐོང་བཤད་ཅིང་། སྔོན་དུ་ཞི་གནས་བསྐྱེད་ཟིན་པའི་རྗེས་སུ་དེ་ལ་བརྟེན་ནས་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལྷག་མཐོང་བསྒོམ་པར་གསུངས་པའི་ཕྱིར་དང༌། དེ་ཡང་ཕྱི་ནང་གཉིས་དང་སྐྱེ་འཕགས་གཉིས་ཀའི་ཐུན་མོང་གི་ལམ་དུ་གསུངས་པའི་ཕྱིར་རོ། །དེས་ན་ཞི་གནས་སྔར་མ་ཐོབ་པ་གསར་དུ་སྒྲུབ་ན་ནི། དམིགས་པ་གང་རུང་ལ་རྩེ་གཅིག་ཏུ་བཞག་ནས་སྒྲུབ་པ་མ་གཏོགས་པ། རང་གི་དམིགས་པ་ལ་རྣམ་པ་དུ་མར་དཔྱད་ནས་སྒྲུབ་ཏུ་མི་རུང་སྟེ། སྔ་མ་ལྟར་བྱས་ན་འགྲུབ་ཀྱི། ཕྱི་མ་ལྟར་བྱས་ན་ཞི་གནས་འགྲུབ་མི་སྲིད་པའི་ཕྱིར་རོ། །ཞི་གནས་སྔོན་དུ་གྲུབ་ཟིན་གྱིས་ནི། སྔར་བཞིན་འཇོག་སྒོམ་ཙམ་ཞིག་ལ་གོམས་པ་སྲིད་པ་ལས། ཇི་ལྟ་བའམ་ཇི་སྙེད་པའི་དོན་སྐབས་སུ་གང་བབ་ལ་ཤེས་རབ་ཀྱིས་སོ་སོར་འབྱེད་པའི་དཔྱད་སྒོམ་བྱས་ན། དེའི་མཐར་རྩེ་གཅིག་པའི་ཏིང་ངེ་འཛིན་ཁྱད་པར་ཅན་འདྲེན་ཐུབ་པས། དེས་ནི་རྩེ་གཅིག་པའི་ཏིང་ངེ་འཛིན་ཤིན་ཏུ་སྟོབས་ཆེ་བ་འགྲུབ་པ་འདྲ་བ་སྔ་མས་མི་ནུས་པས་དཔྱད་སྒོམ་བསྔགས་སོ། །སྒྲུབ་ཚུལ་དེ་ཉིད་ཞི་གནས་སྔོན་དུ་བཙལ་བ་ལ་བརྟེན་ནས་ཕྱིས་ལྷག་མཐོང་སྒོམ་པའི་ཚུལ་ཡིན་པས། བདག་མེད་ལྟ་བུའི་དམིགས་པ་གཅིག་ཡིན་ཡང༌། ཞི་ལྷག་གཉིས་ཀྱི་སྐྱོང་ཚུལ་མི་འདྲ་བ་གཉིས་འོང་བའི་རྒྱུ་མཚན་སྤྱི་ནི་དེ་ཡིན་ནོ། །བྱེ་བྲག་ཏུ་ཁམས་གོང་འོག་གི་སྐྱོན་ཡོན་སོ་སོར་འབྱེད་པའི་ཞི་རགས་ཀྱི་རྣམ་པ་ཅན་དང༌། བདག་མེད་པའི་དོན་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་སྐྱོང་བའི་བདག་མེད་ཀྱི་རྣམ་པ་ཅན་གྱི་ལྷག་མཐོང་སྒོམ་པ་ནི། ངེས་པ་ཤུགས་དྲག་ལ་བརྟན་པ་སྐྱེ་བ་ལ་དགོས་པས། སོ་སོའི་སྤང་བྱ་སྤོང་བ་ལ་མཐུ་ཆེ་བ་ཡིན་ནོ། །ཇི་སྙེད་པ་ལ་དམིགས་པའི་ལྷག་མཐོང་ནི། ཉོན་མོངས་མངོན་གྱུར་སྤོང་བའི་ཞི་རགས་ཀྱི་རྣམ་པ་ཅན་དུ་སྒོམ་པར་མ་ཟད། ཤེར་ཕྱིན་མན་ངག་ཏུ་བཤད་པ་ལྟར་ཁམས་བཅོ་བརྒྱད་ཀྱི་མཚན་ཉིད་རྣམ་པར་འབྱེད་པའི་དཔྱད་སྒོམ་ཡང་ཡིན་པས། དེས་མཚོན་ནས་ཇི་སྙེད་པའི་དོན་རྣམ་པར་ཕྱེ་ནས་སྒོམ་པའི་ལྷག་མཐོང་གཞན་ཡང་ཤེས་པར་བྱའོ། །ཤེར་ཕྱིན་མན་ངག་ལས་ཇི་ལྟ་བ་ལ་དམིགས་པའི་ཞི་ལྷག་གཉིས་སྐྱེད་པའི་སྔོན་དུ་ཇི་སྙེད་པ་ལ་དམིགས་པའི་རྣལ་འབྱོར་གྱི་སའི་ཞི་ལྷག་གཉིས་སྐྱེད་པ་སྔོན་དུ་གཏོང་བར་བཤད་ཀྱང༌། འདིར་ནི་ཞི་བ་ལྷ་དང་ཀ་མ་ལ་ཤཱི་ལ་སོགས་ཀྱི་བཞེད་པ་ལྟར་སྔོན་དུ་ཞི་གནས་གང་རུང་ཞིག་བསྐྱེད་ནས་ལྷག་མཐོང་སྐྱེད་པ་ཡིན་ལ། དེ་ཡང་ཇི་ལྟ་བ་ལ་དམིགས་པའི་ལྷག་མཐོང་ཉིད་སྟོན་ནོ།

།གཉིས་པ་ནི། འོ་ན་དེ་འདྲ་བའི་ཞི་ལྷག་རིམ་ཅན་དུ་སྐྱེད་ཚུལ་དེ། ཐེག་པ་ཆེ་ཆུང་དང་མདོ་སྔགས་གང་གི་དབང་དུ་བྱས་པ་ཡིན་ཞེ་ན། འདི་ནི་ཉན་རང་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་ཆེན་པ་གཉིས་དང༌། དེ་ཡང་གྲུབ་མཐའ་བཞིའི་མཐུན་མོང་བ་ཡིན་ལ། སྔགས་ཀྱི་རྒྱུད་སྡེ་གསུམ་ལའང་འདྲ་བར་རྒྱུད་སོ་སོ་དང་དེ་དག་གི་འགྲེལ་མཛད་ཆེན་པོའི་བཞེད་པར་སྔགས་ཀྱི་ལམ་གྱི་རིམ་པར་བཤད་ཟིན་ཏོ། །རྣལ་འབྱོར་བླ་མེད་ལ་ནི།

ཤེར་ཕྱིན་མན་ངག་ལས།
།རང་གི་སེམས་ནི་བརྟགས་པ་ན། །ཆོས་ཀུན་རང་གི་སེམས་ལ་གནས།
།ཆོས་འདི་ནམ་མཁའི་རྡོ་རྗེར་གནས། །ཆོས་དང་ཆོས་ཉིད་མེད་པའོ།

ཞེས་གསང་འདུས་ལས་གསུངས་པས་ཀྱང༌། ལང་གཤེགས་ལས།
།སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་བརྟག་གོ །

ཞེས་སོགས་ཀྱིས་བསྟན་པའི་སེམས་ཙམ་ལ་དམིགས་པ་དང༌། དེ་བཞིན་ཉིད་ལ་དམིགས་པ་དང༌། སྣང་མེད་ཀྱི་རྣལ་འབྱོར་གྱི་ས་གསུམ་སྟོན་པར་འཆད་ཅིང༌། ས་དང་པོ་གཉིས་ལ་འཇོག་སྒོམ་དང་དཔྱད་སྒོམ་གྱིས་ཞི་ལྷག་སྒྲུབ་ཚུལ་སྔར་བཞིན་འཆད་པར་སྣང་བས། ཇི་ལྟ་བ་ལ་དམིགས་པའི་རྒྱུད་ལ་སྐྱེད་ཚུལ་འདྲ་བར་བཞེད་དོ། །རང་གི་ལུགས་ནི་རྣལ་འབྱོར་བླ་མེད་ཀྱི་སྐབས་སུ་ཡང་ལྟ་བའི་གོ་བ་སྐྱེད་ལུགས་དབུ་མའི་གཞུང་ནས་འབྱུང་བ་ལྟར་བྱ་དགོས་ལ། སྐྱོང་ལུགས་ལ་བསྐྱེད་རིམ་དང་རྫོགས་རིམ་གྱི་རྗེས་ཐོབ་ཀྱི་སྐབས་འགའ་ཞིག་ཏུ་དེ་ཁོ་ན་ཉིད་ལ་དཔྱད་ནས་ཡིད་ལ་བྱེད་པ་ཡོད་ཀྱང༌། ལུས་ལ་གནད་དུ་བསྣུན་པའི་ནུས་པ་ཐོབ་པའི་རྫོགས་རིམ་པས་མཉམ་གཞག་ཏུ་དེ་ཁོ་ན་ཉིད་སྐྱོང་བ་ན་ལྟ་ཐོག་ཏུ་བཞག་ནས་སྒོམ་པ་ངེས་པར་དགོས་ཀྱང༌། ལྷག་མཐོང་གི་དཔྱད་སྒོམ་གཞུང་གཞན་ནས་འབྱུང་བ་ལྟར་མི་བྱེད་དོ། །དེས་ན་སྐབས་དེར་དཔྱད་སྒོམ་འཇོག་པའི་ཞར་ལ་ལྟ་ཐོག་ནས་རྩེ་གཅིག་པའི་དེ་ཁོ་ན་ཉིད་སྒོམ་པ་མ་འཇོག་ཅིག །དེ་ལྟར་བྱས་པས་ཆོག་པའི་རྒྱུ་མཚན་རྣམས་འདིར་གསལ་བར་སྟོན་པ་སྐབས་སུ་མ་བབ་པས། འདིར་ལམ་གཞན་རྣམས་ལ་དེ་ལྟར་བྱེད་པའི་རྒྱུ་མཚན་རྣམས་བཤད་དོ།

།གསུམ་པ་ནི། བདག་མེད་པའི་ལྟ་བ་མ་རྙེད་ན་སྒོམ་ལུགས་གང་བྱས་ཀྱང་སྒོམ་དེ་དེ་ཁོ་ན་ཉིད་ཀྱི་དོན་ལ་གནས་པ་མིན་པས། ལྟ་བ་དེ་རྙེད་དགོས་ལ། ལྟ་བའི་གོ་བ་ཡོད་ཀྱང་དེ་ཁོ་ན་ཉིད་སྒོམ་པའི་ཚེ་ལྟ་བ་དྲན་ཏེ། དེའི་སྟེང་དུ་བཞག་ནས་མ་བསྒོམས་ན་དེ་ཁོ་ན་ཉིད་བསྒོམས་པར་མི་འགྱུར་བས། ལྟ་བའི་དཔྱད་པ་ཚར་རེ་སྔོན་དུ་བཏང་བའི་མཐར་ཡིད་ལ་ཅི་ཡང་མི་སེམས་པར་འཇོག་པ་ཡང་དེ་ཁོ་ན་ཉིད་སྐྱོང་བ་མིན་ནོ། །ལྟ་བ་དྲན་ནས་དེའི་སྟེང་དུ་བཞག་པ་ཙམ་ཞིག་ལ་གོམས་པ་ཡང་སྔར་གྱི་ཞི་གནས་ཀྱི་ཀྱོང་ཚུལ་ཉིད་དུ་ཟད་པས། དེ་ལས་ཟུར་པའི་ལྷག་མཐོང་སྐྱོང་ཚུལ་བཤད་པའི་གཞུང་གི་དོན་མིན་ནོ། །དེའི་ཕྱིར་བདག་མེད་པའི་དོན་ལ་སྔར་བཤད་པ་ལྟར་ཤེས་རབ་ཀྱིས་སོ་སོར་དཔྱད་ནས་བསྐྱང་བར་བྱའོ། །དཔྱད་པའི་སྒོམ་གཅིག་པུ་བྱས་ནའང་སྔར་བསྐྱེད་པའི་ཞི་གནས་ཉམས་པར་འགྱུར་བས། ཞི་གནས་ཀྱི་རྟ་ལ་བསྐྱོན་ནས་དཔྱད་དེ་སྐྱོང་བ་དང༌། བར་བར་དུ་འཇོག་སྒོམ་སྤེལ་མར་བྱའོ། །དེ་ཡང་དཔྱད་སྒོམ་མང་པས་གནས་ཆ་ཆུང་དུ་སོང་ན་འཇོག་སྒོམ་མང་དུ་བྱས་ལ་གནས་ཆ་སོར་གཞུག །འཇོག་སྒོམ་མང་པས་དཔྱོད་སྙིང་མི་འདོད་པ་དང༌། དཔྱད་ཀྱང་འགྲོ་མི་ཉན་པར་སེམས་གནས་ཆ་ལ་ཧྲིལ་ཧྲིལ་འགྲོ་ན་དཔྱད་སྒོམ་མང་དུ་བྱས་ཏེ་ཞི་ལྷག་གཉིས་ཆ་མཉམ་གྱིན་བསྒོམས་ན་སྟོབས་ཆེ་བས་དེ་ལྟར་བྱ་སྟེ།

སྒོམ་རིམ་ཐ་མ་ལས།
ཡང་གང་གི་ཚེ་ལྷག་མཐོང་བསྒོམས་པས་ཤེས་རབ་ཤིན་ཏུ་ཤས་ཆེ་བར་གྱུར་པ་དེའི་ཚེ་ཞི་གནས་ཆུངས་པའི་ཕྱིར། མར་མེ་རླུང་ལ་བཞག་པ་བཞིན་དུ་སེམས་གཡོ་བས། དེ་ཁོ་ན་ཤིན་ཏུ་གསལ་བར་མི་མཐོང་བར་འགྱུར་ཏེ། དེའི་ཕྱིར་དེའི་ཚེ་ཞི་གནས་བསྒོམ་པར་བྱའོ། །ཞི་གནས་ཀྱི་ཤས་ཆེ་ན་ཡང་གཉིད་ཀྱིས་ལོག་པའི་མི་བཞིན་དུ། དེ་ཁོ་ན་ཤིན་ཏུ་གསལ་ཕར་མཐོང་བར་མི་འགྱུར་ཏེ། དེ་ལྟ་བས་ན་དེའི་ཚེའང་ཤེས་རབ་བསྒོམ་པར་བྱའོ།

ཞེས་སོ། །དེ་ལྟར་དཔྱད་ནས་སྐྱོང་བ་ལ་རྟོག་པ་གང་ཡིན་ཐམས་ཅད་བདེན་པར་འཛིན་པའི་མཚན་འཛིན་དུ་བཟུང་ནས་འགོག་པ་ནི་མི་འཐད་དེ། བདེན་འཛིན་གྱི་རྟོག་པ་ནི་རྟོག་པའི་ཕྱོགས་གཅིག་ཙམ་ཡིན་པར་སྔར་མང་དུ་བསྒྲུབས་པའི་ཕྱིར་རོ། །རྟོག་པས་གང་དུ་བཟུང་བ་ལ་རིགས་པའི་གནོད་པ་འབབ་པར་མཐོང་བ་ནི། རིགས་པའི་དགག་བྱ་ཐལ་ཆེས་པའི་སྐུར་འདེབས་ཡིན་ཞིང༌། ལུང་གི་དོན་ཡང་མིན་པར་བསྒྲུབས་ལ། ཆོས་ཅན་གཞན་ལ་དེ་ལྟར་མི་འདོད་ཀྱང་ཆོས་ཉིད་ལ་བློས་གང་དུ་བཟུང་བ་ཐམས་ཅད་བདེན་ཞེན་གྱི་མཚན་འཛིན་ནོ་སྙམ་ན། དེ་ཡང་འཛིན་ཚུལ་ཉེས་པའི་སྐྱོན་ཡིན་གྱི། གང་བཟུང་ཐམས་ཅད་ལ་མིན་ཏེ། ཚུར་མཐོང་གྲོལ་བ་དོན་གཉེར་གྱིས་ལུང་རིགས་ཀྱི་སྒོ་དུ་མ་ནས་དེ་ཁོ་ན་ཉིད་རྩད་གཅོད་དགོས་པར་གསུངས་པའི་ཕྱིར་རོ། །

འདིར་དེ་ཁོ་ན་ཉིད་སྒོམ་པ་ནི་མི་རྟོག་པ་བསྐྱེད་པའི་ཕྱིར་ཡིན་ན། སོ་སོར་རྟོག་པ་ལས་ནི་དེ་མི་སྐྱེ་སྟེ། རྒྱུ་འབྲས་གཉིས་རྗེས་སུ་མཐུན་དགོས་པའི་ཕྱིར་རོ་སྙམ་ན། འདི་ལ་ནི་བཅོམ་ལྡན་འདས་ཉིད་ཀྱིས་ལན་གསལ་བར་གསུངས་ཏེ།

འོད་སྲུངས་ལེའུ་ལས།
འོད་སྲུངས། འདི་ལྟ་སྟེ། དཔེར་ན་ཤིང་གཉིས་རླུང་གིས་དྲུད་པ་དེ་ལས་མེ་འབྱུང་སྟེ། བྱུང་ནས་ཤིང་གཉིས་སྲེག་པ་དེ་བཞིན་དུ། འོད་སྲུངས། ཡང་དག་པར་སོ་སོར་རྟོག་པ་ཡོད་ན་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེ་སྟེ། དེ་སྐྱེས་པས་ཡང་དག་པར་སོ་སོར་རྟོག་པ་དེ་ཉིད་སྲེག་པར་བྱེད་དོ། ཞེས་སོ་སོར་རྟོག་པ་ལས་འཕགས་པའི་ཤེས་རབ་སྐྱེ་བར་གསུངས་ལ།

སྒོམ་རིམ་བར་པ་ལས་ཀྱང༌།
དེས་དེ་ལྟར་ཤེས་རབ་ཀྱིས་རྣམ་པར་དཔྱད་དེ། གང་གི་ཚེ་རྣལ་འབྱོར་པས་དངོས་པོ་གང་གི་ངོ་བོ་ཉིད་དོན་དམ་པར་ངེས་པར་མི་འཛིན་པ་དེའི་ཚེ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འཇུག་གོ །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱང་རྟོགས་སོ། །གང་ཞིག་ཤེས་རབ་ཀྱིས་དངོས་པོའི་ངོ་བོ་ཉིད་སོ་སོར་བརྟགས་ནས་མི་སྒོམ་གྱི། ཡིད་ལ་བྱེད་པ་ཡོངས་སུ་སྤངས་པ་ཙམ་འབའ་ཞིག་སྒོམ་པར་བྱེད་པ་དེའི་རྣམ་པར་རྟོག་པ་ནམ་ཡང་མི་ལྡོག་ཅིང༌། ངོ་བོ་ཉིད་མེད་པ་ཉིད་ནམ་ཡང་རྟོགས་བར་མི་འགྱུར་ཏེ། ཤེས་རབ་ཀྱི་སྣང་བ་མེད་པའི་ཕྱིར་རོ། །འདི་ལྟར་ཡང་དག་པར་སོ་སོར་རྟོག་པ་ཉིད་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་མེ་བྱུང་ན་གཙུབ་ཤིང་གཙུབས་པའི་མེ་བཞིན་དུ་རྟོག་པའི་ཤིང་སྲེག་གོ །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ།

ཞེས་སོ། །དེ་ལྟ་མ་ཡིན་ན་ཟག་བཅས་ལས་ཟག་མེད་འབྱུང་བ་དང༌། འཇིག་རྟེན་པ་ལས་འཇིག་རྟེན་ལས་འདས་པ་དང༌། སེམས་ཅན་ལས་སངས་རྒྱས་དང༌། སོ་སྐྱེ་ལས་འཕགས་པ་འབྱུང་བ་སོགས་མི་སྲིད་པར་འགྱུར་ཏེ། རྒྱུ་འབྲས་གཉིས་མི་འདྲ་བའི་ཕྱིར་རོ།

།བྱང་ཆུབ་སེམས་འགྲེལ་ལས།
།གང་དུ་རྣམ་རྟོག་སྣང་གྱུར་པ། །དེར་ནི་སྟོང་ཉིད་ག་ལ་ཡོད།
།བརྟག་བྱ་རྟོག་བྱེད་རྣམ་པའི་སེམས། །དེ་བཞིན་གཤེགས་རྣམས་ཀྱིས་མ་གཟིགས།
།གང་ན་བརྟག་བྱ་རྟོག་བྱེད་ཡོད། །དེར་ནི་བྱང་ཆུབ་ཡོད་མ་ཡིན།

ཞེས་གསུངས་པ་ནི་བརྟག་བྱ་དང་རྟོག་བྱེད་དུ་བདེན་པར་འཛིན་པ་ལ་བྱང་ཆུབ་འཐོབ་པ་མེད་པར་སྟོན་གྱི། སོ་སོར་རྟོག་པའི་ཤེས་རབ་འགོག་པ་དང༌། བརྟག་བྱ་དང་རྟོག་བྱེད་ཙམ་འགོག་ན་གཞུང་དེར་སོ་སོར་རྟོག་པའི་དཔྱད་པའི་སྒོ་དུ་མས་དེ་ཁོ་ན་ཉིད་གཏན་ལ་ཕབ་པ་དང་འགལ་ཞིང༌། དེ་གཉིས་སངས་རྒྱས་ཀྱིས་མ་གཟིགས་ན་མེད་པར་འགྱུར་བའི་ཕྱིར་རོ།

།ཡང་དེ་ཉིད་ལས།
།སྐྱེ་མེད་དང་ནི་སྟོང་ཉིད་དང༌། །བདག་མེད་ཅེས་བྱར་སྟོང་པ་ཉིད།
།བདག་ཉིད་དམན་པར་གང་སྒོམ་པ། །དེ་དེ་སྒོམ་པར་བྱེད་པ་མིན།

ཞེས་གསུངས་པ་ཡང་རང་བཞིན་གྱིས་སྐྱེ་བ་མེད་པའི་སྟོང་ཉིད་བདག་མེད་ལ་དམིགས་ནས་སྒོམ་པ་མི་འགོག་གི །དེ་དག་ཏུ་བདེན་པར་བཟུང་བའི་བདག་ཉིད་དམན་པ་སྟེ། སྨད་པའི་སྟོང་ཉིད་སྒོམ་པ་འགོག་པ་ཡིན་ཏེ།

འཇིག་རྟེན་ལས་འདས་པར་བསྟོད་པ་ལས།
།ཀུན་རྟོག་ཐམས་ཅད་བསལ་བའི་ཕྱིར། །སྟོང་ཉིད་བདུད་རྩི་སྟོན་མཛད་ན།
།གང་ཞིག་དེ་ལ་ཞེན་གྱུར་པ། །དེ་ཉིད་ཁྱོད་ཀྱིས་ཤིན་ཏུ་སྨད།

ཅེས་གསུངས་པ་ལྟར་རོ། །དེ་བཞིན་དུ་རིན་ཆེན་ཕྲེང་པ་ལས་ཀྱང༌།
།དེ་ལྟར་བདག་དང་བདག་མེད་པ། །ཡང་དག་ཇི་བཞིན་དམིགས་སུ་མེད།
།བདག་དང་བདག་མེད་ལྟ་བ་དག །དེ་ཕྱིར་ཐུབ་པ་ཆེན་པོས་བཟློག

ཅེས་གསུངས་པ་ཡང་བདག་དང་བདག་མེད་གཉིས་ཀ་ཡང་དག་པར་མ་གྲུབ་པས་དེ་གཉིས་ཡང་དག་པར་ཡོད་པར་ལྟ་བ་བཟློག་པ་ཡིན་གྱི། བདག་མེད་པར་ལྟ་བ་མི་འགོག་སྟེ། སྔར་རྩོད་ཟློག་དྲངས་པ་ལྟར་རང་བཞིན་གྱིས་གྲུབ་པའི་རང་བཞིན་མེད་པ་མ་ཡིན་ན། རང་བཞིན་གྱིས་གྲུབ་པ་ཡོད་པར་འགྱུར་བའི་ཕྱིར་རོ།

།དེ་དག་ནི་སྡུད་པ་ལས།
ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན།

ཞེས་གསུངས་པ་དང༌། ཡུམ་ཆེན་མོ་ལས། གཟུགས་སྟོང་པ་དང་། བདག་མེད་ཅེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་ཀྱི། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཞེས་གསུངས་པ་རྣམས་ཀྱི་དོན་ཡང་སྟོང་ཉིད་སོགས་བདེན་པར་བཟུང་བ་ལ་བྱ་སྟེ། དེ་ལྟ་མ་ཡིན་ན། སྐྱེ་མེད་གནས་ལ་དད་མ་ཡིན། ཞེས་པའང་མི་རིགས་ཏེ། དེ་ལ་དད་པ་ཡང་མཚན་མ་ལ་སྤྱོད་པར་འགྱུར་པའི་ཕྱིར་དང༌། མདོ་དེ་ཉིད་ལས་ཆོས་རྣམ་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང༌། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། ཞེས་དང༌།

ཏིང་འཛིན་རྒྱལ་པོ་ལས་ཀྱང༌།
།གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་བརྟགས་ནས་གང་ཞིག་དེ་སྒོམ་པ།
།འབྲས་བུ་མྱ་ངན་འདས་འཐོབ་རྒྱུ་དེ་ཡིན། །རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར།

ཞེས་གསུངས་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ལས་ཀྱང༌།
ཤཱ་རིའི་བུས། བྱང་སེམས་ཤེར་ཕྱིན་ཟབ་མོ་ལ་སྤྱོད་པར་འདོད་པས། ཇི་ལྟར་བསླབ་པར་བྱ། ཞེས་དྲིས་པའི་ལན་དུ་སྤྱན་རས་གཟིགས་ཀྱིས། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ།

ཞེས་སོགས་མང་དུ་གསུངས་པ་དང་འགལ་པར་འགྱུར་རོ། །དེས་ན་ཆོས་དབྱིངས་བསྟོད་པ་ལས།
མཆོག་ཏུ་སེམས་ནི་སྦྱོང་བྱེད་པའི། །ཆོས་ནི་རང་བཞིན་མེད་པ་ཡིན།

ཞེས་དང༌།
།བདག་དང་བདག་གིར་ཞེས་འཛིན་པས། །ཇི་སྲིད་ཕྱི་རོལ་རྣམ་བཏགས་པ།
།བདག་མེད་རྣམ་པ་གཉིས་མཐོང་ན། །སྲིད་པའི་ས་བོན་འགག་པར་འགྱུར།

ཞེས་དང༌། འཇུག་པ་ལས་ཀྱང༌།
།དེ་ཕྱིར་བདག་དང་བདག་གི་སྟོང་ལྟ་བས། །རྣལ་འབྱོར་པ་དེ་རྣམ་པ་གྲོལ་བར་འགྱུར།

ཞེས་གསུངས་པ་ལྟར་ཤེས་པར་བྱ་སྟེ། བདག་མེད་པ་དང་རང་བཞིན་མེད་པའི་ངེས་པའི་རྒྱུན་བསྐྱང་བར་བྱའོ།

།འདིར་སྒོམ་རིམ་དང་པོ་ལས། རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས།

ཡིད་ལ་མི་བྱེད་པས་གཟུགས་ལ་སོགས་པའི་མཚན་མ་སྤོང་ངོ༌།

ཞེས་གསུངས་པ་གང་ཡིན་པ་དེ་ཡང་ཤེས་རབ་ཀྱིས་བརྟགས་ན་མི་དམིགས་པ་གང་ཡིན་པ་དེ་དེར་ཡིད་ལ་མི་བྱེད་པར་དགོངས་ཀྱི། །ཡིད་ལ་བྱེད་པ་མེད་པ་ཙམ་ནི་མ་ཡིན་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལྟར་ཐོག་མ་མེད་པའི་དུས་ནས། གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་ཡིད་ལ་བྱེད་པ་སྤངས་པ་ཙམ་གྱིས་སྤོང་པ་ནི་མ་ཡིན་ནོ། ཞེས་གསུང་རབ་ལས་ཡིད་ལ་མི་བྱེད་པ་བསྒོམས་པས་མཚན་འཛིན་སྤོང་པར་གསུངས་པ་རྣམས་ཀྱང༌ཚུལ་བཞིན་དུ་དཔྱོད་པའི་ཤེས་རབ་ཀྱིས་བརྟགས་ནས་བདེན་འཛིན་གྱི་དམིགས་གཏད་རྡུལ་ཙམ་ཡང་མི་དམིགས་པར་རྟོགས་པའི་དོན་ལ་མཉམ་པར་འཇོག་པ་ལ་དགོངས་པར་གསུངས་ལ།

སྒོམ་རིམ་བར་པ་ལས་ཀྱང༌།
སེམས་གང་ཡིན་པ་དེ་ཡང་བཙལ་ན་སྟོང་པར་རྟོགས་སོ། །སེམས་གང་གིས་རྟོགས་པ་དེ་ཡང་ངོ་བོ་ཉིད་ཀུན་ཏུ་བཙལ་ན་སྟོང་པར་རྟོགས་ཏེ། དེ་ལྟར་རྟོགས་པས་མཚན་མ་མེད་པའི་རྣལ་འབྱོར་ལ་འཇུག་གོ །

།ཞེས་འབྱུང་ངོ༌། །འདིས་ནི་ཡོངས་སུ་རྟོགས་པ་སྔོན་དུ་གཏོང་བ་ཉིད་མཚན་མ་མེད་པ་ཉིད་ལ་འཇུག་པར་བསྟན་ཏེ། ཡིད་ལ་བྱེད་པ་ཡོངས་སུ་སྟོང་བ་ཙམ་དང༌། ཤེས་རབ་ཀྱིས་དངོས་པོའི་ངོ་བོ་ཉིད་མི་དཔྱོད་པ་རྣམ་པར་མི་རྟོག་པ་ཉིད་དུ་འཇུག་མི་སྲིད་པར་ཤིན་ཏུ་གསལ་བར་བསྟན་པ་ཡིན་ནོ། ཞེས་དཀོན་མཆོག་སྤྲིན་ལས་དེ་ལྟར་གསུངས་པ་དེས། སྔོན་དུ་ཚུལ་བཞིན་དུ་དཔྱད་པས་དེ་ཁོ་ན་ཉིད་ཀྱི་ལྟ་བ་བརྙེད་པ་མེད་ན་དེ་ཁོ་ན་ཉིད་ཀྱི་དོན་ལ་མི་རྟོག་པར་འཇུག་པ་མི་སྲིད་པར་གསུངས་པ་དང༌།

སྒོམ་རིམ་ཐ་མ་ལས།
བསམ་གྱིས་མི་ཁྱབ་པ་དང་བློ་ལས་འདས་པ་སོགས་གསུངས་པ་དེར་ནི་ཟབ་མོའི་དོན་ཐོས་པ་དང་སེམས་པ་ཙམ་གྱིས་རྟོགས་པར་རློམ་པ་དགག་པའི་ཕྱིར། དེ་རྣམས་འཕགས་པའི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས། གཞན་གྱིས་བསམ་མི་ཁྱབ་པ་ལ་སོགས་པར་སྟོན་པ་དང༌། ཡང་ཟབ་མོའི་དོན་ལ་བདེན་པར་བཟུང་ནས་ཚུལ་བཞིན་མ་ཡིན་པར་སེམས་པ་དགག་པའི་ཕྱིར་གསུངས་ཀྱི། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཚུལ་བཞིན་དུ་དཔྱོད་པ་འགོག་པ་མིན་པ་དང༌། དེ་འགོག་ན་རིགས་པ་དང་ལུང་ཤིན་ཏུ་མང་པོ་དང་འགལ་བར་གསུངས་པ་དང༌། དེ་རྣམ་པར་རྟོག་པའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་ཚུལ་བཞིན་ཡིད་ལ་བྱེད་པའི་ངོ་བོ་ཉིད་ཡིན་བའི་ཕྱིར། རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བར་འགྱུར་བས་ན། ཡེ་ཤེས་དེ་འདོད་པས་དེ་ལ་བརྟེན་པར་བྱའོ།

ཞེས་གསུངས་པ་རྣམས་ཀྱིས། རྒྱ་ནག་གི་མཁན་པོས་ལུང་རིགས་ལ་བརྟེན་ནས་དེ་ཁོ་ན་ཉིད་གཏན་ལ་ཕབ་པའི་ལྟ་བ་མ་རྙེད་ཀྱང༌། ཅི་ཡང་ཡིད་ལ་མི་བྱེད་པར་མཉམ་པར་བཞག་པས། དེ་ཁོ་ན་ཉིད་རྟོགས་པར་འགྱུར་རོ། ཞེས་སྨྲ་བ་འགོག་པའི་ཚུལ་རྣམས་ཤེས་པ་ཤིན་ཏུ་གལ་ཆེའོ། །སྒོམ་ཚུལ་དེ་དག་ནི་ལམ་རིམ་གྱི་གདམས་ངག་སྔ་མ་རྣམས་ལས་ཀྱང་འབྱུང་སྟེ།

པོ་ཏོ་བའི་བེའུ་བུམ་ལས།
།ཁ་ཅིག་ཐོས་བསམ་དུས་ན་རིགས་པས། །རང་བཞིན་མེད་པ་གཏན་ལ་ཕབ་ལ།
།སྒོམ་དུས་མི་རྟོག་འབའ་ཞིག་སྒོམ་ཟེར། །དེ་ལྟ་ན་ནི་འབྲེལ་མེད་སྟོང་ཉིད།
།ལོགས་སུ་བསྒོམས་ཕྱིར་གཉེན་པོར་མི་འགྱུར། །དེ་ལྟ་བས་ན་སྒོམ་དུས་ཉིད་ནའང༌།
།གཅིག་དང་དུ་བྲལ་རྟེན་འབྲེལ་ལ་སོགས། །གང་ལ་གོམས་པས་སོ་སོར་བརྟག་ཅིང༌།
།ཅུང་ཟད་མི་རྟོག་ཉིད་དུའང་གནས་བྱ། །དེ་ལྟར་བསྒོམས་ན་ཉོན་མོངས་གཉེན་པོ།
།ལྷ་གཅིག་རྗེས་སུ་འབྲང་བར་འདོད་ཅིང༌། །ཕ་རོལ་ཕྱིན་ལུགས་སྤྱོད་པར་འདོད་པས།
།ཤེས་རབ་སྒོམ་པའི་ལུགས་ནི་དེ་ཡིན། །དེ་ཡང་གང་ཟག་བདག་མེད་གོམས་པས།
།དེ་ནས་དེ་ལྟར་རྗེས་སུ་འཇུག་བྱ།

ཞེས་འབྱུང་བ་ལྟར་རོ། །འདི་ཡང་ཇོ་བོས།
།སྟོང་ཉིད་གང་གིས་རྟོགས་ཤེ་ན། །དེ་བཞིན་གཤེགས་པས་ལུང་བསྟན་ཅིང༌།
།ཆོས་ཉིད་བདེན་པ་གཟིགས་པ་ཡི། །ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན།
།དེ་ལས་བརྒྱུད་པའི་མན་ངག་གིས། །ཆོས་ཉིད་བདེན་པ་རྟོགས་པར་འགྱུར།

ཞེས་གསུངས་ཤིང༌། དེའི་འཁྲིད་ཚུལ་ཡང་ཇོ་བོས་དབུ་མའི་གདམས་ངག་ཏུ་གསུངས་པ་དང༌། སློབ་དཔོན་ཀ་མ་ལ་ཤཱི་ལའི་དགོངས་པ་གཉིས་འདྲ་བར་སྣང་བ་རྒྱས་སུ་བཏང་བ་ཡིན་ནོ། །དེ་ལྟར་ལྷག་མཐོང་སྐྱོང་བ་ལ་སྦྱོར་བའི་ཆོས་དྲུག་བསྟེན་པ་དང༌། ཐུན་གྱི་དངོས་གཞི་དང༌། ཐུན་རྗེས་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་དང༌། ཁྱད་པར་དུ་བྱིང་རྒོད་དང་བྲལ་བར་སྐྱེང་ཚུལ་རྣམས་སྔར་བཞིན་ཤེས་པར་བྱའོ།

།བཞི་པ་བསྒོམས་པས་ལྷག་མཐོང་གྲུབ་པའི་ཚད་ནི། དེ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་བསྒོམས་པ་ན་སྔར་བཤད་པའི་ཤིན་སྦྱངས་དེ་མ་སྐྱེས་ཚུན་ཆད་དུ་ལྷག་མཐོང་རྗེས་མཐུན་པ་ཡིན་ལ། དེ་སྐྱེས་ནས་ལྷག་མཐོང་མཚན་ཉིད་པ་ཡིན་ཏེ། ཤིན་སྦྱངས་ཀྱི་ངོ་བོ་དང་སྐྱེ་ལུགས་ནི་སྔར་བཤད་པ་ལྟར་རོ། །འདི་ཡང་ཞི་གནས་གྲུབ་པ་མ་ཉམས་པར་ཡོད་པ་དེས་དྲངས་པའི་ཤིན་སྦྱངས་ཀྱང་ཡོད་པས་ན་ཤིན་སྦྱངས་ཡོད་པ་ཙམ་མིན་ནོ། །འོ་ན་གང་ཡིན་སྙམ་ན་དཔྱད་སྒོམ་བྱས་པ་དེའི་རང་སྟོབས་ཀྱིས་ཤིན་སྦྱངས་འདྲེན་ཐུབ་པ་ན། དེ་ནས་ལྷག་མཐོང་དུ་འགྱུར་རོ། །དེ་ནི་ཇི་སྙེད་པ་ལ་དམིགས་པ་དང༌། ཇི་ལྟ་བ་ལ་དམིགས་པའི་ལྷག་མཐོང་གཉིས་ཀ་ལ་འདྲའོ།

།དེ་ལྟར་ཡང་དགོངས་འགྲེལ་ལས།
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་ཀྱི་བར་དུ་ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ལ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་ནང་དུ་ཡིད་ལ་བགྱིད་པའི་ཡིད་ལ་བགྱིད་པ་དེ་ལ་ཅི་ཞེས་བགྱི། བྱམས་པ། ལྷག་མཐོང་ནི་མ་ཡིན་ཏེ། ལྷག་མཐོང་དང་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱའོ།

ཞེས་དང༌། ཤེར་ཕྱིན་མན་ངག་ལས་ཀྱང༌།
དེས་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པ་དེ་ཉིད་ལ་གནས་ཏེ་ཇི་ལྟར་བསམས་པ་དེ་ཉིད་ཀྱི་དོན་ནང་གི་ཏིང་ངེ་འཛིན་གྱི་གཟུགས་བརྙན་གྱི་སྤྱོད་ཡུལ་ལ་ལྷག་པར་མོས་པས་སོ་སོར་བརྟག་པར་བྱ་སྟེ། ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་སྐྱེས་པ་དེ་སྲིད་དུ་ནི། ལྷག་མཐོང་དང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་ལ། གང་གི་ཚེ་སྐྱེས་པ་དེའི་ཚེ་ལྷག་མཐོང་ཡིན་ནོ།
ཞེས་སོ། །ཤིན་སྦྱངས་རང་སྟོབས་ཀྱིས་འདྲེན་ཐུབ་ན་སེམས་རྩེ་གཅིག་པ་ཡང་འདྲན་ནུས་པས་ན། སོ་སོར་རྟོག་པའི་དཔྱད་སྒོམ་གྱིས་རང་སྟོབས་ཀྱིས་ཞི་གནས་འདྲེན་པ་འདི་ནི་སྔོན་དུ་ཞི་གནས་གྲུབ་པའི་ཡོན་ཏན་ནོ། །དེ་ལྟར་ཞི་གནས་ལེགས་པར་གྲུབ་པ་ཞིག་གིས་དཔྱད་སྒོམ་བྱས་པས་ཀྱང་ཞི་གནས་ཆེས་པུལ་དུ་བྱུང་བར་འགྲོ་བས་ན། སོ་སོར་རྟོག་པའི་དཔྱད་སྒོམ་བྱས་ན་གནས་ཆ་ཆུང་དུ་འགྲོའོ་སྙམ་དུ་མི་གཟུང་ངོ༌།

།གསུམ་པ་ཞི་ལྷག་ཟུང་དུ་འབྲེལ་ཚུལ་ནི། དེ་གཉིས་གྲུབ་པའི་ཚད་ཀྱི་སྐབས་སུ་བཤད་པ་ལྟར་ཞི་ལྷག་གཉིས་མ་ཐོབ་ན་ཟུང་དུ་སྦྲེལ་རྒྱུ་མི་འོང་བས། ཟུང་འབྲེལ་ལ་ནི་དེ་གཉིས་ངེས་པར་ཐོབ་དགོས་སོ། །འདི་ཡང་ནམ་ལྷག་མཐོང་ཐོབ་པའི་ཐོག་མ་ནས་ཟུང་འབྲེལ་ཐོབ་པར་འགྱུར་བས། དེའི་ཚུལ་ནི་ལྔར་གྱི་ཞི་གནས་ལ་བརྟེན་ནས་དཔྱད་སྒོམ་བྱས་པའི་མཐུས། སྔར་ཞི་གནས་ཀྱི་སྐབས་སུ་བཤད་པ་བཞིན་དུ། མངོན་པར་འདུ་བྱེད་པ་མེད་པར་རང་གི་ངང་གིས་འཇུག་པའི་ཡིད་བྱེད་ཐོབ་པ་ན་ཟུང་འབྲེལ་དུ་འགྲོ་སྟེ།

ཉན་ས་ལས།
དེ་ལ་ཅི་ཙམ་གྱིས་ན་ཞི་གནས་དང་ལྷག་མཐོང་འདྲེས་པར་གྱུར་ཅིང་མཉམ་པར་ཟུང་དུ་འཇུག་པ་དང༌། གང་གིས་ན་ཟུང་དུ་འབྲེལ་བར་འཇུག་པའི་ལམ་ཞེས་བྱ་ཞེ་ན། སྨྲས་པ།

སེམས་གནས་པ་རྣམ་པ་དགུ་པོ་དག་ལས།
འདི་ལྟ་སྟེ། མཉམ་པར་བཞག་པའི་རྣམ་པ་དགུ་པ་གང་ཡིན་པ་ཐོབ་པར་གྱུར་ཅིང་ཏིང་ངེ་འཛིན་ཡོངས་སུ་གྲུབ་པ་དེ་ལ་བརྟེན་ནས་ལྷག་པའི་ཤེས་རབ་ཆོས་རྣམ་པར་འབྱེད་པ་ལ་རབ་ཏུ་བརྩོན་པར་བྱེད་དེ། དེའི་ཚེ་ན་ཆོས་རྣམ་པར་འབྱེད་པ་དེའི་ལམ་རང་གི་ངང་གིས་འཇུག་པ་དང་རྩོལ་བ་མེད་པར་འཇུག་པར་འགྱུར་ཞིང༌། ཞི་གནས་ཀྱི་ལམ་ཇི་ལྟ་བ་བཞིན་དུ་མངོན་པར་འདུ་བྱེད་པ་མེད་པས་ལྷག་མཐོང་ཡོངས་སུ་དག་པ་དང༌། ཡོངས་སུ་བྱང་བ་དང༌། ཞི་གནས་ཀྱི་རྗེས་སུ་སོང་བ་དང༌། ཉམས་བདེ་བས་ཡོངས་སུ་ཟིན་པར་འགྱུར་ཏེ། དེའི་ཕྱིར། དེའི་ཞི་གནས་དང་ལྷག་མཐོང་གཉིས་འདྲེས་པར་གྱུར་ཅིང་མཉམ་པར་འཇུག་པ་དང༌། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་ལམ་ཞེས་བྱའོ།

ཞེས་དང༌། སྒོམ་རིམ་ཐ་མ་ལས་ཀྱང༌།
ཇི་སྟེ་གང་གི་ཚེ་བྱིང་བ་དང་རྒོད་པ་ལས་དབེན་པའི་ཕྱིར། མཉམ་པར་ཞུགས་ཤིང་རང་གི་ངང་གིས་འཇུག་པས་དེ་ཁོ་ན་ཉིད་ལ་སེམས་ཤིན་ཏུ་གསལ་བ་བྱུང་བར་གྱུར་པ་དེའི་ཚེ། རྩོལ་བ་གློད་པས་བཏང་སྙོམས་སུ་བྱ་སྟེ། དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་གྲུབ་པ་ཡིན་པར་རིག་པར་བྱའོ།

ཞེས་གསུངས་པ་ལྟར་ཏེ་ལྷག་མཐོང་མཚན་ཉིད་པ་ཐོབ་པའི་མཚམས་ནས་ཡིན་ནོ།

།ཤེར་ཕྱིན་མན་ངག་ལས་ཀྱང༌།
དེའི་འོག་ཏུ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དེ་ཉིད་ལ་དམིགས་ཏེ། སེམས་དེ་ཉིད་ལ་གང་གི་ཚེ་རྒྱུན་མི་འཆད་པ་དང་བར་མ་ཆད་པའི་ཡིད་ལ་བྱེད་པའི་རྒྱུན་གྱིས་གཉིས་ཀའང་ཉམས་སུ་མྱོང་བ་དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་ཞེས་བརྗོད་དེ། དེ་ལ་ཞི་གནས་དང་ལྷག་མཐོང་ནི་ཟུང་ཡིན་ལ། འབྲེལ་པ་ནི་ལྡན་པ་སྟེ། ཕན་ཚུན་བཅིངས་ནས་འཇུག་པའོ་ཞེས་གསུངས་ཏེ། བར་མ་ཆད་པ་ནི་དཔྱད་སྒོམ་དེ་ཉིད་ཀྱི་འཕྲོ་བཞག་ནས་མི་རྟོག་པར་གཞག་མི་དགོས་པར་དཔྱད་སྒོམ་དེ་ཉིད་ཀྱིས་མི་རྟོག་པ་འདྲེན་པའོ། །གཉིས་ཀ་ཉམས་སུ་མྱོང་བ་ནི་མི་རྟོག་པའི་གཟུགས་བརྙན་ལ་དམིགས་པའི་ཞི་གནས་དང་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པའི་ལྷག་མཐོང་གཉིས་ཀ་ཉམས་སུ་མྱོང་བའོ། །རྒྱུན་གྱིས་ཞེས་པ་ནི། དཔྱོད་པའི་ལྷག་མཐོང་དང་དཔྱད་མཐར་གནས་པའི་ཞི་གནས་གཉིས་དུས་གཅིག་ཏུ་མི་འབྱུང་བའི་དབང་དུ་བྱས་ཀྱི། དཔྱད་སྟོབས་ཀྱིས་ཞི་གནས་དངོས་དྲངས་པའི་ཞི་གནས་ཀྱི་དུས་སུ་ནི། ཇི་ལྟ་བ་ལ་དམིགས་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ལྷག་མཐོང་དང་ཇི་ལྟ་བ་ལ་རྩེ་གཅིག་ཏུ་བརྟན་པར་གནས་པའི་ཏིང་ངེ་འཛིན་གྱི་ཞི་གནས་གཉིས་མཚུངས་ལྡན་དུ་འཇུག་གོ །དེ་འདྲ་བའི་ཚེ་ནི་ཞི་ལྷག་གཉིས་འདྲེས་པ་སྟེ་མཉམ་པར་འཇུག་པའོ། །དེ་ལ་ནི་སྒོམ་བྱུང་གི་རྟོགས་པ་ཐོབ་དགོས་པས། ཆུ་མི་གཡོ་བར་གནས་པའི་སྟེང་ན་ཕར་ཉེའུ་ཆུང་འཕྱོ་བ་བཞིན་དུ་གནས་ཆ་བརྟན་པོའི་མི་རྟོག་པའི་རྩི་མ་ཞིག་པའི་ངང་ནས་བདག་མེད་པའི་དོན་ལ་སོ་སོར་དཔྱད་པས་ཆོག་པའི་གཉིས་ཚོགས་ལ་ཞི་ལྷག་རྗེས་མཐུན་པར་འཇོག་ན་མ་གཏོགས་པ་ཞི་ལྷག་དངོས་ཀྱི་ཟུང་འབྲེལ་གྱི་དོན་མེད་དོ། །དེ་ལྟར་ཞི་ལྷག་ཟུང་དུ་འབྲེལ་བའི་ཚུལ་ནི། གཞུང་ཁུངས་མ་དེ་དག་ནས་འབྱུང་བ་བཞིན་དུ་ཤེས་པར་བྱ་ཡི། དེ་ལས་གཞན་དུ་སྒྲོ་བཏགས་ནས་འཆད་པ་ལ་ཡིད་བརྟན་པར་མི་བྱའོ། །བྱང་ཆུབ་ལམ་གྱི་རིམ་པའི་རིགས་པའི་མཐའ་གཅོད་དང༌། ཤེས་བྱེད་ཀྱིས་ལུང་དང༌། སྒོམ་པའི་ཚུལ་རྒྱས་པར་ནི། ལམ་རིམ་རྒྱས་པ་ལས་ཤེས་པར་བྱའོ།

ད་ནི་ལམ་སྤྱིའི་དོན་བསྡུ་བ་ཅུང་ཟད་བརྗོད་པར་བྱ་སྟེ། ཐོག་མར་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ལ་ཐུག་པས་དེའི་བདར་ཤ་བཅད་དེ། དེ་ནས་དལ་བ་ལ་སྙིང་པོ་ལེན་འདོད་བཅོས་མ་མིན་པ་སྐྱེས་ན་དེས་སྒྲུབ་པ་ལ་ནང་ནས་བསྐུལ་བས། དེ་བསྐྱེད་པའི་ཆེད་དུ་དལ་འབྱོར་གྱི་སྐོར་རྣམས་བསྒོམ། དེ་ནས་ཚེ་འདི་དོན་གཉེར་གྱི་བློ་མ་ལོག་ན་འཇིག་རྟེན་ཕྱི་མ་ལ་དོན་གཉེར་དྲག་པོ་མི་འབྱུང་བས། ལུས་ཐོབ་པ་རིང་དུ་མི་སྡོད་པའི་མི་རྟག་པ་དང༌། ཤི་ནས་ངན་འགྲོར་འཁྱམ་ཚུལ་སྒོམ་པ་ལ་འབད། དེའི་ཚེ་འཇིགས་པ་དྲན་པའི་བློ་རྣལ་མ་སྐྱེ་བས་སྐྱབས་གསུམ་གྱི་ཡོན་ཏན་ལ་སྙིང་ཐག་པ་ནས་ངེས་པ་བསྐྱེད་ལ། སྐྱབས་འགྲོ་ཐུན་མོང་བའི་སྡོམ་པ་ལ་གནས་ཤིང་དེའི་བསླབ་བྱ་ལ་བསླབ། དེ་ནས་དཀར་ཆོས་ཐམས་ཅད་ཀྱི་གཞི་ལས་འབྲས་ལ་ཡིད་ཆེས་པའི་དད་པ་སྒོ་དུ་མ་ནས་བསྐྱེད་ལ་བརྟན་པར་བྱས་ཏེ། དགེ་མི་དགེའི་འཇུག་ལྡོག་ལ་འབད་ཅིང་སྟོབས་བཞིའི་ལམ་དུ་རྒྱུན་དུ་ཞུགས་པ་ཞིག་བྱ། དེ་ལྟར་སྐྱེས་བུ་ཆུང་ངུའི་ཆོས་སྐོར་རྣམས་ཚགས་སུ་ཚུད་པ་ན། འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་མང་དུ་བསམས་ལ། འཁོར་བ་སྤྱི་ལས་བློ་ཅི་ལྡོག་བྱ། དེ་ནས་འཁོར་བ་གང་ལས་འབྱུང་བའི་རྒྱུ་ལས་ཉོན་མོངས་ངོས་བཟུང་ནས་དེ་སྤོང་འདོད་བཅོས་མ་མིན་པ་བསྐྱེད། འཁོར་བ་ལས་གྲོལ་བའི་ལམ་བསླབ་གསུམ་སྤྱི་དང༌། ཁྱད་པར་དུ་རང་གིས་གང་ཁས་བླངས་པའི་སོ་ཐར་ལ་འབད་དོ། །དེ་ལྟར་སྐྱེས་བུ་འབྲིང་གི་ཆོས་སྐོར་རྣམས་ཚགས་སུ་ཚུད་པ་ན། རང་ཉིད་སྲིད་མཚོར་ལྷུང་བ་ཇི་འདྲ་བ་དེ་བཞིན་དུ། མ་རྣམས་ཀྱང་དེ་འདྲ་བར་སོང་བ་ཡིད་ལ་བྱས་ཏེ། བྱམས་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་སྦྱངས་ལ་ཅི་སྐྱེ་ལ་འབད་དགོས་ཏེ། དེ་མེད་ན་ཕྱིན་དྲུག་དང་རིམ་གཉིས་སོགས་རྨང་མེད་པའི་ཐོག་བྱེད་པ་དང་འདྲ་བས་སོ། ། དེ་ལ་མྱོང་བའི་རྣམ་པ་ཐན་ཐུན་སྐྱེས་ན་ཆོ་གས་བཟུང་ལ། དེའི་བསླབ་བྱ་ལ་འབད་དེ་སྨོན་སེམས་ཅི་བརྟན་བྱ། དེ་ནས་ངྱངས་སེམས་ཀྱི་སྤྱོད་པ་རླབས་ཆེ་བ་རྣམས་མཉན་ལ། ལྡོག་འཇུག་གི་མཚམས་རྣམས་ཤེས་པ་དང་དེ་ལ་སློབ་འདོད་བསྐྱེད། བློ་དེ་སྐྱེས་པ་ན་འཇུག་པའི་སྡོམ་པ་ཆོ་གས་བཟུང་ལ། རང་རྒྱུད་སྨིན་པར་བྱེད་པའི་ཕྱིན་དྲུག་དང༌། གཞན་རྒྱུད་སྨིན་བྱེད་བསྡུ་བཞི་སོགས་ལ་བསླབ། ཁྱད་པར་དུ་རྩ་ལྟུང་ལ་སྲོག་བསྡོས་བྱ། ཟག་པ་ཆུང་འབྲིང་དང་ཉེས་བྱས་རྣམས་ཀྱིས་མ་གོས་པ་ལ་འབད། གོས་ནའང་ཕྱིར་བཅོས་ལ་འབད་དོ། །དེ་ནས་ཕར་ཕྱིན་ཐ་མ་གཉིས་ལ་ཁྱད་པར་དུ་བསླབ་དགོས་པས་བསམ་གཏན་སྐྱོང་ལུགས་ལ་མཁས་པར་བྱས་ལ་ཏིང་ངེ་འཛིན་བསྒྲུབ། བདག་མེད་གཉིས་ཀྱི་ལྟ་བ་རྣམ་དག་ཅིག་རྒྱུད་ལ་ཅི་སྐྱེ་བྱ་ཏེ། རྙེད་པ་དང་ལྟ་ཐོག་ཏུ་བཞག་ནས་སྐྱོང་བའི་ཚུལ་ཤེས་པར་བྱས་ལ་བསྐྱང་ངོ༌། །དེ་འདྲ་བའི་བསམ་གཏན་དང་ཤེས་རབ་གཉིས་ལ་ཞི་ལྷག་གི་མིང་བཏགས་པ་ཡིན་གྱི། དེ་གཉིས་ལས་ཟུར་པ་ཞིག་མེད་པས་བྱང་སེམས་ཀྱི་སྡོམ་པ་བཟུང་ནས་དེའི་བསླབ་བྱ་ལ་སློབ་པའི་གསེབ་ནས་འོང་ངོ༌། །འདི་ཡང་ལམ་འོག་མ་བསྒོམས་ཀྱིན་གོང་མ་ལ་ཐོབ་འདོད་ཆེར་འགྲོ་བ་དང༌། གོང་མ་མཉན་པ་ན་འོག་མ་ལ་བསྒྲུབ་འདོད་ཇེ་ཆེར་འགྲོ་བ་ཞིག་དགོས་སོ། །དེ་རྣམས་སྒོམ་པའི་ཚེ་ཡང་རྟོག་པ་སྦྱང་བར་བྱས་ནས་བློ་ཆ་མཉམ་དགོས་ཏེ། འདི་ལྟར་ལམ་ལ་འཁྲིད་པའི་ཤེས་གཉེན་ལ་གུས་པ་ཆུང་བར་སྣང་ན་ལེགས་ཚོགས་ཀྱི་རྩ་བ་འཆད་པས་བསྟེན་ཚུལ་ལ་འབད། དེ་བཞིན་དུ་སྒྲུབ་པ་ལ་སྤྲོ་ཤུགས་ཆུང་ན་དལ་འབྱོར་གྱི་སྐོར་དང༌། ཚེ་འདི་ལ་མངོན་ཞེན་ཆེར་སོང་ན་མི་རྟག་པ་དང་ངན་འགྲོའི་ཉེས་དམིགས་སྒོམ་པ་ལ་གཙོ་བོར་བྱ། ཁས་བླངས་པའི་བཅས་མཚམས་ལ་གཡེལ་བར་སྣང་ན་ལས་འབྲས་སྒོམ་པ་ལ་གཙོ་བོར་བྱ། འཁོར་བ་ལ་སྐྱོ་ཤས་ཆུང་ན་ཐར་པ་དོན་གཉེར་ཚིག་ཙམ་དུ་འགྲོ་བས་འཁོར་བའི་ཉེས་དམིགས་བསམ། ཅི་བྱེད་སེམས་ཅན་གྱི་དོན་དུ་བྱེད་པའི་བློ་ཤུགས་དྲག་མི་སྣང་ན་ཐེག་ཆེན་གྱི་རྩ་བ་འཆད་པས་སྨོན་སེམས་རྒྱུ་དང་བཅས་པ་ལ་སྦྱང༌། རྒྱལ་སྲས་ཀྱི་སྡོམ་པ་བླངས་ནས་སྤྱོད་པ་ལ་སློབ་པ་ན་མཚན་མར་འཛིན་གྱི་འཆིང་བ་བཤུགས་དྲག་པར་སྣང་ན་མཚན་འཛིན་གྱི་དམིགས་གཏད་རིགས་ཤེས་ཀྱིས་བཤིག་ལ། ནམ་མཁའ་ལྟ་བུ་དང་སྒྱུ་མ་ལྟ་བུའི་སྟོང་ཉིད་ལ་སྦྱང༌། སེམས་དམིགས་པ་ལ་མི་སྡོད་པར་རྣམ་གཡེང་གི་བྲན་དུ་གྱུར་པར་སྣང་ན་རྩེ་གཅིག་པའི་གནས་ཆ་ལ་གཙོ་བོར་སྐྱོང་བར་གོང་མ་རྣམས་གསུང་སྟེ། དེས་མཚོན་ནས་མ་བཤད་པ་རྣམས་ཀྱང་ཤེས་པར་བྱ་ལ། མདོར་ན་ཕྱོགས་རེ་བར་མ་སོང་བར་རྒྱུད་དགེ་བའི་ཕྱོགས་ཐམས་ཅད་ལ་བཀོལ་རུང་ཞིག་དགོས་སོ།

།གཉིས་པ་ཁྱད་པར་དུ་རྡོ་རྗེ་ཐེག་པ་ལ་བསླབ་པའི་ཚུལ་ནི། དེ་ལྟར་མདོ་སྔགས་གཉིས་ཀའི་ལམ་ཐུན་མོང་བ་རྣམས་ལ་སྤྱངས་པའི་འོག་ཏུ་ནི། གདོན་མི་ཟ་བར་སྔགས་ལ་འཇུག་པར་བྱ་སྟེ། ལམ་དེ་ནི་ཆོས་གཞན་རྣམས་ལས་ཆེས་དཀོན་པ་དང༌། མྱུར་དུ་ཚོགས་གཉིས་རྫོགས་པར་བྱེད་པའི་ཕྱིར་རོ། །དེ་ལ་འཇུག་ན་ནི་ལམ་སྒྲོན་ལས་གསུངས་པ་ལྟར། ཐོག་མར་བླ་མ་མཉེས་པར་བྱ་བ་སྔར་བཤད་པ་ལས་ཀྱང་ལྷག་པ་ཞིག་བྱ་དགོས་ཏེ། དེ་ཡང་དེ་ལས་བཤད་པའི་མཚན་ཉིད་མ་མཐའ་ཚང་བ་ཞིག་ལ་དེ་ལྟར་བྱེད་པ་ཡིན་ནོ། །དེ་ནས་ཐོག་མར་རྒྱུད་སྡེ་ཁུངས་མ་ནས་བཤད་པའི་དབང་ཞིག་གིས་རྒྱུད་སྨིན་པར་བྱ། དེ་ནས་དེའི་ཚེ་བཟུང་བའི་དམ་ཚིག་དང་སྡོམ་པ་རྣམས་མཉན་ནས་ཤེས་པར་བྱས་ལ་བསྲུང་སྟེ། རྩ་ལྟུང་ཕོག་ན་སླར་བླང་དུ་ཡོད་ཀྱང་ལམ་གྱི་ཡོན་ཏན་རྒྱུད་ལ་སྐྱེ་བ་ལ་ཆེས་འགྱངས་པས་དེས་མ་གོས་པ་ལ་འབད། སྦོམ་པོའི་ལྟུང་བས་མ་གོས་པ་ལ་འབད་ཅིང༌། བརྒྱ་ལ་གོས་ནའང༌སླར་འཆོས་པའི་ཐབས་རྣམས་བྱ་སྟེ། འདི་དག་ནི་ལམ་སྒོམ་པའི་གཞི་ཡིན་པས་དེ་དག་མེད་ན་འགྲམ་རྩ་ཟགས་པའི་ཁང་རུལ་ལྟར་འགྱུར་པའི་ཕྱིར་རོ།

།འཇམ་དཔལ་གྱི་རྩ་བའི་རྒྱུད་ལས།
།ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་འགྲུབ་པར་ནི་མ་གསུངས་ཏེ།

ཞེས་སོགས་ཀྱིས་གྲུབ་པ་རབ་འབྲིང་ཐ་གསུམ་གང་ཡང་མེད་པར་གསུངས་ཤིང༌། རྣལ་འབྱོར་བླ་མེད་ཀྱི་རྒྱུད་དུ་ཡང་དམ་ཚིག་མི་སྲུང་བ་དང༌། དབང་བསྐུར་དམན་པ་དང༌། དེ་ཉིད་མི་ཤེས་པ་གསུམ་གྱིས་བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་པར་གསུངས་པས་ན་དམ་ཚིག་དང་སྡོམ་པ་སྲུང་བ་མེད་པའི་ལམ་སྒོམ་པ་སྐད་བྱེད་པ་ནི་སྔགས་ཀྱི་ཚུལ་ལས་རྣམ་པར་འཁྱམས་པའོ། །དེ་ལྟར་དམ་ཚིག་དང་སྡོམ་པ་སྲུང་བ་དེས་སྔགས་ཀྱི་ལམ་བསྒོམ་པར་བྱ་བ་ལ། རྒྱུད་སྡེ་འོག་མ་གསུམ་ལྟར་ན་མཚན་མ་ཡོད་མེད་ཀྱི་རྣལ་འབྱོར་གཉིས་ལ་རིམ་གྱིས་དང༌། གོང་མ་ལྟར་ན་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་རིམ་ཅན་དུ་བསླབ་བོ། །འདི་དག་ནི་འདིར་མིང་ཙམ་གྱི་སྒོ་ནས་སྔགས་ལ་འཇུག་པའི་ཕྱོགས་ཙམ་ཞིག་བསྟན་པ་ཡིན་པས། རྒྱས་པར་ནི་སྔགས་ཀྱི་ལམ་གྱི་རིམ་པ་རྣམས་ལས་ཤེས་དགོས་སོ། །དེ་ལྟ་བུའི་ཚུལ་གྱིས་བསླབས་ན་མདོ་སྔགས་ཀྱི་གནད་ཐམས་ཅད་བསྡུས་པའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་བསླབས་པར་འགྱུར་བས་དལ་བ་ཐོབ་པ་དོན་ལྡན་དུ་བྱེད་ཅིང་རྒྱལ་བའི་བསྟན་པ་རིན་པོ་ཆེ་རང་གཞན་གྱི་རྒྱུད་ལ་རྒྱས་པར་བྱེད་ནུས་པ་ཡིན་ནོ།

།རྒྱལ་བས་མདོ་དང་རྒྱུད་སྡེའི་ལམ་གྱི་ཚུལ། །རྣམ་གཉིས་གསུངས་པའི་མདོ་སྡེའི་ཕྱོགས་རྣམས་ཀྱི།
།གསུང་རབ་བསྟན་བཅོས་ཀུན་གྱི་ལམ་ལ་ནི། །མི་འཇིགས་སྤོབས་པ་བྱིན་པས་གཞུང་བཟང་རྣམས།
།བདེ་བླག་ཉིད་དུ་གདམས་པར་འཆར་བ་དང༌། །རྒྱུད་སྡེ་ནས་བཤད་ཐེག་ཆེན་ཐུན་མོང་ལམ།
།མ་ལུས་གསལ་བྱེད་རྒྱུད་ནི་སྦྱོང་བྱེད་མཆོག །ལྷག་པར་ཕྱི་རོལ་པ་དང་ནང་པ་དང༌།
།ཐེག་པ་ཆེ་ཆུང་ཐེག་ཆེན་རྣམ་གཉིས་དང༌། །རྒྱུད་སྡེ་གོང་འོག་རིམ་པ་རྣམ་གཉིས་ཀྱི།
།སྐབས་སུ་སྐྱེ་བའི་ཏིང་འཛིན་ཐུན་མོང་བ། །ཤིན་ཏུ་གསལ་བར་མཁས་མང་གཞུང་བཞིན་དུ།
།ལེགས་པར་བཤད་པས་རྣལ་འབྱོར་ལྷུར་ལེན་གྱི། །ལམ་གྱི་གོལ་ས་ལེགས་པར་རྟོགས་འགྱུར་བའི།
།བྱང་ཆུབ་ལམ་གྱི་རིམ་པ་བསྡུས་པ་འདི། །སླར་ཡང་ཐར་འདོད་རྣམས་ཀྱི་དོན་དུ་སྦྱར།
།ཟབ་མོའི་ལྟ་བ་རྒྱ་ཆེན་སྤྱོད་པའི་ལམ། །རྒྱལ་ཚབ་བྱམས་པ་རྗེ་བཙུན་འཇམ་དབྱངས་ནས།
།མགོན་པོ་ཀླུ་སྒྲུབ་ཐོགས་མེད་ཞི་བ་ལྷའི། །བརྒྱུད་པའི་ཆུ་བོ་རྣམ་པ་གསུམ་འདྲེས་པ།
།དཔལ་ལྡན་ཨ་ཏི་ཤ་ཡི་གདམས་པ་མཆོག །འདིར་འབད་པ་ལས་ཐོབ་པའི་དགེ་བ་ཡིས།
།སྐྱེ་དགུའི་ཕན་བདེའི་རྩ་བ་རྒྱལ་བའི་བསྟན། །དྲི་མས་མ་བསླད་རིང་དུ་རྒྱས་པར་ཤོག །

ཅེས་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། རྣམ་པ་ཐམས་ཅད་མཁྱེན་པའི་སར་བགྲོད་པའི་སྐྱེ་བོ་མཆོག་གི་ཆོས་ལུགས། སྐྱེས་བུ་གསུམ་གྱི་ཉམས་སུ་བླང་བའི་རིམ་པ་ཐམས་ཅད་ཚང་བར་སྟོན་པའི་བྱང་ཆུབ་ལམ་གྱི་རིམ་པ་དགོན་པ་བ་ནས་སྣེའུ་ཟུར་པ་ལ་བརྒྱུད་པ་དང༌། སྤྱན་སྔ་བ་ནས་བརྒྱུད་པ་གཉིས་དང༌། པོ་ཏོ་བ་ནས་ཤ་ར་བ་ལ་བརྒྱུད་པ་དང༌། པོ་ཏོ་བ་ནས་དོལ་པ་ལ་བརྒྱུད་པའི་གདམས་ངག་ཐོས་པ་རྣམས་ཀྱི་དོན། ལམ་རིམ་རྒྱས་པ་ལས་སླར་ཡང་བསྡུས་པ་འདི་ནི། མང་དུ་ཐོས་པའི་དགེ་སློང་སྤོང་བ་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་རི་བོ་དགེ་ལྡན་དུ་སྦྱར་བའོ༎ ༎