༈ ཐོན་མིའི་ལེགས་བཤད་སུམ་ཅུ་པའི་སྙིང་པོ་ལྗོན་པའི་དབང་པོ་བཞུགས་སོ།

༈ ན་མོ་གུ་རུ་མཉྫུ་གྷ་ཥ་ཡ།

༈ བླ་མ་མཆོག་དང་དབྱེར་མེད་པའི། འཇམ་པའི་དབྱངས་ལ་གུས་བཏུད་ནས། ཐོན་མིའི་ལེགས་བཤད་སུམ་ཅུ་པའི། སྙིང་པོ་མདོར་བསྡུས་བཤད་པར་བྱ། དབྱངས་ཀྱི་བྱ་བ་གསལ་པོ་རུ། བྱེད་པ་ཨི་ཨུ་ཨེ་ཨོ་བཞི། གསལ་བྱེད་ཀ་སོགས་སུམ་ཅུ་ཡིན། ག་ང་ད་ན་བ་མ་འ། ར་ལ་ས་རྣམས་རྗེས་འཇུག་བཅུ། ད་དང་ས་གཉིས་ཡང་འཇུག་སྟེ། ད་ནི་ན་ར་ལ་གསུམ་དང༌། ས་ནི་ག་ང་བ་མར་འཐོབ། ག་ད་བ་མ་འ་སྔོན་འཇུག། གོ་ངོ་དོ་ནོ་བོ་མོ་འོ། རོ་ལོ་སོ་ཏོ་སླར་བསྡུ་སྟེ། རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ། དྲག་ཡོད་ཏོ་དང་མཐའ་མེད་འོ། གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར། སུ་ར་རུ་དུ་ན་ལ་ཏུ། ལ་དོན་རྣམ་པ་བདུན་ཡིན་ཏེ། རྣམ་དབྱེ་གཉིས་བཞི་བདུན་པ་དང༌། དེ་ཉིད་ཚེ་སྐབས་རྣམས་ལ་འཇུག། ས་སུ་ག་བ་དྲག་མཐར་ཏུ། ང་ད་ན་མ་ར་ལ་དུ། འ་དང་མཐའ་མེད་ར་དང་རུ། གི་ཀྱི་གྱི་འི་ཡི་ལྔ་པོ། རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང༌། དེ་རྣམས་ས་མཐའ་ཅན་ལྔ་ནི། རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ། སྦྱོར་ཚུལ་ན་མ་ར་ལ་གྱི། ད་བ་ས་ཀྱི་ག་ང་གི། འ་དང་མཐའ་མེད་འི་དང་ཡི། ཀྱང་ཡང་འང་གསུམ་རྒྱན་སྡུད་དེ། ག་ད་བ་ས་དྲག་མཐར་ཀྱང༌། ང་ན་མ་ར་ལ་མཐར་ཡང༌། འ་དང་མཐའ་མེད་འང་དང་ཡང༌། ཏེ་དེ་སྟེ་གསུམ་ལྷག་བཅས་ཏེ། ན་ར་ལ་ས་དྲག་མཐར་ཏེ། ད་དེ་ག་ང་བ་མ་འ། མཐའ་མེད་རྣམས་ལ་ས་སྟེ་འཐོབ། གམ་ངམ་དམ་ནམ་བམ་མམ་འམ། རམ་ལམ་སམ་ཏམ་འབྱེད་སྡུད་དེ། སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས། ར་རུ་འི་ཡི་འང་ཡང་རྣམས། རྐང་པ་མི་སྐོང་སྐོང་བའི་ཁྱད། འོ་འུ་འམ་གྱི་གོང་དུ་ཚེག། མེད་དང་ཡོད་པའང་དེ་བཞིན་ཡིན། ནས་ལས་འབྱུང་ཁུངས་དགར་སྡུད་དེ། འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས། རིགས་མཐུན་དགར་ནས་མི་མཐུན་ལས། སྡུད་ལ་ནས་སྒྲ་ཁོ་ན་འཇུག། ཀྱེ་དང་ཀྭ་ཡེ་འབོད་སྒྲ་སྟེ། ཕལ་ཆེར་མིང་གི་ཐོག་མར་སྦྱོར། ནི་ནི་དགར་དང་བརྣན་པའི་སྒྲ། དང་ནི་སྡུད་འབྱེད་རྒྱུ་མཚན་དང་། ཚེ་སྐབས་གདམས་ངག་ལྔ་ལ་འཇུག། ལེགས་གཤད་ལྗོན་དབང་། མིང་གི་ཐོག་མའི་དེ་སྒྲ་ནི། ཐ་སྙད་འདས་མ་ཐག་པ་དང༌། རྣམ་གྲངས་གཞན་ཅན་གཉིས་ལ་འཇུག། ཅི་ཇི་སུ་གང་སྤྱི་སྒྲ་སྟེ། ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། སྙེད་སྲིད་ལྟར་བཞིན་སྐད་ལ་ཇི། སུ་ནི་གང་ཟག་གང་ཀུན་ལའོ། ན་རོ་ཡོད་མེད་པ་བ་མ། བདག་པོའི་སྒྲ་སྟེ་ག་ད་ན། བ་མ་ས་དང་དྲག་མཐར་པ། ང་འ་ར་ལ་མཐའ་མེད་ལ། བདག་སྒྲ་ཡར་གྱུར་བ་དང་ནི། ཆ་ལ་པ་ཉིད་སྦྱོར་བ་ལེགས། མིང་མཐའི་པ་བའང་ཕལ་ཆེར་འདྲ། མ་ནི་ངེས་མེད་སྐབས་དང་སྦྱར། མ་མི་མིན་མེད་དགག་སྒྲ་སྟེ། མ་མི་ཐོག་མར་མིན་མེད་མཇུག། མ་ནི་བར་གྱི་གསལ་བྱེད་ལའང༌། ཚིག་ཕྲད་ཞིང་སོགས་ང་ན་མ། འ་དང་ར་ལ་མཐའ་མེད་མཐར། ཞིང་ཞེས་ཞེ་འོ་ཞེ་ན་ཞིག། ག་ད་བ་དང་ད་དྲག་མཐར། ཅིང་ཅེས་ཅེ་འོ་ཅེ་ན་ཅིག། ས་མཐར་དམིགས་བསལ་ཞེས་མ་གཏོགས། ཤིང་ཤིག་ཤེ་འོ་ཤེ་ན་འཐོབ། འོན་ཀྱང་ཁ་ཅིག་ལྷན་ཅིག་སོགས། མིང་གི་ཆ་དང་མ་ནོར་གཅེས། རྐྱང་པ་འཕུལ་ལ་འ་མཐའ་དགོས། གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤང༌། ལྷུག་པའི་དོན་མང་མིང་མཚམས་དང༌། དོན་འབྲིང་འབྱེད་དང་དོན་ཉུང་རྫོགས། ཚིགས་བཅད་ག་མཐར་ཆིག་ཤད་བྱ། རྫོགས་ཚིག་མཐའ་ཅན་ལྷུག་པ་དང༌། ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ། དོན་ཚན་ཆེན་མོ་རྫོགས་པ་དང༌། ལེའུའི་མཚམས་སུ་བཞི་ཤད་དགོས། ང་ཡིག་མ་གཏོགས་ཡིག་ཤད་དབར། ཚེག་མེད་དེ་སོགས་ཞིབ་ཏུ་འབད། ཚིག་གི་ལོ་མས་མ་བསྒྲིབས་ཤིང༌། དོན་གྱི་འབྲས་བུ་གཡུར་ཟ་བའི། ལེགས་བཤད་ལྗོན་པའི་དབང་པོ་འདི། དབྱངས་ཅན་གྲུབ་པའི་རྡོ་རྗེས་སྤེལ།