༄༅། རྒྱུད་ཆགས་གསུམ་པ།
༈ སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། །བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། །སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། །བླ་ན་མེད་པ། །ལྷ་དང་མི་རྣམས་ཀྱི་སྟོན་པ། །སངས་རྒྱས་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པས་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བར་གྱུར། །དགེ་བས་ངན་སོང་ལས་གྲོལ་ཅིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པ་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པ་ཡིན། །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་ལྟ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཡི། །གོ་འཕང་ཐོབ་ནས་སྐྱོན་གྱི་དགྲ་བཏུལ་ཏེ། །རྒ་དང་ན་དང་འཆི་བའི་རླབས་འཁྲུགས་པའི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག། ༎

༄༅། སྐྱབས་འགྲོ།
༈ ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། །ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག། །དྲིན་ཅན་རྩ་བ་དང་བགྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། ། བདག་གིས་སྦྱིན་སོགས་བགྱིས་པ་ཚོགས་རྣམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག། །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག། །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག། །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག།

༈ གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། ། ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། ། རྫོགས་པའི་སངས་རྒྱས་སྨ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ།

༈ ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ་ལོ།

༈ རྟོག་པའི་དྲ་བ་རྣམས་སེལ་ཅིང་། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག། །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ།

༄༅། ཁྲུས་གསོལ།
༈ ཐམས་ཅད་དུ་ནི་ས་གཞི་དག། །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བེཌཱུརྱའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག།

༈ ༀ་ན་མོ་བྷ་ག་ཝ་ཏེ། །བཛྲ་སཱ་ར་པྲ་མརྡ་ནི། །ཏ་ཐཱ་ག་ཏ་ཡ། །ཨརྷ་ཏེ། །སམྱཀྶཾ་བུདྡྷྰ་ཡ། །ཏདྱ་ཐཱ། །ༀ་བཛྲེ་བཛྲེ། །མ་ཧཱ་བཛྲེ། །མཧཱ་ཏེ་ཛ་བཛྲེ། །མཧཱ་བིདྱཱ་བཛྲེ། །མཧཱ་བོ་དྷི་ཙིཏྟ་བཛྲེ། །མཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་གརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱཧཱ།

༈ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པ། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཨཱ་ཧཱུཾ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ༀ་ཧཱུཾ་ཏྲཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །སྤོས་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། །བདག་དང་འགྲོ་ལ་ཐུགས་རྗེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་འབུལ་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །

༄༅། ཡན་ལག་བདུན་པ།
༈ ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག། །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་བ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ།

༄༅། མཎྜལ་སོགས།
༈ བདག་གཞན་ལུས་ངག་ཡིད་གསུམ་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་བླངས་ནས་བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་འབུལ། །ཐུགས་རྗེ་དབང་གིས་བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ།

༈ རང་བཞིན་སྐྱེ་མེད་ཀྱི་མཎྜལ་ལ། །སྣང་བ་སྣ་ཚོགས་ཀྱི་མེ་ཏོག་བཀོད། །བླ་མའི་སྐུ་ལ་མཆོད་པ་འབུལ། །བདག་གི་ལུས་ལ་བྱིན་ཀྱི་རློབས། །ནམ་མཁའ་རྣམ་དག་གི་མཎྜལ་ལ། །འགག་མེད་རྟེན་འབྲེལ་གྱི་མེ་ཏོག་བཀོད། །བླ་མའི་གསུང་ལ་མཆོད་པ་འབུལ། །བདག་གི་ངག་ལ་བྱིན་གྱི་རློབས། །རང་སེམས་བདེ་ཆེན་གྱི་མཎྜལ་ལ། །རྣམ་རྟོག་འཕྲལ་འཇོམས་ཀྱི་མེ་ཏོག་བཀོད། །བླ་མའི་ཐུགས་ལ་མཆོད་པ་འབུལ། །བདག་གི་ཡིད་ལ་བྱིན་གྱིས་རློབས། །རིན་ཆེན་ས་གཞིའི་མཎྜལ་ལ། །རི་རབ་གླིང་བཞིའི་མེ་ཏོག་བཀོད། །བླ་མའི་སྐུ་གསུང་ཐུགས་ལ་མཆོད་པར་འབུལ། །བདག་གི་ལུས་ངག་ཡིད་གསུམ་ལ་བྱིན་གྱིས་རློབས།

༈ སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བདེ་བའི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཐུབ་པ་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན། །ཁྱེད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ཐམས་ཅད་འདུལ། །ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། །བརྩེར་བཅས་ཁྱོད་ལ་ཕྱག་འཚལ་ལོ། །ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་པར་ན། །མཉམ་པར་ཞག་ཅིང་འདྲི་ཀུན་གྱི། །ལན་ལྡོན་ཁྱོད་ལ་ཕྱག་འཚལ་ལོ། །རྟེན་དང་བརྟེན་པ་བཤད་བྱ་དང་། །གསུང་དང་མཁྱེན་པ་འཆད་བྱེད་ལ། །བློ་གྲོས་ཆགས་ཐོགས་མི་མངའ་བས། །ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་ནས་སྤྱོད་པ་མཁྱེན་མཛད་དེ། །དེ་དག་སྐད་ཀྱིས་སེམས་ཅན་གྱི། །འོང་དང་འགྲོ་དང་ངེས་འབྱུང་ལ། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །འཛིན་པ་མེད་ཅིང་ཉེས་པ་མེད། །རྙོག་པ་མེད་ཅིང་མི་གནས་པ། །མི་གཡོ་ཆོས་རྣམས་ཐམས་ཅད་ལ། །སྤྲོས་མེད་ཁྱོད་ལ་ཕྱག་འཚལ་ལོ།

༈ ཐོབ་བྱའི་ཡོན་ཏན་ཀུན་བརྙེས་པས། །རང་དང་གཞན་གྱི་ཕྲིན་ལས་སྒྲུབ། །མཁྱེན་པར་བྱ་བའི་ཆོས་རྣམས་ཀུན། །མ་ལུས་གཟིགས་པ་ཁྱོད་ཕྱག་འཚལ། །དྲན་དང་བརྩོན་འགྲུས་ཏིང་ངེ་འཛིན། །རྨད་དུ་བྱུང་བའི་དབང་པོ་སྟོབས། །བྱང་ཆུབ་ཡན་ལག་འཕགས་པའི་ལམ། །ལེགས་སྒྲུབ་ཁྱོད་ལ་ཕྱག་འཚལ་ལོ། །ཁམས་གསུམ་གཏོགས་པའི་རྣམ་པར་རྟོག། །སྤངས་པའི་སྙོམས་འཇུག་རྣམ་དགུ་ཡིས། །སེམས་ཀྱི་ཐ་བ་འཇོམས་པའི་དབང་། །མཐར་སོན་ཁྱོད་ལ་ཕྱག་འཚལ་ལོ། །གཉིས་སུ་འཛིན་པས་རབ་སྟོང་ཞིང་། །ཉེ་བར་ལེན་ལ་སྨོན་མི་མངའ། །མཚན་མ་ཐམས་ཅད་རབ་ཞི་བས། །རྣམས་ཐར་མཆོག་བརྙེས་ཁྱོད་ཕྱག་འཚལ། །ཡེ་ཤེས་དང་ནི་ཐུགས་རྗེ་ལ། །བསྐལ་པ་དུ་མར་ཐུགས་སྦྱངས་པས། །ཉེ་བར་འཚེ་བའི་བདུད་སྡེ་རྣམས། །ལེགས་འདུལ་ཁྱེད་ལ་ཕྱག་འཚལ་ལོ། །ཕྱི་དང་ནང་དང་གཉིས་ཀ་དང་། །འདུན་དང་མཁྱེན་དང་འདོམས་པ་ལ། །དབང་བཅུ་དག་གིས་འཇིག་རྟེན་གྱི། །བྱ་བ་སྒྲུབ་པ་ཁྱོད་ཕྱག་འཚལ། །རྨད་བྱུང་ལྷུན་གྱིས་གྲུབ་པ་ཅན། །ཤེས་བྱ་ཀུན་ལ་ཐོགས་པ་མེད། །སྒྲུབ་དང་སྦྱང་བའི་ཏིང་འཛིན་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །འཛིན་དང་འཆད་པ་ཆོས་ཀྱི་སྒོ། །ཉུང་ངུས་ཆོས་རྣམས་བདེ་བླག་ཏུ། །སྟོན་མཛད་གཟུངས་ཀྱིས་ཆོས་ཀྱི་གཏེར། །ཁ་འབྱེད་ཁྱོད་ལ་ཕྱག་འཚལ་ལོ། །ཆགས་སོགས་དགག་དཀའི་དྲི་མ་དང་། །འཁོར་གསུམ་རྣམ་པར་རྟོག་པའི་གཞི། །བག་ཆགས་བཅས་པ་གཏན་སྤངས་ལ། །སྒྲིབ་པ་ཀུན་གྲོལ་ཁྱོད་ཕྱག་འཚལ། །གསལ་དང་དྲི་མེད་ཡོན་ཏན་གཏེར། །ཕྲིན་ལས་རྟེན་དང་བརྟེན་པ་ཡིས། །རང་བཞིན་དོན་གྱི་ཡེ་ཤེས་ལ། །རྫོགས་པའི་སངས་རྒྱས་ཁྱོད་ཕྱག་འཚལ། །གསུང་དབྱངས་མི་འཇིགས་སེང་གེའི་སྒྲ། །ཡན་ལག་དྲུག་ཅུ་དང་ལྡན་པས། །ལྷར་བཅས་འཇིག་རྟེན་ཐམས་ཅད་ལ། །ལེགས་སྒྲོགས་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་ཟག་བཅས་འགྲོ་བའི་རྒྱུན། །གང་ལགས་ལམ་གྱི་བདེན་པས་བསྒྱུར། །འགྲོ་བ་ཀུན་འཇུག་ཡེ་ཤེས་སུ། །མཁྱེན་པ་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་སློབ་མ་བསེ་རུ་སྲས། །སྟོན་པའི་འབྱོར་བ་ཕུལ་བྱུང་བ། །གང་ལགས་དེ་འདྲ་མངའ་བརྙེས་པས། །ལེགས་འབྱོར་ཁྱོད་ལ་ཕྱག་འཚལ་ལོ། །ཐུན་མོང་བ་དང་ཕུལ་བྱུང་ཆོས། །རླབས་ཆེན་ཤིན་ཏུ་རྨད་བྱུང་བ། །བརྙེས་པའི་འཇིག་རྟེན་ཐམས་ཅད་ཀྱི། །སྐྱབས་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །དེ་ལྟའི་དངོས་བསྟོད་སྟོན་པ་ཡིས། །བསྟན་པ་རིན་ཆེན་གསལ་མཛད་པ། །འགྲོ་བ་ཀུན་གྱིས་ཤེས་བྱ་ཡི། །དེ་ཉིད་ལེགས་པར་མཐོང་བར་ཤོག།

༄༅། སྐབས་གསུམ་པ།
༈ སྐབས་གསུམ་པ་དང་དབང་པོའི་དགྲ། །དྲི་ཟ་གདེངས་ཅན་གྲུབ་པའི་གཙོ། །ཀུན་གྱི་གཙུག་རྒྱན་ནོར་བུ་ཡིས། །གང་གི་ཞབས་པད་མཛེས་བྱས་པ། །གསེར་འོད་འཁྱུག་པའི་དཔལ་གྱིས་བརྗིད་པའི་སྐུ། །དྲི་ཟའི་དབྱངས་ཀྱིས་བསྒྲུན་དུ་མེད་པའི་གསུང་། །ཉི་མ་བྱེ་བའི་མདངས་ལས་གསལ་བའི་ཐུགས། །མཐའ་ཡས་འགྲོ་བའི་འདྲེན་མཆོག་ཤཱ་ཀྱའི་ཏོག། །དག་པའི་མཁའ་ལ་ཤར་བའི་གཟའ་སྐར་རྣམས། །ཆུ་གཏེར་དབུས་ན་ཡོངས་སུ་གསལ་བ་བཞིན། །དང་བའི་ཡིད་མཚོར་ཁྱེད་ཀྱི་ཡོན་ཏན་གྱི། །གཟུགས་བརྙན་མ་འདྲེས་གསལ་བར་རབ་བཀོད་ནས། །ཟླ་ཟེར་ཕོག་པའི་ཆུ་སྐྱེས་གཞོན་ནུ་བཞིན། །ལག་པའི་སོར་མོ་སྙིང་གའི་ངོས་སུ་ཟུམ། །རྩེ་གཅིག་ཡིད་ཀྱིས་ཁྱོད་སྐུར་མངོན་ཕྱོགས་ཏེ། །ཅུང་ཟད་བསྟོད་ལ་ཐུགས་རྗེ་ཅན་ཁྱོད་དགོངས། །སྐར་མའི་ཚོགས་ཀྱིས་མཁའ་ལ་ཟླ་བ་བཞིན། །རྒྱལ་སྲས་དཔའ་བོ་རྣམས་ཀྱིས་ཀུན་ནས་བསྐོར། །བ་ལང་ཁྱུ་ཡི་ཐོག་མར་ཁྱུ་མཆོག་བཞིན། །དགྲ་བཅོམ་འཁོར་གྱི་ཚོགས་ཀྱིས་མདུན་དུ་བདར། །ནམ་མཁའི་ཁྱོན་ཀུན་འགེངས་པའི་འོད་ཟེར་གྱི། །དྲྭ་བ་སྟོང་གིས་ཡོངས་སུ་དཀྲིགས་པའི་སྐུ། །ནམ་མཁའི་ལམ་ལས་ཆོ་འཕྲུལ་དུ་མ་ཡིས། །ངང་པའི་རྒྱལ་པོ་འཞིན་དུ་ལྡིང་ཞིང་གཤེགས། །དེ་ཚེ་རིང་ནས་བསྐྲུན་པའི་བཟང་པོའི་ལས། །ཡོངས་སུ་སད་པའི་ལྷ་མི་སྟོང་ཁྲག་བརྒྱ། །ཁྱོད་ཞལ་མཐོང་བའི་མོད་ལ་མི་བསྲུན་ཡིད། །ཉེས་བརྒྱའི་འཆིང་བ་ཀུན་ལས་ལྷོད་པར་གྱུར། །དཔའ་བོ་ཁྱོད་ཀྱིས་བྱང་ཆུབ་ཤིང་དྲུང་དུ། །མཁྱེན་བརྩེའི་དཔུང་གིས་ཡིད་སྲུབས་བདག་པོའི་སྡེ། །མ་ལུས་ཟིལ་གྱིས་གནོན་པར་མཛད་པ་ནི། །དྲག་པོའི་རླུང་དང་ཉེ་བའི་སྤྲིན་ནག་བཞིན། །མདའ་མཚོན་གོ་ཆ་མ་བཟུང་བར། །རང་ཉིད་གཅིག་པུས་བྱེ་བའི་བདུད། །མ་ལུས་ཕམ་མཛད་གཡུལ་གྱི་ལས། །ཁྱོད་ལས་གཞན་པ་སུ་ཡིས་ཤེས། །དེ་ལྟར་ཁྱོད་ཀྱི་བྱམས་པའི་མེས། །འདོད་ལྷའི་སྙིང་ནི་རབ་གདུངས་ཀྱང་། །བརྩེ་བའི་གཏེར་ཁྱོད་ལུས་ཅན་ལ། །རིས་སུ་ཆད་པར་གྱུར་པ་མེད། །ཁྱོད་ནི་འགྲོ་བའི་དོན་གྱི་སླད། །ཅུང་ཟད་ཙམ་ཡང་མི་ངལ་ཞིང་། །འགྲོ་བ་རྣམས་ཀྱང་ཁྱོད་ཀྱི་ནི། །ཡོན་ཏན་བརྗོད་ལ་ངལ་མ་གྱུར། །རྒྱ་མཚོའི་ཀློང་ལྟར་རབ་ཏུ་ཟབ་པའི་ཐུགས། །ལྷ་ཡི་རྔ་བཞིན་ལེགས་པར་འདོམས་པའི་གསུང་། །ལྷུན་པོའི་སྤོ་ལྟར་མངོན་པར་འཕགས་པའི་སྐུ། །མཐོང་ཐོས་དྲན་པ་དོན་ལྡན་མཛད་པ་ཁྱོད། །འཇིག་རྟེན་ཀུན་གྱི་སེམས་ཅན་ཐམས་ཅད་ཀྱིས། །དུས་གཅིག་ཉིད་དུ་ཐེ་ཚོམ་དོན་ཞུས་ཀྱང་། །དེ་དག་རེ་རེའི་མདུན་དུའང་དེ་སྙེད་ཀྱི། །སྐུ་དང་གསུང་གི་བཀོད་པ་དུས་གཅིག་དུ། །མཛད་པ་མཛད་ཀྱང་རྟོག་པ་ཉེར་ཞི་བ། །ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཡི། །ཚུལ་འདི་རྒྱལ་སྲས་རང་རྒྱལ་ཉན་ཐོས་ཀྱིས། །ཇི་ཙམ་བརྟགས་ཀྱང་བློ་ཡི་ཡུལ་མིན་ན། །ཚངས་དང་དབང་པོ་སོགས་ཀྱིས་སྨོས་ཅི་འཚལ། །མཁའ་ལྡིང་དབང་པོས་མཁའ་ལ་བགྲོད་བགྲོད་ནས། །ནམ་ཞིག་རང་སྟོབས་བྲི་བས་ལྡོག་འགྱུར་གྱི། །ནམ་མཁའ་ཟད་པས་ལྡོག་པར་མི་འགྱུར་བཞིན། །ཁྱོད་ཀྱི་ཡོན་ཏན་བརྗོད་པའང་དེ་ལྟར་ལགས། །གཤོག་རྩལ་རབ་ཏུ་རྫོགས་པའི་མཁའ་ལྡིང་གིས། །བགྲོད་པའི་ལམ་དུ་བྱིའུས་རྩོལ་བ་ལྟར། །སྟོབས་བཅུ་མངའ་བ་གང་དུ་གཤེགས་པ་ཡི། །ལམ་མཆོག་དེར་ནི་འཇུག་པར་འདོད་པ་བདག། །གནས་ལུགས་དོན་ལ་ལྟ་བའི་བློ་མིག་ཉམས། །ངེས་འབྱུང་བྱང་ཆུབ་སེམས་ཀྱི་འབྱོར་པས་དབུལ། །སྟོབས་ལྡན་ཉོན་མོངས་དགྲ་བོས་རྒྱུན་དུ་གཙེས། །བདག་འཛིན་གཅོང་རོང་ཟབ་མོའི་སྦུབས་སུ་ལྷུང་། །འདི་འདྲའི་ཉམ་ཐག་གནས་སུ་གྱུར་ལགས་པ། །བརྩེ་ཆེན་ཁྱོད་ཀྱིས་ཡལ་བར་འདོར་ལགས་ན། །དམན་པ་རྣམས་ལ་ཆེས་ཆེར་བརྩེ་བའི་མགོན། །ཁྱོད་ལས་གཞན་པ་གང་ལ་སྐྱབས་སུ་བཟུང་། །སྙིགས་མ་ལྔ་ཡིས་ཧ་ཅང་སྦགས་པ་ཡི། །ཞིང་འདི་གཞན་གྱིས་སྤངས་དུས་མགོན་ཁྱོད་ཀྱིས། །ཡོངས་སུ་བཟུང་སྟེ་རྒྱལ་བ་རྒྱལ་སྲས་ཀྱིས། །པད་དཀར་ལྟ་བུར་བསྔགས་པའི་དགོས་པའང་ཅི། །འོན་ཀྱང་ཁྱོད་ཀྱི་ཕྲིན་ལས་གདུལ་བྱ་ལ། །མ་བརྟགས་བཏང་སྙོམས་ཅུང་ཟད་མི་མངའ་བས། །སྐལ་ངན་བདག་གི་ཉེས་པ་ཁོ་ནར་ཟད། །དེ་ཁྱིར་ཁྱོད་ལ་སྐྱོན་གྱི་སྐབས་མེད་པས། །དེང་ནས་བྱང་ཆུབ་སྙིང་པོར་བདུད་སྡེ་ལས། །ཇི་སྲིད་རྒྱལ་བར་མ་གྱུར་དེ་སྲིད་དུ། །སྐྱེ་ཞིང་སྐྱེ་བར་ཁྱོད་ཀྱིས་རྗེས་བཟུང་ནས། །གསུང་གི་བདུད་རྩིས་ངོམས་པ་མེད་པར་ཤོག། །དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་སོགས། །ཁྱེད་ཀྱི་མཙན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག། །ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར། །ནད་གདོན་དབུལ་འཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།

༄༅། མཁའ་མཉམ་མ།
༈ མཁའ་མཉམ་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །གྲངས་མེད་གསུམ་དུ་ཚོགས་གཉིས་རབ་རྫོགས་ཤིང་། །སྟོང་གསུམ་མི་མཇེད་ཞིང་གི་དཔལ་གྱུར་པ། །འདྲེན་མཆོག་ཤཱཀྱའི་ཏོག་ལ་ཕྱག་འཚལ་ལོ། །ཤེས་རབ་ཆེན་པོས་གོ་འཕང་མཆོག་བརྙེས་ཤིང་། །བསྟན་པ་འདི་ལ་སྟོན་པ་གཉིས་པར་གྲགས། །འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ལོ། །དེ་སྲས་ཐུ་བོ་དགེ་ལེགས་དཔལ་ཡོན་ཅན། །ལོག་སྨྲ་ཚར་བཅད་སྐལ་ལྡན་རྗེས་སུ་འཛིན། །ཐར་འདོད་རྣམས་ལ་ཐར་པའི་ལམ་སྟོན་པ། །ཨཱརྱ་དེ་བའི་ཞབས་ལ་ཕྱག་འཚལ་ལོ། །མཁྱེན་པའི་དཀྱིལ་འཁོར་ལེགས་བཤད་འོད་སྟོང་ཅན། །རབ་འབྱམས་ཤེས་བྱའི་མཁའ་ལ་རབ་འཕགས་ཤིང་། །བདེ་གཤེགས་གསུང་རབ་ཉིན་མོར་བྱེད་པའི་དཔལ། །འཕགས་པ་ཐོགས་མེད་ཞབས་ལ་ཕྱག་འཚལ་ལོ། །དགུ་བཅུ་གོ་དགུ་འབུམ་སྡེའི་གཞུང་རྣམས་ཀྱིས། །གང་གིས་བློ་གྲོས་མགུལ་བ་རབ་བརྒྱན་ཅིང་། །འཛམ་གླིང་འདི་ན་ཀུན་མཁྱེན་གཉིས་པར་གྲགས། །མཁས་མཆོག་དབྱིག་གཉེན་ཞབས་ལ་ཕྱག་འཚལ་ལོ། །ཕུལ་དུ་བྱུང་བའི་བློ་གྲོས་སྟོབས་ཀྱིས་བཙུན། །རྨད་དུ་བྱུང་བའི་ཡོན་ཏན་ཁུར་གྱིས་བརྗིད། །ལོག་སྨྲ་འདམ་བུའི་ཚལ་རབ་འཇོམས་མཛད་པའི། །ཕྱོགས་ཀྱི་གླང་པོའི་ཞབས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་རིགས་པས་ཆོས་མིན་ཕམ་མཛད་ཅིང་། །གྲགས་པའི་སྒྲ་ཆེན་འཇིག་རྟེན་གསུམ་ན་གྲགས། །སྨྲ་ངན་མུན་འཇོམས་སྨྲ་བའི་ཉི་མ་མཆོག། །ཆོས་ཀྱི་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་གནས་བཅས་ཤིང་། །འབུམ་ཕྲག་འདུལ་བའི་གཞུང་གི་གདེངས་ཀས་བརྗིད། །རྣམ་གྲོལ་ཐར་པའི་ནོར་བུས་གཙུག་ན་མཛེས། །མཆོག་གཉིས་ཀླུ་ཡི་དབང་པོ་ལ་ཕྱག་འཚལ་ལོ། །ཐུབ་པའི་བསྟན་ལ་ཤིང་རྟའི་སྲོལ་བཏོད་ནས། །སྐྱེ་དགུ་རྣམས་ལ་ལེགས་པའི་ལམ་སྟོན་པ། །འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ལ། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ།

༄༅། རྩ་གསུམ་ཀུན་འདུས།
༈ རྩ་གསུམ་ཀུན་འདུས་སློབ་དཔོན་པདྨ་འབྱུང་། །མཁན་ཆེན་ཞི་འཚོ་ཆོས་རྒྱལ་ཁྲི་སྲོང་ཞབས། །གནུབས་ཆེན་སངས་རྒྱས་ཉང་སྟོན་ཉི་མ་འོད། །བཀའ་གཏེར་ཤིང་རྟ་ལྔ་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་དངོས་བླ་ཆེན་སྙིང་པོའི་ཞབས། །བསོད་ནམས་རྩེ་མོ་གྲགས་པ་རྒྱལ་མཚན་དང་། །ས་སྐྱ་པཎ་ཆེན་འཕགས་པ་རིན་པོ་ཆེ། །རྗེ་བཙུན་གོང་མ་ལྔ་ལ་གསོལ་བ་འདེབས། །དགྱེས་མཛད་རྡོ་རྗེ་མར་སྟོན་བློ་གྲོས་ཞབས། །མི་ལ་རས་ཆེན་མཉམ་མེད་སྒམ་པོ་པ། །དུས་གསུམ་མཁྱེན་པ་འགྲོ་མགོན་བསོད་ནམས་གྲགས། །བཀའ་བརྒྱུད་གོང་མ་ལྔ་ལ་གསོལ་བ་འདེབས། །འོད་དཔག་མེད་མགོན་དཔལ་ལྡན་མར་མེ་མཛད། །རྒྱལ་བའི་འབྱུང་གནས་སྤྱན་སྔ་ཚུལ་ཁྲིམས་འབར། །རིན་ཆེན་གསལ་དང་བཞོན་ནུ་རྒྱལ་མཚན་ཞབས། །བཀའ་གདམས་བཤེས་གཉེན་ལྔ་ལ་གསོལ་བ་འདེབས། །བསྟན་པའི་འཁོར་ལོ་རྗེ་བཙུན་ཙོང་ཁ་པ། །རྒྱལ་ཚབ་ཆོས་རྗེ་མཁས་གྲུབ་དགེ་ལེགས་དཔལ། །དགེ་འདུན་གྲུབ་པ་པཎ་ཆེན་ཆོས་ཀྱི་རྒྱལ། །འཇམ་མགོན་ཡབ་སྲས་ལྔ་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་སོགས་ཚེ་རིང་ནད་མེད་ཆོས་བཞིན་སྤྱོད། །ཡོངས་འཛིན་བཤེས་གཉེན་མཆོག་གིས་རྗེས་བཟུང་ནས། །མྱུར་དུ་བྱང་ཆུབ་གོ་འཕང་ཐོབ་པར་ཤོག། །རིས་མེད་ཐུབ་བསྟན་འཛིན་པའི་དམ་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་འཕྲིན་ལས་ཕྱོགས་བཅུར་འཕེལ། །དགེ་འདུན་སྡེ་དང་བཤད་སྒྲུབ་བསྟན་པ་རྒྱལ། །ས་གསུམ་བཀྲ་ཤིས་སྣང་བས་ཁྱབ་གྱུར་ཅིག། །

༄༅། རབ་འབྱམས་རྒྱལ་བ་མ།
༈ ༀ་སྭ་སྟི། །རབ་འབྱམས་རྒྱལ་བའི་གསང་གསུམ་མ་ལུས་པ། །གང་འདུལ་ཅིར་ཡང་འཆར་བའི་སྒྱུ་འཕྲུལ་གར། །སྲིད་ཞིའི་དགེ་ལེགས་ཀུན་འབྱུང་ཡིད་བཞིན་ནོར། །དངོས་བརྒྱུད་དྲིན་ཅན་བླ་མའི་ཚོགས་རྣམས་ལ། །བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང་། །བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཆོས་དབྱིངས་ཀུན་གསལ་ཁྱོན་དང་མཉམ་འཇུག་པའི། །རྡུལ་བྲལ་བདེ་ཆེན་ཡེ་ཤེས་སྒྱུ་མའི་སྤྲིན། །གྲངས་མེད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ། །ཤར་བའི་ཡི་དམ་ལྷ་ཚོགས་ཐམས་ཅད་ལ། །བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང་། །བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །སྤངས་རྟོགས་ཡོན་ཏན་ལྷུན་རྫོགས་ཕྲིན་ལས་ཀྱི། །སྣང་བ་འགྲོ་ཁམས་རྒྱ་མཚོར་རྟག་རྩེན་པས། །ཕན་མཛད་སྟོབས་བཅུ་མངའ་བ་ལྷ་ཡི་ལྷ། །རབ་འབྱམས་དུས་གསུམ་རྒྱལ་བ་ཐམས་ཅད་ལ། །བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང་། །བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །འཇིག་རྟེན་གསུམ་ལས་གང་གིས་ངེས་སྒྲོལ་ཞིང་། །མཆོག་ཏུ་ཞི་བ་རྣམ་བྱང་ནོར་བུའི་གཏེར། །ཟག་མེད་མི་གཡོ་ཀུན་བཟང་དགེ་བའི་དཔལ། །ཐེག་གསུམ་དམ་པའི་ཆོས་ཀྱི་ཚོགས་རྣམས་ལ། །བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང་། །བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །སྲིད་པའི་འཕྲུལ་འཁོར་འཇོམས་ལ་ཆེས་དཔའ་བའི། །བདེན་དོན་མངོན་སུམ་འཇལ་བའི་ཡེ་ཤེས་ཅན། །རྣམ་ཐར་རྡོ་རྗེའི་གྲོང་ལས་མི་ཕྱེད་པ། །རིག་གྲོལ་འཕགས་པའི་དགེ་འདུན་ཐམས་ཅད་ལ། །བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང་། །བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །མཁའ་སྤྱོད་ཞིང་དང་གནས་ཡུལ་དུར་ཁྲོད་དུ། །བདེ་སྟོང་ཉམས་བརྒྱར་རོལཔའི་རྩེད་འཇོ་ཡིས། །རྣལ་འབྱོར་ལམ་བཟང་སྒྲུབ་ལ་གྲོགས་མཛད་པའི། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ལ། །བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང་། །བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །རྡོ་རྗེ་འཆང་གི་བཀའ་རྟགས་ཕྱག་རྒྱའི་མདུད། །མི་འབྲལ་རལ་བའི་ཐོད་དུ་ཉེར་བཀོད་ནས། །བསྟན་དང་བསྟན་འཛིན་སྐྱོང་བའི་མཐུ་རྩལ་ཅན། །ཡེ་ཤེས་སྤྱན་ལྡན་བསྟན་སྲུང་རྒྱ་མཚོ་ལ། །བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང་། །བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །དེ་ལྟར་སླུ་མེད་སྐྱབས་ཀྱི་མཆོག་རྣམས་ལ། །ཤུགས་དྲག་སྙིང་ནས་གུས་པས་གསོལ་བཏབ་མཐུས། །མི་བཟད་སྙིགས་མའི་ཟུག་རྔུས་རབ་མནར་བའི། །བདག་སོགས་གངས་ལྗོངས་འགྲོ་བའི་མགོན་གཅིག་པུ། །ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག། །གསང་གསུམ་མི་ཤེགས་མི་འགྱུར་མི་ནུབ་པར། །གཞོམ་གཞིག་ཡོངས་བྲལ་རྡོ་རྗེ་སྙིང་པོའི་ཁྲིར། །བསྐལ་པ་རྒྱ་མཚོར་གཡོ་མེད་རྟག་བརྟན་ཤོག། །རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར། །སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི། །ཕྲིན་ལས་ཀུན་ཕན་ནོར་བུའི་སྙིང་པི་ཅན། །བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་གྱུར་ཅིག། །དེའི་མཐུས་རྫོགས་ལྡན་སྐལ་བཟང་ནམ་མཁའི་སྒོ། །ལུས་ཅན་ངལ་བསོའི་དཔྱིད་དུ་རྟག་གྲོལ་ཞིང་། །ཐུབ་བསྟན་ཕྱོགས་དུས་ཀུན་ཏུ་རབ་དར་བའི། །དགེ་མཚན་སྲིད་ཞིའི་རྩེ་མོར་རྒྱས་གྱུར་ཅིག། །ཕྱག་ན་པདྨོའི་བྱིན་རླབས་བདུད་རྩིའི་རྒྱུན། །བདག་སོགས་སྙིང་གི་ཟུངས་སུ་རྟག་སྨིན་ཅིང་། །བཀའ་བཞིན་སྒྲུབ་པའི་མཆོད་པས་རབ་བསྙེན་ནས། །ཀུན་བཟང་སྤྱོད་མཆོག་རྒྱ་མཚོ་མཐར་སོན་ཤོག། །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། །རྟེན་འབྲེལ་སླུ་བ་མེད་པའི་བདེན་པ་དང་། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །སྨོན་པའི་དོན་ཀུན་བདེ་བླག་མྱུར་འགྲུབ་ཤོག། །

༄༅། གདོད་ནས་རྣམ་དག་མ།
༈ གདོད་ནས་རྣམ་དག་ཀུན་ཁྱབ་རིག་པའི་གཤིས། །གཞི་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་། །ཇི་ལྟ་ཇི་སྙེད་མཁྱེནཔའི་ཡེ་ཤེས་ཅན། །ཆོས་སྐུ་མངོན་པར་གྱུར་མཛད་ཞབས་བརྟན་གསོལ། །སྒྲིབ་གཉིས་མུན་པ་སངས་ཤིང་བརྩེ་བར་ལྡན། །འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་དཔལ། །སྟོབས་ལ་སོགས་པའི་ཡོན་ཏན་འབྱུང་གནས་བདག། །གངས་ཅན་རྒྱལ་བའི་རྒྱལ་ཚབ་ཞབས་བརྟན་གསོལ། །དེ་ཉིད་མ་འགག་ཆོས་དབྱིངས་རང་མདངས་ལས། །གཟུགས་སྐུ་འབྲལ་མེད་གསར་དུ་ངོམས་གྱུར་ཅིང་། །ངེས་པ་ལྔ་ལྡན་བསམ་མི་ཁྱབ་པའི་འཕྲུལ། །ཁྱབ་རྫོགས་ལྷན་སྐྱེས་འབྱུང་གནས་ཞབས་བརྟན་གསོལ། །ཅིར་ཡང་འཆར་བའི་མི་ཟད་རྒྱན་འཁོར་ལོ། །གང་འདུལ་དེ་སྙེད་ཀུན་གྱི་འབྱུང་གནས་མཆོག། །ཁམས་གསུམ་སྲིད་ན་འགྲན་པའི་རྒྱན་གཅིག་པུ། །སྤྲུལ་པའི་ཚུལ་འཛིན་འགྲོ་བའི་དེད་དཔོན་གསོལ། །རྒྱལ་བའི་འབྱུང་གནས་མཐའ་ཡས་བསམ་བཞིན་གྱིས། །མི་འཇིགས་དབུགས་འབྱིན་བདེ་བའི་གོ་སྐབས་ལས། །འཇིགས་བྲལ་རྗེ་བཙུན་མཚུངས་མེད་མཆོག་གི་དཔལ། །སྦྱིན་པའི་གོ་བཙན་མཚུངས་བྲལ་རྟག་བརྟན་གསོལ། །འཁོར་ཡུག་ཡངས་པའི་ས་ཆེན་མཚུངས་པའི་སྡེ། །མ་འདྲེས་བློ་ཡི་ཀུན་སྤྱོད་བདག་པོ་མཁན། །རྩོལ་མེད་ངག་དབང་ཤེས་བྱའི་ཕ་མཐར་ཕྱིན། །ཚུལ་ཁྲིམས་ཉེ་མའི་གཉེན་གྱུར་ཞབས་བརྟན་གསོལ། །གཙུག་ལག་རྒྱ་མཚོར་གཟིགས་པའི་སྤྱན་ཡངས་ཤིང་། །འགྲོ་ཁམས་ཇི་སྲིད་མ་འདྲེས་སོར་སྣང་བས། །སྤོབས་པ་མི་ཟད་བློ་གྲོས་གཏིང་རྒྱ་མཚོའི། །བཟོད་པའི་ཕར་ཕྱིན་མཚུངས་མེད་ཞབས་བརྟན་གསོལ། །ཇི་སྙེད་དེ་ལྟར་མཁྱེན་པའི་གཏིང་ཡངས་ལས། །ཆགས་ཐོགས་ཟད་མེད་ཕུང་པོའི་གཞི་རྒྱུད་ལམ། །གྲོལ་སྨིན་བྲལ་འཛིན་ཡེ་ཤེས་གཅིག་འཆར་བས། །བརྩོན་འགྲུས་སྔོན་བྱུང་དམ་བཙན་རྟག་བརྟན་གསོལ། །གངས་ཅན་མཁས་དང་གྲུབ་པའི་རྒྱན་གཅིག་པུ། །དཔལ་ལྡན་ཨ་ཏི་ཤ་དང་བློ་བཟང་གྲགས། །བདེན་བཞི་རྟག་ཆད་བྲལ་བའི་བསྟན་འཛིན་མཆོག། །བསམ་གཏན་ཕར་ཕྱིན་གང་དེ་ཞབས་བརྟན་གསོལ། །ལུང་རིགས་སྒྲོ་འདོགས་ཕྲ་བའི་ཕ་མཐའ་ལས། །མང་ཐོས་གཞི་བཅོམ་བྲལ་སྨིན་འབྲས་བུའི་དཔལ། །རྒྱ་མཚོའི་གཏིང་མཐའ་དཔོག་པའི་གོ་སྐབས་ཕྱུངས། །ཤེས་རབ་བརྩེ་བའི་དཔལ་སྟེར་ཞབས་བརྟན་གསོལ། །འཁོར་ལོ་གསུམ་གྱིས་རྟག་ཏུ་བསྐྲུན་པའི་དཔལ། །མི་འཇིགས་སེང་གེ་ཆོས་ཀྱི་ཁྲི་འཕང་ལས། །ཡེ་གྲུབ་སྣ་བདུན་འཁོར་བཅས་རྩོལ་མེད་ལྡན། །རིས་མེད་བསྟན་པ་ཀུན་གྱི་གཙུག་གི་ནོར། །རྫོགས་ལྡན་གསར་པའི་ངང་ཚུལ་ཕུལ་བྱུང་བ། །གང་ལ་དེ་ཡིས་ལྷག་བསམ་སྨོན་པའི་ཚིག། །འཛམ་གླིང་ཕྱོགས་མཐའ་མི་མཇེད་ཀུན་ལ་ཁྱབ། །དྲང་སྲོང་བདེན་པའི་སྨོན་ཚིག་དེ་བཞིན་དུ། །དེ་ལྟར་གསོལ་བའི་འབྲས་བུ་མངོན་གྱུར་ཅིག། །ཇི་བཞིན་མ་འོངས་བསྐལ་པ་ཇི་སྲིད་དུ། །དེ་བཞིན་འབྲལ་མེད་རྗེས་བཟུང་རྟག་ཏུ་སྐྱོངས། །

༄༅། གང་བློ་མ།
༈ བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐོམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་། །འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་པའི་དབྱངས་ལ་འདུད། །ༀ་ཨ་ར་པ་ཙ་ན་དྷཱིཿ བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་སྩལ་དུ་གསོལ། །

༄༅། སྒྲོལ་མ་ཉེར་གཅིག།
༈ ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་གསེར་སྔོ་ཆུ་ནས་སྐྱེས་ཀྱི། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་མ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང༌། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམས་གཡོན་བརྐྱངས་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་པོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་མ་ཉིད་མ། །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུ་རྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་ན་འོད་དཔག་མེད་ལས། །རྟག་པ་ཤིན་ཏུ་འོད་རབ་མཛད་མ། །ཕྱག་འཚལ་བསྐལ་བའི་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱངས་གཡོན་བསྐུམས་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི ། །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཁྲོ་གཉེར་སྤྱན་མཛད་ཡི་གེ་ཧཱུཾ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རྣམ་པར་འགེམས་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེ་ཞབས་ནི་བརྟབས་པས། །ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པ་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བ་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་ཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང༌། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག། །

༄༅། ཤེས་རབ་སྙིང་པོ།
༈ འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ། །དགེ་སློང་གི་དགེ་འདུན་ཆེན་པོ་དང༌། །བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། །དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། །གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ། །དེ་སྐད་ཅེས་སྨྲས་པ་དང༌། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ་ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང༌། །འདུ་ཤེས་དང༌། །འདུ་བྱེད་དང༌། །རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཤཱ་རིའི་བུ། །དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དེ། །མཚན་ཉིད་མེད་པ། །མ་སྐྱེས་པ། །མ་འགག་པ། །དྲི་མ་མེད་པ། །དྲི་མ་དང་བྲལ་བ། །བྲི་བ་མེད་པ། །གང་བ་མེད་པའོ། །ཤཱ་རིའི་བུ། །དེ་ལྟ་བས་ན། །སྟོང་པ་ཉིད་ལ་གཟུགས་མེད། །ཚོར་བ་མེད། །འདུ་ཤེས་མེད། །འདུ་བྱེད་རྣམས་མེད། །རྣམ་པར་ཤེས་པ་མེད། །མིག་མེད། །རྣ་བ་མེད། །སྣ་མེད། །ལྕེ་མེད། །ལུས་མེད། །ཡིད་མེད། །གཟུགས་མེད། །སྒྲ་མེད། །དྲི་མེད། །རོ་མེད། །རེག་བྱ་མེད། །ཆོས་མེད་དོ། །མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །མ་རིག་པ་མེད། །མ་རིག་པ་ཟད་པ་མེད་པ་ནས་རྒ་ཤི་མེད། །རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ། །དེ་བཞིན་དུ་སྡུག་བསྔལ་བ་དང༌། །ཀུན་འབྱུང་བ་དང༌། །འགོག་པ་དང༌། །ལམ་མེད། །ཡེ་ཤེས་མེད། །ཐོབ་པ་མེད། །མ་ཐོབ་པ་ཡང་མེད་དོ། །ཤཱ་རིའི་བུ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ། །སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དོ། །ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕིན་པའི་སྔགས། །རིག་པ་ཆེན་པོའི་སྔགས། །བླ་ན་མེད་པའི་སྔགས། །མི་མཉམ་པ་དང་མཉམ་པའི་སྔགས། །སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། །མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ།

तद्यथा- गते गते पारगते पारसंगते बोधि स्वाहा।
ཏདྱཐཱ། །ག་ཏེ་ག་ཏེ། །པཱ་ར་ག་ཏེ། །པཱ་ར་སཾ་ག་ཏེ། །བོ་དྷི་སྭཱ་ཧཱ།

ཤཱ་རིའི་བུ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ། །ཞེས་བྱ་བ་བྱིན་ནས། །ལེགས་སོ་ལེགས་སོ། །རིགས་ཀྱི་བུ། །དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། །ཇི་ལྟར་ཁྱོད་ཀྱིས་བསྟན་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། །དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། །ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང༌། །བྱང་ཆུབ་སེམས་དཔའ་སེམས་དཔའཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། །ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང༌། །ལྷ་དང༌། །མི་དང༌། །ལྷ་མ་ཡིན་དང༌། །དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་སྟེ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།

ཏདྱཐཱ། །ག་ཏེ་ག་ཏེ། །པཱ་ར་ག་ཏེ། །པཱ་ར་སཾ་ག་ཏེ། །བོ་དྷི་སྭཱ་ཧཱ། །འཕགས་པ་དཀོན་མཆོག་གསུམ་གྱི་བཀའ་ཡི་བདེན་པ་ཆེན་པོའི་སྟོབས་ཀྱིས་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག། །མེད་པར་གྱུར་ཅིག། །ཞི་བར་གྱུར་ཅིག། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་ཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །མཐུན་པར་འགྲུབ་ཅིང་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། །

༄༅། ལྷ་མོའི་འཕྲིན་བསྐུལ་དཔག་དཀའ་མ།
༈ བྷྱོཿ དཔལ་ལྡན་ལྷ་མོ་དཔག་པར་དཀའ་བ་ཁྱོད། །ཐབས་ཀྱི་ཆོ་འཕྲུལ་ནམ་མཁའི་མཐའ་ལ་སྤྱོད། །བྱང་ཆུབ་སེམས་དཔའི་སྤྲུལ་པ་ཁྱོད་ཉིད་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཁྱོད་ནི་བདག་གི་མཆོད་པས་མ་བསྒྲིབས་ཀྱང་། །དཔལ་ལྡན་དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར། །འདོད་པའི་ཡོན་ཏན་མཁའ་ལ་ཆར་ཕབ་ནས། །མཆོད་པའི་ཚོགས་འདིས་དབང་པོ་རྒྱས་གྱུར་ཅིག། །དཔལ་ལྡན་ཁྱོད་ནི་དགེ་སྡིག་དཔང་པོ་སྟེ། །བདག་གི་ལུས་ངག་ཡིད་ཀྱི་ཉེས་པའི་ཚོགས། །ཁྱེད་ཀྱི་ཐད་དུ་འགྱོད་པས་རབ་བཤགས་ན། །ཐུགས་རྗེའི་ཤུགས་ཀྱིས་སྒྲིབ་པ་བྱང་བར་མཛོད། །ཁྱོད་ཀྱི་ཁྱད་པར་ཡོངས་སུ་འཕགས་པ་ནི། །འགྲོ་བའི་དོན་མཛད་བདག་དོན་ཕུན་སུམ་ཚོགས། །དགའ་མཐུན་ཕྲག་དོག་མེད་པའི་སྤྲོ་བ་ནི། །རྗེས་སུ་ཡི་རང་ཁྱོད་ཀྱི་རྒྱུད་ལ་འབུལ། །ཡང་དག་ཡོན་ཏན་ལྡན་པའི་སྐུ་མཆོག་ནི། །ནག་དང་བཟང་མོ་འཇིགས་པའི་ཆ་བྱད་ཅན། །ཕྱོགས་བཅུ་དུས་གསུམ་ཀུན་ཏུ་འགྲོ་དོན་ལ། །སྒྱུ་འཕྲུལ་དྲ་བའི་ཚུལ་སྟོན་བསྟན་དུ་གསོལ། །དེ་ལྟར་ཡང་དག་ལྡན་པའི་སྐུ་མཆོག་ནི། །འགྲོ་བའི་དོན་དང་བསྟན་པ་བསྲུང་བྱའི་ཕྱིར། །ནམ་མཁའ་ཟད་པར་མ་གྱུར་བར་དུ་ཡང་། །མྱ་ངན་མི་འདའ་རྟག་པར་བཞུགས་སུ་གསོལ། །དེ་ལྟར་ཕྱག་འཚལ་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་འདི་ཡིས་ངན་སོང་སྟོངས་གྱུར་ནས། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །

༄༅། གནས་ཆུང་འཕྲིན་བསྐུལ།
༈ བདེ་གཤེགས་རིགས་ལྔའི་ཡེ་ཤེས་སྒྱུ་འཕྲུལ་གར། །བོད་ཁམས་སྐྱོང་མཛད་བསྟན་སྲུང་དྲེགས་པའི་གཙོ། །ཕྲིན་ལས་རྒྱལ་པོ་སྤྲུལ་ཡུམ་བློན་པོར་བཅས། །བདག་ཅག་གདུང་བའི་དབྱངས་ཀྱིས་ཉེར་བསྐུལ་ན། །སྔོན་ཚེ་རྒྱལ་དབང་པདྨ་ཀ་ར་དང་། །པད་དཀར་འཆང་བ་རིམ་པས་བཀའ་བསྒོས་ཤིང་། །འདའ་དཀའི་དམ་ཚིག་གཉན་པོ་རབ་བསྒྲགས་པ། །མ་གཡེལ་མ་གཡེལ་རྡོ་རྗེའི་དམ་ཚིག་དགོངས། །བདག་ཅག་རྨོངས་དང་ཆགས་སྡང་ཕྱོགས་ལྷུང་གིས། །ལས་འབྲས་མ་སྲུང་སྤྱི་དོན་རས་སུ་བོར། །དམ་ཚིག་འགལ་སོགས་བསམ་སྦྱོར་ནོངས་པ་ཀུན། །སྙིང་ནས་འཆགས་ཤིང་སྡོམ་ན་བཟོད་མཛོད་ལ། །བསྟན་དང་བསྟན་འཛིན་སྐྱེ་འགྲོའི་བདེ་སྐྱིད་དང་། །བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་མཛད་འཕྲིན་སྤེལ། །གངས་ལྗོངས་རྒུད་པའི་ཉེར་འཚེ་མྱུར་ཞི་ནས། །ཆོས་སྲིད་རང་དབང་དགའ་སྟོན་སྒྲུབས་ཤིག་ཀྱེ། །མདོར་ན་བསྟན་སྲུང་མཐུ་བོ་ཁྱོེད་ཉིད་ལ། །སྙིང་ནས་བསྐུལ་ཞིང་འདོད་དོན་གཉེར་གཏོད་ན། །གློག་ལྟར་མྱུར་བའི་རྣམ་བཞིའི་འཕྲིན་ལས་ཀྱིས། །བསམ་པའི་རེ་བ་སྒྲུབ་ལ་མ་གཡེལ་ཞིག
།སྔར་བོད་ཀྱི་འབངས་སུ་གཏོག་པ་ཇི་སྙེད་ཀྱིས་བླང་དོར་གྱི་གནས་ཇི་བཞིག་མ་ཤེས་ཤེང་། ཆགས་སྡང་གི་དབང་དུ་སོང་སྟེ་ཕྱོགས་ལྷུང་དང་། ལས་འབྲས་བརྙོགས་པ། དོན་ཆུང་གཙིགས་སུ་བཟུང་སྟེ་སྤྱི་དོན་རས་སུ་བོར་བ། དམ་ཚིག་དང་འགལ་བའི་ལས་ཚུག་སྣ་ཚོགས་བརྩམས་པ་སོགས་གནས་ཆུང་ཆོས་རྒྱལ་ཆེན་པོའི་ཐུགས་དང་འགལ་བའི་ནོང་པ་རྣམས་སྙིང་ནས་འཆགས་ཤིང་བཟོད་པར་གསོལ་ཏེ་འཕྲིན་ལས་བསྐུལ་བའི་སླད། གཞུང་ལས་སྤྱི་མགྲིན་ནས་བསྐུལ་ངོར་པད་དཀར་འཆང་བའི་སྐྱེ་མིང་འཛིན་པས་གཉེར་གཏོད་ཀྱི་སྨོན་ལམ་དང་། མཇུག་གི་ཤློ་ཀ་བསྟན་དང་བསྟན་འཛིན་སྐྱེ་འགྲོའི་བདེ་སྐྱིད་དང་ཞེས་པ་ནས་ཆོས་སྲིད་རང་དབང་དགའ་སྟོན་སྒྲུབས་ཤིག་ཀྱེ། ཞེས་པ་འདོད་ཁམས་བདག་མོའི་བཞེད་པ་ལྟར་རྡོ་རྗེ་གྲགས་ལྡན་པས་གསུང་བྲིས་བྱས་པ་ཡིན། བོད་རབ་ལོ་༩༣༦ ཆུ་སྡག ཟླ་བ་ ༡ ཚེས་ ༡ སྤྱི་ལོ་ ༡༩༦༢ ཟླ་ ༢ ཚེས་ ༥ ལ་སྦྱར་བའོ༎ ༎


༄༅། བསྟན་འབར་མ།
༈ སེམས་ཅན་དོན་དུ་བདག་གིས་སྔོན། །དཀའ་བ་གང་ཞིག་སྤྱད་གྱུར་དང་། །བདག་གི་བདེ་བ་བཏང་བ་ཡིས། །བསྟན་པ་ཡུན་རིང་འབར་གྱུར་ཅིག། །ངས་སྔོན་ནད་པའི་ཆེད་དག་ཏུ། །རང་གི་འཚོ་བ་ཡོངས་བཏང་བས། །སེམས་ཅན་ཕོངས་པ་བསྐྱབ་པའི་ཕྱིར། །ཡུན་རིང་བསྟན་པ་འབར་གྱུར་ཅིག། །བུ་དང་བུ་མོ་ཆུང་མ་དང་། །ནོར་དང་གླང་ཆེན་ཤིང་རྟ་དང་། །རིན་ཆེན་བྱང་ཆུབ་ཕྱིར་བཏང་བས། །བསྟན་པ་ཡུན་རིང་འབར་གྱུར་ཅིག། །བདག་གིས་སངས་རྒྱས་རང་སངས་རྒྱས། །ཉན་ཐོས་ཕ་དང་མ་དང་ནི། །དྲང་སྲོང་དག་ལ་མཆོད་བྱས་པས། །བསྟན་པ་ཡུན་རིང་འབར་གྱུར་ཅིག། །བསྐལ་པ་བྱེ་བ་དུ་མར་བདག། །སྡུག་བསྔལ་སྣ་ཚོགས་མྱོང་གྱུར་ཅིང་། །བྱང་ཆུབ་དོན་དུ་ཐོས་བཙལ་བས། །བསྟན་པ་ཡུན་རིང་འབར་གྱུར་ཅིག། །བདག་གིས་ཚུལ་ཁྲིམས་བརྟུལ་ཞུགས་དང་། །དཀའ་ཐུབ་ཡུན་རིང་བསྟེན་བྱས་ཤིང་། །ཕྱོགས་བཅུའི་སངས་རྒྱས་ངས་མཆོད་པས། །བསྟན་པ་ཡུན་རིང་འབར་གྱུར་ཅིག། །བདག་སྔོན་བརྩོན་འགྲུས་དང་ལྡན་པས། །རྟག་ཏུ་བརྟན་ཅིང་ཕ་རོལ་གནོན། །སེམས་ཅན་ཐམས་ཅད་བསྒྲལ་དོན་དུ། །བདག་བསྟན་ཡུན་རིང་འབར་གྱུར་ཅིག། །བཟོད་བརྟུལ་རྟག་ཏུ་བསྟེན་བྱས་ཤིང་། །སེམས་ཅན་ཉོན་མོངས་སྙིགས་མ་ཡི། །སེམས་ཅན་ངན་བཟོད་བྱས་གྱུར་པས། །བསྟན་པ་ཡུན་རིང་འབར་གྱུར་ཅིག། །བསམ་གཏན་རྣམ་ཐར་གཟུགས་མེད་དང་། །ཏིང་འཛིན་གངྒཱའི་བྱེ་སྙེད་པ། །བསྒོམས་པས་དེ་མཐུས་བདག་གི་ནི། །བསྟན་པ་ཡུན་རིང་འབར་གྱུར་ཅིག། །ཡེ་ཤེས་དོན་དུ་བདག་གི་སྔོན། །དཀའ་ཐུབ་ནགས་དག་བསྟེན་བྱས་ཤིང་། །བསྟན་བཅོས་དུ་མ་ཉེར་བསྟན་པས། །བདག་གི་བསྟན་པ་འབར་གྱུར་ཅིག། །བརྩེ་བའི་རྒྱུ་ཡིས་ཤ་ཁྲག་དང་། །འཚོ་བ་ཡོངས་སུ་བཏང་གྱུར་ཅིང་། །ཡན་ལག་ཉིང་ལག་བཏང་བ་ཡིས། །ཆོས་ཚུལ་རྣམ་པར་འཕེལ་གྱུར་ཅིག། །བདག་སྔོན་སྡིག་པའི་སེམས་ཅན་རྣམས། །བྱམས་པས་གསལ་བར་སྨིན་བྱས་ཤིང་། །ཐེག་པ་གསུམ་ལ་རབ་བཀོད་པས། །ཆོས་ཀྱི་སྦྱིན་མཆོག་རྒྱས་གྱུར་ཅིག། །བདག་སྔོན་ཐབས་ཤེས་གྱུར་པ་ན། །སེམས་ཅན་ལྟ་ངན་ལས་བསྒྲལ་ཅིང་། །ཡང་དག་ལྟ་ལ་བཀོད་བྱས་པས། །ཆོས་ནི་རྣམ་པར་འཕེལ་གྱུར་ཅིག། །བདག་གིས་སེམས་ཅན་བསྡུ་དངོས་བཞིས། །ཉོན་མོངས་མེ་ལས་ཐར་བྱས་ཤིང་། །བདག་གི་འཕེལ་སྡིག་ཕམ་བྱས་པས། །བདག་འཁོར་ཡུན་རིང་གནས་གྱུར་ཅིག། །བདག་གིས་མུ་སྟེགས་ཅན་གཞན་དག། །ལྟ་བའི་ཆུ་ལས་བསྒྲལ་བྱས་ཏེ། །ཡང་དག་ལྟ་ལ་བཀོད་གྱུར་པས། །བདག་འཁོར་རྟག་ཏུ་གུས་གྱུར་ཅིག། །ཡུན་རིང་བསྟན་པ་འབར་གྱུར་ཅིག ༎

༄༅། བདེན་ཚིག་སྨོན་ལམ།
༈ ན་མོ་རཏྣ་ཏྲ་ཡཱ་ཡ། །ཚད་མེད་ཡོན་ཏན་རྒྱ་མཚོའི་དཔལ་མངའ་ཞིང་། །ཉམ་ཆུང་འགྲོ་ལ་བུ་གཅིག་ལྟར་དགོངས་པའི། །དུས་གསུམ་བདེ་གཤེགས་སྲས་དང་སློབ་མར་བཅས། །བདག་གི་བདེན་པའི་སྨྲེ་ངག་འདི་དགོངས་ཤིག། །སྲིད་ཞིའི་གདུང་སེལ་ཡོངས་རྫོགས་ཐུབ་པའི་བསྟན། །འཛམ་གླིང་ཡངས་པའི་ཕན་བདེའི་དཔལ་དུ་རྒྱལ། །དེ་འཛིན་མཁས་དང་གྲུབ་པའི་སྐྱེས་བུ་རྣམས། །ཆོས་སྤྱོད་རྣམ་བཅུའི་བྱ་བ་འཕེལ་བར་མཛོད། །མི་བཟད་ལས་ངན་དྲག་པོས་ཡོངས་ནོན་པས། །བར་མེད་དུཿཁས་མནར་བའི་ཉམ་ཐག་འགྲོ ། །བཟོད་དཀའ་ནད་མཚོན་མུ་གེའི་འཇིགས་པ་ཀུན། །ཞི་ནས་བདེ་དགའ་རྒྱ་མཚོར་དབུགས་དབྱུངས་མཛོད། །ཁྱད་པར་གངས་ལྗོངས་ཆོས་ལྡན་སྐྱེ་འགྲོ་རྣམས། །ནག་ཕྱོགས་ཀླ་ཀློའི་དཔུང་གིས་བརྩེ་མེད་དུ། །ངན་དགུས་འཇོམས་པའི་ཁྲག་དང་མཆི་མའི་རྒྱུན། །མྱུར་དུ་ཆོད་པའི་ཐུགས་རྗེའི་མཐུ་དཔུང་བསྐྱེད། །ཉོན་མོངས་གདོན་གྱིས་སྨྱོས་པའི་བརླང་སྤྱོད་ཀྱིས། །རང་གཞན་གཉིས་ཕུང་བགྱིད་པའི་སྙིང་རྗེའི་ཡུལ། །མི་བསྲུན་སྐྱེ་བོའི་ཚོགས་རྣམས་བླང་དོར་མིིག། །ཡོངས་ཐོབ་བྱམས་བརྩེ་མཛའ་བའི་དཔལ་ལ་སྦྱོར། །རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། །ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ། །ལྷུན་འགྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ། །སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ། །བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས། །སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང་། །ཡོངས་བཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི། །འབྲས་བཟང་དེང་འདིར་མྱུར་དུ་འཆར་བར་གསོལ། །སྣང་སྟོང་ཆོས་ཉིད་ཟབ་མོའི་རྟེན་འབྲེལ་དང་། །མཆོག་གསུམ་ཐུགས་རྗེའི་མཐུ་དང་བདེན་ཚིག་སྟོབས། །ལས་འབྲས་བསླུ་མེད་བདེན་མཐུས་བདག་ཅག་གི། །བདེན་པའི་སྨོན་ལམ་གེགས་མེད་མྱུར་འགྲུབ་ཤོག ༎ ༎

༄༅། འཕགས་བསྟོད།
༈ ན་མོ་ཨཱརྱ་ལོ་ཀེ་ཤྭ་རཱ་ཡ། །ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་ཞིང་གི་རྡུལ་དང་མཉམ་པ་དེ་དག་གི། །འགྲོ་ལ་ཆགས་པའི་ཀུན་ཏུ་ཆགས་པའི་སྙིང་རྗེ་རྒྱ་མཚོ་ལྟ་བུར་ཟབ། །དེ་ལས་འཁྲུངས་པའི་ཡོན་ཏན་ལྷུན་རྫོགས་སྤྱན་རས་གཟིགས་ཞེས་རྣམ་གྲགས་པ། །མགོན་པོ་བདག་ཅག་ཀུན་གྱིས་བསྟེན་འོས་རིན་ཆེན་རི་འདྲ་དེ་ལ་འདུད། །དྲི་མེད་ཆུ་སྐྱེས་གསར་པའི་དབུས་སུ་བསིལ་ཟེར་གང་བའི་དཀྱིལ་འཁོར་སྟེང༌། །པདྨའི་འདབ་ལྟར་རྣམ་པར་དག་པའི་ཞབས་གཉིས་མཉམ་པའི་ཚུལ་བཞུགས་ཏེ། །འཇིག་རྟེན་དག་ན་ཟླ་བ་ཉ་འདྲ་ཀུན་ཏུ་ལྷམ་མེར་གསལ་བ་ཁྱོད། །མཐོང་བའི་མོད་ལ་སྙིང་གི་གདུང་སེལ་ཀུན་ནས་དགའ་བ་རྒྱས་པར་མཛད། །ཁ་བས་རེག་པ་ལྟ་བུར་བསིལ་ཡང་བདུད་ཀྱི་སྡེ་རྣམས་ལྷག་པར་བསྲེག །མཐའ་དག་མཚན་མའི་ཆོས་ལས་འདས་ཀྱང་སྤྲོས་པ་དུ་མའི་དཀྱིལ་འཁོར་སྣང༌། །སྲིད་ལས་བརྒལ་ཡང་སྲིད་པ་གསུམ་དུ་སྐྱེ་བ་རྟག་ཏུ་སྟོན་མཛད་པའི། །སྒྱུ་མ་ཇི་བཞིན་ཁྱོད་ཀྱི་སྤྱོད་ལ་བློ་དང་ལྡན་རྣམས་ངོ་མཚར་འགྱུར། །རྣམ་པ་ཀུན་གྱི་རྗེས་སུ་ཞུགས་པ་སྟོན་མཚན་ནམ་མཁའི་དཀྱིལ་འཁོར་བཞིན། །སྐལ་ལྡན་སྐྱེ་བོས་རྟག་ཏུ་བསྟེན་པས་སྐྱོ་མེད་ས་གཞི་ཉིད་དུ་གྱུར། །འཇིག་རྟེན་ཡོངས་ཀྱི་གཏི་མུག་མུན་པ་མཐར་མཛད་ཉི་མ་འབར་བ་དང། །ཞེ་སྡང་ཡིད་བསྲེག་གདུང་བ་སེལ་བའི་རི་བོང་མཚན་མ་འཛིན་པ་ཅན། །པུཎྜ་རི་ཀ་རབ་ཏུ་བཞད་པའི་ཞལ་གྱི་དཀྱིལ་འཁོར་མཛེས་སྟོན་ཅིང༌། །དྲི་མེད་དུང་དང་ཆུ་ཤེལ་ལྟར་དཀར་ལྟ་ན་སྡུག་པའི་ལང་ཚོ་ཅན། །བསམ་ཡས་མཆོད་སྤྲིན་རྒྱས་པའི་དབུས་ན་སྒྲོལ་མཛད་སྒྱུ་མའི་རྩེད་འཇོ་དང༌། །བདེ་གཤེགས་རྒྱལ་སྲས་ཁྲོ་བོའི་དཔུང་སོགས་གྲངས་མེད་འཁོར་གྱི་དབུས་ན་བརྗིད། །མེ་དང་ཆུ་ཀླུང་སྐལ་བ་ངན་དང་རྒྱལ་པོའི་འཇིགས་པ་ལ་སོགས་པ། །ཤིན་ཏུ་ཉམ་ཐག་གནས་སུ་ལྷུང་བའི་སྡུག་བསྔལ་བརྒྱ་ཡིས་གཙེས་པ་ཀུན། །ཁྱོད་ཀྱི་འོད་ཟེར་ཟླ་བ་བཀྲུས་འདྲའི་ལུ་གུ་རྒྱུད་ཀྱིས་ཉེར་དྲངས་ནས། །ལྷ་ཡི་དཔལ་དང་རབ་ཏུ་ལྡན་པའི་བདེ་བ་མཆོག་ལ་མངོན་པར་སྦྱར། །དྲི་ཞིམ་ལན་བུ་སྤྱི་བོར་བཅིངས་པ་ནམ་མཁའི་འོད་དང་རབ་འདྲེས་ལ། །རྒྱལ་བའི་དབང་པོ་འོད་དཔག་མེད་སྐུ་རིགས་ཀྱི་ཅོད་པན་དབུ་ལ་མཛེས། །ཕྱག་གཡས་མཆོག་སྦྱིན་རྩེ་མོ་ལས་བབས་བདུད་རྩི་དཀར་པོའི་ཐིགས་པ་ནི། །མུ་ཏིག་འོད་ཆགས་རྟག་ཏུ་ལྷུང་བས་ཡི་དྭགས་ཀུན་གྱི་གདུང་བ་འཇོམས། །ཕྱག་གཡོན་སྟ་ཟུར་ངོས་ལ་བརྟེན་པའི་བགྱིང་བག་ཡིད་འོང་གཙང་མའི་སྐུ། །ཚངས་དབང་ལ་སོགས་དྲེགས་ལྡན་འདུད་པས་ཁྱོད་ནི་འཇིག་རྟེན་ཀུན་དབང་ཕྱུག །འཁོར་ལོ་པདྨ་མདའ་དང་གཞུ་ཡི་ཕྱག་རྒྱ་སོགས་ཀྱིས་རབ་སྤ་བའི། །སྟོང་ཕྲག་ཕྱག་དང་སྤྱན་སྟོང་མངའ་བ་བཅུ་གཅིག་ཞལ་བཟང་ཡང་དག་སྟོན། །ལ་ལར་གདུག་ཅན་ཀླུ་ཡི་དེད་དཔོན་སེང་གེའི་སྒྲ་དང་གཞན་དུ་ནི། །དོན་ཡོད་ཞགས་དང་མགྲིན་སྔོན་ལ་སོགས་རྣམ་པ་དུ་མའི་ཆོ་འཕྲུལ་འགྱེད། །རེས་འགའ་བགེགས་འཇོམས་ཁྲོ་རྒྱལ་རྟ་མགྲིན་ལེགས་ལྡན་ནག་པོའི་ཚུལ་ལ་སོགས། །དྲག་ཤུལ་ས་གསུམ་འགས་པ་སྟོན་ཡང་ཐུགས་ནི་བརྩེ་ལས་གཡོ་མི་མངའ། །ནམ་མཁའི་ལམ་གྱི་རྗེས་སུ་སོང་བའི་འཇིག་རྟེན་རྒྱ་ཆེན་མཐའ་མ་མཆིས། །དེ་ལྟ་མོད་ཀྱི་སེམས་ཅན་གྲངས་མཚུངས་ཁྱོད་ཀྱི་སྤྲུལ་པ་དེ་སྙེད་ཅིག །རབ་ཏུ་སྤྲོ་ཡང་བ་སྤུའི་རྩེ་ཙམ་གཡོ་སྙམ་བགྱིད་པ་མ་ཡིན་ཏེ། །ཆར་སྤྲིན་ལས་ནི་ཆུ་ཆར་བཞིན་དུ་འབབ་པའི་རྟོག་པ་མངའ་མ་ལགས། །རྣམ་པ་འགར་ཡང་འགྲོ་བའི་དོན་དུ་མི་འགྱུར་ཚིག་ནི་ཡོངས་སུ་སྤངས། །རང་རང་བློ་དང་རྗེས་སུ་མཐུན་པའི་འགག་མེད་དབྱངས་ཀྱི་ཡན་ལག་ནི། །རྒྱ་མཚོའི་རྡུལ་གྱི་གྲངས་ལས་འདས་པའི་ཆོས་ལམ་ཉེ་བར་སྟོན་མཛད་པ། །ཁྱོད་གསུང་སུ་ཡི་རྣ་བར་ལྷུང་ཡང་བཀའ་ལ་ཡང་དག་གནས་པར་འགྱུར། །དྲི་ཟའི་རྒྱུད་མང་སྒྲ་དང་འཐབ་པའི་ཡིད་འོང་ན་ཆུང་གླུ་ལྟ་བུ། །ཡིད་དུ་འཐད་ཀྱང་ཆགས་ལྡན་རྣམས་ཀྱི་ཡུལ་གྱི་འདོད་པ་མ་ལུས་འཇོམས། །ནམ་མཁའ་ཁྱབ་པའི་འབྲུག་སྒྲ་ཇི་བཞིན་ཟབ་མོར་འབྱིན་ཡང་དེ་ཡི་མོད། །འཇིགས་པས་སྐྲག་པ་དེ་དག་གི་ཡང་སྡུག་བསྔལ་མིང་གི་ལྷག་མར་མཛད། །འཁོར་བ་པ་རྣམས་རྟག་ཏུ་གཡོ་བའི་སྐྱེ་བ་ཡང་དག་གྲོལ་སླད་དུ། །རྣམ་པ་ཀུན་ལྡན་གསང་མཐོར་སྒྲོག་པའི་ཆོས་ཀྱི་འཁོར་ལོ་སྔོན་འགྲོ་བ། །དུས་གསུམ་གཏོགས་པའི་རྒྱལ་བ་ཀུན་གྱི་གསུང་དབྱངས་ངེས་པ་རབ་རྫོགས་པས། །བླ་མེད་འབྱོར་བའི་དབང་ཕྱུག་ཁྱོད་ནི་འཇིག་རྟེན་ཀུན་གྱི་བླ་མར་གྲགས། །སྐྱེ་བོ་གང་དག་རང་སྡུག་ཉིད་ཀྱང་རེས་འགའ་ཁྲོ་བོའི་དབང་གྱུར་ཏེ། །གསོད་པར་བརྩམས་མོད་ཁྱོད་ཀྱིས་འགྲོ་རྣམས་བུ་དང་འདྲ་བར་རྟག་དགོངས་ནས། །གནོད་འགྱུར་ཆ་ཙམ་ཐུགས་ཀྱིས་དགོངས་པ་རིང་མོ་ཞིག་ནས་བཏང་བས་ན། །བདག་འདྲ་རང་ལ་བརྩེ་བ་དེས་ཀྱང་ཁྱོད་ཐུགས་སྙིང་རྗེའི་ཆར་མི་ཕོད། །ག་བུར་ཙན་ལྡན་ཨུ་ཤིར་ལ་སོགས་ཆབ་ཀྱིས་སྦངས་པ་ལྟར་བསིལ་བའི། །ཞི་བའི་གཟིགས་སྟངས་ནམ་ཡང་མི་འཛུམ་རིགས་དྲུག་སྤྱན་རས་བཙའ་མོད་ཀྱི། །མྱོང་སྣང་སྤྲོས་པ་ཆོས་ཀྱི་དབྱིངས་སུ་ཉེ་བར་ཞི་བའི་དགོངས་པ་ནི། །བདེ་བ་མཆོག་གིས་རྟག་ཏུ་འཁྱུད་བཞིན་གཡོ་བ་མེད་ལ་ཕྱག་འཚལ་ལོ། །ཕྱོགས་ཀུན་འབར་བའི་མེ་ལྕེས་བསྲེག་ཅིང་ཁ་གདངས་མིག་རྩ་དམར་ཁྲོས་པའི། །གཤེད་མས་ཁོར་ཡུག་ཀུན་ནས་འཇིགས་བསྐྱེད་ལ་ལ་ཟངས་ཞུན་འབར་བའི་ཁྲོད། །འབྲུ་ལྟར་འཚོད་པའི་ཚ་དམྱལ་གནས་སུ་བདུད་རྩིའི་ཆར་གྱིས་བསིལ་བ་དང༌། །ཤ་རུས་འགས་བྱེད་གྲང་བས་ཉེན་རྣམས་དྲོ་བའི་རེག་པས་སྐྱོབ་ཏུ་གསོལ། །ལྟོ་བ་རི་མཚུངས་མགྲིན་པ་འགག་ཅིང་ཡན་ལག་རྩ་ཕྲན་བཞིན་དུ་ཕྲ། །ལུས་སྐམས་ཐལ་བས་རབ་གཡོགས་ལྷུ་ཚིགས་འཐབ་ལས་མེ་ཡི་ཚ་ཚ་འབབ། །ཆུ་ཀླུང་དག་ཀྱང་བལྟས་པ་ཙམ་གྱིས་སྐེམ་འགྱུར་རྟག་ཏུ་ངལ་བ་དང༌། །བཀྲེས་པས་གདུང་བའི་ཡི་དྭགས་རྣམས་ལ་ཟས་གོས་བདུད་རྩིའི་ཆར་པ་སྩོལ། །ཟས་ཁམ་ཙམ་གྱི་འདོད་ལ་སྲེད་པས་ཕྲ་མོའི་བདེ་བ་དེ་ཡི་སླད། །གཅེས་པའི་སྲོག་ཀྱང་ཡལ་བར་འདོར་བགྱིད་བླང་དོར་འགའ་ཡང་སྐབས་མི་ཕྱེད། །དབྱིབས་དང་ཁ་དོག་མི་སྡུག་ལ་བརྟེན་ཤིན་ཏུ་སྐལ་དམན་དུད་འགྲོ་རྣམས། །མྱུར་དུ་དགེ་བའི་དྲན་པ་ཐོབ་ཅིང་བདེ་བས་འཚོ་བ་སྩལ་དུ་གསོལ། །ནོར་བུ་འབར་བའི་གཞལ་མེད་ལ་བརྟེན་ཚངས་པའི་རྒྱལ་པོའི་དཔལ་དེ་ཡང༌། །མི་རྟག་ཉམས་ནས་མནར་མེད་མེ་ནང་རུས་པ་རྐང་ཡང་འབར་འགྱུར་ཞིང༌། །རེག་ན་བདེ་བའི་མལ་སྟན་འཇམ་དང་ཡིད་འོང་སྐྱེད་ཚལ་ངོགས་རྩེ་བའི། །ལྷ་བུ་ཉིད་ཀྱང་འགྱུར་བྱེད་འཐུང་ཞིང་ལྕགས་ཀྱི་ཚེར་རྣོན་ཐང་ལ་འདྲད། །མཐོ་བ་ཉིད་ཀྱང་མི་རིང་དུས་སུ་རྐང་པས་བསྣུན་འོས་བྲན་དུ་འགྱུར། །ལང་ཚོ་འདི་ཡང་ཡུད་ཀྱིས་ཉམས་འགྱུར་སྟོན་མཐའི་མེ་ཏོག་ཇི་ལྟ་བུ། །འབྱོར་བ་འདི་ཡང་དུས་ཀྱིས་འདོར་ངེས་བརྙན་པོའི་རྒྱན་ལ་དགའ་སྙམ་བཞིན། །བདག་གི་ཚེ་ཡང་གློག་འོད་འགྱུ་བཞིན་སྐད་གཅིག་ཙམ་ཞིག་འདིར་སྣང་སྟེ། །འཇིག་རྟེན་འདི་ཡི་ཕ་རོལ་ཞེས་བྱ་སྔར་འདྲིས་དངོས་པོ་ཐག་བསྲིང་བའི། །མུན་ཁྲོད་སྟུག་པོར་བདག་ཉིད་གཅིག་པུ་རྣམ་པར་འཁྱམས་འགྱུར་དེ་ཡི་སླད། །འཇིགས་རུང་འཁོར་བར་ཉོན་མོངས་སྒྱུ་ཡིས་སྙིང་ལ་མངོན་པར་བསླུས་གྱུར་པ། །བདག་ཅག་སྡུག་བསྔལ་རྒྱ་མཚོ་འདི་ནས་ཐུགས་རྗེའི་ཕྱག་གིས་དྲང་དུ་གསོལ། །གངས་ཅན་རི་ཡིས་བསྐོར་བའི་ཞིང་འདིར་ཐུབ་པའི་བསྟན་སྲོལ་གནས་མོད་ཀྱི། །ཆོས་བྱེད་ཕལ་ཆེར་ཚུལ་ཁྲིམས་གོས་བྲལ་གཅེར་བུ་ངོ་ཚ་སྤངས་ནས་ནི། །ཁྱིམ་པ་རྣམས་ལ་བསྙེན་ཅིང་ངོར་བལྟ་དམ་པས་སྨད་པའི་ལས་ལ་འཇུག །ཀྱེ་མ་དམ་ཆོས་ཉི་མའི་འོད་ཟེར་རི་བོའི་ཕྲག་ཏུ་ནུབ་ལ་ཉེ། །སྟོབས་དང་ལྡན་རྣམས་རང་འདོད་ལྷུར་ལེན་ཕན་ཚུན་རྩོད་ཅིང་དམའ་ལ་འཚེ། །དམན་པ་རྣམས་ནི་རྟག་ཏུ་འཁོལ་ཞིང་གྱི་ནའི་ཟས་ཀྱང་རྙེད་པར་དཀའ། །མི་བཟད་སྙིགས་མའི་ངང་ཚུལ་འདི་འདྲར་འཕགས་པས་བཏང་སྙོམས་མཛད་ལགས་ན། །སྔོན་གྱི་ཐུགས་དམ་དེ་ཡིས་ཅི་འཚལ་འབངས་རྣམས་སུ་ཞིག་སྐྱབས་ལ་བསྟེན། །ཁྱོད་ཀྱི་མཚན་ཡང་བྱིན་གྱིས་བརླབས་ཏེ་གང་ཐོས་འཇིགས་པ་ཞི་བ་དང༌། །སངས་རྒྱས་གྲངས་མེད་བསྙེན་པའི་ལས་དང་ཁྱོད་མཚན་འཛིན་ཙམ་འབྲས་མཚུངས་ཞེས། །དྲང་སྲོང་བདེན་པའི་ཚིག་གིས་བསྟན་བཞིན་བདག་ཅག་རེ་བས་གསོལ་འདེབས་ན། །མགོན་པོ་གཞན་དུ་གཡེལ་བའི་ཐུགས་སྤངས་ཉམ་ཐག་སེམས་ཅན་སྐྱོབ་ཏུ་གསོལ། །སྐྱེ་བོ་ཐམས་ཅད་དཀོན་མཆོག་གསུམ་པོ་གུས་པས་ཉེ་བར་བསྟེན་པ་དང༌། །ལས་དང་འབྲས་བུའི་གནས་ལ་དད་པས་རྟག་ཏུ་ཆོས་ཀྱི་ལམ་དུ་འཇུག །སྣ་ཚོགས་ཁམས་དང་སྐལ་བར་འཚམས་པའི་ཞི་ཁྲོའི་ཆོ་འཕྲུལ་དཔག་མེད་ཀྱིས། །སྲིད་པ་ཉམ་ངའི་གནས་འདིར་ལྷུང་བའི་གཉེན་རྣམས་བདེ་ལ་སྦྱོར་དུ་གསོལ། །རབ་གུས་བདག་ཀྱང་དེ་ཉིད་འབྱེད་པའི་བློ་གྲོས་དྲི་མ་མེད་པ་དང༌། །སྲིད་ལ་སྐྱོ་དང་སྙིང་རྗེས་གཞན་དོན་སྐྱེ་བ་དུ་མར་སྤྱོད་ལ་བརྩོན། །བདུད་སྡེ་མཐའ་དག་ཕམ་པར་བྱེད་པའི་མཐུ་ཆེན་ཕ་རོལ་ཕྱིན་ཐོབ་སྟེ། །རྣམ་དག་དགའ་ལྡན་ཆོས་ཀྱི་ཚུལ་དང་འགྲོ་བ་དུས་རིང་སྐྱོང་གྱུར་ཅིག །བློ་གྲོས་དམན་ཡང་ཁོ་བོའི་ཡིད་ཀྱི་འོ་མཚོ་གྱེན་དུ་འཕྱུར་བའི་མཐུས། །བསྟོད་ཅིང་སྨྲེ་བའི་འཕྲེང་བ་རབ་མཛེས་དབུ་བ་དཀར་པོ་རྒོད་པ་འདི། །ཀློག་གམ་ཐོས་སམ་དྲན་པ་དེ་ཡང་སྡིག་པའི་དྲི་མ་རྣམ་དག་ཅིང༌། །གྲུ་འཛིན་ཞིང་དུ་རྒྱལ་བ་མཆོག་རབ་སྤྱན་རས་གཟིགས་ཀྱིས་རྗེས་བཟུང་ཤོག །

༄༅། བོད་སྐྱོང་ལྷ་སྲུང་གི་འཕྲིན་བསྐུལ།
༈ ཀྱེེཿ མ་སྨད་བསོད་ནམས་མཐུ་དང་སྨོན་ལམ་གྱིས། །ཕྱག་ན་པདྨོའི་གདུལ་ཞིང་བསིལ་ལྡན་ལྗོངས། །མཐའ་དབུས་ཡུལ་ཁམས་སྐྱོང་ཕྱིར་དེ་དང་དེར། །གནས་ཤིང་རྒྱུ་བའི་ཡུལ་ལྷ་གཞི་བདག་དང་། །ཁྱད་པར་ཚེ་རིང་མཆེད་ལྔ་བསྟན་མའི་ཚོགས། །སྲིད་པའི་ལྷ་དགུ་རྗེ་ཡི་མགུར་ལྷ་སོགས། །བོད་སྐྱོང་ལྷ་སྲུང་གཉན་པོ་མཆེད་འཁོར་རྣམས། །གདུང་བས་འབོད་དོ་འདིར་བྱོན་མགྲོན་དུ་བཞུགས། །རྫས་སྔགས་ཏིང་འཛིན་རོལ་པ་ལས་བྱུང་བའི། །དཀར་གསུམ་མངར་གསུམ་ཕྱེ་མར་ཆང་ཕུད་སོགས། །ཡིད་འོང་བཟའ་བཅའི་བྱེ་བྲག་དུ་མ་དང་། །རིན་ཆེན་དར་ཟབ་གོ་མཚོན་སྤྱན་གཟིགས་ཚོགས། །མི་གཙང་ཉེས་ཀུན་སེལ་བའི་བསངས་མཆོད་དང་། །སྙིང་ནས་མཛའ་ཞིང་དབུ་འཕང་མཐོར་བཏེག་སྟེ། །གསོལ་ལོ་མཆོད་དོ་དམ་སྐོང་དགྱེས་མཛོད་ལ། །བག་མེད་ལས་ལོས་ནོངས་པ་ཅི་མཆིས་བཤགས། །ཡང་དག་ལྟ་དང་གཞན་ཕན་བྱང་ཆུབ་སེམས། །ཐུབ་པའི་བཀའ་ལུང་བསླུ་བ་མེད་པའི་མཐུས། །སྙིང་རྗེའི་ཡུལ་གྱུར་ནག་ཕྱོགས་སྟེར་གཏོགས་ཀུན། །སྡང་དང་གདུག་པའི་བློ་ངན་རབ་ཞི་ནས། །བླང་དོར་འབྱེད་པའི་བློ་མིག་མྱུར་ཐོབ་ཅིང་། །དུས་ཀྱི་རྒུད་པའི་མུན་པ་ཡོངས་སངས་ཏེ། །ཆོས་སྲིད་རང་དབང་གཙང་མའི་སྣང་བའི་དཔལ། །འཆར་བར་ངེས་སོ་དམ་ལྡན་སྙིང་མ་ཞུམ། །སྔོན་ཚེ་སློབ་དཔོན་མཚོ་སྐྱེས་རྡོ་རྗེ་དང་། །རྒྱལ་བློན་སེམས་དཔའ་དུ་མས་བཀའ་བསྒོས་ཤིང་། །ད་ལྟ་རིག་འཛིན་རྣལ་འབྱོར་བདག་ཅག་གིས། །གདུང་ཤུགས་དྲག་པོས་མཆོད་ཅིང་ཉེར་བསྐུལ་ན། །རང་རང་མཐུ་སྟོབས་ནུས་པའི་དཔུང་བསྐྱེད་དེ། །རང་ཡུལ་གངས་ཅན་ཞིང་དུ་བདེ་སྐྱིད་དཔལ། །མྱུར་དུ་བཞད་པའི་རྣམ་བཞིའི་འཕྲིན་ལས་ཀུན། །མ་ཐོགས་ད་ལྟ་ཉིད་དུ་སྒྲུབས་ཤིག་ཀྱེེ། །ལྷག་པར་གངས་ཅན་མགོན་པོ་དང་། །བསྟན་འཛིན་དམ་པའི་སྐུ་ཚེ་སྲིངས། །མཁའ་མཉམ་བསྟན་འགྲོའི་བདེ་སྐྱིད་སྤེལ། །བཞེད་དོན་ལྷུན་གྱིས་འགྲུབ་པར་མཛོད༎ ༎
ཅེས་པ་འདི་ནི་རྒྱལ་བའི་ལུང་གིས་ཟིན་པའི་བོད་ལྗོངས་ད་སྐབས་མུན་ནག་སྡུག་བསྔལ་གྱི་གླིང་དུ་གྱུར་ཏེ། གཟུགས་ཅན་མི་རྣམས་དང་ཆབས་ཅིག་གཟུགས་མེདརྣམས་ཀྱང་མགོན་སྐྱབས་དཔུང་གཉེན་བྲལ་ཞིང་ཉམས་དམས་པའི་དུས་སུ་འདུག་པས། བོད་ལྗོངས་ལྷ་སྲུང་གཞི་བདག་ཆེ་ཕྲ་བསྙེན་ཅིང་བསྟོད་དེ་འཕྲིན་ལས་བསྐུལ་བ་འདི་ལྟ་བུ་ཞིག་བྱུང་ན་བོད་ལྗོངས་སྣོད་བཅུད་ཀྱི་རྒྱུད་པ་ཞི་བ་སོགས་ཀྱི་དགོས་པ་འགའ་ཞིག་མཐོང་སྟེ་བྲིས་ཤིང་། མཇུག་གི་ཤོག་གཅིག་ནི་འདོད་ཁམས་བདག་མོའི་བཞེད་པ་ལྟར་རྡོ་རྗེ་གྲགས་ལྡན་ནས་གསུངས་བྲིས་བྱས་པ་ཡིན། ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས། བོད་རྒྱལ་ལོ ༢༡༠༠ ཆུ་གླང་ ཟླ་ ༡ ཚེས་ ༡ སྤྱི་ལོ་ ༡༩༧༣ ཟླ་ ༣ ཚེས་ ༥ དགེ་བ་ལ༎ ༎


༄༅། བསྔོ་སྨོན་ཁག
༈ གངས་རི་རྭ་བའི་བསྐོར་བའི་ཞིང་ཁམས་སུ། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།

༈ འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་དུ།
དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་འསྔོ།

༈ བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག།
སྐྱེས་པ་ཉམས་པ་མེད་པ་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག།

༈ སྨོན་ལམ་ལོག་པས་རྒྱས་བའི་བསྟན་པ་ལ། །འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེའི།
བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ། །མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག།

༈ ཕ་མ་སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག། །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པ་དང་།
བྱང་ཆུབ་སེམས་པ་གང་ན་སུ་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག།

༈ སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་།
བསྟན་འཛིན་བུ་སློབ་ཤིན་ཏུ་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།

༈ དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱི། །བསྔོ་བ་གང་ལ་མཆོག་དུ་བསྔགས་པ་དེས།
བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི།




བསྔོ་བ།
सभ सर्व मंगलम
སབྷ། །སརྦ། །མངྒ་ལཾ།
साधु साधु साधु
དེ་དེ་བཞིན་ནོ། །དེ་དེ་བཞིན་ནོ། །དེ་དེ་བཞིན་ནོ། །

For corrections or suggestions contact tsering.karma@gmail.com
I encourage you to download these pages for OFF line study; Explorer: File Save As