༈ ༧ རྒྱལ་བའི་གསུང་གསོལ་འདེབས་སྨོན་ཚིག་དང་། འཕྲིན་བསྐུལ་ཁག་ཕྱོགས་བསྡུས་བཞུགས་སོ།

Click Mouse to jump to following titles

| རྒྱུན་ཆགས་གསུམ་པ། | ཡན་ལག་བདུན་པ། | ཐུབ་སྐུའི་གསོལ་འདེབས། | གསོལ་འདེབས་སྨོན་ཚིག་བདེན་པའི་རྔ་སྒྲ། |
པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། | ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ།| ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས།|
གུ་རུའི་ཐུགས་དམ་གནད་བསྐུལ།| རྒྱལ་བའི་འཁྲུངས་རབས་གསོལ་འདེབས། | ཞབས་བརྟན་འཆི་མེད་བདུད་རྩིའི་དབྱངས་སྙན། |
ལྷ་མོའི་འཕྲིན་བསྐུལ། | གནས་ཆུང་འཕྲིན་བསྐུལ། | བོད་སྐྱོང་ལྷ་སྲུང་གི་འཕྲིན་བསྐུལ། | བསྟན་འབར་མ། |
མཆོག་གསུམ་ཤིས་བརྗོད།| བདེན་ཚིག་སྨོན་ལམ། | བསྔོ་སྨོན་ཁག | དཔར་བྱང་སྨོན་ཚིག |


༄༅། རྒྱུན་ཆགས་གསུམ་པ།
༈ སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། །བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། །སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། །བླ་ན་མེད་པ། །ལྷ་དང་མི་རྣམས་ཀྱི་སྟོན་པ། །སངས་རྒྱས་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པས་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བར་གྱུར། །དགེ་བས་ངན་སོང་ལས་གྲོལ་ཅིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པ་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པ་ཡིན། །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་ལྟ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཡི། །གོ་འཕང་ཐོབ་ནས་སྐྱོན་གྱི་དགྲ་བཏུལ་ཏེ། །རྒ་དང་ན་དང་འཆི་བའི་རླབས་འཁྲུགས་པའི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག། ༎

༄༅། ཡན་ལག་བདུན་པ།
༈ ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག། །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་བ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ༎ ༎

༄༅། ཐུབ་སྐུའི་གསོལ་འདེབས།
༈ མཁྱེན་བརྩེའི་ནུས་པའི་ཕུང་པོ་ཡོངས་རྫོགས་ཤིང་། །ལྷག་པར་ཐུགས་རྗེའི་གཞན་དབང་གྱུར་པ་ཡི། །ཞི་བར་མི་གཞོལ་འགྲོ་དོན་རྟག་སྐྱོང་བ། །ཀུན་མཁྱེན་འཇིག་རྟེན་སྒྲོན་མེར་གུས་ཕྱག་འཚལ། རིགས་ཅན་གདུལ་བྱའི་དབང་པོར་ལེགས་འཚམས་པའི། །ཐེག་གསུམ་ཆོས་ཀྱི་སྒོ་འཕར་ཡོངས་ཕྱེས་ཏེ། །མངོན་རྟོགས་འདོད་རྒུའི་དཔལ་ཡོན་སྦྱིན་མཁས་པ། སྐྱོབ་པ་ཟླ་མེད་ཐུབ་པའི་དབང་པོར་འདུད། །གང་ལ་བརྟེན་ནས་ཐར་འདོད་སྐྱེ་བོའི་ཚོགས། །སྲིད་ཞིར་མི་གནས་མྱང་འདས་ཆེན་པོའི་སར། །འགོད་པ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། ། འདི་ཉིད་བསྟན་པའི་ཁྱད་ཆོས་བླ་མེད་གྲུབ། །ཡོངས་ལ་མཉེས་གཤིན་བྱམས་པའི་འོད་སྣང་གིས། །ལྷ་མི་བྱ་དང་རི་དཱགས་འབུ་སྲིན་སོགས། །བསྟན་ལ་ཞུགས་དང་མ་ཞུགས་འགྲོ་ཀུན་ལ། །ཕན་བདེའི་འདོད་པ་འཇོ་བ་ཁྱོད་བསྟན་ཉིད། །མགོན་ཁྱོད་ཐུགས་བསྐྱེད་བྱིན་དང་སྐྱེ་བོ་ཀུན། །བདེ་འདོད་སྡུག་བསྔལ་ནམ་ཡང་མི་འདོད་པ། །མཉམ་ཉིད་བདེན་མཐུས་རྒྱུ་དང་མི་རྒྱུ་བའི། །འཇིག་རྟེན་བྱམས་བརྩེའི་སྣང་བས་རྟག་ཁྱབ་ཤོག །བདག་ཅག་ཐེག་མཆོག་ལམ་བཟང་ལེགས་བགྲོད་དེ། །སྤངས་རྟོགས་མཐར་སོན་དོན་གཉིས་ལྷུན་འགྲུབ་པའི། །ཀུན་མཁྱེན་གོ་འཕང་མྱུར་དུ་ཐོབ་ནས་ཀྱང་། །ནམ་མཁའ་ཇི་སྲིད་འགྲོ་དོན་སྐྱོང་བར་ཤོག །སྤུར་རྒྱལ་གངས་ཅན་བོད་ཀྱི་ཡུལ་ཆེན་པོར། །མདོ་སྔགས་ཟབ་ཁྱད་བསྟན་པ་ཡོངས་རྫོགས་ཀྱི། །བཤད་སྒྲུབ་སྲོལ་བཟང་ནམ་ཡང་མི་ནུབ་པར། །སྐྱེ་རྒུའི་བསོད་ནམས་ཞིང་དུ་ཡུན་གནས་ཤོག །བསྟན་དང་འགྲོ་བ་གནོད་པའི་འགལ་རྐྱེན་ཚོགས། །ཐམས་ཅད་བྱམས་བརྩེའི་དཔུང་གིས་ཉེར་བཅིལ་ནས། །འགྲོ་རྣམས་ཆོས་མཐུན་སྤྱོད་པས་རྟག་འཚོ་ཞིང་། །གནས་སྐབས་མཐར་ཐུག་དགེ་ལེགས་འཕེལ་བར་ཤོག ༎
།ཅེས་པ་འདི་བཞིན། ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས། བོད་རབ་བྱུང་བཅུ་བདུན་པའི་ལྕགས་ལུག་ཟླ་ ༦ ཚེས་ ༢༧ ཕྱི་ལོ་ ༡༩༩༡ ཟླ་ ༨ ཚེས་ ༧ ལ ༎ ༎

༄༅། གསོལ་འདེབས་སྨོན་ཚིག་བདེན་པའི་རྔ་སྒྲ།
༈ །མཁྱེན་བརྩེའི་ཡོན་ཏན་མཐར་ཐུག་ཀུན་རྫོགས་ཤིང༌། །པད་དཀར་ལྟར་བསྔགས་ཡིད་ཅན་ཀུན་གྱི་མགོན། །རྟེན་འབྱུང་གཏམ་གྱིས་སྡུག་ཀུན་གཞིལ་མཛད་པའི། །རྣམ་འདྲེན་ཤཱཀྱ་སེངྒེ་སྤྱི་བོས་མཆོད། །ཁྱོད་བསྟན་བྱང་ནས་བྱང་དུ་དར་འགྱུར་ཞེས། །ཇི་ལྟར་དཔལ་གྱི་མགུར་ནས་དབུགས་དབྱུང་ལྟར། །ཁ་བའི་ལྗོངས་སུ་རྒྱལ་བསྟན་ཡོངས་ཁྱབ་སྟེ། །འཛམ་གླིང་རྒྱན་དུ་གྱུར་པ་སྐལ་པ་བཟང༌། །དེ་ལྟ་ན་ཡང་དཀར་མིན་ལས་དབང་གིས། །དེང་འདིར་རྒྱལ་བསྟན་ཉམས་ཤིང་སྣོད་བཅུད་ཀུན། །སྡུག་ཟད་འཇིག་ཉེའི་ཉམ་ངའི་ངང་ཚུལ་འདི། །བརྩེ་ཆེན་ཐུགས་རྗེས་སྐྱོབ་པའི་དུས་ལ་བབས། །དེ་སླད་བདག་ཅག་གངས་ལྗོངས་ལྷ་མི་ཀུན། །ལྷག་བསམ་དད་གདུང་དྲག་པོས་ཉེར་བཟླུམས་ཏེ། །བདེ་གཤེགས་མཚན་བཟང་གཙུག་གཏོར་གསེར་སྦྱངས་ཏོག །དྲང་སྲོང་སྣོད་མཆོག་ངུར་སྨྲིག་གོས་བཟང་བཅས། །ཕུལ་བའི་ཚོགས་གཉིས་རྒྱ་ཆེན་གང་མཆིས་དང༌། །གཞན་ཡང་དུས་གསུམ་དང་འབྲེལ་དགེ་ཚོགས་ཀུན། །ལྷར་བཅས་འགྲོ་བའི་ཕན་བདེ་འབྱུང་བའི་གནས། །རྒྱལ་བསྟན་མི་ནུབ་ཡུན་དུ་གནས་ཕྱིར་བསྔོ༌། །མཁའ་ཁྱབ་ལུས་ཅན་སྤྱི་དང་ཁྱད་པར་དུ། །འཛམ་བུའི་སྒྲས་བསྟན་གླིང་འདིའི་སྐྱེ་འགྲོ་ཀུན། །བྱམས་དང་སྙིང་རྗེའི་བསམ་སྦྱོར་གོང་འཕེལ་ནས། །འཁྲུགས་རྩོད་གནོད་འཚེ་ནམ་ཡང་མི་འབྱུང་ཤོག །དབུལ་ཕོངས་ཉམ་ཐག་བཙན་གནོན་མནར་གཅོད་དང༌། །སྣོད་ཀྱི་རྒུད་པས་ནད་ཡམས་འབྱུང་འཁྲུགས་སོགས། །ཕྱི་ནང་འགལ་རྐྱེན་རྒུད་ཚོགས་ཀུན་ཞི་ནས། །ཐམས་ཅད་དགའ་བདེའི་དཔལ་ལ་རྟག་རོལ་ཤོག །རིས་སུ་མ་ཆད་ཕྱི་ནང་ཆོས་ཚུལ་ལ། །ཞུགས་ཀུན་ཕན་ཚུན་གཉེན་གཤིན་འདུ་ཤེས་ཀྱིས། །དག་སྣང་ནོར་བུའི་འོད་དང་མི་འབྲལ་བར། །གཅིག་ཏུ་འགྲོ་ཕན་བྱ་བར་ལྷུར་ལེན་ཤོག །ལྷག་པར་བསིལ་ལྡན་ལྗོངས་སུ་རྒྱལ་བའི་བསྟན། །ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཞིང༌། །ཆོས་སྲིད་རང་དབང་བདེ་སྐྱིད་གསར་པ་ཡིས། །བོད་འབངས་འཕྲལ་ཡུན་འདོད་དོན་མྱུར་འགྲུབ་ཤོག །གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས། །འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན། །ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང༌། །སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག །ཆོས་ཀྱི་ཞིང་དུ་ཆོས་མིན་ཉེས་སྤྱོད་ཚོགས། །ཆོས་ཀྱིས་ཞི་ཞིང་ཆོས་སྲིད་ལེགས་ཚོགས་ཀུན། །ཆོས་ལྡན་ཡིད་བསམ་ཆོས་བཞིན་མྱུར་འགྲུབ་སྟེ། །ཆོས་ཀྱི་བདེན་པས་ཆོས་མིན་མཐར་བྱེད་ཤོག ༎ ༎
།ཅེས་པ་འདི་ཤཱཀྱའི་དགེ་སྦྱོང་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས་བོད་རྒྱལ་ལོ་༢༡༣༡ ཤིང་སྤྲེལ་ཟླ་བ་ ༡༢ ཚེས་༡༥ ཕྱི་ལོ་༢༠༠༥ ཕྱི་ཟླ་༡ ཚེས་༢༥ ཉིན་སྤྱི་སྒོས་བསྟན་འགྲོའི་ཆེད་དུ་དམིགས་ཏེ་གནས་ཆེན་རྡོ་རྗེ་གདན་གྱི་རྟེན་མཆོག་སྤྱན་སྔར་གསོལ་བ་བཏབ་པ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། །།

༄༅། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས།
༈ འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པའི། སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ། རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི། ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ། རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན། རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པ། རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ། འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། དེ་སྲས་ཐུ་བོ་མཁས་ཤིང་གྲུབ་པའི་མཆོག། ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན། ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་ནོར་དཔལ། རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས། འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན། བཏགས་ཡོད་མིང་རྐྱང་ཙམ་གྱི་ཟབ་མོའི་གནད། གསལ་མཛད་གྲུབ་པ་མཆོག་གི་སར་གཤེགས་པ། སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས། བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང༌། ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི། གྲུབ་མཐའི་སྲོལ་གཏོད་ཡོངས་རྫོགས་པཎྜི་ཏ། སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས། རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་ཉིད་ཀྱིས། མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ཚུལ། ཟབ་རྒྱས་འདོམས་མཁས་མདོ་སྔགས་ཡོངས་རྫོགས་ལམ། རྒྱས་མཛད་ཟླ་བ་གྲགས་པར་གསོལ་བ་འདེབས། ངོ་མཚར་རྨད་བྱུང་སྙིང་རྗེ་ཆེན་པོའི་ལམ། ཟབ་དང་རྒྱ་ཆེའི་རིག་ཚུལ་རྣམ་མང་གིས། སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ། རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས། གདུལ་བྱའི་ཁམས་བཞིན་གཉིས་སྟོང་དབུ་མའི་ལམ། སྲོལ་གཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང༌། ཁ་བའི་ལྗོངས་སུ་རྒྱལ་བསྟན་སྤེལ་མཛད་པ། མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། མཐའ་བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང༌། སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས། གངས་ལྗོངས་རྒྱལ་བསྟན་འཁྲུལ་མེད་གསལ་མཛད་པ། པད་མའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས། བྱམས་པས་རྗེས་བཟུང་ཐེག་ཆེན་སྡེ་སྣོད་ཀུན། ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང༌། རྒྱལ་བའི་ལུང་བཞིན་རྣམ་རིག་ཤིང་རྟའི་སྲོལ། འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས། ཆོས་མངོན་སྡེ་བདུན་གཉིས་སྟོང་སྲོལ་བཟུང་ནས། བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ། ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག། སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས། སྟོན་ཕྱིར་ཚད་མའི་སྒོ་བརྒྱ་ལེགས་ཕྱེ་ནས། རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ། ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། ཕྱི་ནང་ཚད་མའི་གནད་ཀུན་ལེགས་དགོངས་ཤིང༌། མདོ་སེམས་ཟབ་རྒྱས་ལམ་ཀུན་རིགས་ལམ་ནས། ངེས་སྟེར་རྨད་བྱུང་ཆོས་ཚུལ་འདོམས་མཁས་པའི། ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། ཐོགས་མེད་སྐུ་མཆེད་ལས་འོང་ཤེར་ཕྱིན་དོན། ཡོད་མེད་མཐའ་བྲལ་དབུ་མའི་སྲོལ་བཞིན་དུ། རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྦར། འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས། ཡུམ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ། མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ། ཡུམ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པའི། སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས། འདུལ་བ་འབུམ་སྡེའི་དགོངས་དོན་ལེགས་བསྡུས་ནས། ཐམས་ཅད་ཡོད་སྨྲའི་ལུགས་བཞིན་སོ་སོ་ཐར། མ་ནོར་ལེགས་འདོམས་བརྟན་མཁས་མཆོག་གྱུར་པ། ཡོན་ཏན་འོད་ཀྱི་ཞབས་ལ་གསོལ་བ་འདེབས། བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་ལ་དབང༌། འདུལ་བསྟན་དྲི་མེད་རིང་དུ་སྤེལ་བའི་སླད། རྒྱ་ཆེན་གཞུང་དོན་ལེགས་བཀྲལ་འདུལ་འཛིན་མཆོག། ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་འདེབས། ཐུབ་གསུང་ཟབ་རྒྱས་བཀའ་སྲོལ་མ་ལུས་པ། སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ། གངས་ལྗོངས་ཐུབ་བསྟན་སྤེལ་བའི་དྲིན་ཅན་རྗེ། ཇོ་བོ་ཨ་ཏི་ཤཱ་ལ་གསོལ་བ་འདེབས། དེ་ལྟར་འཛམ་གླིང་རྒྱན་གྱུར་མཁས་པའི་ཕུལ། ངོ་མཚར་ལེགས་བཤད་འབྱུང་གནས་མཆོག་རྣམས་ལ། མི་ཕྱེད་དང་བའི་ཡིད་ཀྱིས་གསོལ་བཏབ་པས། བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས། བདེན་བཞིས་འཁོར་བར་འཇུག་ལྡོག་ཇི་བཞིན་ངེས། ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན། ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས། སྡུག་ཀུན་ཉེར་ཞིའི་ཐར་པ་དོན་གཉེར་བའི། ངེས་འབྱུང་བློ་དང་འགྲོ་རྣམས་སྐྱོབ་འདོད་པའི། ཕྱོགས་མཐས་གཏུགས་པའི་སྙིང་རྗེའི་རྩ་བ་ཅན། བཅོས་མིན་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། ཤིང་རྟ་ཆེན་པོའི་གཞུང་གི་དོན་རྣམས་ལ། ཐོས་བསམ་སྒོམ་པས་ཕ་རོལ་ཕྱིན་པ་དང༌། རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ། ངེས་པ་བདེ་བླག་རྙེད་པར་བྱིན་གྱིས་རློབས། སྐྱེ་ཞིང་སྐྱེ་བར་བསླབ་གསུམ་ལྡན་པའི་རྟེན། ལེགས་ཐོབ་བཤད་དང་སྒྲུབ་པས་ལུང་རྟོགས་བསྟན། འཛིན་ཅིང་སྤེལ་ལ་ཤིང་རྟ་ཆེ་རྣམས་དང༌། མཚུངས་པར་བསྟན་ལ་བྱ་བ་བྱེད་པར་ཤོག། འདུས་སྡེ་ཀུན་ཏུ་ཐོས་བསམ་བཤད་སྒྲུབ་ཀྱི། བྱ་བས་དུས་འདའ་ལོག་འཚོ་ཡོངས་སྤངས་པའི། དམ་པའི་མཁས་གྲུབ་རབ་ཏུ་འཕེལ་བ་ཡིས། འཛམ་གླིང་ས་ཆེན་རྟག་ཏུ་མཛེས་གྱུར་ཅིག། དེ་མཐུས་མདོ་སྔགས་ཡོངས་རྫོགས་ས་ལམ་བགྲོད། དོན་གཉིས་ལྷུན་གྲུབ་རྣམ་མཁྱེན་རྒྱལ་བ་ཡི། གོ་འཕང་མྱུར་བ་ཉིད་དུ་ཐོབ་གྱུར་ནས། ནམ་མཁའ་ཇི་སྲིད་འགྲོ་བའི་དོན་བྱེད་ཤོག། ༎
ཅེས་པ་འདི་བཞི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་བསྟན་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་འདི་དག་ལ་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པའི་དབང་པོ་གོང་སྨོས་དེ་དག་གིས་རྣམ་དཔྱོད་ལྡན་པའི་སྐྱེས་བུའི་བློ་མིག་རྣམ་པར་འབྱེད་པའི་ལེགས་བཤད་རྨད་དུ་བྱུང་བ་ཇི་སྙེད་ཅིག་མཛད་དེ་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུར་ཉེ་བའི་དུས་ད་ལྟ་བར་ཐོས་བསམ་སྒོམ་པའི་གཞུང་དུ་ཉམས་པ་མེད་པར་གནས་ཡོད་པས་མཁས་པའི་དབང་པོ་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པ་དང། མི་ཕྱེད་དད་པས་དེ་དག་གི་རྗེས་སུ་སློབ་པར་སྨོན་ཅིང། དེང་དུས་འཛམ་གླིང་ཁྱོན་འདིར་ཚན་རིག་དང། འཕྲུལ་ཆས་དངོས་པོ་ཡར་རྒྱས་ཚད་མཐོར་ཕྱིན་ཏེ་འདི་སྣང་འདུ་འཛིའི་རྣམ་གཡེང་འཁྲུག་ཆེའི་སྐབས་འདིར། རང་རེ་སངས་རྒྱས་ཀྱི་རྗེས་འཇུག་པ་རྣམས་སངས་རྒྱས་ཀྱི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་བས་གཟུ་བོའི་བློས་ཐེ་ཚོམ་གྱི་སྒོ་ནས་ཞིབ་མོར་བརྟགས་ཤིང་དཔྱད་དེ་རྒྱུ་མཚན་འཚོལ་བ་དང། རྒྱུ་མཚན་མཐོང་ནས་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་སྐྱེ་བ་ལ། ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་དང། སངས་རྒྱས་བསྐྱངས་དང། འཕགས་པ་གྲོལ་སྡེ་ལ་སོགས་པའི་ཟབ་རྒྱས་ཀྱི་གཞུང་ཕུལ་དུ་ཕྱིན་པ་འདི་དག་མེད་མི་རུང་དུ་མཐོང་ནས་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང༌བྲིས་སྲོལ་སྔར་ནས་ཡོད་མུས་ཐོག་ཟབ་རྒྱས་ཀྱི་བླ་བརྒྱུད་གཞན་དགུ་བསྣན་ཏེ་ནཱ་ལེཎྜའི་པཎ་གྲུབ་བཅུ་བདུན་གྱི༌བྲིས་སྐུ་གསར་བཞེངས་དང་འབྲེལ། མཁས་པའི་སྐྱེས་མཆོག་དེ་དག་ལ་སྙིང་ནས་གུས་པའི་གསོལ་འདེབས་འདི་འདྲ་ཞིག་འབྲི་འདུན་བྱུང་བ་དང། དོན་གཉེར་ཅན་ཆོས་གྲོགས་འགའ་ཞིག་ནས་ཀྱང་བསྐུལ་མ་བྱུང་བར་བརྟེན། དཔལ་ནཱ་ལེཎྜའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་པ་འདི་དག་མཁས་པའི་དབང་པོ་དེ་དག་གི་ལེགས་བཤད་ལ་བཅོས་མིན་ཡིད་ཆེས་ཀྱི་དད་པ་ཐོབ་ཅིང། མཁས་པ་དེ་དག་གི་ལེགས་བཤད་སློབ་གཉེར་མཁན་གྱི་གྲལ་མཐར་འཁོད་པ། ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས། གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པ་བདེ་བར་གཤེགས་ནས་ལོ་གྲངས་༢༥༤༥ བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ཟླ་བ་༡༡ ཚེས་༡ ཕྱི་ལོ་༢༠༠༡ ཟླ་བ་༡༢ ཚེས་༡༥ ཉིན་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོངས་ཁོངས་རྡ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ་གྲུབ་པར་བགྱིས་པ་དགེ་བར་གྱུར་ཅིག ། ༎

༄༅། ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ།
༈ སྐུ་བཞིའི་བདག་ཉིད་ཀུན་མཁྱེན་ཉི་མའི་གཉེན། །ཚེ་འོད་དཔག་མེད་འཕགས་མཆོག་སྤྱན་རས་གཟིགས། །འཇམ་དབྱངས་གསང་བདག་སྒྲོལ་མ་ཁྲོ་གཉེར་ཅན། །རྒྱལ་དང་རྒྱལ་སྲས་སེམས་དཔའི་ཚོགས་རྣམས་དང་། །གཏད་རབས་ཆེ་བདུན་རྒྱན་དྲུག་མཆོག་གཉིས་པོ། །གྲུབ་ཆེན་བརྒྱད་ཅུ་གནས་བརྟན་བཅུ་དྲུག་སོགས། །བསྟན་དང་འགྲོ་ལ་གཅིག་ཏུ་ཕན་བཞེད་པ། །སྐྱེས་མཆོག་སེམས་དཔའ་མ་ལུས་དགོངས་སུ་གསོལ། །ཐུབ་པ་མཆོག་གིས་གྲངས་མེད་བསྐལ་པ་རུ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ཏེ། །མཁྱེན་བརྩེ་ནུས་པ་མཐར་སོན་བདེན་པའི་མཐུས། །ཡོངས་རྫོགས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །གངས་རིའི་ལྗོངས་སུ་ཐུབ་བསྟན་སྣང་བའི་སྒོ། །ཐོག་མར་འབྱེད་མཛད་མཁན་སློབ་ཆོས་རྒྱལ་གསུམ། །ལོ་པཎ་རིག་འཛིན་རྗེ་འབངས་ཐུགས་བསྐྱེད་མཐུས། །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །རྒྱ་ཆེན་བཀའ་ཡི་ནོར་བུའི་ལྡིང་ཁང་དུ། །ཟབ་མོའི་སྒྲུབ་སྡེ་ཆོས་ཀྱི་གཏེར་ཆེན་པོ། །ཟབ་ཡངས་སྙིང་ཏིག་འོད་རྣོན་རབ་ཏུ་འཚེར། །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །ཀ་དག་འོད་གསལ་སྙིང་པོའི་ཀློང་ཆེན་པོར། །འཁོར་འདས་ཆོས་ཀུན་འུབ་ཆུབ་ཐེག་པའི་རྩེ། །ཀུན་བཟང་གདོད་མའི་རྒྱལ་སར་བགྲོད་པའི་ཐབས། །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་འགྱུར་ཅིག །ཟབ་མོའི་ལྟ་དང་རྒྱ་ཆེན་སྤྱོད་པའི་བརྒྱུད། །ཡོངས་རྫོགས་གདམས་པའི་མཛོད་མངའ་ཨ་ཏི་ཤ། རྒྱལ་བའི་འབྱུང་གནས་ལས་འོངས་གདམས་པའི་སྲོལ། །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །སྡེ་སྣོད་གསུམ་གྱིས་བསྡུས་པའི་རྒྱལ་བའི་བཀའ། །གདམས་པ་སྐྱེས་བུ་གསུམ་དུ་ལེགས་བསྒྲིགས་པ། །ལྷ་ཆོས་བདུན་ལྡན་བཀའ་གདམས་གསེར་གྱི་ཕྲེང་། །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །སྒྲ་སྒྱུར་མར་པ་བཞད་པ་རྡོ་རྗེ་སོགས། །བྱིན་རླབས་འབྱུང་གནས་བཀའ་བརྒྱུད་ནོར་བུའི་མཛོད། །མཚུངས་མེད་རིམ་བྱོན་བཀའ་སྲོལ་རྨད་བྱུང་བ། །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །འཁོར་འདས་ཆོས་ཀུན་ལྷན་སྐྱེས་སེམས་ཀྱི་མདངས། །སེམས་ཉིད་སྤྲོས་བྲལ་ཆོས་སྐུའི་ངོ་བོར་རྟོགས། །སྣང་སྲིད་འཁོར་འདས་ཀུན་ཁྱབ་ཕྱག་རྒྱ་ཆེ། །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །གསུང་ངག་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི། །རྒྱུ་ལམ་འབྲས་བུའི་ཉམས་ལེན་ཆེས་ཟབ་གནད། །རྣལ་འབྱོར་དབང་ཕྱུག་ཁྱད་ཆོས་གདམས་པའི་སྲོལ། །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་འགྱུར་ཅིག །ཟབ་མོ་དབུ་མའི་ལྟ་དང་ཉེར་འབྲེལ་བའི། །གསང་ཆེན་རྡོ་རྗེ་ཐེག་པའི་རིམ་གཉིས་ལམ། །ཟབ་གསལ་སྤེལ་མཁས་བློ་བཟང་རྒྱལ་བའི་བསྟན། །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཡི་དོན། །ཡོངས་རྫོགས་ལམ་གྱི་ངོ་བོ་གོ་རིམ་རྣམས། །མ་ནོར་ཉམས་སུ་ལེན་པའི་ལུགས་བཟང་མཆོག །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པའི། །ཕྱི་ནང་གཞན་གསུམ་དུས་ཀྱི་འཁོར་ལོ་ཡི། །ལུང་རྟོགས་བཀའ་བབས་བུ་ཇོ་ལུགས་ཟུང་གི །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །མདོར་ན་བཤད་པའི་ཀ་ཆེན་རྣམ་བཅུ་དང་། །སྒྲུབ་བརྒྱུད་ཤིང་རྟ་སྤྱི་དང་ཞི་བྱེད་སོགས། །མདོ་སྔགས་ཟུང་འབྲེལ་མན་ངག་དུ་མས་ཕྱུག །གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །བསྟན་འཛིན་ཞབས་བརྟན་ཐུགས་མཐུན་དགེ་འདུན་རྣམས། །བསྟན་པ་འཁོར་ལོ་གསུམ་གྱིས་སྐྱོང་བ་དང་། །བསྟན་ལ་དད་པའིསྐྱེ་བུས་ས་སྟེང་ཁྱབ། །རིས་མེད་རྒྱལ་བསྟན་ཡུན་རིང་འབར་འགྱུར་ཅིག །འཇིག་རྟེན་ཀུན་ཏུ་དམག་འཁྲུག་མུ་གེ་དང་། །གདུག་རྩུབ་བསམ་སྦྱོར་མིང་ཡང་མི་གྲགས་ཤིང་། །ཡིད་ཅན་བྱམས་ལྡན་སྣོད་བཅུད་དགེ་མཚན་འཕེལ། །བདེ་དགའ་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །བདག་ཀྱང་དེང་ནས་ཡོངས་རྫོགས་བསྟན་པའི་ལམ། །རྒྱ་ཆེན་སེམས་བསྐྱེད་ཟབ་མོ་ལྟ་བ་ལ། །ཐོས་བསམ་སྒོམ་པས་གཅིག་ཏུ་བརྩོན་པ་ཡིས། །འཕྲལ་ཡུན་གཏན་བདེའི་ས་ལ་མྱུར་རེག་ཤོག །ནམ་མཁའི་མཐས་གཏུགས་གྱུར་པའི་སེམས་ཅན་ཕྱིར། །ཐུབ་དབང་རྒྱལ་སྲས་ཡིད་འོང་སྤྱོད་པ་ལ། །ཞུམ་དང་ངན་ཞེན་ལེ་ལོ་མེད་པ་དང་། །ཡིད་ཆེས་འདུན་པའི་སྤྲོ་དགས་འཇུག་པར་ཤོག །བདག་གི་ལུས་དང་ལོངས་སྤྱོད་དགེ་བ་རྣམས། །མ་རྣམས་བདེ་བའི་རྒྱུ་རུ་འགྱུར་བ་དང་། །དེ་དག་ཀུན་གྱི་སྡུག་ཀུན་གང་མཆིས་པ། །དེ་ཀུན་བདག་ལ་ཡོངས་སུ་སྨིན་པར་ཤོག །བདག་ནི་མཐོང་ཐོས་དྲན་དང་མོས་བྱེད་པ། །ཀུན་ཀྱང་བདེ་དགའི་དཔལ་ལ་སྤྱོད་པ་དང་། །སྨོད་དང་རྡེག་འཚོག་མི་སྙན་སྒྲོག་བྱེད་པའང་། །ཐམས་ཅད་བྱང་ཆུབ་ལམ་གྱི་སྐལ་ལྡན་ཤོག །མདོར་ན་ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བའི་སྡུག་བསྔལ་གནས་པ་དེ་སྲིད་དུ། །བདག་ཀྱང་གནས་ཏེ་དངོས་དང་བརྒྱུད་པ་ཡིས། །ཕན་བདེའི་བྱེད་པོ་ཉིད་དུ་འགྱུར་བ་ཤོག ། ༎
ཅེས་པ་འདི་ཡང༌ཚད་མེད་ཐུགས་རྗེའི་བདག་ཉིད་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀུན་སྒྱུ་མ་ལྟ་བུར་གཟིགས་ནས་འཕྲིན་ལས་ནམ་མཁའ་ཇི་སྲིད་བར་ཀུན་ནས་འཕྲོ་ཞིང་འཇུག་པའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཡོངས་སུ་རྫོགས་པ། ཆོས་ལྡན་གངས་ཅན་པའི་གཅེས་ནོར་ཏུ་གྱུར་པ་འདི་ལ། དུས་སྔ་ཕྱིར་༧རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་གྱི་མཐུ་གྲུབ་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རང་རང་གིས་བསྟན་པ་འཛིན་སྐྱོང་སྤེལ་སྟངས་བཞེད་རྒྱུན་མི་འདྲ་བའི་མིང་བརྡ་སོ་སོར་ཆགས་པའི་གངས་ལྗོངས་རིས་མེད་རྒྱལ་བསྟན་རིན་པོ་ཆེ་འདི་ཉིད་དུས་ཀྱི་མཐར་ཡང་སྤྱི་སྒོས་གདུལ་བྱའི་བསོད་ནམས་ཀྱི་དཔལ་དུ་ཉམས་པ་མེད་པར་དར་འཕེལ་ཡུན་གནས་ཡོང་བའི་གསོལ་འདེབས་སྨོན་ལམ་འདི་འདྲ་ཞིག་བྱུང་ན་སྙམ་པ་སྔར་ནས་ཡོད་མུས་ཐོག ཕ་དམ་པའི་སྐྱེ་ཕྲེང་བར་འབྲོག་ཆུ་བཟང་རིན་པོ་ཆེ་འཕྲིན་ལས་རྒྱ་མཚོ་དང༌། དད་ལྡན་དོན་གཉེར་ཅན་འགས་བསྐུལ་མ་བྱུང་བ་དང༌། ལྷག་པར་སྔ་འགྱུར་བསྟན་པའི་གསལ་བྱེད་རིས་མེད་རྒྱལ་བསྟན་ལ་ཐུགས་བརྩོན་ཉམས་བཞེས་མཛད་ཅིང༌། བླ་ཆེན་དགོངས་པ་རབ་གསལ་ནས་བརྒྱུད་པའི་སྨད་འདུལ་གྱི་སྡོམ་རྒྱུན་འཛིན་སྐྱོང་སྤེལ་བའི་འདུལ་འཛིན་ཆེན་པོ་ཛ་རོང་ཞྭ་དེའུ་འཁྲུལ་ཞིག་ངག་དབང་ཆོས་ཀྱི་བློས་གྲོས་རིན་པོ་ཆེའི་ཞལ་སྔ་ནས་བསྐུལ་མ་མཛད་པ་ལྟར། སྟོན་པའི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་ཅིང༌། རིས་མེད་རྒྱལ་བའི་བསྟན་པར་དག་སྣང་མོས་གུས་ཐོབ་སྟེ་ཐོས་བསམ་སྒོམ་པའི་བརྩོན་པ་ལྷུར་ལེན་པ་ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས། ཡོངས་གྲགས་སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༢༥༤༣ བོད་རྒྱལ་ལོ་ ༢༡༢༦ རབ་བྱུང་བཅུ་བདུན་པའི་ས་ཡོས་ཟླ་ ༡ ཚེས་ ༡ ཕྱི་ལོ་ ༡༩༩༩ ཟླ་ ༢ ཚེས་ ༢༨ ཉིན་འཕགས་ཡུལ་ཧི་མ་ཅལ་མངའ་སྡེ་ཀང་ར་རྫོང་ཁོངས་རྡ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ་བྲིས་པ་དེ་དེ་བཞིན་དུ་འགྲུབ་པ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། དགེ་ལེགས་འཕེལ༎ ༎

༄༅། ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས།
༈ འགྲོ་ལ་ཕན་བཞེད་ཐུགས་རྗེ་གོམས་པ་ལས། །གཅིག་ཏུ་དགེ་བ་རྗེས་བསྟན་ཆོ་འཕྲུལ་གྱིས། །ཞི་བསིལ་ཕན་བདེའི་འདོད་དོན་སྒྲུབ་མཁས་པ། །རྣམ་འདྲེན་སྟོབས་བཅུ་མངའ་བས་དུས་ཀུན་སྐྱོབས། །བདེ་སྡུག་འདོད་དང་མི་འདོད་རང་གཞན་ཀུན། །མཉམ་ཉིད་བདག་པས་གཞན་རྣམས་གཙོ་བའི་ཕྱིར། །གཞན་ཕན་བདེ་ལ་འགོད་པའི་བྱང་ཆུབ་སེམས། མཁའ་ཁྱབ་སྐྱེ་དགུའི་སྙིང་ལ་འཇུག་པར་ཤོག །དེའི་མཐུས་གྲོགས་དག་བྱམས་དང་བརྩེ་བ་ཡིས། །ཉེ་བར་གཟུང་ནས་ཞི་སྙོམས་བདེན་པའི་ལམ། ཀུན་དགའ་བདེ་བ་སྟེར་བའི་དཔལ་བཟང་པོར། ཅི་དགར་སྤྱོད་པའི་དུས་ཀྱིས་འདའ་བར་ཤོག །གང་གི་མཚན་ཡང་རྒྱལ་བས་བྱིན་བརླབས་པའི། །དམན་ལ་ལྷག་པར་བརྩེ་བ་ཐུགས་རྗེའི་གཏེར། །ཁྱོད་ཉིད་དྲན་པའི་མོས་གུས་གདུང་དབྱངས་ཀྱིས། ཉེ་བར་བསྐུལ་ན་དུས་ཀུན་རྗེས་འཛིན་མཛོད། ཐུབ་པའི་ལུང་གིས་བསྔགས་པའི་གངས་ལྗོངས་ཀྱི། །རྣམ་གསུམ་མེས་དཔོན་དམ་པའི་རྗེས་ཞུགས་པ། །རང་རིགས་སྐྱེ་དགུའི་དད་དམ་བྱིན་མཐུ་ཡིས། འཕྲལ་ཡུན་འདོད་དོན་ལྷུན་གྱིས་འགྲུབ་པར་མཛོད། །ཚེ་རབས་ཀུན་ཏུ་བྱང་ཆུབ་སེམས་མཆོག་དང་། །ཡང་དག་ལྟ་ལ་གོམས་པར་བྱས་པ་ལས། །དུག་གསུམ་བག་ཆགས་འབྲས་བུ་བཅས་ཞི་ནས། །བྱང་ཆེན་གཏན་བདེའི་ས་ལ་མྱུར་རེག་མཛོད། །ལྟོས་ནས་གྲུབ་པའི་རྟེན་འབྱང་སྒྱུ་མའི་གཤིས། ནམ་ཡང་བསླུ་མེད་ཆོས་ཉིད་བདེན་པ་དང་། །ལྷག་བསམ་དཀར་བའི་བདེན་པའི་སྟོབས་དག་གིས། །སྨོན་པའི་དོན་རྣམས་བདེ་བླག་འགྲུབ་གྱུར་ཅིག ། ༎
ཅེས་པ་འདི་ནི་དད་དམ་ལྷག་བསམ་དཀར་བ་བྱེས་འབྱོར་མདོ་སྨད་པ་སྤྱི་མགྲིན་ནས་ཇི་ལྟར་བསྐུལ་བ་བཞིན་ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས་བོད་རྒྱལ་ལོ་ ༢༡༠༧ ས་ག་ཟླ་བ་ཚེས་ ༡༥ དང་། ཕྱི་ལོ་ ༡༩༨༠ ཟླ་ ༥ ཚེས་ ༢༩ ཉིན་དགེ་བར་སྨོན་པའོ༎ ༎

༄༅། གུ་རུའི་ཐུགས་དམ་གནད་བསྐུལ།
༈ མཐའ་བྲལ་དོན་དམ་འོད་གསལ་གཉུག་མའི་གཤིས། །ལྷུན་གྲུབ་མཚན་དཔེའི་གཟི་འབར་ལོངས་སྤྱོད་རྫོགས། །འགྲོ་ཁམས་ཇི་བཞིན་སྣ་ཚོགས་སྤྲུལ་པའི་སྐུ། །ཐུབ་དབང་ཐུགས་རྗེ་རྒྱ་མཚོས་དུས་ཀུན་སྐྱོངས། །རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་སྒྱུ་འཕྲུལ་གར། །པུར་རྒྱལ་བོད་ཀྱི་འགྲོ་བའི་དཔལ་ཤར་བ། །གྲུབ་མཆོག་མཚོ་སྐྱེས་རྡོ་རྗེ་དྲིན་པོ་ཆེ། །དེང་འདིར་གདུང་བས་བསྐུལ་ལོ་ཐུགས་རྗེས་ཟུངས། །སྤངས་རྟོགས་མཐར་ཕྱིན་སྐུ་ལྔའི་བདག་ཉིད་ཀུན། །མཉམ་ཉིད་ཉེ་རིང་གཟིགས་པ་མི་མངའ་ཡང༌། །གདུལ་བྱའི་ཁམས་སོགས་རྟེན་འབྲེལ་མཐུ་བཙན་པས། །ཁྱོད་ནི་གངས་ལྗོངས་འགྲོ་བའི་མགོན་དཔུང་ཉིད། །ལྷག་པར་ཁྲི་སྲོང་ལྡེ་བཙན་ཡབ་སྲས་ཀྱིས། །བོད་ཁམས་ཐུགས་རྗེས་འཛིན་པར་བསྐུལ་བའི་ཚེ། །འགྱུར་མེད་ཞལ་བཞེས་མཛད་པ་དོན་གནས་ན། །དུས་འདིར་ཁྱོད་ཀྱིས་ཐུགས་རྗེས་སྐྱོང་བར་གསོལ། །ཕོངས་ཤིང་དོན་མེད་བཀོལ་སྤྱོད་གདུང་བས་མནར། །སྙད་སྡང་སྲོག་ལ་འཇིགས་པའི་དངངས་སྐྲག་གིས། །གཤིན་རྗེའི་གྲོང་ཁྱེར་ལྟ་བུར་གྱུར་པ་ཡི། །ཆོས་ལྡན་གངས་ཅན་པ་རྣམས་ཅི་ཡིས་ནོངས། །འོན་ཏེ་སྔོན་བསགས་དཀར་མིན་ལས་ཀྱི་འབྲས། །བརྣག་དཀའི་དུ༔ཁ་བཅུ་ཕྲག་ལྔ་ལྷག་ལོར། །མྱངས་པའི་ཉམ་ཐག་ངང་ཚུལ་འདི་བས་ན། །ལྷག་པར་དགོངས་ཤིག་བརྩེ་ཆེན་ཐུགས་རྗེའི་གཏེར། །ཨེ་མ་དཀར་མིན་ལས་ཀྱི་མཐུ་བཙན་མོད། །དད་དང་འདུན་སྟོབས་ལྷག་བསམ་བྱིན་མཐུ་ཡང༌། །སྟོབས་དང་ལྡན་ཕྱིར་དགེ་འབྲས་འདོད་རྒུའི་ཚོགས། །མྱུར་དུ་སྨིན་པའི་རྟེན་འབྲེལ་མཐུ་འགྲུབ་མཛོད། །བླ་མ་མཆོག་གསུམ་བོད་སྐྱོང་དམ་ཅན་དང༌། །གངས་ཅན་སྐྱེ་རྒུའི་དད་དམ་བྱིན་མཐུའི་སྟོབས། །སྣང་སྟོང་རྒྱུ་འབྲས་མི་བསླུའི་བདེན་སྟོབས་ཀྱིས། །སྨོན་པའི་དོན་རྣམས་མྱུར་དུ་འགྲུབ་པར་ཤོག ། ༎
ཅེས་སློབ་དཔོན་ཐུགས་རྗེ་ཅན་གྱི་ཐུགས་དམ་གནད་བསྐུལ་གདུང་དབྱངས་གསོལ་འདེབས་འདི་ནི་ལྕགས་སྤྲེལ་སྤྲེལ་ཟླ་ཚེས་བཅུའི་དུས་ཆེན་སྐབས་བཀའ་ཤག་དང་། ཆོས་དོན་ལྷན་ཁང་ནས་བསྐུལ་མ་བྱུང་བའི་ཐོག དུས་འདིར་གངས་ལྗོངས་ཀྱི་ཆོས་མིན་ཕྱོགས་རྣམས་བརྩེ་ཆེན་ཐུགས་རྗེས་འདུལ་བར་སློབ་དཔོན་ཆེན་པོ་ཉིད་ལ་གསོལ་བ་འདེབས་པ་གནད་དུ་མཐོང་ནས་ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས་དད་གདུང་དྲག་པོས་གོང་ལོའི་ཟླ་ ༡༠ ཚེས་ ༡༥ དང་། ༡༩༨༠ ཟླ་ ༡༡ ཚེས་ ༢༢ ལ་སྨོན་པའོ༎ ༎

༄༅། ༧རྒྱལ་བའི་འཁྲུངས་རབས་གསོལ་འདེབས།
༈ སྲིད་ཞིའི་རྣམ་འདྲེན་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་འཁྲུངས་རབས་གསོལ་འདེབས་བྱིན་རླབས་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ།།

༈ ཨོཾ་སྭསྟི། ཐུབ་དབང་རྣམས་ཀྱིས་པད་དཀར་ལྟར་བསྔགས་ཤིང་། །རྩོད་དུས་ཞིང་འདི་སྙིང་སྟོབས་ཆེན་པོས་བཟུང་། །སྤངས་རྟོགས་མཐར་ཕྱིན་སྐུ་བཞིའི་བདག་ཉིད་ཆེ། །སྟོན་མཆོག་དོན་ཀུན་གྲུབ་པས་དགེ་ལེགས་སྩོལ། །བདེ་གཤེགས་ཀུན་འཕགས་ངོ་བོར་སངས་རྒྱས་ཀྱང་། །ཚེ་འོད་དཔག་མེད་སྲས་ཀྱི་ཐུ་བོའི་ཚུལ། །གངས་ཅན་ལྷ་གཅིག་༧རྒྱལ་ཀུན་སྙིང་རྗེའི་བདག །བླ་མ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །མགོན་ཁྱེད་གང་འདུལ་སྤྲུལ་པའི་ཟློས་གར་ཏེ། །འཕགས་ཡུལ་སོ་དྲུག་གངས་རིའི་ཆོས་རྒྱལ་བཅུ། །པཎ་གྲུབ་བཅུ་བདུན་༧རྒྱལ་མཆོག་རིམ་བྱོན་སོགས། །སྐུ་འཕྲེང་གསེེར་རིའི་འཕྲེང་བ་ཚར་དུ་དངར། །རྒྱལ་པོ་འཇིག་རྟེན་དབང་དང་ཁྱེའུ་སྣང་། །ཁྱེའུ་གསལ་དང་རྒྱལ་བུ་ཆགས་མེད་ཅན། །ཀུན་ཏུ་དགའ་དང་མི་བདག་ལྷ་སྐྱེས་དང་། །ཆོས་རྒྱལ་དཀོན་མཆོག་འབངས་ལ་གསོལ་བ་འདེབས། །རྒྱལ་སྲས་དད་པ་བརྟན་དང་དཔལ་བཟང་མཚན། །དད་པ་རབ་བརྟན་རྒྱལ་པོ་བློ་གྲོས་འཕེལ། །ཚངས་སྤྱོད་དགའ་འཛིན་དགེ་བསྙེན་བཙུན་པ་དང་། །འདུལ་འཛིན་རིན་ཆེན་དཔལ་ལ་གསོལ་བ་འདེབས། །ཁྱེའུ་ཟླ་བ་རིན་ཆེན་སྙིང་པོ་དང་། །པདྨ་དང་ནི་འོད་ཟེར་བྱམས་པའི་མཚན། །སེངྒེ་སྒྲ་དང་རྒྱལ་སྲས་བདེ་མཆོག་དཔལ། །ལྷ་ཡི་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །དགེ་འདུན་འཕེལ་དང་ཕོ་རེང་རཱ་ཛའི་ཞབས། །གེ་སར་མཚན་དང་རི་བོང་སྤྲུལ་པ་ཅན། །ལོ་བརྒྱད་བྱིས་པ་རྒྱལ་པོ་རྫི་བོ་པ། བྲམ་ཟེ་རིན་ཆེན་མཆོག་ལ་གསོལ་བ་འདེབས། །བསམ་གཏན་བཟང་པོ་དུར་ཁྲོད་རྣལ་འབྱོར་པ། །གླིང་ཕྲན་རྒྱལ་པོ་སྲོ་ལོང་ཀུན་ཏུ་རྒྱུ། །རྒྱལ་པོ་སྐྱབས་སྦྱིན་ས་སྐྱོང་གཙུག་ལག་འཛིན། །ཆོས་རྒྱལ་དགེ་བ་དཔལ་ལ་གསོལ་བ་འདེབས། །གངས་ཅན་ཐོག་མའི་རྗེ་བོ་རྒྱལ་རིགས་ཏེ། །སཱ་ལ་ཆེན་པོའི་བརྒྱུད་ལས་གཉའ་ཁྲི་བཙན། །ཨེ་ཤོ་ལེགས་དང་ལྡེ་འཕྲུལ་གནམ་གཞུང་བཙན། །ཡོངས་བཀུར་སྙེམས་མེད་ལྡེ་རྗེར་གསོལ་བ་འདེབས། །ས་སྤྱོད་སྒྲ་དཔུང་བཙན་དང་གངས་ལྗོངས་སུ། །དམ་ཆོས་དབུ་བརྙེས་ཐོ་རི་གཉན་བཙན་དང་། །ཇོ་ཤཱཀ་རྣམ་གཉིས་སྤྱན་དྲངས་ཡིག་ཁྲིམས་སོགས། །སྲོལ་གཏོད་སྲོང་བཙན་སྒམ་པོར་གསོལ་བ་འདེབས། །ཇ་དང་དཀར་ཡོལ་དཔྱད་སྲོལ་འདུས་སྲོང་རྗེ། །ལུགས་གསུམ་གཙུག་ལག་ཁང་བཞེངས་མཁན་སློབ་དང་། །བཀའ་བསྟན་གདན་དྲངས་རབ་བྱུང་སྡེ་སོགས་བཙུགས། །ཁྲི་སྲོང་ལྡེ་བཙན་རྗེ་ལ་གསོལ་བ་འདེབས། །གསར་བཅད་སྐད་ཀྱིས་ཆོས་ཀུན་དག་ཐེར་དང་། །དགེ་འདུན་སྲི་ཞུར་བརྩོན་མཛད་ཁྲི་རལ་པ། །འཁོར་ལོ་སྡོམ་པར་གྲུབ་བརྙེས་བཅུ་གསུམ་ཡུལ། །འདྲེན་མཛད་ནག་པོ་སྤྱོད་པར་གསོལ་བ་འདེབས། །དཱི་པཾ་ཀཱ་རའི་ཐུགས་སྲས་བཀའ་གདམས་པའི། །མེས་པོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཆེ། །གཏེར་ཆེན་མངའ་བདག་ཉང་དང་བླ་གསང་གི། །བཀའ་བབས་ཆོས་དབང་གུ་རུར་གསོལ་བ་འདེབས། །མངའ་རིས་པཎ་ཆེན་པདྨ་དབང་གི་རྒྱལ། །རྫུ་འཕྲུལ་མངའ་བརྙེས་བྱང་བདག་དབང་པོའི་སྡེ། །ཧོར་བཏུལ་བོད་འབངས་བདེར་བཀོད་ཆོས་རྒྱལ་འཕགས། །ནཻ་པཱལ་མཁས་དབང་པད་རྡོར་གསོལ་བ་འདེབས། །རྣམ་སྲས་བཀའ་བབས་ཁ་ཆེ་དགོན་པ་བ། །བིར་ཝས་བྱིན་བརླབས་ས་ཆེན་ཀུན་དགའ་སྙིང་། །གྲུབ་རྟགས་མངོན་གྱུར་འགྲོ་མགོན་གཡུ་བྲག་པ། །གཡའ་བཟང་ཆོས་སྨོན་ཅན་ལ་གསོལ་བ་འདེབས། །ལུས་སེམས་ནད་སེལ་སུམ་སྟོན་ཡེ་ཤེས་གཟུངས། །དལ་འགྲོའི་འཇིགས་སྐྱོབས་ལྷ་རྗེ་དགེ་བ་འབུམ། །འཁོན་རིགས་བཙུན་པ་བདེ་ཆེན་བློ་གྲོས་རྒྱལ། །རིན་ཆེན་མཁྱེན་མཆོག་གྲུབ་ལ་གསོལ་བ་འདེབས། །༧རྒྱལ་བ་གཉིས་པའི་གསུང་སྲས་བསམ་ཡས་པ། །འབྲས་སྤུངས་ཕྱག་བཏབ་འཇམ་དབྱངས་ཆོས་རྗེ་སོགས། །རབ་འབྱམས་སྒྱུ་འཕྲུལ་བཀོད་པ་མཐའ་ཡས་པའི། །སྤྲུལ་པའི་རོལ་གར་སྟོན་ལ་གསོལ་བ་འདེབས། །གུར་མི་ངར་པའི་ཅོ་རིགས་སྲད་དུ་བལྟམས། །འཇམ་མགོན་ཙོང་ཁ་པ་ཡི་ཐུགས་སྲས་ཕུལ། །པཎ་ཆེན་གྲགས་པས་ཐམས་ཅད་མཁྱེན་པར་གསོལ། །༧རྒྱལ་དབང་དགེ་འདུན་གྲུབ་པར་གསོལ་བ་འདེབས། །རྟ་ནག་རུས་ཆེན་སྲེག་སྟོན་དར་རིགས་སུ། །བལྟམས་ནས་གསུམ་ལོར་སྒྲ་དབྱངས་ཐོལ་བྱུང་གསུངས། །གནས་སྒོ་འབྱེད་ཅིང་མཁས་པའི་དབང་པོ་ཅན། །མཚུངས་མེད་དགེ་འདུན་རྒྱ་མཚོར་གསོལ་བ་འདེབས། །ལོ་ཙཱ་རྨ་རིན་གདུང་ལས་སྟོད་ལུང་མདར། །ཨོ་རྒྱན་བཀའ་བཞིན་བསམ་བཞིན་སྲིད་པ་བཟུང། །མཐའ་འཁོབ་འདུལ་མཛད་གཙུག་ལག་གཞུང་བརྒྱ་གཟིགས། །མཁས་གྲུབ་བསོད་ནམས་རྒྱ་མཚོར་གསོལ་བ་འདེབས། །ཇིང་གིར་རྗེ་རིགས་ཧོར་སོགས་ཡུལ་དུ་འཁྲུངས། །རྒྱ་ནག་མོང་གོལ་ཁ་བ་རི་པ་སོགས། །གདུལ་དཀའ་གདུལ་མཛད་ཕྱག་ན་པདྨོ་རུ། །ཞལ་བཞེས་ཡོན་ཏན་རྒྱ་མཚོར་གསོལ་བ་འདེབས། །ཟ་ཧོར་རིགས་ལས་འཕྱོངས་རྒྱས་མཚན་དཔེ་བཞད །རྩ་གསུམ་ཞལ་གཟིགས་དག་སྣང་ཉེར་ལྔའི་བདག །ལུགས་ཟུང་དཔལ་གྱིས་བོད་ཁམས་གཏན་བདེར་བཀོད། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །སྨྱོས་གདུང་མཚོ་སྣའི་ལ་འོག་ཡུལ་དུ་བལྟམས། །རིག་འཛིན་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། །རིག་པ་བརྟུལ་ཞུགས་སྤྱོད་པས་གདུལ་བྱ་སྐྱོང་། །རིན་ཆེན་ཚངས་དབྱངས་རྒྱ་མཚོར་གསོལ་བ་འདེབས། །འབྲོམ་རིགས་ལི་ཐང་ལྷ་ཞོལ་གཟུགས་སྐུ་བརྟས། །རྒྱལ་བ་རྒྱ་མཚོའི་སྐུ་རུ་དུ་མས་མཇལ། །དགེ་ལྡན་བསྟན་སྐྱོང་དུས་ཀྱི་འཁོར་ལོའི་བདག །རྒྱ་མཆོག་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །གེ་སར་ལྷ་སྡེའི་གདུང་ལས་གཙང་ཡུལ་དུ། །བལྟམས་ཤིང་མཁྱེན་རླབས་བརྟན་པའི་འཁོར་ལོའི་ཟླས། །འཆད་རྩོད་རྩོམ་ལ་ཆགས་ཐོགས་མི་མངའ་བ། །བློ་བཟང་འཇམ་དཔལ་རྒྱ་མཚོར་གསོལ་བ་འདེབས། །ཇོ་བོ་མགྱོགས་ཆེན་བྱིན་བརླབས་ལྷ་རིགས་ལས། །ལྡན་ཡུལ་སྐུ་འཁྲུངས་སྔོན་གནས་རྗེས་སུ་དྲན། །ལྷག་པའི་ལྷ་ཡི་ཞལ་གཟིགས་བསྟན་པ་འཛིན། །ངག་དབང་ལུང་རྟོགས་རྒྱ་མཚོར་གསོལ་བ་འདེབས། །བཟང་པོའི་རིགས་ལས་སྤོམ་སྒང་ཤོག་དྲུག་འགྲོ །མདོངས་སུ་སྐུ་བལྟམས་མངའ་འབངས་ཁྲལ་ཁྲིམས་སྙོམས། །མཁས་བཙུན་བཟང་པོའི་བསྟན་འཛིན་གཙུག་གི་རྒྱན། །མཚུངས་མེད་ཚུལ་ཁྲིམས་རྒྱ་མཚོར་གསོལ་བ་འདེབས། །བྱང་སེམས་རིགས་ལས་མགར་ཐར་ས་ཕྱོགས་འཁྲུངས། །འདོད་ཁམས་བདག་མོ་བླ་མཚོར་དངོས་སུ་གཟིགས། །ལུང་དང་བསླབ་གསུམ་རྟོགས་པའི་དཔལ་ཡོན་ཕུལ། །ངག་དབང་མཁས་གྲུབ་རྒྱ་མཚོར་གསོལ་བ་འདེབས། །གཙང་མའི་རིགས་ལས་དབུ་རུ་འོལ་དགའ་རུ། །བལྟམས་ཚེ་རྡོར་སྐྱིལ་མཉམ་བཞག་༧ཞབས་རྗེས་སོགས། །ཇི་སྙེད་ངོ་མཚར་མཁྱེན་རླབས་འགྲན་ཟླ་བྲལ། །རྗེ་བཙུན་འཕྲིན་ལས་རྒྱ་མཚོར་གསོལ་བ་འདེབས། །བཟང་པོའི་གདུང་ལས་དྭགས་སྨད་གླང་མདུན་འཁྲུངས། །མཁས་གྲལ་གསར་བཏོད་སོར་སྡོམ་ཡོངས་ཁྱབ་སྩལ། །བོད་ལྗོངས་རང་དབང་གཙང་མའི་རྔ་ཆེན་བསྒྲགས། །ཟླ་བྲལ་ཐུབ་བསྟན་རྒྱ་མཚོར་གསོལ་བ་འདེབས། །དབུས་འགྱུར་འཆང་གི་རིགས་ལས་མདོ་སྨད་ཅེས། །འཇམ་མགོན་བླ་མ་མཚན་དཔེ་བཞད་པའི་འདབ།་།སྟག་འཚེར་ཁབ་ཏུ་དཔལ་ལྡན་ལྷ་མོ་ཡི། །ལུང་བཞིན་ངོ་མཚར་བལྟམས་ལ་གསོལ་བ་འདེབས། །༧རྒྱལ་མཆོག་ཡོངས་ཀྱི་མཛད་བཟང་ཁྱེད་གཅིག་པུས། །བདག་གིར་བཞེས་ནས་ཐུབ་བསྟན་ཡིན་ནོ་ཅོག །རིས་མེད་འཛིན་སྐྱོང་སྤེལ་ལ་མཐུ་ཐོབ་པ། །འཇམ་དཔལ་ངག་གི་དབང་པོར་གསོལ་བ་འདེབས། །མཁས་པའི་རྣམ་དཔྱོད་རྒྱན་དྲུག་མཆོག་གཉིས་ཟླ། །བཙུན་པའི་བསླབ་གུས་དགྲ་བཅོམ་ཉེ་བར་འཁོར། །བཟང་པོའི་འཕྲིན་ལས་བློ་བཟང་རྒྱལ་བ་དངོས། །སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་འཚེ་མེད་ལམ། །རྒྱ་ཆེར་སྤེལ་ལས་ཞི་བདེའི་གཟེངས་རྟགས་ཕུལ། །འཛམ་གླིང་ཀུན་གྱིས་བཀུར་ཞིང་དུས་འཁོར་དངོས། །བསྟན་འཛིན་རྒྱ་མཚོའི་ནོར་བུར་གསོལ་བ་འདེབས། །གང་གི་གདུལ་བྱ་སྐལ་ལྡན་གངས་ཅན་པར། །སྔོན་མེད་མང་གཙོའི་བདག་དབང་དགྱེས་བཞིན་སྩལ། །བྱམས་བརྩེའི་ཐུགས་ཀྱིས་སྲིད་གསུམ་དབང་སྒྱུར་མགོན། །མཚུངས་པ་མེད་པའི་སྡེ་ལ་གསོལ་བ་འདེབས། །མགོན་ཁྱེད་གསང་གསུམ་རྟག་བརྟན་རྡོ་རྗེའི་ཁྲིར། །ཉམ་ཐག་སྙིགས་འགྲོའི་མགོན་དུ་འཚོ་གཞེས་ཏེ། །ཟབ་རྒྱས་ཆོས་འཁོར་རྒྱུན་མི་ཆད་པ་ཡིས། །འགྲོ་ཀུན་གཏན་བདེའི་ས་ལ་དབུགས་དབྱུང་གསོལ། །སྐྱེ་བ་ཀུན་ཏུ་མགོན་པོ་ཁྱེད་ཉིད་ཀྱི། །ཐུགས་རྗེའི་སྐྱབས་ཀྱི་དོ་རར་ལེགས་སོན་ཏེ། །མཁའ་མཉམ་འགྲོ་བའི་དོན་དུ་རླབས་ཆེན་གྱི། །༧རྒྱལ་སྲས་སྤྱོད་ལ་བརྩོན་པར་བྱིན་གྱིས་རློབས། །ཐུབ་བསྟན་དྲི་མེད་རིང་ལུགས་ཕྱོགས་བཅུར་རྒྱས། །དེ་འཛིན་སྐུ་མཛད་ཡར་འཕེལ་ལུས་ཅན་ཀུན། །བདེ་སྐྱིད་དཔལ་ལ་སྤྱོད་ཅིང་གངས་ཅན་པའི། །འདོད་དོན་གེགས་མེད་ལྷུན་གྱིས་འགྲུབ་གྱུར་ཅིག ། ༎
ཅེས་རང་ཅག་ཁ་བ་རི་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་ནི། ངེས་དོན་དུ་རྨད་བྱུང་བསྐལ་བ་འཛིན་པ་ཞེས་བྱ་བའི་དུས་སུ་དེ་བཞིན་གཤེགས་པ་འོད་ཟེར་ཀུན་འཕགས་དཔལ་བརྩེགས་ཀྱི་རྒྱལ་པའོ་ངོ་བོར་མངོན་པར་རྫོགས་པར་སངས་རྒྱས་ཟིན་ནའང་། ཚེ་འོད་དཔག་མེད་པའི་སྲས་ཀྱི་ཐུ་བོ་བྱངས་ཆུབ་སེམས་པའི་ཚུལ་བཟུངས་པ་སྟེ། མདོ་སྡེ་པད་མ་དཀར་པོ་ལས། སྟོན་པ་འོད་མའི་ཚལ་དུ་བཞུགས་པའི་ཚེ། འཁོར་རྣམས་ལ་བཀའ་སྩལ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེས་སངས་རྒྱས་སྟོང་གི་སྤྱན་སྔར་སྨོན་ལམ་བཏབ་སྟེ། བདག་གི་དུས་གསུམ་གྱི་སངས་རྒྱས་གང་གིས་ཀྱང་༧ཞབས་ཀྱིས་མ་བཅགས་པའི་མཐའ་འཁོབ་ཁ་བ་ཅན་དེའི་སེམས་ཅན་གདུལ་དཀའ་བ་དེ་རྣམས་ཐར་པ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་གྱུང་ཅིག ཅེས་སྨོན་ལམ་བཏབ་པ་ཡིན། ཞེས་སོགས་དང་། གཞན་ཡང་། བདག་ཁ་བ་རི་བའི་ཕ་མ་ལྟ་བུར་གྱུར་ཅིག །ཅེས་སོགས་ཐུགས་དམ་བཅས་པ་བཞིན་དུ་སྐུ་ཡི་བཀོད་པ་བསམ་གྱི་མི་་ཁྱབ་པས་འགྲོ་བའི་དོན་མཛད་ཚུལ་བརྗོད་ཀྱིས་མི་ལང་ཡང་། གྲགས་ཆེ་བ་འཕགས་ཡུལ་དུ་རྒྱལ་པོ་འཇིག་རྟེན་དབང་ཕྱུག་སོགས་སོ་དྲུག་དང་། གངས་ལྗོངས་སུ་ཆོས་རྒྱལ་བཅུ། པཎ་གྲུབ་བཅུ་བདུན། ༧རྒྱལ་དབང་རིམ་བྱོན་རྣམས་དང་། ལྷག་པར་དུ་རང་ཅག་གངས་ཅན་པ་རྣམས་དེང་དུས་མི་བཟད་པའི་འཇིགས་སྐྲག་སྡུག་བསྔལ་ལས་སྐྱོབ་ཅིང་། མི་རིགས་དང་། རིག་གཞུང་གི་སྲོག་བཟུང་བའི་བཀའ་དྲིན་གྱི་མངའ་བདག བྱམས་བརྩེའི་སྤྱན་གྱིས་དགྲ་ལའང་བུ་ལྟར་གཟིགས་པ། ཁམས་གསུམ་འགྲོ་བའི་བླ་མ་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོར་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདེབས་པ་ནི་བོད་གངས་ཅན་པ་རྣམས་ཀྱི་འཕྲལ་ཡུན་འདོད་དོན་བདེ་བླག་ཏུ་གྲུབ་པའི་ཐབས་ལམ་མཆོག་ཏུ་གྱུར་བ་ཡིན། སྔར་ཡོད་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་༧རྒྱལ་མཆོག་ལྔ་པ་ཆེན་པོའི་འཁྲུངས་རབས་གསོལ་འདེབས་རྨད་བྱུང་བསྐལ་པ་མ་ཞེས་པའི་ཚིག་སྦྱོར་ཕུལ་བྱུང་སྐུ་རབས་རེ་རེར་རྣམ་ཐར་དང་འབྲེལ་བའི་གསོལ་འདེབས་ཤློོཀ་རེ་བཅས་ཞིབ་རྒྱས་སུ་བཞུགས་ཀྱང་། དེང་སང་དུས་བྲེལ་དབང་གིས་གསུང་མཁན་དཀོན། ཡང་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་མཛད་པའི་༧རྒྱལ་མཆོག་བདུན་པ་ཆེན་པོའི་འཁྲུངས་རབས་གསོལ་འདེབས་བློ་བཟང་རྒྱལ་གཉིས་མ་གསུང་མོས་ཀྱང་ཧ་ཅང་བསྡུས་ཆེ་བས་སྐུ་འཕྲེང་ངོས་འཛིན་དཀའ་བ་དང་། ལྷག་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས། ལུགས་ཟུང་གི་མཛད་རླབས་ཕུལ་དུ་བྱུང་བའི་བཀའ་དྲིན་ཅན་གྱི་༧རྒྱལ་མཆོག་སྐུ་འཕྲེང་གོང་རིམ་འགའི་གསོལ་འདེབས་ཚིག་སྣ་བསྡུས་སྐྱོན་མངོན་པ་རྣམས་ཁ་གསབ་བྱ་འོས་ཞེས་རྣམ་རྒྲྭའི་ཚོགས་དབུས་སུ་བཀའ་སློབ་སྤྱི་སྩལ་དགོངས་དོན་དང་བཅས། སྐུ་བཅར་རྣམ་པར་༧རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གི་མཁན་བླ་བྱ་དོ་རིན་པོ་ཆེ་མཆོག་ནས་ཐུགས་ཁུར་ཆེ་བཞེས་དང་འབྲེལ། སློབ་དཔོན་དབུ་ལས་འདུས་མང་ཐུན་མོང་ནས་ལྷ་རྫས་རྟེན་བཅས་ཁོ་བོར་འབྲི་རྩོམ་གྱིས་ཤིག་ཅེས་གསུང་བསྐུལ་གུས་པས་མཆོད་དེ། ཀུན་མཁྱེན་༧རྒྱལ་དབང་ལྔ་པ་ཆེན་པོའི་གསུང་རྣམ་དུ་ཀུ་ལའི་གོས་བཟང་དང་། ལྷ་སྲས་རྣམ་རོལ་མཁས་པའི་དབང་པོ་སྡེ་སྲིད་རིན་པོ་ཆེ་སངས་རྒྱས་རྒྱ་མཚོས་མཛད་པའི་འཁྲུངས་རབས་རྨད་བྱུང་བསྐལ་པ་མ་ལ་གཞི་བྱས། གོ་རིམ་ཡང་དུ་ཀུ་ལའི་གོས་བཟང་པོད་བཞི་པར་ཇི་གསལ་བཞིན། གོང་གི་ཤློོཀ་བཅུ་བཞི་པར་འགྲོ་མགོན་ཆོས་འཕགས་དང་། བཅོ་ལྔ་པར་ས་ཆེན་ཀུན་སྙིང་འཁོད་པ་གོ་རིམ་དངོས་དང་མི་མཐུན་ཡང་། ཀུན་སྙིང་མཚན་གཤམ་དུ། ༼སྔ་ཕྱི་འཕགས་པའི་སྔོན་ཡང་སྡེ་ཚན་དབང་གིས་འདིར་འཐད། ༽ ཅེས་སྡེ་སྲིད་རིན་པོ་ཆེ་ཉིད་ནས་མཆན་བཀོད་དམིགས་བསལ་གནང་བ་ལྟར་སོར་བཞག གྲུབ་ཆེན་ནག་པོ་པ་དང་། འཇམ་དབྱངས་ཆོས་རྗེ་རྣམ་གཉིས་ཀྱི་མཚན་ཁུངས་འདིར་འཇུག་དགོས་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་སློབ་ལྟར་བཀོད། འཕགས་ཡུལ་གྱི་སྐུ་རབས་མང་བས་ཕལ་མོ་ཆེ་མཚན་ཙམ་སྨོས། བོད་རྗེ་པཎ་གྲུབ་རྣམས་ལ་ཚིག་རྐང་རེ་ཙམ་དང་། རྗེ་དགེ་འདུན་གྲུབ་པ་ནས་སྐུ་རིགས་འཁྲུངས་ཡུལ་སོགས་མངོན་བའི་ཤློོཀས་མཚོན་ཅིང་། ཞལ་འདོན་ཉུང་ཐབས་སུ་བསྡུས་ཁུལ་ཏེ། དེ་ཡང་མངོན་བརྗོད་རྒྱན་གྱིས་མ་བཅིངས་པར་འབོལ་རྩོམ་དེང་དུས་ཀུན་གྱིས་གསན་བདེ་ཁོ་ན་གཙོ་བོར་བགྱིས་པའི་འཁྲུངས་རབས་གསོལ་འདེབས་བྱིན་རླབས་བདུད་རྩིའི་སྤྲིན་ཕུང་ཞེས་པ་འདི་ནི། སྲིད་ཞིའི་གཙུག་ནོར་༧སྐྱབས་མགོན་༧རྒྱལ་དབང་རྡོ་རྗེ་འཆང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དོན་གྱི་སླད་དུ་མཚན་ནས་སྨོས་ན། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ཐུགས་རྗེའི་གྲིབ་བསིལ་དུ་འཚོ་ཞིང་། མགོན་པོ་གང་དང་། རིས་མེད་དམ་པ་དུ་མའི་༧ཞབས་རྡུལ་སྤྱི་བོར་ལོན་པའི་སྐལ་བ་ཕྲ་མོ་ཅན་རྫ་རོང་ཞྭ་མིང་སྟེ། རྟགས་ཙམ་འཛིན་པའི་ཤཱཀྱའི་དགེ་སྦྱོང་ཀུན་རྨོངས་པ་ངག་དབང་ཆོས་ཀྱི་བློ་གྲོས་སུ་འབོད་པས། བོད་རབ་བྱུང་བཅུ་བདུན་པའི་ཁྱུ་མཆོག་གི་ལོ་མཆུ་ཟླའི་དཀར་ཕྱོགས་དགའ་བ་གཉིས་པ། ཕྱི་ལོ་ ༢༠༠༢ ཕྱི་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་བྲག་ཕུག་མཱ་ར་ཏི་ཀའི་ཀེའུ་ཚང་འཆི་མེད་རྟག་བརྟན་ཆོས་གླིང་དུ་རབ་གུས་དང་བ་ཆེན་པོས་སུག་ལས་སུ་འདུ་བགྱིས་པ་ལགས་ན། འཕགས་མཆོག་འཇིག་རྟེན་དབང་ཕྱུག་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་༧ཞབས་པད་སྲིད་མཐར་བརྟན་ཅིང་། རླབས་ཆེན་བསྟན་འགྲོར་སྨན་པའི་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། འཕགས་པའི་བྱིན་རླབས་སྐྱེ་རྒུའི་སྙིང་ལ་ཞུགས་ཏེ་འཕྲལ་ཡུན་ཕན་བདེ་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག ། སརྦ་མངྒ་ལཾ༎ ༎

༄༅། ཞབས་བརྟན་འཆི་མེད་བདུད་རྩིའི་དབྱངས་སྙན།
༈ ༀ་སྭ་སྟི། རྒྱལ་བ་ཀུན་གྱི་བརྩེ་ཆེན་ཡེ་ཤེས་སྐུ། །གཅིག་ཏུ་བསྡུས་པ་གངས་རི་ལྟར་དཀར་བ། །འཕགས་མཆོག་འཇིག་རྟེན་དབང་ཕྱུག་སྤྲུལ་པའི་སྐུ། །ཁམས་གསུམ་འགྲོ་བའི་བླ་མ་རྒྱལ་གྱུར་ཅིག །སྲིད་པ་གསུམ་ན་ངོ་མཚར་ཟླ་མེད་པ། །ཨུ་དུམ་ཝཱ་ར་ལྟར་འཕགས་ཐམས་ཅད་མཁྱེན། །འཛམ་གླིང་བསྟན་འགྲོ་ཡོངས་ཀྱི་གཙུག་ནོར་ཆེ། །རྒྱལ་མཆོག་ཕྱག་ན་པདྨོར་ཞབས་བརྟན་གསོལ། །གདོད་ནས་མངོན་སངས་རྒྱས་ཀྱང་རྩོད་པའི་དུས། །འགྲོ་རྣམས་ཕྱག་གི་ཡལ་གས་ཉེར་འཛིན་པའི། །ཐུགས་བསྐྱེད་དམ་བཅའ་རྡོ་རྗེ་ལྟ་བུར་བརྟན། །ས་བཅུའི་དབང་ཕྱུག་ཆེན་པོར་ཞབས་བརྟན་གསོལ། །བྱང་ཆུབ་ལམ་གྱི་རིམ་པའི་མངོན་རྟོགས་ཀུན། །གསང་བ་གསུམ་དང་དབྱེར་མེད་འདྲེས་པ་ལས། །མཁྱེན་དང་བརྩེ་བའི་ཡོན་ཏན་བསམ་མི་ཁྱབ། །བྱང་ཕྱོགས་ཐུབ་དབང་གཉིས་པར་ཞབས་བརྟན་གསོལ། །འཆད་རྩོད་རྩོམ་ལ་ཆགས་ཐོགས་མི་མངའ་ཞིང༌། །སྤོབས་པའི་གཏེར་ཆེན་བརྒྱད་པོ་ཡོངས་སུ་གྲོལ། །སོ་སོ་ཡང་དག་རིག་པས་ཆོས་སྟོན་པ། །ཕྱོགས་ལས་རྣམ་རྒྱལ་ཆེན་པོར་ཞབས་བརྟན་གསོལ། །བློ་བཟང་རྒྱལ་བའི་བསྟན་པ་རིན་པོ་ཆེ། །བཤད་སྒྲུབ་ལས་ཀྱི་འཁོར་ལོས་ཕྱོགས་བརྒྱར་སྤེལ། །རྒོལ་ངན་བདུད་ཀྱི་གླང་པོའི་ཀླད་པ་འགེམས། །འཇིགས་བྲལ་སྨྲ་བའི་སེངྒེར་ཞབས་བརྟན་གསོལ། །སྣང་གསུམ་རྒྱུད་གསུམ་གསང་སྔགས་ལམ་གྱི་རིམ། །དབང་བཞིའི་རྣལ་འབྱོར་ཟབ་མོས་འགྲོས་བཞི་ཐིམ། །སྐུ་བཞིའི་ཡེ་ཤེས་མངོན་སུམ་བརྙེས་མཛད་པ། །ཁྱབ་བདག་རྡོ་རྗེ་འཆང་དབང་ཞབས་བརྟན་གསོལ། །དངོས་པོ་ཀུན་གྱི་གནས་ལུགས་ཕྱག་རྒྱ་ཆེ། །ཟབ་གསལ་གཉིས་སུ་མེད་པའི་ལྷན་སྐྱེས་ཀྱི། །ཡེ་ཤེས་ཉི་མས་སྲིད་ཞིའི་མུན་སེལ་བ། །རྣལ་འབྱོར་དབང་ཕྱུག་ཆེན་པོར་ཞབས་བརྟན་གསོལ། །རྒྱུད་སྡེ་རྒྱ་མཚོའི་གསང་བ་ཀུན་གྱི་མཛོད། །སྨིན་གྲོལ་ཁ་འབབ་རྣམ་བཞིའི་རྒྱན་བཟང་པོ། །སྐལ་བཟང་གདུལ་བྱའི་ཞིང་སར་འདྲེན་མཛད་པ། །གསང་བ་འཛིན་པའི་བདག་པོར་ཞབས་བརྟན་གསོལ། །འཁོར་འདས་ཆོས་ཀུན་རྟེན་འབྲེལ་རོལ་པར་ཤར། །ཤར་ཡང་གདོད་ནས་སྐྱེ་མེད་རབ་ཞི་བ། །སྤྲོས་པ་ཀུན་བྲལ་ཟབ་མོ་དབུ་མའི་ལམ། །སྟོན་མཁས་ཀླུ་ཡི་དབང་པོར་ཞབས་བརྟན་གསོལ། །ཕྱི་ནང་གཞན་གསུམ་དབྱེར་མེད་དུས་འཁོར་ལོ། །ལེགས་པར་འདོམས་མཁས་རིགས་ལྡན་པདྨ་དཀར། །བྷོ་ཊའི་ལྗོངས་སུ་དགེ་བའི་བཤེས་སུ་སྟོན། །དང་པོའི་སངས་རྒྱས་ངོ་བོར་ཞབས་བརྟན་གསོལ། །འཁོར་འདས་ཆོས་ཀུན་འོད་གསལ་ཐིག་ལེའི་ཀློང༌། །བྲི་གང་མེད་པ་ལྷུན་གྱིས་རྫོགས་པ་ཆེ། །བྱར་མེད་རང་གྲོལ་འབྲས་བུའི་རྒྱལ་ས་སྙོགས། །ཀུན་བཟང་གདོད་མའི་མགོན་པོར་ཞབས་བརྟན་གསོལ། །མདོར་ན་ཐུབ་བསྟན་ཡོངས་རྫོགས་ཤིང་རྟ་ཆེ། །མ་འདྲེས་ཕྱག་གིས་འདྲེན་ལ་བསྙེངས་པ་བྲལ། །བསྟན་དང་འགྲོ་བ་ཀུན་གྱི་སྐྱབས་གཅིག་པུ། །བསྟན་འཛིན་རྒྱ་མཚོའི་དབང་པོར་ཞབས་བརྟན་གསོལ། །སྲིད་པ་གསུམ་གྱི་ཆེ་རྒུའི་གཙུག་ནོར་གྱིས། །གང་གི་ཞབས་པད་བཀྲ་ཤིས་འཁོར་ལོ་ལ། །གུས་ཤིང་འདར་བཅས་ལན་བརྒྱར་བཏུད་པ་ཡིས། །ཆོས་ཀྱི་རྒྱལ་པོ་ཆེན་པོར་ཞབས་བརྟན་གསོལ། །ལྷ་མིན་བདུད་སྡེ་ཚར་གཅོད་ལྷ་ཡི་དབང༌། །མཐུ་སྟོབས་ནུས་པའི་རྡོ་རྗེ་རྩེ་བརྒྱ་པས། །ལྟ་ངན་ལོག་ལྟའི་བྲག་རི་འཇོམས་མཛད་པ། །འཇིགས་མཛད་ཧེ་རུ་ཀ་དཔལ་ཞབས་བརྟན་གསོལ། །ས་དང་ལྷུན་པོ་ཉི་ཟླ་གནས་ཀྱི་བར། །གསང་གསུམ་གཞན་དུ་འགྱུར་བ་མེད་པ་ཡི། །གྲུ་འཛིན་འཕགས་མཆོག་དགྱེས་པའི་གཞལ་མེད་ཁང༌། །རྡོ་རྗེའི་ཁྲི་ལ་གཞོམ་བྲལ་བརྟན་བཞུགས་གསོལ། །འཆི་མེད་ལྷ་མཆོག་གསུམ་གྱི་བྱིན་རླབས་དང༌། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཀྱི། །བདེན་པའི་སྟོབས་ཀྱིས་ཇི་ལྟར་གསོལ་བའི་དོན། །གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༎
ཞེས་སྒོ་གསུམ་དངོས་པོ་ཀུན་གྱིས་བཏུད་དེ་ཤར་མདོ་ཁམས་ཀྱི་ལྗོངས་སུ་གནས་པ་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གུས་པ་ཆེན་པོས་དབུས་འགྱུར་འཆང་ལྷ་ལྡན་ར་ས་འཕྲུལ་སྣང་གི་ཆོས་འཁོར་ཆེན་པོའི་ལྷོ་ཕྱོགས་བསམ་འགྲུབ་ཕོ་བྲང་གི་གཟིམ་ཤག་ཏུ་གསོལ་བ་བཏབ་བཞིན་བྲིས་ཏེ་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་སྤྱན་སྔར་ཕུལ་བ ༧ཞབས་པད་བསྐལ་བ་རྒྱ་མཚོར་བཞུགས་པའི་རྒྱུར་གྱུར་ཅིག ། །།སརྦ་དཱ་ཀ་ལྱཾ་སུ་ཤྲེ་ཡོ་བྷ་བ་ཏུ༎

༄༅། ལྷ་མོའི་འཕྲིན་བསྐུལ།
༈ བྷྱོཿ ཀུན་ཁྱབ་སྤྲོས་བྲལ་བདེ་བ་ཆེན་པོའི་དབྱིངས། །གང་འདུལ་ཁྲོ་ཆགས་མ་ངེས་རྣམ་འགྱུར་གྱིས། །སྣང་སྲིད་འཁོར་འདས་ཀུན་ལ་དབང་བསྒྱུར་བའི། །མ་གཅིག་སྲིད་གསུམ་རྒྱལ་མོ་དེང་འདིར་དགོངས། །གཞན་གྱི་བྱ་དཀའི་རླབས་ཆེན་རྒྱས་སྲས་སྤྱོད། །བགྲང་ཡས་བསྐལ་བར་བསྟེན་ཅིང་གོམས་པ་ལས། །བྱང་ཆུབ་རྡོ་རྗེའི་དཔལ་ལ་དབང་འབྱོར་ཏེ། །གཟིགས་པ་དུས་ལས་མི་ཡོལ་བརྩེ་ཆེན་མ། །ཀུན་རྟོག་དྲི་བཞོན་རྒྱུ་བ་དབྱིངས་སུ་ཐིམ། །བརྟན་གཡོ་ཀུན་བྱེད་སེམས་ཀྱི་རྡོ་རྗེའི་གར། །སྲིད་ཞིའི་འདོད་རྒུ་འཇོ་བའི་གཉེན་གཅིག་ཏུ། །མ་ལུས་རྒྱལ་བས་ཡོངས་བསྔགས་བཅོམ་ལྡན་མ། །རྣམ་བཞིའི་འཕྲིན་ལས་གློག་ལྟར་འགྱུ་བ་ཡིས། །བསྟན་དང་བསྟན་འཛིན་སྐྱོང་ལ་ཆེས་དཔའ་བས། །མཐུ་ལྡན་བསྟན་སྲུང་རྒྱུ་སྐར་ཕྲེང་བའི་དབུས། །ཉ་རྒྱས་ཟླ་བ་ཇི་བཞིན་མངོན་པར་འཕགས། །ཆེར་སྙིགས་དུས་ཀྱི་རྒུད་པའི་རང་བཞིན་ལས། །ཆགས་སྡང་གྱ་གྱུའི་ཐན་ལྟས་དཔུང་གི་ཚོགས། །ཆེས་ཆེར་ལྡང་ཚེ་གྲིབ་བྲལ་མཐུ་སྟོབས་ཀྱང། །རྣོ་མྱུར་འབྱམས་སུ་ཀླས་འདི་ཨེ་མ་ཧོ། །ལྷ་ཁྱོད་དུང་དུང་སྙིང་ནས་རྗེས་དྲན་ཅིང། །ཉམས་ཆག་བཤགས་ཤིང་དགྱེས་པ་ཀུན་བསྐངས་ཏེ། །ཆེ་བའི་ཆེ་མཆོག་སྲུང་མར་མངའ་གསོལ་ན། །མཐུ་རྩལ་མ་ཞན་བཅོལ་བའི་ལས་ཀུན་སྒྲུབས། །གྲུབ་མཆོག་མཚོ་སྐྱེས་རྡོ་རྗེས་བཀའ་བསྒོས་ཤིང། །ལས་སྨོན་སྟོབས་ཀྱིས་ཉེ་བར་འབྲེལ་བ་ཡི། །བོད་སྐྱོང་ལྷ་སྲུང་གཉན་པོ་འཁོར་བཅས་རྣམས། །དབུ་འཕང་བསྟོད་ཅིང་མཐུ་སྟོབས་རྒྱས་པར་མཛོད། །དགྲ་སྡེས་བཅོམ་པའི་བོད་ལྗོངས་སྐྱེ་འགྲོ་རྣམས། །མི་བཟད་དུཿཁས་མནར་ཡང་སྙིང་སྟོབས་ཀྱིས། །རང་དབང་དཔལ་ལ་རེ་བཞིན་རྟག་གནས་ན། །ཐུགས་རྗེའི་ཕྱག་གིས་གཏོང་བ་ཅང་ཕོད་དམ། །དེ་ཕྱིར་མ་རུངས་དགྲ་སྡེའི་གཤེད་མ་ཆེར། །མངོན་བཞེངས་དམག་དང་ཟོར་གྱི་ལས་མཛད་མ། །གདུང་བའི་དབྱངས་ཀྱིས་བསྐུལ་ལོ་ཌཱཀི་མ། །མཐུ་རྩལ་ནུས་པ་ཕྱུངས་བའི་དུས་ལ་བབས༎
ཞེས་པ་འདི་ནི་༧རྒྱལ་དབང་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་རབ་རྒྱལ་ཆུ་གླང་ཟླ་ ༡ ཚེས་ ༡ ཕྱི་ལོ་ ༡༩༧༣ ལོར་མཛད་པའོ༎ ༎

༄༅། གནས་ཆུང་འཕྲིན་བསྐུལ།
༈ བདེ་གཤེགས་རིགས་ལྔའི་ཡེ་ཤེས་སྒྱུ་འཕྲུལ་གར། །བོད་ཁམས་སྐྱོང་མཛད་བསྟན་སྲུང་དྲེགས་པའི་གཙོ། །ཕྲིན་ལས་རྒྱལ་པོ་སྤྲུལ་ཡུམ་བློན་པོར་བཅས། །བདག་ཅག་གདུང་བའི་དབྱངས་ཀྱིས་ཉེར་བསྐུལ་ན། །སྔོན་ཚེ་རྒྱལ་དབང་པདྨ་ཀ་ར་དང་། །པད་དཀར་འཆང་བ་རིམ་པས་བཀའ་བསྒོས་ཤིང་། །འདའ་དཀའི་དམ་ཚིག་གཉན་པོ་རབ་བསྒྲགས་པ། །མ་གཡེལ་མ་གཡེལ་རྡོ་རྗེའི་དམ་ཚིག་དགོངས། །བདག་ཅག་རྨོངས་དང་ཆགས་སྡང་ཕྱོགས་ལྷུང་གིས། །ལས་འབྲས་མ་སྲུང་སྤྱི་དོན་རས་སུ་བོར། །དམ་ཚིག་འགལ་སོགས་བསམ་སྦྱོར་ནོངས་པ་ཀུན། །སྙིང་ནས་འཆགས་ཤིང་སྡོམ་ན་བཟོད་མཛོད་ལ། །བསྟན་དང་བསྟན་འཛིན་སྐྱེ་འགྲོའི་བདེ་སྐྱིད་དང་། །བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་མཛད་འཕྲིན་སྤེལ། །གངས་ལྗོངས་རྒུད་པའི་ཉེར་འཚེ་མྱུར་ཞི་ནས། །ཆོས་སྲིད་རང་དབང་དགའ་སྟོན་སྒྲུབས་ཤིག་ཀྱེ། །མདོར་ན་བསྟན་སྲུང་མཐུ་བོ་ཁྱོེད་ཉིད་ལ། །སྙིང་ནས་བསྐུལ་ཞིང་འདོད་དོན་གཉེར་གཏོད་ན། །གློག་ལྟར་མྱུར་བའི་རྣམ་བཞིའི་འཕྲིན་ལས་ཀྱིས། །བསམ་པའི་རེ་བ་སྒྲུབ་ལ་མ་གཡེལ་ཞིག ༎
།སྔར་བོད་ཀྱི་འབངས་སུ་གཏོག་པ་ཇི་སྙེད་ཀྱིས་བླང་དོར་གྱི་གནས་ཇི་བཞིག་མ་ཤེས་ཤེང་། ཆགས་སྡང་གི་དབང་དུ་སོང་སྟེ་ཕྱོགས་ལྷུང་དང་། ལས་འབྲས་བརྙོགས་པ། དོན་ཆུང་གཙིགས་སུ་བཟུང་སྟེ་སྤྱི་དོན་རས་སུ་བོར་བ། དམ་ཚིག་དང་འགལ་བའི་ལས་ཚུག་སྣ་ཚོགས་བརྩམས་པ་སོགས་གནས་ཆུང་ཆོས་རྒྱལ་ཆེན་པོའི་ཐུགས་དང་འགལ་བའི་ནོང་པ་རྣམས་སྙིང་ནས་འཆགས་ཤིང་བཟོད་པར་གསོལ་ཏེ་འཕྲིན་ལས་བསྐུལ་བའི་སླད། གཞུང་ལས་སྤྱི་མགྲིན་ནས་བསྐུལ་ངོར་པད་དཀར་འཆང་བའི་སྐྱེ་མིང་འཛིན་པས་གཉེར་གཏོད་ཀྱི་སྨོན་ལམ་དང་། མཇུག་གི་ཤློ་ཀ་བསྟན་དང་བསྟན་འཛིན་སྐྱེ་འགྲོའི་བདེ་སྐྱིད་དང་ཞེས་པ་ནས་ཆོས་སྲིད་རང་དབང་དགའ་སྟོན་སྒྲུབས་ཤིག་ཀྱེ། ཞེས་པ་འདོད་ཁམས་བདག་མོའི་བཞེད་པ་ལྟར་རྡོ་རྗེ་གྲགས་ལྡན་པས་གསུང་བྲིས་བྱས་པ་ཡིན། བོད་རབ་ལོ་༩༣༦ ཆུ་སྡག ཟླ་བ་ ༡ ཚེས་ ༡ སྤྱི་ལོ་ ༡༩༦༢ ཟླ་ ༢ ཚེས་ ༥ ལ་སྦྱར་བའོ༎ ༎

༄༅། བོད་སྐྱོང་ལྷ་སྲུང་གི་འཕྲིན་བསྐུལ།
༈ ཀྱེེཿ མ་སྨད་བསོད་ནམས་མཐུ་དང་སྨོན་ལམ་གྱིས། །ཕྱག་ན་པདྨོའི་གདུལ་ཞིང་བསིལ་ལྡན་ལྗོངས། །མཐའ་དབུས་ཡུལ་ཁམས་སྐྱོང་ཕྱིར་དེ་དང་དེར། །གནས་ཤིང་རྒྱུ་བའི་ཡུལ་ལྷ་གཞི་བདག་དང་། །ཁྱད་པར་ཚེ་རིང་མཆེད་ལྔ་བསྟན་མའི་ཚོགས། །སྲིད་པའི་ལྷ་དགུ་རྗེ་ཡི་མགུར་ལྷ་སོགས། །བོད་སྐྱོང་ལྷ་སྲུང་གཉན་པོ་མཆེད་འཁོར་རྣམས། །གདུང་བས་འབོད་དོ་འདིར་བྱོན་མགྲོན་དུ་བཞུགས། །རྫས་སྔགས་ཏིང་འཛིན་རོལ་པ་ལས་བྱུང་བའི། །དཀར་གསུམ་མངར་གསུམ་ཕྱེ་མར་ཆང་ཕུད་སོགས། །ཡིད་འོང་བཟའ་བཅའི་བྱེ་བྲག་དུ་མ་དང་། །རིན་ཆེན་དར་ཟབ་གོ་མཚོན་སྤྱན་གཟིགས་ཚོགས། །མི་གཙང་ཉེས་ཀུན་སེལ་བའི་བསངས་མཆོད་དང་། །སྙིང་ནས་མཛའ་ཞིང་དབུ་འཕང་མཐོར་བཏེག་སྟེ། །གསོལ་ལོ་མཆོད་དོ་དམ་སྐོང་དགྱེས་མཛོད་ལ། །བག་མེད་ལེ་ལོས་ནོངས་པ་ཅི་མཆིས་བཤགས། །ཡང་དག་ལྟ་དང་གཞན་ཕན་བྱང་ཆུབ་སེམས། །ཐུབ་པའི་བཀའ་ལུང་བསླུ་བ་མེད་པའི་མཐུས། །སྙིང་རྗེའི་ཡུལ་གྱུར་ནག་ཕྱོགས་སྡེར་གཏོགས་ཀུན། །སྡང་དང་གདུག་པའི་བློ་ངན་རབ་ཞི་ནས། །བླང་དོར་འབྱེད་པའི་བློ་མིག་མྱུར་ཐོབ་ཅིང་། །དུས་ཀྱི་རྒུད་པའི་མུན་པ་ཡོངས་སངས་ཏེ། །ཆོས་སྲིད་རང་དབང་གཙང་མའི་སྣང་བའི་དཔལ། །འཆར་བར་ངེས་སོ་དམ་ལྡན་སྙིང་མ་ཞུམ། །སྔོན་ཚེ་སློབ་དཔོན་མཚོ་སྐྱེས་རྡོ་རྗེ་དང་། །རྒྱལ་བློན་སེམས་དཔའ་དུ་མས་བཀའ་བསྒོས་ཤིང་། །ད་ལྟ་རིག་འཛིན་རྣལ་འབྱོར་བདག་ཅག་གིས། །གདུང་ཤུགས་དྲག་པོས་མཆོད་ཅིང་ཉེར་བསྐུལ་ན། །རང་རང་མཐུ་སྟོབས་ནུས་པའི་དཔུང་བསྐྱེད་དེ། །རང་ཡུལ་གངས་ཅན་ཞིང་དུ་བདེ་སྐྱིད་དཔལ། །མྱུར་དུ་བཞད་པའི་རྣམ་བཞིའི་འཕྲིན་ལས་ཀུན། །མ་ཐོགས་ད་ལྟ་ཉིད་དུ་སྒྲུབས་ཤིག་ཀྱེེ། །ལྷག་པར་གངས་ཅན་མགོན་པོ་དང་། །བསྟན་འཛིན་དམ་པའི་སྐུ་ཚེ་སྲིངས། །མཁའ་མཉམ་བསྟན་འགྲོའི་བདེ་སྐྱིད་སྤེལ། །བཞེད་དོན་ལྷུན་གྱིས་འགྲུབ་པར་མཛོད༎ ༎
ཅེས་པ་འདི་ནི་རྒྱལ་བའི་ལུང་གིས་ཟིན་པའི་བོད་ལྗོངས་ད་སྐབས་མུན་ནག་སྡུག་བསྔལ་གྱི་གླིང་དུ་གྱུར་ཏེ། གཟུགས་ཅན་མི་རྣམས་དང་ཆབས་ཅིག་གཟུགས་མེད་རྣམས་ཀྱང་མགོན་སྐྱབས་དཔུང་གཉེན་བྲལ་ཞིང་ཉམས་དམས་པའི་དུས་སུ་འདུག་པས། བོད་ལྗོངས་ལྷ་སྲུང་གཞི་བདག་ཆེ་ཕྲ་བསྙེན་ཅིང་བསྟོད་དེ་འཕྲིན་ལས་བསྐུལ་བ་འདི་ལྟ་བུ་ཞིག་བྱུང་ན་བོད་ལྗོངས་སྣོད་བཅུད་ཀྱི་རྒྱུད་པ་ཞི་བ་སོགས་ཀྱི་དགོས་པ་འགའ་ཞིག་མཐོང་སྟེ་བྲིས་ཤིང་། མཇུག་གི་ཤོག་གཅིག་ནི་འདོད་ཁམས་བདག་མོའི་བཞེད་པ་ལྟར་རྡོ་རྗེ་གྲགས་ལྡན་ནས་གསུངས་བྲིས་བྱས་པ་ཡིན། ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས། བོད་རྒྱལ་ལོ ༢༡༠༠ ཆུ་གླང་ ཟླ་ ༡ ཚེས་ ༡ སྤྱི་ལོ་ ༡༩༧༣ ཟླ་ ༣ ཚེས་ ༥ དགེ་བ་ལ༎ ༎

༄༅། བསྟན་འབར་མ།
༈ སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང་། །ཤཱཀྱ་ཐུབ་པ་གོའུ་ཏཾ་ལྷ་ཡི་ལྷ། །སངས་རྒྱས་དཔའ་བོ་བདུན་ལ་ཕྱག་འཚལ་ལོ། སེམས་ཅན་དོན་དུ་བདག་གིས་སྔོན། །དཀའ་བ་གང་ཞིག་སྤྱད་གྱུར་དང་། །བདག་གི་བདེ་བ་བཏང་བ་ཡིས། །བསྟན་པ་ཡུན་རིང་འབར་གྱུར་ཅིག། །ངས་སྔོན་ནད་པའི་ཆེད་དག་ཏུ། །རང་གི་འཚོ་བ་ཡོངས་བཏང་བས། །སེམས་ཅན་ཕོངས་པ་བསྐྱབ་པའི་ཕྱིར། །ཡུན་རིང་བསྟན་པ་འབར་གྱུར་ཅིག། །བུ་དང་བུ་མོ་ཆུང་མ་དང་། །ནོར་དང་གླང་ཆེན་ཤིང་རྟ་དང་། །རིན་ཆེན་བྱང་ཆུབ་ཕྱིར་བཏང་བས། །བསྟན་པ་ཡུན་རིང་འབར་གྱུར་ཅིག། །བདག་གིས་སངས་རྒྱས་རང་སངས་རྒྱས། །ཉན་ཐོས་ཕ་དང་མ་དང་ནི། །དྲང་སྲོང་དག་ལ་མཆོད་བྱས་པས། །བསྟན་པ་ཡུན་རིང་འབར་གྱུར་ཅིག། །བསྐལ་པ་བྱེ་བ་དུ་མར་བདག། །སྡུག་བསྔལ་སྣ་ཚོགས་མྱོང་གྱུར་ཅིང་། །བྱང་ཆུབ་དོན་དུ་ཐོས་བཙལ་བས། །བསྟན་པ་ཡུན་རིང་འབར་གྱུར་ཅིག། །བདག་གིས་ཚུལ་ཁྲིམས་བརྟུལ་ཞུགས་དང་། །དཀའ་ཐུབ་ཡུན་རིང་བསྟེན་བྱས་ཤིང་། །ཕྱོགས་བཅུའི་སངས་རྒྱས་ངས་མཆོད་པས། །བསྟན་པ་ཡུན་རིང་འབར་གྱུར་ཅིག། །བདག་སྔོན་བརྩོན་འགྲུས་དང་ལྡན་པས། །རྟག་ཏུ་བརྟན་ཅིང་ཕ་རོལ་གནོན། །སེམས་ཅན་ཐམས་ཅད་བསྒྲལ་དོན་དུ། །བདག་བསྟན་ཡུན་རིང་འབར་གྱུར་ཅིག། །བཟོད་བརྟུལ་རྟག་ཏུ་བསྟེན་བྱས་ཤིང་། །སེམས་ཅན་ཉོན་མོངས་སྙིགས་མ་ཡི། །སེམས་ཅན་ངན་བཟོད་བྱས་གྱུར་པས། །བསྟན་པ་ཡུན་རིང་འབར་གྱུར་ཅིག། །བསམ་གཏན་རྣམ་ཐར་གཟུགས་མེད་དང་། །ཏིང་འཛིན་གངྒཱའི་བྱེ་སྙེད་པ། །བསྒོམས་པས་དེ་མཐུས་བདག་གི་ནི། །བསྟན་པ་ཡུན་རིང་འབར་གྱུར་ཅིག། །ཡེ་ཤེས་དོན་དུ་བདག་གི་སྔོན། །དཀའ་ཐུབ་ནགས་དག་བསྟེན་བྱས་ཤིང་། །བསྟན་བཅོས་དུ་མ་ཉེར་བསྟན་པས། །བདག་གི་བསྟན་པ་འབར་གྱུར་ཅིག། །བརྩེ་བའི་རྒྱུ་ཡིས་ཤ་ཁྲག་དང་། །འཚོ་བ་ཡོངས་སུ་བཏང་གྱུར་ཅིང་། །ཡན་ལག་ཉིང་ལག་བཏང་བ་ཡིས། །ཆོས་ཚུལ་རྣམ་པར་འཕེལ་གྱུར་ཅིག། །བདག་སྔོན་སྡིག་པའི་སེམས་ཅན་རྣམས། །བྱམས་པས་གསལ་བར་སྨིན་བྱས་ཤིང་། །ཐེག་པ་གསུམ་ལ་རབ་བཀོད་པས། །ཆོས་ཀྱི་སྦྱིན་མཆོག་རྒྱས་གྱུར་ཅིག། །བདག་སྔོན་ཐབས་ཤེས་གྱུར་པ་ན། །སེམས་ཅན་ལྟ་ངན་ལས་བསྒྲལ་ཅིང་། །ཡང་དག་ལྟ་ལ་བཀོད་བྱས་པས། །ཆོས་ནི་རྣམ་པར་འཕེལ་གྱུར་ཅིག། །བདག་གིས་སེམས་ཅན་བསྡུ་དངོས་བཞིས། །ཉོན་མོངས་མེ་ལས་ཐར་བྱས་ཤིང་། །བདག་གི་འཕེལ་སྡིག་ཕམ་བྱས་པས། །བདག་འཁོར་ཡུན་རིང་གནས་གྱུར་ཅིག། །བདག་གིས་མུ་སྟེགས་ཅན་གཞན་དག། །ལྟ་བའི་ཆུ་ལས་བསྒྲལ་བྱས་ཏེ། །ཡང་དག་ལྟ་ལ་བཀོད་གྱུར་པས། །བདག་འཁོར་རྟག་ཏུ་གུས་གྱུར་ཅིག། །ཡུན་རིང་བསྟན་པ་འབར་གྱུར་ཅིག ༎

༄༅། མཆོག་གསུམ་ཤིས་བརྗོད།
༈ ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པད་མ་འདབ་མ་རྒྱས་འདྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །དེ་ཡི་ཉེ་བར་བསྟེན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་གཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ༎ ༎

༄༅། བདེན་ཚིག་སྨོན་ལམ།
༈ ན་མོ་རཏྣ་ཏྲ་ཡཱ་ཡ། །ཚད་མེད་ཡོན་ཏན་རྒྱ་མཚོའི་དཔལ་མངའ་ཞིང་། །ཉམ་ཆུང་འགྲོ་ལ་བུ་གཅིག་ལྟར་དགོངས་པའི། །དུས་གསུམ་བདེ་གཤེགས་སྲས་དང་སློབ་མར་བཅས། །བདག་གི་བདེན་པའི་སྨྲེ་ངག་འདི་དགོངས་ཤིག། །སྲིད་ཞིའི་གདུང་སེལ་ཡོངས་རྫོགས་ཐུབ་པའི་བསྟན། །འཛམ་གླིང་ཡངས་པའི་ཕན་བདེའི་དཔལ་དུ་རྒྱལ། །དེ་འཛིན་མཁས་དང་གྲུབ་པའི་སྐྱེས་བུ་རྣམས། །ཆོས་སྤྱོད་རྣམ་བཅུའི་བྱ་བ་འཕེལ་བར་མཛོད། །མི་བཟད་ལས་ངན་དྲག་པོས་ཡོངས་ནོན་པས། །བར་མེད་དུཿཁས་མནར་བའི་ཉམ་ཐག་འགྲོ ། །བཟོད་དཀའ་ནད་མཚོན་མུ་གེའི་འཇིགས་པ་ཀུན། །ཞི་ནས་བདེ་དགའ་རྒྱ་མཚོར་དབུགས་དབྱུངས་མཛོད། །ཁྱད་པར་གངས་ལྗོངས་ཆོས་ལྡན་སྐྱེ་འགྲོ་རྣམས། །ནག་ཕྱོགས་ཀླ་ཀློའི་དཔུང་གིས་བརྩེ་མེད་དུ། །ངན་དགུས་འཇོམས་པའི་ཁྲག་དང་མཆི་མའི་རྒྱུན། །མྱུར་དུ་ཆོད་པའི་ཐུགས་རྗེའི་མཐུ་དཔུང་བསྐྱེད། །ཉོན་མོངས་གདོན་གྱིས་སྨྱོས་པའི་བརླང་སྤྱོད་ཀྱིས། །རང་གཞན་གཉིས་ཕུང་བགྱིད་པའི་སྙིང་རྗེའི་ཡུལ། །མི་བསྲུན་སྐྱེ་བོའི་ཚོགས་རྣམས་བླང་དོར་མིིག། །ཡོངས་ཐོབ་བྱམས་བརྩེ་མཛའ་བའི་དཔལ་ལ་སྦྱོར། །རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། །ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ། །ལྷུན་འགྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ། །སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ། །བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས། །སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང་། །ཡོངས་བཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི། །འབྲས་བཟང་དེང་འདིར་མྱུར་དུ་འཆར་བར་གསོལ། །སྣང་སྟོང་ཆོས་ཉིད་ཟབ་མོའི་རྟེན་འབྲེལ་དང་། །མཆོག་གསུམ་ཐུགས་རྗེའི་མཐུ་དང་བདེན་ཚིག་སྟོབས། །ལས་འབྲས་བསླུ་མེད་བདེན་མཐུས་བདག་ཅག་གི། །བདེན་པའི་སྨོན་ལམ་གེགས་མེད་མྱུར་འགྲུབ་ཤོག ༎

༄༅། བསྔོ་སྨོན་ཁག
༈ འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །

༈ དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །

༈ སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །

༈ བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག། སྐྱེས་པ་ཉམས་པ་མེད་པ་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །

༈ ཕ་མ་སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་པ་དང་། །བྱང་ཆུབ་སེམས་དཔའ་གང་ན་སུ་ཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །

༈ དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་སྦྱང་ནས། །མྱུར་དུ་སངས་རྒྱས་འཐོབ་པར་བྱིན་གྱིས་རློབས།

༈ གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །

༈ སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །

༈ རྩ་རྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །མ་དང་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །

༈ སྨོན་ལམ་ལོག་པས་༧རྒྱལ་བའི་བསྟན་པ་ལ། །འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ། །བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ། །མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག །།
།ཅེས་པ་འདི་ནི་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་ཡིན༎ ༎

༄༅། དཔར་བྱང་སྨོན་ཚིག
༈ རྣམ་གྲོལ་ཞི་བའི་རྒྱ་མཚོར་རོ་གཅིག་ཏུ། །
གཞོལ་བའི་མཐའ་ཡས་ཆོས་ཚུལ་དལ་འབབ་ཀླུང་། །
ཚིག་གི་གཟེགས་མ་རེས་ཀྱང་དུག་གསུམ་གྱི། །
དྲི་མ་ཡོངས་འཁྲུད་ལེགས་བཤད་བདུད་རྕི་འདི། །
དཔར་དུ་བསྐྲུན་པའི་རྣམ་དཀར་ཕུང་པོའི་མཐུས། །
ཡང་དག་ཆོས་ཀྱི་ སྒོ་མོ་སྟོང་ཕྲག་བརྒྱ། །
གདངས་ཏེ་རྒྱུད་ལྔའི་འགྲོ་བ་མ་ལུས་པ། །
ངེས་ལེག་ནོར་བུའི་མཛོད་ལ་དབང་འབྱོར་ཤོག །
ཅེས་འདི་ཡང་དེང་དུས་ཡིད་སྲུབ་ཀྱིས་རྒྱུད་བརླམས་པའི་ཀླ་ཀློའི་སྡིག་སྤྱོད་མི་བཟད་པས་གངས་ལྗོངས་ཆོས་ལྡན་གྱི་ཞིང་དུ་ཐུབ་པའི་བསྟན་པ་རིན་པོ་ཆེ་ཉིན་མོའི་སྣང་བ་ལྟར་འབར་བ་དེ་ནི་མིང་གི་ལྷག་མ་ཙམ་དུ་ཉམས་ཉེས་པར་བྱས། ཕྱོགས་དང་ཕྱོགས་ན་རྡུལ་ཕྲན་མཚོན་ཆ་སོགས་གདུག་པའི་གནོད་འཚེ་གྱ་གྱུའི་སྦྱོར་བ་ནི་ཉིན་རེ་བཞིན་དུ་དར་བ་སོགས་སྒོ་ཀུན་ནས་ལྔ་བདོའི་རྒུད་ཚོགས་མཚོ་ལྟར་བརྡོལ་བ་འདི་དག་ལྷག་མེད་དུ་ཞི་ཞིང་། བྱང་ཕྱོགས་བོད་ཁ་བ་ཅན་དུ་བསྟན་པའི་མེ་རོ་སླར་ཡང་སྔར་བཞིན་གསོས་ཏེ་རྒྱ་གར་འཕགས་པའི་ལྗོངས་འདིར་ཡང་ཐུབ་པའི་བཞེད་དགོངས་དྲི་མ་མེད་པ་དར་རྒྱས་སུ་འཕེལ་བ་དང་། འཛམ་གླིང་ཡངས་པའི་ཁྱོན་ལ་འཚེ་མེད་ཞི་བའི་ལམ་སྟོན། རྣམ་འདྲེན་ཤཱཀྱ་སེང་གེའི་རིང་ལུགས་སྒོ་ཀུན་ནས་རྒྱས་པ་སོགས་འཕྲལ་ཡུན་ལེགས་ཚོགས་དུ་མའི་ཆེད་དུ་དམིགས། ནང་བསྟན་གྲུབ་མཐའ་རིས་མེད་ཀྱི་གསུང་རབ་དཔར་དུ་སྐྲུན་དང་བསྐྲུན་འགྱུར་གང་ལའང་སྦྱར་ཆོག་པའི་དགེ་བསྔོའི་སྨོན་ཚིག་ཏུ། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོས་སྦྱར་བའོ༎ དགེའོ༎ ༎


བོད་རྒྱལ་ལོ་ ༢༡༤༦ ཕྱི་ལོ་ ༢༠༡༩ ལོར་གཞུང་ཞབས་ཟུར་པའི་བརྟན་བཞུགས་གྲ་སྒྲིག་ཚོགས་ཆུང་ནས་དཔེ་དེབ་གྲངས་ ༡༥༠༠ ཐམ་པ་དཔར་འགྲེམས་ཞུས༎ ༎