༈ ཀ་དག་ཆོས་སྐུ་པདྨ་ཚེ་དཔག་མེད། ལོངས་སྤྱོད་རྫོགས་སྐུ་པདྨ་ཀུན་ཏུ་འཆང་། སྤྲུལ་པའི་སྐུ་དངོས་མཚོ་སྐྱེས་རྡོ་རྗེ་ལ། གསོལ་བ་འདེབས་སོ་བདག་བརྒྱུད་བྱིན་གྱིས་རློབས། དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་མ། ཀློང་ལྔའི་བརྡ་དཀྲོལ་ཟིལ་གནོན་བགྱིས་པ་རྩལ། ཁྱབ་བདག་འཇམ་དཔལ་བདེ་བའི་ཉི་མ་ལ། གསོལ་བ་འདེབས་སོ་བདག་བརྒྱུད་བྱིན་གྱིས་རློབས། བྱིན་རླབས་བཀའ་བབས་འགྱུར་མེད་ངེས་དོན་འབར། རིགས་བརྒྱའི་ཁྱབ་བདག་བདུད་འཇོམས་འགྲོ་འདུལ་གླིང་། བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལ། གསོལ་བ་འདེབས་སོ་བདག་བརྒྱུད་བྱིན་གྱིས་རློབས། དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། སྨིན་བྱེད་དབང་ཐོབ་དམ་ཚིག་རྣམ་པར་དག ། རིམ་གཉིས་ལམ་ལས་བསྙེན་སྒྲུབ་མཐར་ཕྱིན་ཏེ། ཀུན་བཟང་པདྨ་ཀཱ་རའི་སྐུ་ཐོབ་ཤོག ༎ ༎


༈ གུ་རུའི་ཚིག་བདུན་གསོལ་འདེབས་དང་འབྲེལ་བའི་བླ་སྒྲུབ་བྱིན་རླབས་ཆར་འབེབས་ཞེས་བྱ་བ་བཞུགས་སོ།

ཚིག་བདུན་བླ་སྒྲུབས་ཀྱི་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ནི།

ཧཱུྃ། རིག་སྟོང་ངོ་བོ་མཚོ་སྐྱེས་པདྨ་འབྱུང་། སྐྱབས་གནས་ཀུན་འདུས་ངོ་བོར་སྐྱབས་སུ་མཆི། སྲིད་འདིར་བློ་བུར་འཁྲུལ་བའི་འགྲོ་བ་ཀུན། འཁྲུལ་པ་རང་སངས་ཀ་དག་ཀློང་གྲོལ་ཤོག

སྐྱབས་སེམས་ལན་གསུམ།

བགེགས་གཏོར་སྲུངས་འཁོར་ནི།

ཧཱུྃ། མ་རིག་གཟུང་འཛིན་འཁྲུལ་པའི་འབྱུང་པོ་རྣམས། གཏོར་མ་འདི་འཁྱེར་བཐའ་བྲལ་ངང་དུ་དེངས། རང་རིག་ཡེ་ཤེས་འཕོ་འགྱུར་མེད་པའི་ངང་། འཁོར་གསུམ་ཡེ་གྲོལ་ངང་དུ་མཚམས་བཅད་དོ།

དྲག་སྔགས་བརྗོད་ཅིང་ཐུན་གྱིས་བྲབ།

བཛྲ་ཛྙཱ་ན་རཀྵ་རཀྵ།

བྱིན་འབེབས་ནི།

ཐོད་རྔ་བརྡུང་ཞིང་གདུང་ཤུགས་དྲག་པོའི་བདས་བསྐུལ་སྟེ་འདི་སྐད་དོ།


ཧཱུྃ། བདེ་ཆེན་པདྨ་འཁྱིལ་བའི་ཞིང་ཁམས་ནས། སྐུ་གསུམ་ལྷུན་གྲུབ་མཚོ་སྐྱེས་རྡོ་རྗེ་འཆང་། གནས་འདིར་བྱིན་ཕོབ་མཆོག་ཐུན་དངོས་གྲུབ་རྩོལ། མཆོད་རྫས་ཀུན་བཟང་རོལ་པའི་རྒྱན་དུ་གྱུར། ༀ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ། བཛྲ་ས་མ་ཡ་ཛཿ ཨ་སྦི་ཤ་ཡ་ཨ་ཨ་ཨཱཿ ༀ་སརྦ་སྤུ་ཛ་མི་གྷ་ས་མུ་ཧཱུཾ་ཧྲཱིཿཥ

མདུན་བསྐྱེད་ནི།

ཨཱ། རང་ལུས་ཐ་མལ་གནས་པའི་མདུན་མཁའ་རུ། ཨྱོན་དྲི་མེད་དྷ་ན་ཀོ་ཤའི་མཚོ། གཏིང་ཟབ་ཡན་ལག་བརྒྱད་ལྡན་ཆུས་གང་བའི། དབུས་སུ་རིན་ཆེན་པད་སྡོང་འདབ་རྒྱས་སྟེང་། སྐྱབས་གནས་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་། མཚན་དཔེའི་དཔལ་འབར་མཚོ་རྒྱལ་ཡུམ་དང་འཁྲིལ། ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས། དར་དང་རིན་ཆེན་རུས་པའི་རྒྱན་གྱིས་མཛེས། འོད་ལྔའི་ཀློང་ན་བདེ་ཆེན་གཟི་བྱིན་འབར། འཁོར་དུ་རྩ་གསུམ་རྒྱ་མཚོ་སྤྲིན་ལྟར་གཏིབས། བྱིན་རླབས་ཐུགས་རྗེའི་ཆར་འབེབས་བདག་ལ་གཟིགས། རྒྱལ་ཀུན་ངོ་བོ་འཆི་མེད་ཡེ་ཤེས་སྐུར། གདུང་ཤུགས་དྲག་པོས་དད་ཕྱག་རྟག་ཏུ་འཚལ། ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བའི་ཚོགས། ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་ནས་འབུལ། ཐོགས་མེད་ནས་བསགས་སྡིག་ལྟུང་མ་ལུས་བཤགས། སྲས་བཅས་རྒྱལ་བ་ཀུན་གྱི་ཡོན་ཏན་གྱི། ཁྱབ་བདག་གཅིག་པུ་མགོན་པོའི་རྣམ་ཐར་ལ། སྙིང་ནས་ཡི་རང་དད་པས་གསོལ་འདེབས་ཤིང་། ཟབ་རྒྱས་ཆོས་ཀྱི་ཆར་ཆེན་འབེབ་པར་བསྐུལ། རང་གཞན་དགེ་བའི་དངོས་པོ་ཀུན་བསྡོམས་ན། འགྲོ་ཁམས་རྒྱ་མཚོ་ཇི་སྲིད་གནས་ཀྱི་བར། མགོན་པོ་ཁྱོད་ཀྱི་རྣམ་ཐར་རྗེས་བསྙེགས་ཏེ། མཁའ་ཁྱབ་འགྲོ་བ་འདྲེན་པའི་དོན་དུ་བསྔོ། སྐྱབས་གནས་ཀུན་འདུས་མཁྱེན་བརྩེའི་གཏེར་ཆེན་པོ། དུས་ངན་སྙིགས་མའི་སྐྱབས་གཅིག་རིན་པོ་ཆེ། ལྔ་བདོའི་རྒུད་པས་མནར་བཞིང་གདུང་ཤུགས་ཀྱིས། གསོལ་འདེབས་བུ་ལ་བརྩེ་བས་མྱུར་དུ་གཟིགས། དགོངས་པའི་ཀློང་ནས་ཐུགས་རྗེའི་རྩལ་ཕྱུང་ལ། མོས་ལྡན་བདག་གི་སྙིང་ལ་བྱིན་གྱིས་རློབས། རྟག་དང་མཚན་མ་མྱུར་དུ་སྟོན་པ་དང་། མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ།

ཞེས་བྱས་ལ་ཚིག་བདུན་གསོལ་འདེབས་ཅི་ནུས་སུ་འདོན།

མོས་གུས་ཀྱི་གསོལ་བ་བཏབ་པས་བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་དང་ཐུགས་ཀ་ནས་ཡི་ཤེས་ཀྱི་འོད་ཟེར་སྣ་ལྔ་བ་ཐག་ལྟར་བརྐྱངས་ནས་རང་གི་སྙིང་གར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ།

སྐབས་སུ་བཛྲ་གུ་རུ་ཅི་རིགས་བཟླ།

མཐུན་མཐར།

བླ་མའི་གནས་གསུམ་ཡི་གེ་འབྲུ་གསུམ་ལས། འོད་ཟེར་དཀར་དམར་མཐིང་གསུམ་བྱུང་གནས་སུ། རང་གི་གནས་གསུམ་ཐིམ་པས་སྒོ་གསུམ་གྱི། སྒྲིབ་བྱང་སྐུ་གསུམ་ཐུགས་ཀྱི་རྡོ་རྗེར་གྱུར། མཐར་ནི་བླ་མ་འཁོར་བཅས་འོད་དུ་ཞུ། དཀར་དམར་ཐིག་ལེ་ཧཱུྃ་གིས་མཚན་པ་རུ། རང་གི་སྙིང་གར་ཐིམ་པས་བླ་མའི་ཐུགས། རང་སེམས་དབྱེར་མེད་ལྷན་སྐྱེས་ཆོས་སྐུར་གནས། ཨཱ་ཨཱཿ


ཞེས་བརྗོད་ལ་ཡེ་ནས་བཅོས་བསྒྱུར་སྤང་བླང་ལས་འདས་པ་རང་གིས་སེམས་ཉིད་གདོད་མའི་ཆོས་སྐུ་ཆེན་མོའི་རང་ཞལ་བལྟ། སླར་ཡང་སྒྱུ་མ་ལྟ་བུའི་སྣང་བ་ཐམས་ཅད་བླ་མའི་རང་བཞིན་དུ་བལྟ།

ཤ་ཆང་སོགས་ཅི་འབྱོར་བའི་དམ་རྫས་བཤམས་ལ།


ཧཱུྃ། ཨ་ལས་ཆོས་དབྱིངས་དང་མཉམ་ཀ་པཱ་ལར། ༀ་ལས་སྣང་སྲིད་འདོད་ཡོན་ཚོགས་སུ་བཤམས། ཧཱུྃ་གིས་བདེ་ཆེན་ཡེ་ཤེས་རོལ་པར་བསྒྱུར། ཧྲཱིཿ ཡིས་རྩ་གསུམ་ལྷ་ཚོགས་དགྱེས་པ་བསྐང་། ༀ་ཨཱཿཧཱུྃ་ཧྲཱིཿ

ས་བྱིན་གྱིས་རླབས་ཚོགས་ཤིང་སྤྱན་འདྲེན་ཞིང་མཆོད་པ་འབུལ་བ་ནི།

ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། པདྨ་གེ་སར་སྡོང་པོ་ལ། ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། པདྨ་འབྱུང་གནས་ཞེས་སུ་གྲགས། འཁོར་དུ་མཁའ་འགྲོ་མང་པོས་བསྐོར། ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། འདོད་ཡོན་ཚོགས་ལ་སྤྱན་འདྲེན་ན། བྱིན་གྱི་བརླབ་ཕྱིར་གཤེགས་སུ་གསོལ། གནས་མཆོག་འདི་རུ་བྱིན་ཕོབ་ལ། ཚོགས་མཆོད་ཡེ་ཤེས་བདུད་རྩིར་བསྒྱུར། སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། བགེགས་དང་ལོག་འདྲེན་བར་ཆད་སེལ། མཆོག་དང་མཐུན་མོངས་དངོས་གྲུབ་སྩོལ།

ཧཱུྃ། བླ་པ་རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས་པ་ཡི། རྩ་གསུམ་ཀུན་འདུས་རྒྱལ་བའི་དཀྱིལ་འཁོར་ལ། མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། བདག་གཞན་སྒོ་གསུམ་དགེ་ཚོགས་ལོངས་སྤྱོད་བཅས། སྣང་སྲིད་འདོད་ཡོན་དགྱེས་རྒུ་མ་ཚང་མེད། ཀུན་བཟང་བདེ་ཆེན་ཚོགས་ཀྱི་འཁོར་ལོར་འབུལ། ཐུགས་བརྩེས་དགྱེས་བཞེས་ཐུགས་དམ་བསྐོང་གྱུར་ཅིག ། གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ། བྱིན་གྱིས་རློབས་ཤིག་རིག་འཛིན་མཁའ་འགྲོའི་ཚོགས། མོས་ལྡན་བུ་ལ་མཆོག་ཐུན་དངོས་གྲུབ་སྩོལ། དམ་ཚིག་ཉམས་ཆགས་ཐམས་ཅད་སྦྱང་དུ་གསོལ། ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སྒྲོལ། བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་ཞིང་། ཚེ་བསོད་ཉམས་རྟོགས་ཡར་ངོའི་ཟླ་བཞིན་འཕེལ། བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ

བླ་མ་མཆེད་གྲོགས་རྣམས་ཚོགས་ལ་རོལ་ནས་ལྷག་མ་བསྡུས་ལ་བདུད་རྩི་བྲན།

ལྷག་སྡུད་འཇིག་རྟེན་དྲེག་པའི་ཚོགས། འདོད་ཡོན་ལྔ་ལྡན་ལྷག་གཏོར་བཞེས། ཕན་དང་བདེ་བའི་ཕྲིན་ལས་མཛོད། ༀ་ཨུ་ཙྪིཥྚ་བ་ལིང་ཏ་ཁཱ་ཧི།

མཚོ་སྐྱེས་བླ་མའི་དཀྱིལ་འཁོར་སོགས་བརྗོད།

དགེ་བ་བསྔོ་ཞིང་ཤེས་པ་བརྗོད་ཅིང་བདེ་ལེགས་སུ་བྱ་བ་ནི།


ཧཱུྃ། སྐྱེས་མེད་ཆོས་སྐུའི་མཁའ་ཀློང་ནས། འགགས་མེད་ལྷ་སྐུའི་སྣང་བའི་ཆ། རིས་མེད་སྟོང་གསལ་ངང་དུ་ཐིམ། ཨ་ཨཱཿ དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ། ངོ་བོ་རང་བཞིན་ཐུགས་རྗེའི་རྩལ། ཨོ་རྒྱན་བླ་མ་མཚོ་སྐྱེས་རྗེ། སྐུ་གསུམ་ལྷུན་གྱི་གྲུབ་པ་ཡིས། བཀྲ་ཤེས་དམ་པའི་བདེ་ལེགས་ཤོག

ཅེས་པ་འདིའང་མི་ཕམ་རིན་པོ་ཆེའི་ཚིག་བདུན་བླ་མ་སྒྲུབ་པའི་ལྷན་ཐབས་སུ་ཤཱཀྱ་ཤྲཱི་ཛྙཱ་ནས་ཐོལ་བྱུང་དུ་སྨྲས་པའོ༎ ༎






For corrections or suggestions contact tsering.karma@gmail.com
I encourage you to download these pages for OFF line study; Explorer: File Save As